གསུམ་པ། འཕན་ཡུལ་གྱི་དགོན་སྡེའི་ལོ་རྒྱུས།
འཕན་ཡུལ་བྱམས་པ་སྤུན་གསུམ།
འཕན་ཡུལ་ཏེ་ད་ལྟའི་འཕན་པོ་ལྷུན་གྲུབ་རྫོང་ཁོངས་སུ་ཡོད་པའི་འཕན་ཡུལ་བྱམས་པ་སྤུན་གསུམ་དགོན་པ་འདི་རྣམས་ནི་ཐོག་མར་རབ་བྱུང་མ་ཚུགས་གོང་གི་ཕྱི་ལོ་ ༡༠༡༢ ལོར་དབུས་གཙང་གི་མཁས་པ་མི་བཅུའི་གྲས་ཀླུ་མེས་ཤེས་རབ་ཚུལ་ཁྲིམས་ཀྱི་སློབ་མ་ཞང་སྣ་རྣམ་རྡོ་རྗེ་དབང་ཕྱུག་གིས་ཕྱག་བཏབས་པ་དང་། ཡུལ་འདིའི་ཁོངས་སུ་གནས་བསྐོར་དང་། སྤྲོ་སེང་བྱ་ཡུལ་གནའ་ཤུལ་དང་དགོན་སྡེ་མང་པོ་ཡོད་པ་ལས་དམངས་ཁྲོད་དུ་གྲགས་ཆེ་ལ་གནས་བསྐོར་བ་ཅུང་མང་ཙམ་ཡོང་མཁན་ཡོད་པ་འཕན་ཡུལ་བྱམས་པ་སྤུན་གསུམ་ཞེས་པའི་སྐོར་ཅུང་ཟད་བརྗོད་ན། དམངས་ཁྲོད་ཀྱི་ཤོད་རྒྱུན་དུ་བྱམས་པ་སྤུན་གསུམ་དེ་ཉིན་གཅིག་ལ་མཇལ་ན་མི་མཐུན་རྐྱེན་ངན་བཟློག་ཅིང་། སྡིག་སྒྲིབ་བྱང་བ་སོགས་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་པའི་ཤོད་རྒྱུན་ཡོད། བྱམས་པ་སྤུན་གསུམ་ཟེར་བ་ནི་གད་པོའི་ཁོངས་སུ་ཡོད་པའི་རག་མ་བྱམས་པ་དང་། མཚོ་སྟོད་ཀྱི་ཁོངས་སུ་ཡོད་པའི་རྒྱལ་ལྷ་ཁང་བྱམས་པ། དེའི་ཁོངས་ཀློ་པ་སྟོད་ཀྱི་བྱམས་པ་བཅས་ཡིན། བྱམས་པའི་སྐུ་དེ་གསུམ་ནི་ཕྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་ཞང་སྣ་རྣམ་རྡོ་རྗེ་དབང་ཕྱུག་གིས་བཞེངས་ཤིང་། ཧ་ལམ་ལོ་དགུ་བརྒྱ་ཙམ་གྱི་ལོ་རྒྱུས་ལྡན་ཡོད།།
རྒྱལ་ལྷ་ཁང་བྱམས་པ།
མཚོ་སྟོད་ཁོངས་རྒྱལ་ལུག་ལྷས་ལྷ་ཁང་དུ་རྗེ་བཙུན་བྱམས་མགོན་གྱི་འཇིམ་བརྙན་ཉིས་ཐོག་ཅན་ཞིག་ཡོད་པ་དེའི་ལྷ་ཁང་ཕྱི་ནང་གི་འཛིན་བདག་རྒྱལ་སྟོད་དགོན་ནས་གནང་གི་ཡོད་འདུག བྱམས་སྐུ་དེ་དུས་རབས་བཅུ་གསུམ་པའི་ནང་སོག་པོ་དོར་རྟ་ནག་པོས་རྒྱལ་དུ་དགེ་འདུན་ལྔ་བརྒྱ་སྐོར་འདུ་ཁང་ནང་བཅུག་སྟེ་མེར་སྲེག་ནས་བཀྲོངས་སྐབས་བྱམས་ཁང་དེར་མེ་མ་འཁྱུད་པས་བྱམས་པ་མེ་ཐུབ་མར་གྲགས་སྐད། སྔོན་མའི་བྱམས་ཁང་དེའི་ཕྱི་ནང་ཚང་མ་རིག་གནས་གསར་བརྗེའི་སྐབས་གཏོར་ཞིང་། དེང་སང་རྒྱལ་སྨད་གྲྭ་ཚང་གི་འདུ་ཁང་ནང་བྱམས་པའི་འཇིམ་སྐུ་ཐོག་རྩེག་གཉིས་ལྡན་ཞིག་བཞེངས་པ་དེར་ལྷ་ཁང་བྱམས་པའི་མཚན་གསོལ་འདུག དེ་སྔའི་བྱམས་ཁང་གི་གྱང་རོལ་ཟུར་ཞིག་ཏུ་ལྷ་ཁང་ཆུང་ཆུང་ཞིག་གི་ནང་རྡོ་བརྐོས་བྱམས་སྐུ་བཞེངས་སྟབས་ཅན་སྤྱི་ཁྲེ་གང་ལྷག་ཙམ་བརྐོས་བཀྲོལ་བཟོ་བཀོད་བྱོན་ལེགས་ཤིག་འདུག་པ་དེ་སྔའི་བྱམས་ཁང་གཏོར་ཤུལ་གྱི་ས་འོག་ནས་དོན་སྐད། རྒྱལ་ལྷ་ཁང་གི་བྱམས་སྐུ་ཕུད། ད་དུང་དེ་གར་རྒྱལ་སྟོད་གྲྭ་ཚང་ཞེས་དགོན་བདག་འབྲས་སྤུངས་རྒྱས་པ་མཁན་པོས་བྱེད་པའི་དགེ་ལུགས་གྲྭ་ཚང་གཅིག་དང་། རྒྱལ་སྨད་གྲྭ་ཚང་ཞེས་ས་ལུགས་གྲྭ་ཚང་གཅིག་ཡོད། ད་ལྟ་ཚང་མ་རྒྱལ་སྟོད་དུ་ཚོགས་པ་ལས་རྒྱལ་སྨད་བྱམས་ཁང་དང་སྒྲིལ། དེ་གའི་བྱམས་ཁང་དང་། རྒྱལ་སྟོད་དགོན། ཞང་སྣ་རྣམ་རྡོ་རྗེ་དབང་ཕྱུག་གི་སྒྲུབ་ཁང་། ལུག་ལྷས་མཆོད་རྟེན་སོགས་མཇལ་རྒྱུ་ཡོད་པ་དང་། དགོན་པའི་ནང་རླངས་འཁོར་འགྲོ་ས་ཡོད། དེ་སྔ་རྒྱལ་ལྷ་ཁང་སྟེ་བྱམས་ཁང་གི་མདུན་དུ་རྡོ་རིང་ཞིག་ཡོད་པ་རིག་གསར་སྐབས་གཏོར་སྐྱོན་བཏང་བའི་དུམ་བུ་རྣམས་ལྷུ་བསྒྲིགས་ཏེ་དེང་སང་རྒྱལ་སྟོད་དགོན་པའི་མདུན་དུ་བཙུགས་པ་དེའི་ངོས་སུ་ཡིག་ཕྲེང་བཅུ་བཞི་ཡོད་པའི་ནང་དོན་ནི་དཀོན་མཆོག་སྐྱབས་སུ་འཛིན་པ་དང་། ངན་སེམས་འགོག་དགོས་པ་སོགས་དོན་ཚན་བཅུ་འཁོད་པ་ཡོད།།
ཀློ་པ་སྟོད་བྱམས་པ།
མཚོ་སྟོད་ཁོངས་ཀློ་པ་སྟོད་﹙ཀླུ་མཁར་སྟོད་ཟེར་སྐད་ཡོད་འདུག་ཀྱང་ཁ་རྒྱུན་དུ་ཀློ་པ་སྟོད་ཅེས་འབོད།﹚གྲོང་ཚོའི་དཀྱིལ་དུ་ཆགས་པའི་བྱམས་ཁང་དེ་ཐོག་བརྩེགས་གསུམ་ཙམ་ཡོད་པ་དང་། འོག་ཁང་ནི་རྡོ་ཆེན་རིལ་བུ་ཤ་སྟག་རྩིག་ ནས་སྐྲུན་འདུག ལྷ་ཁང་སྒོ་ཤར་ལྟ་འོག་ཁང་དུ་སྐོར་ལམ་ལྕམ་གང་མའི་ས་དང་། ལྷ་ཁང་ལ་ཀ་བ་བཞི། སྟེང་དུ་ཞལ་རས་ལྷ་ཁང་བཅས་ཡོད་པ་དེའི་རྟེན་གཙོ་བྱམས་པའི་སྐུ་བརྙན་སྤྲུལ་སྐུའི་ཆ་བྱད་ཅན་འཇིམ་ལས་བཞེངས་པ་ཐོག་ཚད་གསུམ་ཙམ་ཞིག་དང་། དེ་སྔ་དེའི་གཡས་གཡོན་དུ་ཉེ་སྲས་བརྒྱད་འཇིམ་བརྙན་ཉིས་ཐོག་ཙམ་རེ་ཡོད་སྐད། ད་ལྟ་བྱམས་སྐུ་ཆེ་ཆུང་དང་ཆ་བྱད་བཞུགས་སྟངས་སོགས་སྔོན་མ་ལྟར་ཉམས་གསོ་ཞུས་འདུག ལྷ་ཁང་དེ་ཡང་རྒྱལ་སྟོད་དགོན་པས་བདག་སྐྱོང་གནང་ལམ་བཞིན་དཀོན་གཉེར་མི་གཅིག་འདུག ལྷ་ཁང་གནས་ཡུལ་གྲོང་ཚོའི་འགྲམ་བར་རླངས་འཁོར་འགྲོ་ས་འདུག གོང་གསལ་བྱམས་པ་གསུམ་པོ་དེ་མཇལ་བར་འགྲོ་སྐབས་བོད་རྙིང་པའི་དུས་སུ་འགྲིམ་འགྲུམ་མི་བདེ་བར་བརྟེན་དད་མཇལ་བ་ཚོས་རག་མ་བྱམས་ཁང་དུ་ཞག་སྡོད་ཀྱིས་ཕྱི་ཉིན་སྔ་པོ་ནས་རག་མ་བྱམས་པ་མཇལ་ཏེ་ལ་རྒྱབ་ནས་རྒྱལ་དུ་བྱམས་པ་མཇལ་བ་དང་གུང་ཟས་བཟང་རྗེས་ཕྱི་དྲོ་ཀློ་པ་སྟོད་ཀྱི་བྱམས་པ་མཇལ་ནས་དེ་གར་ཞག་སྡོད་བྱེད་དགོས་ཀྱི་ཡོད། དེང་སྐབས་རླངས་འཁོར་ནང་བསྡད་དེ་ཕྱིན་ན་བྱམས་པ་གསུམ་མཇལ་ཐུབ་པ་མ་ཟད་པ་ཚབ་མཆོད་རྟེན་ལ་བསྐོར་བ་བསགས་པ་དང་འབྲེལ་དེ་གའི་བཙུན་དགོན་དང་། སྣ་མོ་དགོན་སོགས་ཀྱང་མཇལ་ཐུབ་ཀྱི་འདུག། རག་མ་བྱམས་ཁང་ནི་ལྷུན་གྲུབ་རྫོང་གི་ལྷོ་ནུབ་ཏུ་ཡོད་པ་དེ་ནས་ལྷོ་ངོས་སུ་ལ་རྒྱབ་ནས་ཕྱིན་ན་སྟོད་ལུང་ནང་དང་། ལྷ་སའི་ཉང་བྲན་ཕུར་སླེབས། ཀློ་པ་སྟོད་ནི་ནུབ་ཀྱི་མཐའ་ཡིན་པས་དེ་ནས་ནུབ་ཏུ་ལ་རྒྱབ་ནས་ཕྱིན་ན་སྟོད་ལུང་ཆུ་ཚན་དུ་འགྲོ་ས་ཡོད་ཀྱང་ལ་ཁ་དེ་ཚོར་འཕྲུལ་འཁོར་འགྲོ་ས་མེད།
རག་མའི་བྱམས་པ།
བྱམས་ཁང་ཆག་ཡུལ་ནི་བྲག་རི་རྔམ་བརྗིད་ལྡན་པ་ཞིག་རག་མའི་རི་འགྲམ་དུ་ཆགས་པ་དེའི་རི་གཤམ་བར་རླངས་འཁོར་འགྲོ་ས་ཡོད། རི་ངོས་སུ་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་འཛེགས་ན་བྱམས་པའི་ལྷ་ཁང་དུ་སླེབས། དབེན་གནས་དེའི་རྒྱབ་རི་བྲག་དཀར་པོ་གཏོར་མ་སླངས་པ་འདྲ་བའི་ངོས་སུ་མཐོང་སྣང་འདྲ་མིན་གྱི་རི་མོ་སྣ་ཚོགས་དང་། བྲག་ཕུག་ཆེ་ཆུང་མང་པོ། བྲག་རྩེར་རྒོད་དང་གོ་བོའི་ཚང་། བྲག་རྩའི་རི་བོའི་ངོས་སུ་སེ་བ་དང་ཚར་པ་སོགས་ཤིང་ལྡུམ་བུ་མང་པོ། དབྱར་དུས་སུ་སེ་བའི་དྲི་ཞིམ་ཀུན་ཏུ་ཁྱབ་པ་དང་སྨིན་ལེགས་སེ་འབྲུམ་གྱི་རོ་མངར་བ། འདབ་ཆགས་སྣ་ཚོགས་ཀྱི་གྲེ་འགྱུར་རྣ་བར་འཇེབས་པ། ས་ཆ་གཙང་ཞིང་མཁའ་རླུང་ལེགས་པ། ཡུལ་དེའི་ཕུ་ཆུ་ནུབ་ནས་ཤར་དུ་དགོན་པ་ཆགས་སའི་རི་གཤམ་བརྒྱུད་ལྷུང་ལྷུང་གི་སྒྲ་སྙན་པར་སྒྲོག་བཞིན་རྒྱུག་པ། མདུན་གྱི་སྤང་རི་གཡུ་ཡི་མཎྜལ་འདྲ་བའི་ངོས་སུ་གནག་ཕྱུགས་རྣམས་ངུར་སྒྲ་འདོན་བཞིན་ཆུར་རོལ་བ། ལུག་ཁྱུ་མུ་ཏིག་གི་ཚོམ་བུ་བཀོད་པ་འདྲ་བ། ཞིང་གྲོང་རྣམས་སུ་ལོ་ཏོག་མགོ་ལྕོག་ལྡེམ་ཞིང་། པད་ཁའི་མེ་ཏོག་རབ་ཏུ་བཞད་པ་སོགས་དབང་པོ་དྲུག་ལ་ཚིམས་པའི་བདེ་བ་སྟེར་བའི་ཡུལ་ ལྗོངས་བལྟ་བས་ཆོག་མི་ཤེས་པ་ཞིག་འདུག སྐུ་རྒྱུ་འཇིམ་ལས་གྲུབ་པའི་རྗེ་བཙུན་བྱམས་པའི་སྐུ་བརྙན་ཐོག་བརྩེགས་གཉིས་ལྡན་དེ་བྲག་ཕུག་ཞིག་གི་ནང་བཞེངས་ཤིང་། མདུན་དུ་ཁང་པ་ཐོག་ས་གཉིས་ལྡན་དེའི་སྟེང་ཁང་བྱམས་པའི་ཞལ་རས་ ལྷ་ཁང་ཡིན་པ་དེའི་ནང་མཆོད་པའི་ཡོ་ཆས་དང་། སྐུ་བརྙན་ཆུང་གྲས་འགའ་ཤས་གཤམས་འདུག བྱམས་ཁང་གི་ཞལ་རས་ལྷ་ཁང་ཡོད་སའི་ཤར་ངོས་བྲག་གསེབ་ནང་ཆུ་མིག་ཁྲོན་པ་འདྲ་བ་ཞིག་འདུག་པ་ཆུ་མིག་དེར་འགྲོ་སྐབས་ཐོག་ཅག་ཞིག་གི་སྟེང་ནས་འགྲོ་དགོས་པས་ཐོག་ཅག་དེ་ནི་རུང་ཁང་གི་ཐོག་ཁ་ཡིན་པས་རུང་ཁང་﹙ཐང་ཚང་﹚ཤོད་དང་། ཁྲོན་པ་སྟེང་དུ་ཡོད་པ་ལྟ་བུའི་སྣང་བ་ཡོང་གི་འདུག རི་གཤམ་དུ་རྒྱུག་པའི་ཕུ་ཆུ་དེར་རྡོ་རིལ་ཁོ་ན་རྩིག་སྟེ་ཟམ་སྟེག་བཟོས་པའི་ཤིང་ཟམ་ཞིག་འདུག་པ་དེར་ཡང་ལོ་སུམ་བརྒྱ་སྐོར་གྱི་ལོ་རྒྱུས་ཡོད་སྐད། བྱམས་པའི་སྐུ་ཡོད་སའི་ལྷ་ཁང་དེ་དེ་སྔ་རྒྱལ་སྟོད་དགོན་ནས་བདག་གཉེར་གྱིས་དཀོན་གཉེར་མི་གཅིག་གཏོང་སྲོལ་ཡོད་འདུག་ཀྱང་། དེང་སྐབས་རྐུན་སྲུང་སོགས་ཀྱི་རྐྱེན་པས་གྲྭ་པ་ཁ་ཤས་ཡོད་པ་རྣམས་ནས་རྒྱུན་ལྡན་མཆོད་འབུལ་སོགས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བཞིན་མཆིས། བྱམས་ཁང་དང་། རི་ཁྲོད་པའི་སྤྱིལ་བུ་རྣམས་རིག་གནས་གསར་བརྗེའི་སྐབས་གཏོར་ནས་རྗེས་ཤུལ་ཙམ་དུ་སོང་ཡང་ཕྱི་ལོ་ ༡༩༨༥ ལོ་ཆོག་མཆན་ཐོབ་པ་ལྟར་ཉམས་གསོ་བྱས་ཤིང་། དེང་སྐབས་བྱམས་ཁང་དང་། གྲྭ་ཤག མཆོད་རྟེན་སོགས་སྔར་ཤུལ་ཕལ་ཆེར་སྐྱར་གསོ་བྱུང་ཐོག་དད་མཇལ་བ་ཡང་ཡོང་མཁན་འདུག །
རྭ་སྒྲེང་དགོན།
རྭ་སྒྲེང་དགོན་པ་ནི་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་བོད་རབ་བྱུང་དང་པོའི་མེ་བྱ་ཕྱི་ལོ་ ༡༠༥༧ ལོར་ཕྱག་བཏབས་ཤིང་། བཀའ་གདམས་པའི་གདན་སའི་གཙོ་བོ་ཡིན། ཆག་ཡུལ། ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་ཕོད་མདོ་ཆུས། ཐག་འགོ་ཤང་། རྒྱ་གར་ཤར་ཕྱོགས་བྷང་གྷ་ལ་མཁན་ཆེན་ཞི་བ་འཚོ་དང་གདུང་རྒྱུད་གཅིག་པའི་ཟ་ཧོར་རྒྱལ་པོ་དགེ་བ་དཔལ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡི་དངོས་སློབ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་རྭ་སྒྲེང་དགོན་ཕྱག་བཏབས་ནས་ཇོ་བོ་ལུགས་ཀྱི་བཀའ་གདམས་ཆོས་རྒྱུད་དར་སྤེལ་མཛད། དེ་ནས་རྗེ་ཅོང་ཁ་པ་ཆེན་པོ་གནས་དེར་ཕེབས་ནས་ཆོས་སྐོར་མཛད་པ་བཀའ་གདམས་པ་དང་མཐུན་པར་གོ་ནས་དགེ་ལུགས་སུ་བསྒྱུར་རོ། །ཇོ་བོ་རྗེའི་ཐུགས་དམ་རྟེན་ཇོ་བོ་འཇམ་དཔལ་རྡོ་རྗེ་ (རིག་གནས་གསར་བརྗེའི་སྐབས་རྒྱ་ནག་ཏུ་དབོར་ཕྱིན་པ། ཀུན་གཟིགས་རིན་པོ་ཆེ་སྐུ་ཕྲེང་བཅུ་པས་བཙལ་གཅོད་གནང་སྟེ་སླར་དགོན་པ་རང་དུ་ཕྱི་ལོ་ ༡༩༨༧ ལོར་གདན་དྲངས་) དེ་བཞིན་སྔར་དགོན་པར་གྲྭ་ཤག་སྟོང་། རྟེན་ལུགས་མ་ཆེ་བ་ལྔ་བཅུ་སྐོར་དང་། ཞལ་ཐང་སུམ་སྟོང་དྲུག་བརྒྱ་ལྷག་གསུང་རྟེན་པོ་ཏི་ས་ཡ་བཅུ་ལྷག གདུང་རྟེན་བདུན་བརྒྱ་དང་། བདུན་བཅུ་དོན་ལྔ་སོགས་ཡོད་པ་རྭ་སྒྲེང་གི་ལོ་རྒྱུས་ལས་བཤད། ཕྱི་ལོ་ ༡༩༥༩ གོང་གཞིས་དགོན་རྒྱུད་སྨད་དང་ཉེ་བར་སློབ་གཉེར་གྲྭ་རྒྱུན་ཡང་ཕལ་ཆེར་རྒྱུད་གྲྭ་ལ་ཕེབས། དགེ་འདུན་ཞལ་གྲངས་སུམ་བརྒྱ་སུམ་ཅུ་ལྷག་ཡོད་སྐད།
གླང་ཐང་དགོན།
གྲུབ་མཐའ། ཕྱིས་ས་སྐྱ། འདེབས་ལོ། ཕྱི་ལོ་༡༠༩༣ འདེབས་མཁན། གླང་རི་ཐང་པའམ་གླང་ཐང་རྡོ་རྗེ་སེང་གེ། ཆགས་ཡུལ། ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་། གླང་ཐང་གྲོང་ཚོ། ཕྱི་ལོ་ ༡༩༨༣ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་དགེ་འདུན་ཞལ་གྲངས་སུམ་བཅུ་སོ་དགུ་བཞུགས་སོ། །
སྤྲས་རིན་ཆེན་བྲག
གྲུབ་མཐའ། ཕྱིས་དགེ་ལུགས། ཕྱག་འདེབས་ལོ། ཕྱི་ལོའི་དུས་རབས་བཅུ་གཅིག་ནང་། ཕྱག་འདེབས་མཁན། ཉན་པོ་ཤཱཀྱ་རྒྱལ་མཚན། ཆགས་ཡུལ། ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་། གསུམ་ཕྲེང་ཤང་། དགོན་གནས་དེའི་གཞིས་དགོན་སྔགས་ཕྱོགས་ལྷ་ས་རྒྱུད་སྟོད་དང་ཉེ་བ། སློབ་གཉེར་གྲྭ་རྒྱུན་སེ་འབྲས་དགའ་གསུམ་ལ་ཕེབས། ཕྱི་ལོ་ ༡༩༥༩ གོང་དགེ་འདུན་ཞལ་གྲངས་དྲུག་ཅུ་ཡོད་སྐད། ཕྱི་ལོ་༡༩༦༦ ལོའི་རིག་གནས་གསར་རྗེའི་སྐབས་རྩ་གཏོར་སོང་། ཕྱི་ལོ་ ༡༩༩༡ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་དགེ་འདུན་ཞལ་གྲངས་སུམ་ཅུ་སོ་དགུ་བཞུགས་སོ། །
འབྲོང་སྟེང་དགོན། (བཙུན་མའི་དགོན།)
གྲུབ་མཐའ། ཕྱིས་དགེ་ལུགས། ཕྱག་འདེབས་ལོ། ཕྱི་ལོའི་དུས་རབས་བཅུ་གཅིག་ནང་། འདེབས་མཁན། ཉན་པོ་ཤཱཀྱ་རྒྱལ་མཚན། ཆགས་ཡུལ། ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་། བཙུན་དགོན་དེར་ཕྱི་ལོ་༡༩༥༩ གོང་བཙུན་མ་ཞལ་གྲངས་བཞི་བཅུ་སྐོར་ཡོད་སྐད། ཕྱི་ལོ་༡༩༦༦ ལོར་རིག་གནས་གསར་བརྗེའི་སྐབས་རྩ་གཏོར་སོང་།
པོ་ཏོ་དགོན། ( བཙུན་མའི་དགོན་པ། )
གྲུབ་མཐའ། ཕྱིས་དགེ་ལུགས། ཕྱག་འདེབས་ལོ། ཕྱི་ལོའི་དུས་རབས་བཅུ་གཅིག་ནང་། ཕྱག་འདེབས་མཁན། པོ་ཏོ་བ་རིན་ཆེན་གསལ། ཆགས་ཡུལ། ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་། གསུམ་ཕྲེང་། དགོན་གནས་དེར་ཕྱི་ལོ་༡༩༥༩ གོང་བཙུན་མ་ཞལ་གྲངས་བཞི་བཅུ་སྐོར་ཡོད་སྐད། ཕྱི་ལོ་ ༡༩༩༡ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་བཙུན་མ་ཞལ་གྲངས་སུམ་ཅུ་སོ་དགུ་བཞུགས་སོ། །
ལྕགས་རི་དགོན། (བཙུན་མའི་དགོན།)
གྲུབ་མཐའ། ས་སྐྱ། ཕྱག་འདེབས་ལོ། ཕྱི་ལོའི་དུས་རབས་བཅུ་གཉིས་ནང་། ཕྱག་འདེབས་མཁན། རྒྱ་ལྕགས་རི་བ། དགོན་གནས་དེར་ཕྱི་ལོ་ ༡༩༥༩ གོང་བཙུན་མ་ཞལ་གྲངས་ལྔ་བཅུ་ཙམ་བཞུགས། དགོན་བདག་ནཱ་ལེནྡྲ་ནས་བྱེད། ཕྱི་ལོ་ ༡༩༩༠ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་བཙུན་མ་ཞལ་གྲངས་བཞི་བཅུ་ཞེ་བཞི་བཞུགས་སོ། །
ཆོས་སྡིངས་དགོན།
གྲུབ་མཐའ། དགེ་ལུགས། ཕྱག་འདེབས་ལོ། ཕྱི་ལོའི་དུས་རབས་བཅུ་གཉིས་ནང་། ཕྱག་འདེབས་མཁན། དགེ་བཤེས་སྤྱང་ལུང་པ། ཆགས་ཡུལ། ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་། ལྕང་ར་ཤར། དགོན་གནས་དེར་ཕྱི་ལོ་ ༡༩༥༩ གོང་དགེ་འདུན་ཞལ་གྲངས་བདུན་ཅུ་ལྷག་བཞུགས། ཕྱི་ལོ་ ༡༩༨༤ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་དགེ་འདུན་ཞལ་གྲངས་ཉི་ཤུ་རྩ་ལྔ་བཞུགས་སོ། །
བྱང་སྟག་ལུང་དགོན།
གྲུབ་མཐའ། སྟག་ལུང་བཀའ་བརྒྱུད། ཕྱག་འདེབས་ལོ། བོད་རབ་བྱུང་གསུམ་པའི་ལྕགས་བྱི་ཕྱི་ལོ་ ༡༡༨༠ འདེབས་མཁན། སྟག་ལུང་ཆོས་རྗེ་བཀྲ་ཤིས་དཔལ། ༼སྟག་ལུང་ཐང་པ།༽ ཆགས་ཡུལ། ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་། སྟག་ལུང་། དགོན་གནས་དེའི་ནང་རྟེན་གྱི་གཙོ་བོ་གསེར་ཟངས་ལས་གྲུབ་པའི་ཐུབ་པའི་སྐུ། མདོ་མཐར་ཕྱིན་གསེར་བྲིས་མ། མར་པའི་ཕྱག་དཔེ་ཐོར་བུ། སངས་རྒྱས་འོད་སྲུང་གི་ཚེམས་སོགས་རིང་བསྲེལ་སྣ་ཚོགས། མདོར་ན་གོས་དང་རིན་པོ་ཆེ། གསུང་རྟེན་སོགས་ཧ་ཅང་མང་པོ་ཡོད།
དགོན་གནས་འདི་ནི་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་ལས་བཀའ་བརྒྱུད་པ་དང་། དེ་ལ་ཡང་ཆེ་བཞི་ཆུང་བརྒྱད་ཅེས་པའི་ནང་ཚན་སྟག་ལུང་བཀའ་རྒྱུད་ཀྱི་དགོན་པ་གཅིག་ཡིན། ཕྱི་ལོ་༡༡༨༠ སྟག་ལུང་ཐང་པས་དགོན་པ་དེ་ཉིད་ཕྱག་བཏབས་པ་ནས་དགེ་འདུན་ཞལ་གྲངས་ (༥༠༠༠) ལྷག་ཙམ་འཕེལ་མྱོང་བ་དང་། ཕྱི་ལོ་༡༩༥༩ ལོར་རིག་གནས་གསར་བརྗེ་ཆེན་མོའི་སྐབས་དགོན་གནས་དེ་ཉིད་རྩ་གཏོར་བཏང་། དེ་དུས་བར་སྟག་ལུང་བཀའ་བརྒྱུད་པའི་གདན་རབས་༣༡ ཙམ་བྱོན། ཕྱིས་སུ་ཕྱི་ལོ་ ༡༩༨༥ ཙམ་ནས་དགོན་པ་སླར་གསོའི་ལས་གཞི་འགོ་བརྩམས་ཤིང་། སྐྱབས་མགོན་བརྩེ་སྤྲུལ་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་འོག་རིམ་པས་དགོན་གནས་ཁག་ཉམས་གསོ་གང་ཐུབ་གནང་། ཕྱི་ལོ་ ༡༩༨༧ ལོར་དགེ་འདུན་ཞལ་གྲངས་བརྒྱ་ལྷག་ཙམ་ཚོགས་པ་དང་། ཕྱི་ལོ་༢༠༡༥ ལོ་བར་དགོན་དེའི་ཆོས་ཁང་དམར་པོ་མ་ཡིན་པའི་འདུ་ཁང་དང་གྲྭ་ཚང་སོགས་ལེགས་པར་གྲུབ། དེང་སྟག་ལུང་པའི་མ་དགོན་དུ་གྲྭ་རྒྱུན་བརྒྱ་ལ་ཉེ་བ་ཡོད།
འཕན་པོ་ཤ་བ་འབུམ་པ།
གྲུབ་མཐའ། ཐོག་མར་བཀའ་གདམས་ཕྱིས་སུ་དགེ་ལུགས། ཕྱག་འདེབས་ལོ། ཕྱི་ལོ་དུས་རབས་བཅུ་གཅིག་ནང་། ཕྱག་འདེབས་མཁན། བཀའ་གདམས་དགེ་བའི་བཤེས་གཉེན་ཆེན་མོ་པོ་ཏོ་བའི་དངོས་སློབ་ཤ་ར་བ་ཡོན་ཏན་གྲགས་པ། ཆགས་ཡུལ། འཕན་པོ་ལྷུན་གྲུབ་རྫོང་། བྱང་ཁ། ལྕང་མ་བཀོག་སྐྱིད་ཀྱི་རྒྱབ་རིའི་ལྡེབས་སུ་ཡོད། དགོན་གནས་ཀྱི་རྟེན་གཙོ་བོ་ནི། ཨ་རང་བྱོན་དང་། ཤ་ར་བའི་འདྲ་སྐུ་རང་བྱོན་མཐོ་གང་ཙམ་ཡོད་པ་ད་ལྟའང་མཇལ་རྒྱུ་ཡོད་པ་མ་ཟད་ཤ་ར་བའི་སྐུ་གདུང་སོགས་བཞུགས་པའི་འབུམ་པ་རྩ་ཆེན་བརྒྱ་དང་བརྒྱད་ཡོད་ཀྱང་རིག་གནས་གསར་བརྗེའི་སྐབས་དགོན་པ་རྩ་གཏོར་སོང་བ་དང་། གདུང་རྟེན་འབུམ་པ་དེ་དག་གི་གཟུངས་གཞུག་ཧ་ལམ་གཏོར་བཤིག་བཏང་། ཕྱི་ལོ་༡༩༨༥ ལོར་སྔ་ཤུལ་སྟེང་ཉམས་གསོ་བྱེད་འགོ་ཚུགས་ནས་ད་ལྟ་འབུམ་རྟེན་མི་ཉུང་བ་ཞིག་ཉམས་གསོ་སྒྲུབ་པ་དང་། དགོན་པའི་འདུ་ཁང་ཀ་བ་བཞི་ཙམ་ཡོད་པ་གསར་སྐྲུན་བྱས་ཟིན་ནས་བཙུན་མ་ཞལ་གྲངས་དགུ་བཅུ་གོ་གཉིས་བཞུགས་ཡོད་པ་ལགས།
དགའ་ལྡན་ཆོས་འཁོར་དགོན།
གྲུབ་མཐའ། དགེ་ལུགས། ཕྱག་འདེབས་ལོ། ཕྱི་ལོའི་དུས་རབས་བཅུ་གསུམ་ནང་། ཕྱག་འདེབས་མཁན། ཞང་ཡེ་ཤེས་འབྱུང་གནས། ཆགས་ཡུལ། ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་། དགའ་ཆོས་ཤང་། དགོན་གནས་དེར་ཕྱི་ལོ་ ༡༩༥༩ གོང་དགེ་འདུན་ཞལ་གྲངས་སུམ་བརྒྱ་ལྷག་ཙམ་བཞུགས་ཡོད་པ་དང་། དགོན་གྱི་བདག་འཛིན་ལྷ་ས་རྩེ་ཡིག་ཚང་ལས་ཁུངས་ཀྱིས་བྱེད་ཅིང་། ཕྱི་ལོ་ ༡༩༨༤ ལོར་ཉམས་གསོ་བྱེད་འགོ་ཚུགས་སྟེ་ད་ལྟ་དགེ་འདུན་ཞལ་གྲངས་བརྒྱ་དང་ལྔ་བཅུ་བཞུགས་ཡོད་པ་ལགས།
ནཱ་ལེནྡྲ་དགོན།
གྲུབ་མཐའ། ས་སྐྱ། ཕྱག་འདེབས་ལོ། བོད་རབ་བྱུང་བདུན་པའི་ཤིང་མོ་ཡོས་ཕྱི་ལོ་ ༡༤༣༥ ཕྱག་འདེབས་མཁན། རོང་སྟོན་སྨྲ་བའི་སེང་གེ ཆགས་ཡུལ། ལྷ་ས་གྲོང་ཁྱེར་ཁོངས་འཕན་པོ་ལྷུན་གྲུབ་རྫོང་། མཁར་རྩེ་ཤང་། མོ་ཡན་གྲོང་ཚོ། དགོན་པ་འདི་ཉིད་ནི་དབུས་ཕྱོགས་སུ་གནས་པའི་ས་སྐྱའི་ཆོས་ལུགས་ཀྱི་གདན་ས་ཆེ་ཤོས་ཡིན། ཕྱི་ལོ་ ༡༩༥༩ གོང་ལ་གྲྭ་གྲངས་བདུན་བརྒྱ་ལྷགས་བཞུགས། རིག་གནས་གསར་བརྗེའི་སྐབས་ཁང་མིག་གཅིག་ཀྱང་མ་ལུས་པར་རྩ་གཏོར་སོང་། ཕྱི་ལོ་ ༡༩༨༠ ལོ་ནས་དགོན་པ་ཉམས་གསོ་འགོ་ཚུགས། ཉེ་ཆར་དགོན་གནས་དེར་དགེ་འདུན་བརྒྱ་ལྷག་ཙམ་བཞུགས།
རི་སྟེང་དགོན། (བཙུན་མའི་དགོན་པ།)
གྲུབ་མཐའ། ས་སྐྱ། ཕྱག་འདེབས་ལོ། ཕྱི་ལོ་ ༡༤༣༥ ཕྱག་འདེབས་མཁན། རོང་སྟོན་སྨྲ་བའི་སེང་གེ ཆགས་ཡུལ། ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་། དགོན་གནས་དེར་ཕྱི་ལོ་ ༡༩༥༩ གོང་དགེ་འདུན་ཞལ་གྲངས་སུམ་ཅུ་སོ་དགུ་ཡོད་པ་དང་བོད་གཞུང་དབུས་ཁུལ་དགོན་ཁག་གཞུང་ཁྲའི་ནང་གསལ་བ་དང་། ཕྱི་ལོ་ ༡༩༦༦ རིག་གནས་གསར་བརྗེའི་སྐབས་རྩ་གཏོར་སོང་།
སེར་ཁང་དགོན།
གྲུབ་མཐའ། དགེ་ལུགས། ཕྱག་འདེབས་ལོ། ཕྱི་ལོའི་དུས་རབས་བཅོ་ལྔ་ནང་། ཕྱག་འདེབས་མཁན། རྗེ་རེ་མདའ་བ། ཆགས་ཡུལ། ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་། གསེར་ཁང་ཤང་། དགོན་གནས་དེར་ཕྱི་ལོ་ ༡༩༥༩ གོང་དགེ་འདུན་ཞལ་གྲངས་བཅུ་ལྷག་ཙམ་ཡོད་པ་དང་། དགོན་པའི་བདག་འཛིན་ས་གནས་སྲིད་གཞུང་ནས་བྱེད། ཕྱི་ལོ་ ༡༩༨༦ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་དགེ་འདུན་ཞལ་གྲངས་ཉི་ཤུ་རྩ་གསུམ་བཞུགས་ཡོད་པ་ལགས།
ལེན་པོ་དགོན།
གྲུབ་མཐའ། ཕྱིས་དགེ་ལུགས་དང་ས་སྐྱ་རིས་མེད། ཕྱག་འདེབས་ལོ། ཕྱི་ལོའི་དུས་རབས་བཅོ་ལྔའི་ནང་། ཕྱག་འདེབས་མཁན། ཚོད་ཤེས་རབ་གྲགས་པ། ཆགས་ཡུལ། ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་། ཕྱི་ལོ་ ༡༩༥༩ གོང་དགེ་འདུན་ཞལ་གྲངས་བརྒྱ་དང་ཉི་ཤུ་ཙམ་ཡོད་པ་དང་། རིག་གནས་གསར་བརྗེའི་སྐབས་རྩ་གཏོར་སོང་།
ཕྱག་ལ་དགོན།
གྲུབ་མཐའ། སྟག་ལུང་བཀའ་བརྒྱུད། ཕྱག་འདེབས་ལོ། ཕྱི་ལོའི་དུས་རབས་བཅུ་དྲུག་ནང་། ཕྱག་འདེབས་མཁན། སྟག་ལུང་རྗེ་བཙུན་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ། ཆགས་ཡུལ། ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་། ཕོད་མདོ། རིག་གནས་གསར་རྗེའི་སྐབས་རྩ་གཏོར་སོང་།
སྤོས་དགའ་བཙུན་མའི་དགོན།
གྲུབ་མཐའ། དགེ་ལུགས། ཆགས་ཡུལ། ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་། དགའ་ཆོས། དགོན་གནས་དེར་ཕྱི་ལོ་༡༩༥༩ གོང་བཙུན་མ་ཞལ་གྲངས་བརྒྱད་བཅུ་ལྷག་ཡོད་པ་དང་། ཕྱི་ལོ་༡༩༦༦ རིག་གནས་གསར་རྗེའི་སྐབས་རྩ་གཏོར་སོང་།
འཕན་པོ་གསལ་ཁང་དགོན།
གྲུབ་མཐའ། དགེ་ལུགས། ཕྱག་འདེབས་མཁན། སངས་རྒྱས་དབོན་གྱི་སློབ་མ་ཟུང་འཇུ། ཆགས་ཡུལ། ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་། ཕྱི་ལོ་ ༡༩༥༩ གོང་དགེ་འདུན་ཞལ་གྲངས་བརྒྱ་དང་བཅུ་བདུན་སྐོར་ཡོད། རིག་གནས་གསར་བརྗེའི་སྐབས་རྩ་གཏོར་སོང་།
ཇོག་པོ་ཆ་དཀར་དགོན།
གྲུབ་མཐའ། བཀའ་བརྒྱུད་པ། ཆགས་ཡུལ། ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་། གླང་ཐང་། དགོན་གནས་འདིར་ཕྱི་ལོ་ ༡༩༥༩ གོང་དུ་དགེ་འདུན་ཞལ་གྲངས་ ༡༦༠ ཡོད་པ་དང་། བོད་གཞུང་དབུས་ཁུལ་དགོན་ཁག་གཞུང་ཁྲའི་ནང་གསལ། ཕྱི་ལོ་ ༡༩༦༦ ལོའི་རིག་གནས་གསར་བརྗེའི་སྐབས་རྩ་གཏོར་སོང་།
སྤེ་རྩ་དགོན།
གྲུབ་མཐའ། བཀའ་བརྒྱུད། ཆགས་ཡུལ། ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་། དགོན་གནས་དེར་ཕྱི་ལོ་ ༡༩༥༩ གོང་དགེ་འདུན་ཞལ་གྲངས་ ༦༠ ཡོད་པ་བོད་གཞུང་དབུས་ཁུལ་དགོན་ཁག་གཞུང་ཁྲའི་ནང་གསལ། ཕྱི་ལོ་ ༡༩༦༦ རིག་གནས་གསར་རྗེའི་སྐབས་རྩ་གཏོར་སོང་།
ལྷ་རྩེ་དགོན།
གྲུབ་མཐའ། བཀའ་བརྒྱུད་པ། ཆགས་ཡུལ། ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་། མཁར་རྩེ། དགོན་གནས་འདིར་ཕྱི་ལོ་ ༡༩༥༩ གོང་དགེ་འདུན་ཞལ་གྲངས་ལྔ་བཅུ་ང་ལྔ་ཡོད་པ་བོད་གཞུང་དབུས་ཁུལ་དགོན་ཁག་གཞུང་ཁྲའི་ནང་གསལ། ཕྱི་ལོ་ ༡༩༦༦ ལོར་རིག་གནས་གསར་བརྗེའི་སྐབས་རྩ་གཏོར་སོང་།
ཀྲག་ར་མོ་དགོན།
གྲུབ་མཐའ། བཀའ་བརྒྱུད། ཆགས་ཡུལ། ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་། དགོན་གནས་འདིར་ཕྱི་ལོ་ ༡༩༥༩ གོང་དགེ་འདུན་ཞལ་གྲངས་ལྔ་བཅུ་ང་ལྔ་ཡོད་པ་བོད་གཞུང་དབུས་ཁུལ་དགོན་ཁག་གཞུང་ཁྲའི་ནང་གསལ། ཕྱི་ལོ་ ༡༩༦༦ ལོར་རིག་གནས་གསར་བརྗེའི་སྐབས་དགོན་པ་འདི་རྩ་གཏོར་སོང་།
སྟག་ལུང་སྤྱིལ་བུ་འཛིན་མི།
གྲུབ་མཐའ། སྟག་ལུང་བཀའ་བརྒྱུད། ཆགས་ཡུལ། ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་། ཕོད་མདོ། དགོན་གནས་འདིར་ཕྱི་ལོ་ ༡༩༥༩ གོང་དགེ་འདུན་ཞལ་གྲངས་སུམ་ཅུ་སོ་གསུམ་ཡོད་པ་ཕྱི་ལོ་ ༡༩༦༦ ལོར་རིག་གནས་གསར་བརྗེའི་སྐབས་རྩ་གཏོར་སོང་།
རྒྱལ་སྟོད་དགོན།
གྲུབ་མཐའ། དགེ་ལུགས། ཆགས་ཡུལ། ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་། མཚོ་སྟོད། ཕྱི་ལོ་ ༡༩༨༣ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་དགེ་འདུན་ཞལ་གྲངས་སུམ་ཅུ་བཞུགས།
དྲུད་རྒྱལ་དགོན།
གྲུབ་མཐའ། དགེ་ལུགས། ཆགས་ཡུལ། ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་། མཚོ་སྟོད། ཕྱི་ལོ་ ༡༩༨༥ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་དགེ་འདུན་ཞལ་གྲངས་སུམ་བཅུ་སོ་ལྔ་བཞུགས།
སྣེ་མོ་དགོན།
གྲུབ་མཐའ། དགེ་ལུགས། ཆགས་ཡུལ། འཕན་པོ་ལྷུན་གྲུབ་རྫོང་། མཚོ་སྟོད། ཕྱི་ལོ་ ༡༩༨༥ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་དགེ་འདུན་ཞལ་གྲངས་སུམ་ཅུ་སོ་ལྔ་བཞུགས།
ལོ་བྲག་དགོན། (བཙུན་མའི་དགོན་པ།)
གྲུབ་མཐའ། དགེ་ལུགས། ཆགས་ཡུལ། འཕན་པོ་ལྷུན་གྲུབ་རྫོང་། མཚོ་སྟོད། ཕྱི་ལོ་ ༡༩༨༦ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་བཙུན་མ་ཞལ་གྲངས་དྲུག་ཅུ་ལྷག་བཞུགས།
རྩེ་མོ་དགོན། (བཙུན་མའི་དགོན་པ།)
གྲུབ་མཐའ། དགེ་ལུགས། ཆགས་ཡུལ། འཕན་པོ་ལྷུན་གྲུབ་རྫོང་། མཚོ་སྟོད། ཕྱི་ལོ་ ༡༩༨༨ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་བཙུན་མ་ཞལ་གྲངས་ལྔ་བཅུ་ང་གཉིས་བཞུགས།
འཕགས་སྡེ་རྩེ།
གྲུབ་མཐའ། ས་སྐྱ། ཆགས་ཡུལ། འཕན་པོ་ལྷུན་གྲུབ་རྫོང་། སྤྱིལ་བུ། ཕྱི་ལོ་༡༩༨༦ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་དགེ་འདུན་ཞལ་གྲངས་ལྔ་བཅུ་ལྷག་ཙམ་བཞུགས།
བསམ་གཏན་སྡིང་།
གྲུབ་མཐའ། དགེ་ལུགས། ཆགས་ཡུལ། འཕན་པོ་ལྷུན་གྲུབ་རྫོང་། བྱང་ཁ། ཕྱི་ལོ་ ༡༩༨༩ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་དགེ་འདུན་ཞལ་གྲངས་བཅུ་ལྷག་ཙམ་ཡོད།
བཀྲ་ཤིས་ཆོས་གླིང་།
གྲུབ་མཐའ། དགེ་ལུགས། ཆགས་ཡུལ། འཕན་པོ་ལྷུན་གྲུབ་རྫོང་། ལྕང་ཤར། ཕྱི་ལོ་ ༡༩༩༢ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་དགེ་འདུན་ཞལ་གྲངས་ཉི་ཤུ་ལྷག་ཙམ་ཡོད།
སྣ་དཀར་དགོན།
གྲུབ་མཐའ། བཀའ་རྒྱུད། ཆགས་ཡུལ། འཕན་པོ་ལྷུན་གྲུབ་རྫོང་། བྱང་ཁ། མདུན་གྲོང་གྲོང་ཚོའི་རྒྱབ་རིའི་སྟེང་། འདེབས་མཁན། རྡོ་རྒྱལ། ཕྱི་ལོ་ ༡༩༨༨ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་བཙུན་མ་ཞལ་གྲངས་བརྒྱ་དང་བཅུ་ལྷག་ཙམ་ཡོད།
ཞི་ཕུ་དགོན། (བཙུན་མའི་དགོན།)
གྲུབ་མཐའ། བཀའ་བརྒྱུད། ཆགས་ཡུལ། འཕན་པོ་ལྷུན་གྲུབ་རྫོང་། བྱང་ཁ། ཕྱི་ལོ་ ༡༩༩༣ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་བཙུན་མ་ཞལ་གྲངས་བཞི་བཅུ་ཞེ་གསུམ་བཞུགས།
ཁྲོ་གནས་རི་ཁྲོད།
གྲུབ་མཐའ། དགེ་ལུགས། ཆགས་ཡུལ། འཕན་པོ་ལྷུན་གྲུབ་རྫོང་། ཆོས་མ་ཤང་། ༡༩༨༢ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་དགེ་འདུན་གཉིས་བཞུགས།
དར་ཡུལ་དགོན། (བཙུན་མའི་དགོན་པ།)
གྲུབ་མཐའ། ས་སྐྱ། ཆགས་ཡུལ། འཕན་པོ་ལྷུན་གྲུབ་རྫོང་། ཆོས་མ། ཕྱི་ལོ་ ༡༩༨༧ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་བཙུན་མ་ཞལ་གྲངས་དྲུག་བཅུ་ལྷག་ཙམ་བཞུགས།
སྣེ་ཟུར་དགོན།
གྲུབ་མཐའ། དགེ་ལུགས། ཆགས་ཡུལ། འཕན་པོ་ལྷུན་གྲུབ་རྫོང་། གསུམ་ཕྲེང་། ཕྱི་ལོ་ ༡༩༩༡ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་དགེ་འདུན་ཞལ་གྲངས་ལྔ་བཅུ་ང་གཅིིག་བཞུགས།
བྱ་བྲལ་དགོན། (བཙུན་མའི་དགོན་པ།)
གྲུབ་མཐའ། བཀའ་བརྒྱུད། ཆགས་ཡུལ། འཕན་པོ་ལྷུན་གྲུབ་རྫོང་། གསུམ་ཕྲེང་། ཕྱི་ལོ་ ༡༩༨༨ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་བཙུན་མ་ཞལ་གྲངས་བརྒྱ་དང་བཅུ་གཉིས་བཞུགས།
འབྲི་ལུང་། (བཙུན་མའི་དགོན།)
གྲུབ་མཐའ། དགེ་ལུགས། ཆགས་ཡུལ། འཕན་པོ་ལྷུན་གྲུབ་རྫོང་། གསུམ་ཕྲེང། འོང་གསེབ་གྲོང་ཚོའི་རྒྱབ་རིའི་ལྡེབས་སུ་ཡོད། ཕྱི་ལོ་༡༩༨༨ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་བཙུན་མ་ཞལ་གྲངས་བརྒྱ་དང་བཅུ་གཉིས་བཞུགས།
མཁའ་ལུང་དགོན།
གྲུབ་མཐའ། དགེ་ལུགས། ཆགས་ཡུལ། འཕན་པོ་ལྷུན་གྲུབ་རྫོང་། ཡུང་བ། ཕྱི་ལོ་ ༡༩༩༢ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་དགེ་འདུན་ཞལ་གྲངས་སུམ་ཅུ་སོ་གསུམ་བཞུགས།
མཆོད་རྟེན་དགོན།
གྲུབ་མཐའ། དགེ་ལུགས། ཆགས་ཡུལ། འཕན་པོ་ལྷུན་གྲུབ་རྫོང་། ངར་ནང། ཕྱི་ལོ་༡༩༨༥ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་དགེ་འདུན་ཞལ་གྲངས་བཅུ་བཞི་བཞུགས།
དཔལ་དཀར་དགོན།
གྲུབ་མཐའ། དགེ་ལུགས། ཆགས་ཡུལ། འཕན་པོ་ལྷུན་གྲུབ་རྫོང་། ངར་ནང། ཕྱི་ལོ་ ༡༩༨༦ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་དགེ་འདུན་ཞལ་གྲངས་བཅུ་བཞི་བཞུགས།
སྤ་སྐྲ་དགོན།
གྲུབ་མཐའ། དགེ་ལུགས། ཆགས་ཡུལ། འཕན་པོ་ལྷུན་གྲུབ་རྫོང་། བར་ལམ། ཕྱི་ལོ་ ༡༩༨༥ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་དགེ་འདུན་ཞལ་གྲངས་དྲུག་བཞུགས།
དགའ་ཡི་དགོན།
གྲུབ་མཐའ། དགེ་ལུགས། ཆགས་ཡུལ། འཕན་པོ་ལྷུན་གྲུབ་རྫོང་། ལྷ་ཁང་། ཕྱི་ལོ་ ༡༩༨༤ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་དགེ་འདུན་ཞལ་གྲངས་དྲུག་བཞུགས།
སེ་ཝ་ལུང་དགོན།
གྲུབ་མཐའ། སྟག་ལུང་བཀའ་བརྒྱུད། འཕན་པོ་ལྷུན་གྲུབ་རྫོང་། དབུ་རུ་ལུང་། ཕྱི་ལོ་༡༩༨༥ ལོར་སྐྱབས་རྗེ་གངས་ཤར་རིན་པོ་ཆེ་ནས་ཉམས་གསོ་ཞུས་རྗེས་ད་ལྟ་དགེ་འདུན་བཅུ་ལྷག་ཙམ་བཞུགས།
དྲིའུ་ལུང་དགོན།
དྲིའུ་ལུང་རྫོང་རྩེ་དགོན། སྟག་ལུང་པའི་གདན་རབས་ཉེར་ལྔ་པ་ཀུན་གཟིགས་བསྟན་འཛིན་རྣམ་རྒྱལ་གྱིས་ཕྱི་ལོ་༡༧༢༠ཡས་མས་སུ་ཕྱག་བཏབ་པའི་སྟག་ལུང་པའི་བུ་དགོན་ཞིག་ཡིན། སྟག་ལུང་པའི་རྩ་བའི་གདན་ས་ཡར་ཐང་རྡོ་རྗེ་གདན དགོན་པ་ནས་སྤྱི་ལེ་བཅོ་ལྔ་ཙམ་གྱི་སར་ཆགས་ཡོད། རྗེ་བསྟན་འཛིན་རྣམ་རྒྱལ་གྱིས་གནས་འདིར་ལོ་བཅུ་གསུམ་ཙམ་སྒྲུབ་པ་མཛད་ཅིང་། དག་སྣང་རྩ་གསུམ་ཆོས་འཁོར་ཡང་འདི་ནས་ཕབས། སྔོན་དུས་གྲྭ་གྲངས་རྒྱའི་ཡས་མས་སུ་ཡོད་པ་དང་དྲིའུ་ལུང་སྤྲེལ་ལོ་ཚེ་བཅུ་ཞེས་པའི་ལོ་བཅུ་གཉིས་ཀྱི་མཚམས་ནས་གོས་སྐུ་གཤམ་པ་དང་། དབང་ཆོས་གནང་བ་སོགས་ཆོས་ཀྱི་བྱེད་སྒོའི་དུས་ཆེན་ཞིག་རྒྱུན་ཆགས་སུ་གནང་སྲོལ་ཡོད་འདུག ཆོས་དྲུང་སྐུ་ཕྲེང་རིམ་བྱོན་ཕལ་ཆེ་བ་གནས་འདིར་ སྒྲུབ་པ་མཛད་པ་དང་བུ་སློབ་སྐྱོང་བ་སོགས་གནང་བ་དང་། སྐུ་ཕྲེང་བཞི་པ་ཆོས་དྲུང་ཤེས་རབ་སྒྲོན་མེ་ནས་བཟུང་སྐུ་ཕྲེང་རིམ་བྱོན་ལ་ཆོས་དྲུང་ཞེས་པའི་མཚན་འདི་ཐོག།། སྐུ་ཕྲེང་ལྔ་པ་བསྟན་འཛིན་ཆོས་ཀྱི་སྒྲོན་མེ་ལ། སྟག་ལུང་པའི་གདན་རབ་སུམ་ཅུ་པ་ཐེག་མཆོག་འཇིགས་མེད་དཔའ་བོ་ཡིས། དྲིའུ་ལུང་དགོན་གྱི་ཆོས་སྲིད་ཀྱི་གཉེར་ཀ་གཏད་པ་ནས་བཟུང་ཆོས་དྲུང་རིམ་བྱོན་ནས་དགོན་བདག་མཛད་བཞིན་ཡོད། ཆོས་དྲུང་སྐུ་ཕྲེང་བཞི་པ་དང་ལྔ་པ་གཉིས་རྟེན་བུད་མེད་ཡིན་པས། ཆོས་ཀྱི་སྒྲོན་མེ་སྐུ་གཤེགས་སྐབས་ང་བུད་མེད་རྟེན་ཅན་ཞིག་རབ་བྱུང་དབུས་སུ་མི་མཛེས་པས་རྗེས་སུ་སྐྱེས་པ་ཕོ་ལུས་ཞིག་ཏུ་འོང་པ་ཡིན་གསུངས་པ་བཞིན་བྱུང་ཡོད་པ་རེད། རིག་གནས་གསར་རྗེའི་དུས་འགྱུར་སྐབས་དགོན་འདི་རྩ་གཏོར་ཐེབ་ཀྱང་། ཕྱི་ལོ་༡༩༩༠་ཙམ་ནས་དེ་སྔོན་དྲིའུ་ལུང་གྲྭ་པ་ཡིན་པའི་ཆོས་མཛད་རྫབ་རྡོ་ཞུ་བས་ངལ་བ་དང་ལྷག་བསམ་གྱིས་བསྐྱར་བཞེངས་འགོ་འཛུགས་བྱས་ཤིང་། སྟག་ལུང་གདན་རབས་སོ་གསུམ་པ་རྩེ་སྤྲུལ་བསྟན་འཛིན་རྒྱལ་མཚན་མཆོག་གིས་སྔོན་ནི་ཆོས་དྲུང་མཆོག་སྤྲུལ་རིན་པོ་ཆེ་བཙལ་འཚོལ་གྱིས་ངོས་འཛིན་གནང་ཁར་ཁོང་གི་ཟིམ་ཆུང་དུ་ཡོངས་འཛིན་ཆེད་བཙུགས་ཀྱིས་སློབ་གཉེར་བྱེད་བཅུག་ཅིང་། དགུང་ན་སོན་སྐབས་ཆོས་དང་ཟང་ཟིང་གིས་གནང་སྦྱིན་བཀའ་བསློབ་དང་བཅས་དྲིའུ་ལུང་དུ་གདན་ས་སྐྱོང་བར་བཏང་པས་ཚུལ་བཞིན་བྱུང་སྟེ། དགོན་སྡེ་སྔར་ལས་ལེགས་པར་བསྐྲུན་ཡོད་པ་མ་ཟད། རྩེ་སྤྲུལ་རིན་པོ་ཆེ་སྐུ་གཤེགས་རྗེས་སྟག་ལུང་མ་དགོན་དང་དྲིའུ་ལུང་གཉིས་ཀར་གཟིགས་སྐྱོང་མཛད་དེ། མཛད་འཕྲིན་རྒྱས་པའི་ངང་བཞུགས་མུས་སུ་ཡོད་ཅིང་། ད་ཡོད་གྲྭ་གྲངས་ལྔ་བཅུ་ཙམ་གྱིས་དཔལ་སྟག་ལུང་པའི་མཐོང་བ་བརྒྱུད་པའི་ཕྱག་ལེན་རྒྱུན་འཛིན་དང་སྒོམ་སྒྲུབ་འཆད་ཉན་གྱིས་སྒོ་ནས་འཁོར་ལོ་གསུམ་གྱི་བྱ་བ་སྒྲུབ་པའི་གནས། ངེས་པ་དོན་གྱི་ཆོས་སྡེ་ཞིག་ཆགས་ཡོད་པ་བཅས་སོ།། །།
སེ་གླིང་དགོན།
དཔལ་ལྡན་སྟག་ལུང་ཐང་པའི་རྫོང་དྲུག་གི་ཐོག་མར་སེ་གླིང་བྲག་སྐྱ་རྡོ་རྗེའི་རྫོང་དུ་གནས་བཅས་པའི་སྟག་ལུང་བཀའ་བརྒྱུད་ཀྱི་གྲུབ་མཐའ་འཛིན་པའི་དབེན་དགོན་ཞིག་ཡིན་ཞིང་། གནས་ས་སྟག་ལུང་རྡོ་རྗེ་གདན་ནས་སྤྱི་ལེ་བཅོ་ལྔ་ཙམ་གྱི་སར་ཡོད། གནས་འདིར་ཤིང་སེ་བ་མང་བས་སེ་གླིང་ཞེས་ཐོག་པར་མངོན། བྲག་གི་རྐེད་པར་ཐང་པའི་སྒྲུབ་ཕུབ་ཅིག་ཡོད།
བསམ་གཏན་གླིང་། (བཙུན་མའི་དགོན་པ།)
གྲུབ་མཐའ། དགེ་ལུགས། ཆགས་ཡུལ། འཕན་པོ་ལྷུན་གྲུབ་རྫོང་། ཐང་སྒོ་ཤང་། རྭ་སྒྲེང་དགོན་པའི་གཡོན་ངོས། ཕྱི་ལོ་ ༡༩༨༥ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་བཙུན་མ་ཞལ་གྲངས་བརྒྱ་ལྷག་ཙམ་བཞུགས།
དཔལ་ལྡན་རྩེ།
མཚན་གཞན་ལ་འཕུར་ལྡན་རྩེའང་ཞུ། བསོད་ནམས་སྒང་ནས་སྤྱི་ལེ་དྲུག་ཙམ་སོང་ན་བྱང་རྩེ་རི་གདོང་དང་དེ་ནས་ཡར་འཛེགས་ན་བྱང་རྩེ་ཞེས་པའི་རི་སྟེང་དུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་དར་ཆེན་བློ་གྲོས་རྒྱལ་མཚན་ཞུ་བས་ཕྱག་བཏབས་གནང་མཛད། འཕུར་ལྡན་རྩེ་ཞེས་པ་ནི། དར་ཆེན་བློ་གྲོས་རྒྱལ་མཚན་ཐོག་མར་དགོན་དེ་དང་ཉེ་བའི་སྟོང་རྩེ་རི་སྟེང་ཞེས་པར་བཞུགས་སྐབས་འབྲས་སྤུངས་ནང་མགོན་པོ་ཞལ་གྱི་སྐུ་བརྙན་ཞིག་ཡོད་པ་དེས་ང་དཔལ་ལྡན་རྩེར་འགྲོ་གི་ཡིན་ཞེས་གསུང་བྱོན་པ་ལྟར་ད་ལྟའི་དགོན་ཆགས་ཡུལ་དུ་འཕུར་ཕེབས་སྟབས་དཔལ་ལྡན་རྩེ་ཞེས་པའི་མཚན་དེ་ལྟར་བྱུང་གསུངས། ཐོག་མར་གྲྭ་པ་གྲངས་དྲུག་ཡོད་པའི་ཕོ་དགོན་ཞིག་ཡིན་པ་ལ་རྗེས་སུ་རིམ་བཞིན་བཙུན་དགོན་དུ་འགྱུར། བཙུན་མ་བཞི་བཅུ་ལྷག་གིས་ས་སྐྱ་ཚར་ལུགས་ཕྱག་བཞེད་གནང་གི་ཡོད། འཕན་པོ་ན་ལེནྡྲའི་ཁོངས་ཡིན། སྔོན་འདུ་ཁང་ཀ་བ་དྲུག་ཅན་ནང་རྟེན་གཙོ་གོང་གསལ་རྡོ་ནག་མགོན་པོ་སོར་བཞི་ཙམ་བྱས་པ་དེ་དང་། ས་པཎ་གྱི་སྐུ་བརྙན་རྟེན་དང་བརྟེན་པ་མཇལ་རྒྱུ་ཡོད། ད་ལྟ་སྔོན་གྱི་གྱང་རོའི་སྟེང་ཉམས་གསོ་གནང་བའི་འདུ་ཁང་ནང་སྔོན་གྱི་དགོན་པོའི་སྐུ་བརྙན་བྱིན་ཅན་དེ་ཉིད་དང་། གུ་རུ་དང་། ས་པཎ། མཁའ་སྤྱོད་མ་སོགས་ཀྱི་སྐུ་བརྙན་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།
ལོ་ཙཱ་དགོན།
དྲུད་རྒྱལ་དགོན་ནས་སྤྱི་ལེ་བཞི་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་པ་ཚབ་ཅེས་པའི་ཡུལ་དུ་སོང་ན་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་འཕགས་ཡུལ་དཔལ་ལྡན་ཟླ་བ་གྲགས་པའི་བུ་སློབ་པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་པས་ཕྱག་བཏབས་གནང་མཛད། དེ་ནས་རིམ་བཞིན་རང་སྒྲོལ་གྱི་སྒྲུབ་གྲྭ་ཕོ་མོ་ཇི་སྙེད་ཅིག་བྱོན་པ་དང་། དགོན་དེའི་ལྟག་ཏུ་མཆོད་རྟེན་ལྔ་ཡོད་པའི་ཤར་ནས་རྩིས་པའི་མཆོད་རྟེན་དང་པོའི་ནང་ཤ་ར་བའི་ཕྱག་རྗེས་དང་། ལྔ་པའི་ནང་པ་ཚབ་ཀྱི་སྐུ་གདུང་བཞུགས་ཞེས་གསུངས། རྭ་སྒྲེང་རྒྱལ་ཐོག་སྐབས་ལའང་ཉམས་གསོ་གནང་། སྔོན་བཙུན་མ་ཉི་ཤུ་སྐོར་གྱིས་རི་བོ་དགེ་ལྡན་ཕྱག་བཞེད་མཛད་པ་རེད། ད་ལྟ་འདུ་ཁང་གསར་བཞེངས་གནང་བའི་ནང་རྟེན་གཙོ་ཇོ་བོ་གངས་ཅན་གཙོ་རྒྱལ་མ་སོགས་འཇིམ་གྱི་སྐུ་བརྙན་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད། དགོན་དེའི་རྒྱབ་རིའི་ལྡེབས་སུ་བྱ་རྒོད་ཀྱི་དབྱིབས་འདྲ་བའི་རྡོ་ཞིག་ཡོད་པ་དེ་ནི་རྒྱ་གར་ནས་འཕུར་ཡོང་བའི་བྱ་རྒོད་ཅིག་ཐོག་མར་གྲོག་རོང་དུ་བབས་རྩིས་བྱས་པ་དེ་ནས་ད་ལྟའི་གནས་དེར་བབས་པས་དགོན་དེ་ཆགས་ཞེས་གསུངས། པ་ཚབ་ཉི་མ་གྲགས་པ་དང་དགེ་བཤེས་ཤ་ར་བ། པོ་ཏོ་བ་བཅས་གསུམ་རྒྱ་གར་དུ་ཆོས་ཞུ་བར་ཕེབས་ཏེ་ཚུར་ཕེབས་པ་ན་སྐུ་ན་བགྲེས་པ་པ་ཚབ་གནས་དེར་བཞུགས། འབྲིང་བ་ཤ་ར་བ་ཤར་དགོན་བཏབས་ཏེ་དེར་བཞུགས། ཆུང་བ་པོ་ཏོ་བས་པོ་ཏོ་དགོན་བཏབས་ཞེས་གསུངས།
རྒྱ་གྲགས་དགོན།
མཚན་རྒྱས་པར་རྒྱ་གྲགས་བསམ་གཏན་ཐེག་མཆོག་གླིང་ཞེས་ཞུ། འབྲི་ལུང་དགོན་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་བཅུ་གཉིས་ཙམ་སོང་ན་ཀུ་རུ་གྲོང་ཞེས་པར་འབྱོར་ཞིང་དེ་ནས་འཁོར་ལམ་ཡོད་ཀྱང་གཟར་ཟུག་ཆེ་བས་རྐང་ཐང་མར་ཆུ་ཚོད་ཕྱེད་ཙམ་སོང་ན་དགོན་དེར་འབྱོར། དགོན་དེ་ནི་ཕ་དམ་པ་སངས་རྒྱས་ཀྱིས་ཕྱག་བཏབས་གནང་མཛད། ཐོག་མར་ཕོ་དགོན་ཡིན་པ་ལ་རྗེས་སུ་བཙུན་དགོན་དུ་འགྱུར། སྟག་ལུང་དགོན་གྱི་དགོན་ལག་ཡིན་པས་སྟག་ལུང་བཀའ་བརྒྱུད་ཀྱི་ཕྱག་བཞེད་མཛད་པ་རེད། སྔོན་བཙུན་མ་བརྒྱད་ཅུ་སྐོར་གྱིས་ཞི་བྱེད་ཁྲོ་མ་ནག་མོ་དང་ལྟུང་བཤགས་ཀྱི་ཆོ་ག་སོགས་གསུང་སྲོལ་ཡོད། སྔོན་འདུ་ཁང་ཀ་བ་བཅུ་གཉིས་ནང་ཕ་དམ་པ་སངས་རྒྱས་དང་། དམ་པ་ལུགས་ཟུང་མ། དམ་པ་གཏེར་སྟོན་མ་སོགས་བཞུགས། དམ་པ་གཏེར་སྟོན་མ་ནི་དམ་པ་བྲག་ཕུག་ནས་གཏེར་སྟོན་གནང་བ་རེད་ཅེས་ཞུ།
ཇོ་གདན་དགོན།
རྭ་སྒྲེང་ནས་ཕོད་མདོ་བརྒྱུད་ངར་སྨད་དང་། དེ་ནས་ངར་སྟོད་བར་སྤྱི་ལེ་ཉི་ཤུ་རྩ་བརྒྱད་ཙམ་སོང་ན་ངར་སྟོད་གྲོང་གི་རྒྱབ་རིའི་འདབས་སུ་དགོན་དེ་མཇལ་རྒྱུ་ཡོད། ཇོ་གདན་ཞེས་པ་ནི། སྔོན་དགོན་དེར་ནང་རྟེན་དུ་ཇོ་བོ་རྗེའི་བཞུགས་གདན་རི་དྭགས་ཀྲི་ནའི་པགས་པ་ཞིག་ཡོད་པས་མཚན་དེ་ལྟར་བྱུང་། དགོན་ཕྱག་འདེབས་པ་པོ་ནི་འབྲོམ་སྟོན་པ་ཡིན། དེའང་སྔོན་ངར་སྟོད་ཀྱི་རྫོང་དཔོན་སྡེ་པ་འོད་འཇོ་ཞེས་པས་འབྲོམ་རིན་པོ་ཆེར། ཁྱེད་ཀྱིས་ངའི་གཅེན་པོ་ཕྲང་ཀ་བེར་ཆུང་གིས་ཞུས་པ་ལྟར་རྭ་སྒྲེང་དགོན་པ་ཕྱག་འདེབས་གནང་འདུག ད་ནི་ངའི་ལུང་པའི་ཕུ་འདིར་ཡང་དགོན་པ་ཞིག་ཕྱག་འདེབས་པར་ཞུ་ཞུས་པས། འབྲོམ་གྱིས་ཁྱེད་ཀྱི་རེ་འདོད་ལྟར་དགོན་ཞིག་འདེབས་ཆོག་ཀྱང་ང་ལ་ནང་རྟེན་འཇོག་རྒྱུ་མེད་ཅེས་གསུངས་པས། རྫོང་དཔོན་གྱིས་ངའི་བླ་མའི་བཞུགས་གདན་ཞིག་ཡོད་པས་དེ་ཕུལ་ཆོག་ཞུས་པས་ཇོ་གདན་ཞེས་པ་དེ་ལྟར་བྱུང་། སྔོན་རྭ་སྒྲེང་དགོན་གྱི་དགོན་ལག་ཡིན་པས་དགེ་འདུན་དགུ་གྲྭ་རེ་རྭ་སྒྲེང་ནས་གཏོང་གནང་དགོས།
ད་ལྟ་གསར་བཞེངས་འདུ་ཁང་ནང་སྔོན་གྱི་སྐུ་བརྙན་གྱི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད། ངར། ཞེས་པ་ནི་ཡུལ་ལྷའི་མིང་ཡིན། དེའང་ལྷ་གཡག་སྤུན་གསུམ་ཡོད་པས་ངར་ལྷ་གཡག་པོ་ནི་ལྷ་གཡག་དཀར་པོ་ཞིག་དང་། འགོང་རོང་གཡག་པོ་ནི་གཡག་ཁམས་པ་ཞིག ཞོལ་ལྷ་གཡག་པོ་ནི་གཡག་ཁྲ་ཁྲ་ཞིག་བཅས་གསུམ་ཡོད་པ་ལ་ཚང་མ་བཙུན་པའི་གཟུགས་བརྙན་ཡིན། ངར་ལྷ་གཡག་པོ་ནི་ཞབས་ལ་སྤེན་མ་ཟུག་སྟབས་གནས་དེར་ལུས། གཅིག་འགོང་རོང་ཞེས་པར་ཡོད། གཅིག་ཡུལ་ལྔའི་ནང་ཡོད། དེ་དག་གི་གནས་རི་གསུམ་པོ་ནི་ཕན་ཚུན་གཅིག་གིས་གཅིག་མཐོང་གི་ཡོད་ཅེས་ཟེར།
རྒྱུད་སྟོད་གྲྭ་ཚང་ངམ་བྱམས་གླིང་དགོན།
དབུས་སྟོད་རྒྱུད་པ་གྲྭ་ཚང་ངམ་བྱམས་པ་གླིང་ནི་བྱང་རྩེ་ཀུན་དགའ་བཀྲ་ཤིས་དང་དཔལ་འབྱོར་རྒྱལ་མཚན་གཉིས་ཀྱིས་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་དུ་ཕྱག་བཏབས། སྐབས་ཤིག་རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཀྱང་སློབ་དཔོན་ཀུན་བཀྲས་པ་དང་ལྷན་དུ་གནས་འདིར་ཕེབས་ཏེ་དབྱར་གནས་མཛད་དེ་བཞུགས། རྒྱུད་ཆེན་ཀུན་དགའ་དོན་གྲུབ་ནི་ས་ཕག་ལོ་སྟེ་ཕྱི་ལོ་ ༡༤༡༩ ལོར་གཙང་སྟོད་དུ་འཁྲུངས། ནར་སོན་རྗེས་རྒྱལ་བ་དགེ་འདུན་གྲུབ་པ་དང་རྗེ་བཙུན་ཤེས་རབ་སེང་གེ རྒྱུད་ཆེན་སྦྱིན་པ་དཔལ་བ། ཆོས་རྗེ་བ་སོ་བ་དང་བྱང་རྩེ་ཀུན་བཀྲས་པ་སོགས་བསྟེན་ཏེ་མདོ་རྒྱུད་གཉིས་ལ་མཁས་པའི་མཐར་སོན། ལྷག་པར་རྒྱུད་སྡེ་ལ་ནང་བྱན་ཆུད་པས་རྒྱུད་པའི་འདུས་དམངས་ཚོས་རྒྱུད་པའི་མཁན་པོར་ཕེབས་པར་གསོལ་ཡང་ཞལ་གྱིས་མ་བཞེས་པར་རྗེ་བླ་མས་རྗེ་བཙུན་ཤེར་སེང་པ་ལ་གཏད་པའི་རྒྱུད་ཀྱི་ཆོས་དཔེ་དང་ནང་མཆོད་ཀ་པཱ་ལི། གསང་འདུས་ཀྱི་སྐུ་རྟེན་སོགས་བསྣམས་ཏེ་སྔར་དབེན་གནས་འདིའི་དགེ་མཚན་མཐོང་བའི་ཕྱི་རྐྱེན་དང་ནང་རྐྱེན་མ་འོངས་རྒྱུད་ཀྱི་འཆད་ཉན་ཕྱོགས་ཀུན་ཏུ་རྒྱས་པ་ལ་བརྣགས་ཏེ་བྱམས་གླིང་དུ་ཕེབས་ཅིང་སློབ་དཔོན་ཀུན་དགའ་བཀྲས་པས་གདན་ས་གཏད། གནས་འདིར་བྱོན་པའི་ཉིན་མོ་དེར་དཔལ་གསང་བ་འདུས་པའི་ལྷ་གྲངས་དང་མཉམ་པའི་བུ་སློབ་སོ་གཉིས་འདུས་པས་རྟེན་འབྲེལ་ལེགས་ཅིང་འདིའི་ཉེ་འཁོར་གྱི་ཆུ་བོས་ཀྱང་གསང་འདུས་ཀྱི་རྩ་སྔགས་ཀྱི་སྒྲ་གྲགས་པ་སོགས་ཡ་མཚན་པའི་ལྟས་བཟང་བྱུང་། དེང་གི་དུས་སུ་ཡང་ཆུ་བཛྲ་དྷྲིཀ་ཅེས་འབོད་བཞིན་འདུག མི་རིང་བར་བཀྲས་རྒྱལ་བ་བྱང་རྩེར་ཕེབས་ཚེ་ཞོ་སྟོན་པ་རྒྱུད་ཆེན་ཤེར་བཟང་པོས་རྒྱུད་པའི་སློབ་དཔོན་དུ་ཕེབས་པར་མང་དུ་གསོལ་ཡང་ནུབ་མོ་མནལ་ལམ་དུ་ལ་མོ་དང་ཕག་མོའི་བར་ཡོལ་བས་བཀབ་པ་རྨིས་པ་དང་། སེམས་པ་ཆེན་པོས་ཀྱང་འདིར་བཞུགས་ན་འགྲོ་དོན་ཆེ་བར་གསུངས། བྱམས་སྐུ་བྱིན་ཅན་ལ་མང་དུ་མཆོད་ཅིང་གསོལ་བ་ཡང་ཡང་བཏབས་པས་འདིར་བཞུགས་ན་ལེགས་པའི་མཚན་མ་བྱུང་བ་སོགས་ལས་བྱམས་གླིང་དང་དབྱེ་བོ་དགོན། འོད་སྣ། ཆུམས་མདའ། རན་ཙ་སོགས་དབུས་སྟོད་ཁུལ་རང་དུ་རྒྱུད་ཀྱི་བཤད་འཁྲིད་གནང་བཞིན་བཞུགས་པས་སློབ་ཚོགས་མང་ཞིང་རྒྱུད་ཀྱི་འཆད་ཉན་དམར་བ་སོགས་བྱུང་བས་མཁའ་ལ་ཉིི་ཟླ་གཉིས་དང་ས་ལ་རྒྱུད་གྲྭ་གཉིས་སུ་གྲགས་པའི་ཡ་གྱལ་རྒྱུད་སྟོད་གྲྭ་ཚང་ཞེས་གྲགས་སྙན་ཕྱོགས་བཅུར་འབར་བ་དེ་ཉིད་བྱུང་བ་ཡིན། མཐར་རྒྱུད་པ་གྲྭ་ཚང་ངམ་བྱམས་གླིང་དུ་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་གཤེགས། སྐུ་གདུང་ཞུགས་ལ་ཞེན་པས་རིང་སྲེལ་དང་ཐུགས་ལྗགས་སོགས་བྱོན་པ་ཡང་བྱམས་གླིང་གི་གསང་འདུས་གསེར་སྐུར་བཞུགས་ཡོད་འདུག དེ་རྗེས་ཉིད་ཀྱི་སློབ་མ་རྒྱུད་པ་ལྷ་རིན་པས་གདན་ས་བསྐྱངས། འདས་ཚེས་ཐུགས་གསུམ་བྱོན་པ་སོགས་ངོ་མཚར་བརྗོད་ཀྱི་མི་ལང་། སྤྱིར་གནས་འདི་ནི་རྒྱུད་པ་གྲྭ་ཚང་གི་མ་དགོན་ཡིན་པས་རྒྱུད་པའི་སྐྱེས་ཆེན་དམ་པ་བར་མ་ཆད་པས་ཞབས་བཅག རྒྱུད་ཀྱི་འཆད་ཉན་དང་ཐུགས་དམ་རྒྱས་ས་ཡིན་པ་སྨོས་ཅི་དགོས། དེ་མིན་རྒྱལ་བ་དགེ་འདུན་རྒྱ་མཚོ་དང་པཎ་ཆེན་ཡེ་རྩེ་བ་པཎ་ཆེན་བློ་བཟང་ཆོས་རྒྱན་སོགས་དམ་པ་མང་པོ་ཞིག་ཆེད་དུ་གནས་འདིར་ཞབས་སེན་བཀོད་དེ་ཐུགས་སྨོན་ཐུགས་དམ་གནང་མྱོང་ཡོད། རྒྱུད་པ་ཀུན་དགའ་དོན་གྲུབ་ཀྱིས་བཞེངས་པའི་དགོན་འདིའི་ཡི་དམ་འཇིགས་བྱེད་ཀྱི་སྐུ་རྟེན་བྱིན་ཅན་དེ་རིག་གསར་གོང་རོལ་ཏུ་སྐུ་གཟུགས་ཇེ་ཆེར་ཕྱིན་ཏེ་ཁང་པའི་ཐོག་མཐོ་རུ་ལན་གཉིས་ཙམ་གཏོང་དགོས་བྱུང་བ་སྔོན་གྱི་རྒན་པོ་ཚོའི་ངག་ལས་རླུང་ལྟར་སྒྲོག་གིན་འདུག་པས་ཡ་མཚན་ཆེ། སྐྱབས་སུ་མཆི་ཞིང་མཆོག་མཐུན་དངོས་གྲུབ་སྩོལ་བའི་རེ་སྨོན་འདེབས།། དེ་མིན་ལྷ་ལྡན་ར་མོ་ཆེའི་ལྷ་ཁང་ཡང་རྒྱུད་པ་གྲྭ་ཚང་ལ་བྱུང་ཚུལ་སོགས་བཤད་བྱ་མང་ཡང་ད་ལན་འདི་ཙམ་གྱིས་འཐུས་པར་བྱའོ། །
བཀའ་གདམས་བསྟན་པའི་གནའ་ཤུལ་གྲགས་ཅན་སྨྱུག་རུམ་དགོན།
སྨྱུག་རུམ་དགོན་ནི། རྣལ་འབྱོར་བ་ཨ་མེས་ཀྱི་ཐུགས་སྲས་ཆེན་པོ་བཀའ་གདམས་ཀྱི་དགེ་བཤེས་སྨྱུག་རུམ་པ་ཆེན་པོ་སྟེ་མཚན་གཞན་ལ་མང་ར་སྒོམ་པ་བརྩོན་འགྲུས་འབར་ཞེས་ཞུ་བའི་སྐྱེས་ཆེན་དམ་པ་ཁོང་གིས་ཕྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་ཕྱག་བཏབ་པའི་དབུས་སྟོད་ཀླུང་ཤོད་མདར་གནས་པའི་བཀའ་གདམས་པའི་དགོན་གནས་བྱིན་ཅན་ཞིག་ཡིན། ལུང་པ་ཁུ་སིམ་ཞིང་སེ་བ་དང་གླང་མ་བ་ལུ་སོགས་རྩི་ཤིང་སྨན་རྩྭ་སྣ་ཚོགས་ཀྱི་དྲི་ངད་ཀྱིས་ཀུན་ནས་ཁྱབ་པའི་གནས་འདི་ནི་དགེ་བཤེས་སྤྱན་ལྔ་བས་རྡོ་རྗེ་གདན་དུ་བྱིན་གྱིས་བརླབས་ཤིང་ལྷག་པར་གནས་འདིར་དགེ་བཤེས་སྤྱན་སྔ་བ་ཚུལ་ཁྲིམས་འབར་དང་། སྨྱུག་རུམ་པ་ཆེན་པོ། བྱ་ཡུལ་བ་ཆེན་པོ། མཉམ་མེད་དྭགས་པོ་ལྷ་རྗེ་སོགས་སྐྱེས་ཆེན་དམ་པ་མང་པོས་རྒྱལ་བའི་གཞུང་ལུགས་སྤྱི་དང་ལྷག་པར་བཀའ་གདམས་རྙིང་མའི་ལམ་གྱི་རིམ་པའི་གནད་རྣམས་ལ་ཐོས་བསམ་སྒོམ་སྒྲུབ་ཀྱིས་དུས་འདའ་མྱོང་། དེར་མ་ཟད་སྤྱན་སྔ་བ་ཆེན་པོ་དགོངས་པ་མྱ་ངན་ལས་འདའ་སའི་གནས་མཆོག་ཅིག་ཡིན་ལ་གནས་འདིའི་རི་ལྡེབས་སུ་སྤྱན་སྔའི་ཞབས་རྗེས་གཅིག་ཀྱང་ཡོད་ཅེས་ཆོས་འབྱུང་ལོ་རྒྱུས་ཁག་ཏུ་གསལ། དེ་བཞིན་རྭ་ལོའི་རྣམ་ཐར་དུ་ཕྲ་མིན་པའི་བུ་ཁྱི་ལུས་ལས་མི་ལུས་སུ་བསྒྱུར་སྐོར་གྱི་གཏམ་རྒྱུད་ནང་གི་ཕྲ་མ་མེན་མ་མ་བུ་གཉིས་ཀྱི་ཁྱིམ་དུད་ཀྱང་དེར་མཆིས་སོ། །
ཀླུང་ཤོད་ཀ་མ་དགོན།
དགེ་བཤེས་ཀ་མ་པ་ནི་ཀླུང་ཤོད་རུག་པར་ཡབ་ཞང་འབེན་ཕྱུག་གི་སྲས་སུ་ཕྱི་ལོ་ ༡༠༥༧ བོད་མེ་བྱ་ལོར་སྐུ་འཁྲུངས། དགེ་བཤེས་དགོན་པ་བ་དང་མཇལ་ནས་མཚན་ཤེས་རབ་འོད་དུ་བཏགས། ཆོས་དང་ཟང་ཟིང་གཉིས་ཀས་བསྐྱངས། པོ་ཏོ་བ་ལས་ཀྱང་ཆོས་གསན། རྒྱ་བོད་ཀྱི་ཡི་གེ་གཉིས་ཀ་མཁྱེན། ཀ་མ་དགོན་པ་བཏབ་སྟེ་སློབ་མ་བདུན་བརྒྱ་ཙམ་འདུས། དགུང་ལོ་དོན་ལྔ་བ་ལྕགས་ཕག་ལོར་ཡ་མཚན་པའི་ལྟས་དུ་མ་དང་བཅས་སྐུ་ཞི་བར་གཤེགས།
ཀླུང་ཤོད་སྤེན་ཀར་དགོན།
ཀླུང་ཤོད་སྤེན་ཀར་དགོན་འདི་ནི་མངའ་རིས་པ་བསོད་ནམས་རིིན་ཆེན་གྱིས་ཕྱག་བཏབས་པ་དང་དགོན་དེའི་སྐུ་ཡི་རྟེན་གཙོ་ནི་རྒྱལ་བ་སེང་གེ་ང་རོ་དང་གསུང་གི་རྟེན་ནི་རྒྱས་སྟོང་རློག་གོས་ཅན་ཞེས་པ་དང་ཐུགས་ཀྱི་རྟེན་ནི་ལི་མ་ནས་སྒྲུབ་པའི་ཐུབ་དབང་རྡོ་གདན་མ་ཡིན་ཞིང་། དགོན་འདི་ནི་འབྲས་སྤུང་བློ་གསལ་གླིང་གི་དགོན་ལག་ཡིན་ལ་སྔར་ནས་དགོན་པ་རྙིང་ཅན་ཞེས་སྙན་པའི་བ་གདན་ཕྱོགས་བཅུར་གྲགས་སོ། །
ཀླུང་ཤོད་དཔལ་འབར་དགོན།
རྗེ་ཙོང་ཁ་པ་ཆེན་པོའི་སློབ་མ་བསོད་ནམས་རིན་ཆེན་གྱིས་ཕྱག་བཏབས་ཤིང་། དུས་ཕྱིས་དགེ་འདུན་ཞལ་གྲངས་དྲུག་ཅུ་སྐོར་ཡོད།
ཀླུང་ཤོད་སྤྱིལ་བུ་དགོན།
གཉལ་སྨད་ཀྱི་སེ་ཁུན་པ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱག་བཏབས་ཤིང་། དུས་ཕྱིས་དགེ་འདུན་ཞལ་གྲངས་བཞི་བཅུ་ཞེ་བཞི་སྐོར་ཡོད། དེབ་ཐེར་ཆོས་འབྱུང་ལ་ལར་བཀའ་གདམས་ཀྱི་དགེ་བཤེས་སེ་སྤྱིལ་ཞེས་པ་དེ་ནི་སེ་ཁུན་པ་དང་སྤྱིལ་བུ་བ་གཉིས་བསྡུས་ཏེ་བྲིས་པ་ཞིག་ཡིན། འགྲོ་མགོན་ཆོས་རྒྱལ་འཕགས་པས་ཕོད་མདོའི་ས་ཡུལ་ནས་སྟག་ལུང་སངས་རྒྱས་ཡར་བྱོན་གདན་འདྲེན་ཞུ་བར་བཏང་བས་སངས་རྒྱས་ཡར་བྱོན་ཚོགས་སུ་བྱོན་ན་ང་འོང་མི་བྱོན་ན་ངེད་ཀླུང་ཤོད་དུ་འགྲོ་བ་ཡིན་གསུངས་པས། སངས་རྒྱས་ཡར་བྱོན་བླ་གཡེལ་ཐང་ལ་བྱོན། མཇལ་འཕྲད་གནང་བ་དང་སྐབས་འདིའི་ཀླུང་ཤོད་ནི་ཕོད་མདོ་ནས་ལྷ་ས་བར་གྱི་ལམ་ཚུགས་དུམ་བུ་ཞིག་འཁེལ་བའི་དོན་ཡིན།
བྲག་ཐོག་དགོན།
སྤྱིར་བག་ཐོག་དང་བྲག་ཐོག བྲག་རྡོག་སོགས་མིང་གི་འབྲི་སྲོལ་མང་བ་དང་། རྗེ་གསེར་བ་བྲག་ཐོག་པས་དགོན་འདི་ཕྱག་བཏབས། དགོན་དེའི་རྒྱ་ཁྱོན་དང་རྗེ་གསེར་བ་བྲག་ཐོག་པའི་ལོ་རྒྱུས་ཁ་གསལ་མ་རྙེད། དགོན་དེའི་བླ་མ་སྤང་མདའ་བ་བཀྲ་ཤིས་དར་རྒྱས། རས་ཆེན་པ། འཇམ་དབྱངས་དཔལ་ལྡན་རིན་ཆེན། གྲུབ་པའི་དབང་ཕྱུག་རྗེ་དཀོན་མཆོག་ཚུལ་ཁྲིམས་མཆོག ར་ཁྱིམ་པ་ངག་དབང་ཕུན་ཚོགས། འཇམ་དབྱངས་དཔལ་ལྡན་རིན་ཆེན་གྱིས་སྤང་ཕུར་མཁར་རྫོང་བྱ་བའི་དབེན་གནས་བཏབས་ནས་གདུལ་བྱ་བསྐྱངས་པས་རིམ་གྱིས་ཕུ་ལུང་རི་ཁྲོད་བྱུང་ཡང་འབྲི་གུང་གླིང་ལོག་སྐབས་བཏོར་ནས་ད་བར་མིང་གི་བརྡ་ཙམ་དུ་གྱུར། དངོས་སློབ་རས་ཆེན་རིན་པོ་ཆེས་ཚེ་ལྷ་སྐུ་འབུམ་བཞེངས། ཡར་འགྲོན་སྒང་དུ་བཞེངས་པའི་དགོན་རྙིང་གི་བཟོ་དབྱིབས་དང་རྒྱ་ཁྱོན་སོགས་ཀྱི་ཡིག་ཚང་ནི་རི་བོང་གི་ར་ལྟར་དབེན། རྒན་རབས་འགའ་ཞིག་གིས་བཤད་པ་ལྟར་ན་གྱང་གོག་དག་རྒྱ་ཆེ་ལ་མང་ཞིང་མཐོ་བ་སོགས་ཁོང་ཚོ་རང་གིས་མིག་མཐོང་ལག་ཟིན་ཡོད་པར་བཤད། ཕྱི་ལོ་ ༡༤༢༠ ཡས་མས་ཙམ་ལ་རྗེ་བླ་མ་བློ་བཟང་གྲགས་པའི་དངོས་སློབ་འཇམ་དབྱངས་ཤཱཀྱ་རིན་ཆེན་གྱིས་ད་ལྟའི་དགོན་འདབས་སུ་བྲག་ཐོག་དགོན་གསར་བཞེངས་མཛད་པས་རིམ་གྱིས་ཡར་འགྲོན་སྒང་གི་དགོན་རྙིང་ཉམས་ནས་དགོན་གསར་དུ་ཟླ་བསྒྲིལ་བ་ཞིག་ཡིན། ཕྱི་ལོའི་དུས་རབས་བཅོ་ལྔ་པའི་ནང་རི་བྲག་གཡུ་གསུམ་རྒྱུད་སྟོད་ཀྱི་མ་དགོན་དབུར་སྟོད་བྱམས་པ་གླིང་གི་མངའ་ཁོངས་སུ་བསྒྱུར་ཅིང་། རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཆོག་གིས་ཕྱི་ལོ་ ༡༤༦༡ ནས་ ༡༤༨༦ ལོའི་བར་དྲིན་གྱིས་བསྐྱངས་ནས་དགོན་པའི་ཆོ་ག་ཕྱག་ལེན་སོགས་རྒྱུད་སྟོད་པའི་ལུགས་ལྟར་མཛད་པ་དང་གཞུང་ཁྲལ་འཇལ་ཡུལ་ཡང་རྒྱུད་སྟོད་པ་ཡིན། དགོན་པའི་རྒྱ་ཁྱོན་ལ་འདུ་ཁང་ཀ་བ་བཅུ་དྲུག་གི་སར་ཀ་རིང་གཉིས་ཡོད། མགོན་ཁང་ཀ་བ་བཞི། འདུ་ཁང་མདུན་ངོས་སུ་བྱམས་ཁང་དང་། རྒྱབ་ཕྱོགས་ལ་མཆོད་རྟེན། དེ་བཞིན་ཆོས་ར། མཚམས་ཁང། གྲྭ་ཤག་བཅས་ཡོད། དགེ་འདུན་གྲངས་བཞི་བཅུ་ལྷག་ཙམ་བཞུགས། ཡིན་ན་ཡང་དུས་ཕྱིས་སུ་ཉམས་ནས་དབོན་པོའི་དགོན་པར་གྱུར། ཕྱི་ལོ་ ༡༩༤༩ བར་དགོན་འདི་ཁྱིམ་པ་དག་གིས་འཛིན་སྐྱོང་བྱས་པའི་དབོན་དགོན་ཞིག་ཡིན་འདུག ཕྱི་ལོ་ ༡༩༨༠ ལོར་དགའ་ལྡན་ཤར་རྩེའི་མཁན་སྤྲུལ་སྐུ་ཕྲེང་གཉིས་པ་བློ་བཟང་ཡེ་ཤེས་བསྟན་འཛིན་རྣམ་རྒྱལ་མཆོག་གིས་སྐུ་ངལ་ཁྱད་བསད་ཀྱིས་བསྟན་པའི་སྒྲོན་མེ་སླར་ཡང་ཞལ་ཁ་འབྱེད་པར་མཛད། ཕྱི་ལོ་ ༢༠༡༠ ལོར་སླར་ཡང་ཉམས་གསོ་ལེགས་པར་མཛད།
འབྱུང་ཁུངས། <<འཕན་ཡུལ་གྱི་ངོ་སྤྲོད་མདོར་བསྡུས་>> ཞེས་པའི་དེབ་ཆུང་ལས་ཟུར་འདོན་ཞུས་པའོ།།