བཞི་པ། གྲགས་ཅན་མི་སྣའི་སྐོར།
དར་རྒྱལ་མང་པོ་རྗེ།
དར་རྒྱལ་མང་པོ་རྗེ་ནི་འཕན་ཡུལ་དར་ཡུལ་ནང་དུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་བློ་རིག་ཤིན་ཏུ་རྣོ་བ་ཞིག་ཡོད་པ་བཙན་པོ་སྲོང་བཙན་གྱི་བློན་པོ་མགར་གྱིས་མཁྱེན་ནས་མགར་སྟོང་བཙན་དང་བཅས་བློན་པོ་བཞིས་འཕན་ཡུལ་ནས་བསུས་ཏེ་བོད་ཀྱི་ཁོས། (དབང་རིས་) ཤོམ་པའི་གྲབས་བྱེད་སྐབས་དར་རྒྱལ་མང་པོ་རྗེས་མཆིམས་མང་བཞེར་ངན་ཞེས་པ་མགོ་བསྐོར་ཏེ་བློ་གྲོས་རྙེད་ཐབས་བྱས་ནས་སྐྱིད་ཤོད་ཤོ་མ་རར་ (ལྷུན་གྲུབ་རྫོང་དབུ་རུ་ལུང་ཤང་གི་ཁོངས་སུ་ཡོད་) ཁོས་བཤམས།) དར་རྒྱལ་མང་པོ་རྗེ་ནི་སྲོང་བཙན་གྱི་བློན་པོ་རིག་པ་གསལ་བ་ཞིག་ཡིན་ལ་བཙན་པོ་མང་སྲོང་མང་བཙན་གྱི་སྐབས་སུ་ཡང་ས་ཞིང་ལ་ཞིབ་བཤེར་བྱས་པ་དང་། ར་སང་རྗེ་ཞེས་པའི་རྒྱལ་ཕྲན་ཞིག་དང་དངོས་ཟོག་བརྗེ་ཚོང་གི་འབྲེལ་བ་བཙུག་པ་སོགས་མཛད་པར་གྲགས།
ལོ་ཙཱ་བ་སྐ་བ་དཔལ་བརྩེགས།
ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ནི་འཕན་ཡུལ་སྒ་བ (མཚོ་སྟོད་ཤང་) ཞེས་པར་ཡབ་སྐ་བ་བློ་ལྡན་དང་། ཡུམ་འགྲོ་བཟའ་རྡོ་རྗེ་ལྕམ་གྱི་སྲས་སུ་སྐུ་འཁྲུངས། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བློན་པོ་བཏང་སྟེ་བསམ་ཡས་སུ་བཀུག་ནས་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་སོགས་བསྟེན་དུ་བཅུག་ནས་ལོ་ཙཱ་བསླབས་པས་མཁས་པ་ཆེན་པོར་གྱུར། ཁོང་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་དང་། ལོ་ཙཱ་བ་རབ་དགུའི་ནང་གི་གཞོན་གསུམ་གྱི་གྲས་ཡིན། ལོ་ཙཱ་བ་འདིས་བསྒྱུར་བའི་གསུང་རབ་ཀྱི་གྲས་སུ་འཁོར་ལོ་དང་པོར་གཏོགས་པ་འདུལ་བ་ལུང་གི་སྐོར་ལས་རབ་བྱུང་གི་གཞི་སོགས་གཞི་བཅུ་བདུན་ལ་ཁྱོན་བསྡོམས་བམ་པོ་བརྒྱ་དང་དགུ་པ། དགེ་སློང་མའི་རྣམ་དབྱེ་ཤླཽ་ཀ་བརྒྱད་སྟོང་བཞི་བརྒྱ་དང་བམ་པོ་ཉི་ཤུ་རྩ་བརྒྱད་པ་སོགས་བཀའ་འགྱུར་དང་བསྟན་འགྱུར་ཁྲོད་ཧ་ཅང་མང་པོ་ཡོད།
སྟག་སྒྲ་ཀླུ་ཁོང།
སྟག་སྒྲ་ཀླུ་ཁོང་ནི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བློན་པོ་ཆབ་སྲིད་དང་དམག་དོན་ཐོག་བྱས་རྗེས་རླབས་ཆེན་འཇོག་མཁན་ཞིག་ཡིན། བཙན་པོས་སྟག་སྒྲ་ཀླུ་ཁོང་གི་བྱས་རྗེས་ལ་བསྔགས་བརྗོད་གནང་བའི་ཕྱིར་ལྷ་སའི་ཕོ་བྲང་པོ་ཏ་ལའི་བདུན་གྱི་རྡོ་རིང་ ( རྡོ་རིང་ཕྱི་མ་) གི་ངོས་སུ་སྟག་སྒྲ་ཀླུ་ཁོང་གི་བྱས་རྗེས་དང་། བྱ་དགའ་གནང་བའི་སྐོར་སོགས་བཀོད་ཡོད། བློན་པོ་འདིའི་མཛད་རྗེས་གཙོ་བོ་ནི་རྒྱའི་རྒྱལ་པོ་ཁྲི་ལས་ཕབ་པ་དང་རྒྱལ་པོ་གསར་དུ་བསྐོས་པ། ཁྲི་སྲོང་ལྡེ་བཙན་གྱི་ཡབ་འགྲོངས་མཁན་གི་བློན་པོ་ལང་འབལ་གཉིས་སྲོག་ཐོག་བཏང་བ་དང་ཉེ་འབྲེལ་རྒྱང་འབུད་བཏང་བ་སོགས་ཡིན། ཁོང་གི་འཁྲུངས་ཡུལ་ཡང་འཕན་པོའི་ནང་ཡིན་པ་ཡོངས་གྲགས་ཡིན།
རྨ་རིན་ཆེན་མཆོག
རྨ་རིན་ཆེན་མཆོག་ནི་ཕྱི་ལོའི་དུས་རབས་བརྒྱད་པའི་སྟོད་ཙམ་དུ་འཕན་ཡུལ་རྨ་གཙོ་ཞེས་པར་སྐུ་འཁྲུངས་ཤིང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་ཡིན། ཤིང་ཡོས་ (༧༧༥) ལོར་མཁན་པོ་བྷོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་ཞིང་སད་མི་བདུན་གྱི་ཡ་གྱལ་ཡིན། ལོ་ཙཱ་ལ་ཡང་ཤིན་ཏུ་མཁས་པས་མདོ་སྔགས་ཀྱི་ཆོས་གཞུང་མང་པོ་བསྒྱུར། སློབ་དཔོན་པདྨ་འབྱུང་གནས་ལས་དབང་དང་གདམས་པ་ཞུས་ཏེ་སྒྲུབ་པ་ཉམས་ལེན་མཛད་པས་དངོས་སྒྲུབ་བརྙེས་ཤིང་ཕ་བོང་ཟས་སུ་ཟ་བའི་སྒྲུབ་རྟགས་བསྟན། རྗེ་འབངས་ཉེར་ལྔའི་གྲས་ཀྱང་ཡིན། <<ཁྱད་པར་འཕགས་བསྟོད།>>སོགས་སྒྱུར་རྩོམ་ཁག་བསྟན་འགྱུར་ནང་བཞུགས།
ངན་ལམ་རྒྱལ་བ་མཆོག་དབྱངས།
ངན་ལམ་རྒྱལ་བ་མཆོག་དབྱངས་ནི་ཕྱི་ལོའི་དུས་རབས་བརྒྱད་པའི་ནང་འཕན་ཡུལ་དུ་སྐུ་འཁྲུངས་ཤིང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་ཡིན། ཤིང་ཡོས་ (༧༧༥) ལོར་མཁན་པོ་བྷོདྷི་ས་ཏྭ་ལས་རབ་ཏུ་བྱུང་། བོད་མི་རབ་ཏུ་བྱུང་བའི་ཐོག་མ་སད་མི་བདུན་གྱི་གྲས་ཡིན། སྐུ་ཤིན་ཏུ་བཙུན་པར་གྲགས་ཏེ་<<སྦ་བཞེད་>>ལས་བཙུན་པའི་རབ་ནི་ངན་ལམ་ལྷ་ལུང་གཉིས་ཞེས་གསུངས་སོ། །ཁོང་གིས་ཡི་དམ་རྟ་མགྲིན་གྱི་སྒྲུབ་པ་མཛད་པའི་རྟགས་སུ་དབུ་བཙུག་ནས་རྟ་མགོ་ཐོན་ཞིང་རྟ་སྐད་འཚེར་བ་དང་། ཚེ་ཡི་རིག་འཛིན་བརྙེས་པའི་གྲུབ་ཐོབ་ཅིག་ཡིན། རྗེ་འབངས་ཉེར་ལྔའི་ཡ་གྱལ་ཡང་ཡིན་ཞིང་དེའི་སྒྱུར་རྩོམ་དུ་<<འཕགས་པ་འཇིག་རྟེན་དབང་ཕྱུག་ཡི་གེ་དྲུག་པའི་བསྒྲུབ་ཐབས་ཡིད་བཞིན་ནོར་བུ་>>ཞེས་པ་<<བསྟན་འགྱུར་>>གྱི་ནང་དུ་བཞུགས།
སྐ་བ་ཤཱཀྱ་དབང་ཕྱུག
གནས་བརྟན་ཆེན་པོ་སྐ་བ་ཤཱཀྱ་དབང་པྱུག་ནི། རྦ་བཙུན་བློ་གྲོས་དབང་ཕྱུག་གི་མཁན་བུ་ཡིན། དགེ་བཤེས་སྟོན་པས་མངའ་རིས་ནས་བོད་ཀྱི་མི་ཆེན་རྣམས་ལ་བཀའ་ཤོག་མཛད་དུས་ཁོང་གིས་མི་ཆེན་རྣམས་བསྐུལ་མ་བྱས་ནས་ཇོ་བོ་ཨ་ཏི་ཤ་སྤྱན་འདྲེན་པའི་གཉེར་ཆེན་མཛད་དེ་མང་ཡུལ་དུ་སྤྱན་འདྲེན་དུ་བྱོན། དེར་ཇོ་བོ་ཨ་ཏི་ཤ་ལ་ཆོས་ཀྱི་དྲི་བ་མང་དུ་ཞུས། ཕྱིས་ཁོང་རང་གི་གནས་ལན་པ་ལ་སྤྱིལ་ཕུར་ཡང་ཇོ་བོ་ཨ་ཏི་ཤ་སྤྱན་དྲངས་ནས་ཞབས་ཏོག་མཛད། ཇོ་བོའི་གདམས་པ་མང་དུ་མངའ་ཞིང་། ཇོ་བོ་སྒྲོལ་མ་ཐུགས་དམ་དུ་མཛད། ཁུ་རྔོག་འབྲོམ་གསུམ་ཀའི་ཐུགས་ཀྱི་གཏོད་ས་ཡིན་ལ། ཁྱད་པར་དུ་འབྲོམ་སྟོན་པའི་བཞེད་པ་ཇི་ལྟ་བ་བཞིན་དུ་བསྒྲུབས། མཉེས་ཐང་སྒྲོལ་མ་ལྷ་ཁང་བཞེངས་པ་སོགས་འགྲོ་བའི་དོན་རྒྱ་ཆེར་མཛད་ནས་ཀླུང་ཤོད་མལ་གྱི་མདར་མྱ་ངན་ལས་འདས་སོ།
དགེ་བཤེས་སྣེ་ཟུར་བ།
དགེ་བཤེས་སྣེ་ཟུར་བ་ནི། འཕན་ཡུལ་སྤྲས་སྣེའུ་ཟུར་ (གསུམ་ཕྲེང་ཤང་) གི་ས་སྐོར་ཐོང་བ་ཞེས་བྱ་བར། ཡབ་སྟག་པོ་ཞེས་པའི་སྲས་སུ་རབ་བྱུང་དང་པོའི་ཆུ་སྟག་ (༡༠༦༢) ལོར་སྐུ་འཁྲུངས། བྲག་རྒྱབ་ཏུ་རབ་ཏུ་བྱུང་། མཚན་ལ་ཡེ་ཤེས་འབར་ཞེས་བཏགས། ལོ་ལོན་ནས་བསྙེན་པར་རྫོགས། བྲག་རྒྱབ་པའི་སྟོན་པ་ཤཱཀྱ་ཚུལ་གྱིས་བསྐུལ་ཏེ་རྭ་སྒྲེང་དུ་བྱོན་ནས་དགེ་བཤེས་དགོན་པ་བ་ཚུལ་བཞིན་བསྟེན། དགོན་པ་བ་སྣེ་ཟུར་བ་ལ་ཐུགས་ཤིན་ཏུ་མཉེས་པས་ལམ་ཐུན་མོངས་བ་ལ་ཁྲིད་ནས་མྱོང་བ་ཕུལ་ཕྱིན་འཁྲུངས་པ་ན་གསང་སྔགས་རྡོ་རྗེ་ཐེག་པའི་དབང་དང་མན་ངག་རྣམས་གནང་། སྣེ་ཟུར་བས་དགོན་པ་བ་ཐོག་མར་མཇལ་བ་ནས་ཞིང་གཤེགས་བར་འབྲལ་མེད་བསྟེན་ནས་བཀའ་བཞིན་བསྒྲུབ་པས་སྲས་ཀྱི་ཐུ་བོར་གྱུར། དགོན་པ་བ་གཤེགས་རྗེས་སྐུ་མཆེད་གསུམ་སྤྱི་དང་ཁྱད་པར་པོ་ཏོ་བ་ལོ་བཅུ་བཞི་བསྟེན་ནས་ཆོས་གསན། ལམ་རིམ་དགོན་པ་བའི་ཁྲིད་རྒྱུན་དེ་གཞིར་མཛད། པོ་ཏོ་བའི་ལེགས་ཆ་རྣམས་ཀྱང་བཏུས་པ་ཡིན་གསུངས། སྡེ་དཔོན་དང་མི་ནག་པའི་ཐེམ་པ་འགོམ་མ་མྱོང་ནས་ལོ་བཞི་བཅུ་སོང་གསུངས། སྣེ་ཟུར་བ་ནི་ཚུལ་ཁྲིམས་རྣམ་པར་དག་པ་དང་། ད་ལྟ་རང་འཆི་བ་ལྟ་བུའི་བརྩོན་པ་དྲག་པོས་ཉིན་མཚན་ཁོར་ཡུག་ཏུ་སྒྲུབ་པ་མཛད། ཏིང་ངེ་འཛིན་ཤིན་ཏུ་བརྟན་པས་དགེ་སྦྱོར་ལ་ཆིག་སྒྲིལ་མཛད་པས་ལམ་མཆོག་སྒོ་འབྱེད་དུ་ཟབ་མོའི་ཏིང་འཛིན་བསྟན་པའི་སྣེ་ཟུར་བ། ཞེས་བསྟོད། ན་བཟའ་དང་། གསེར་ལ་སོགས་པ་དབུལ་པོ་དང་ནད་པ་རྣམས་ལ་སྦྱིན་པ་མཛད་པ་མང་། དགུང་གྲངས་བདུན་ཅུ་དོན་བདུན་པ་རབ་བྱུང་གཉིས་པའི་ས་རྟ་ (༡༡༣༨) ལོར་སྐུ་མྱ་ངན་ལས་འདས།
དགེ་བཤེས་པོ་ཏོ་བ།
དགེ་བའི་བཤེས་གཉེན་པོ་ཏོ་བ་ནི། འཕན་ཡུལ་སྤྲས་ཀྱི་བྲའོ་ཐང་། (གསུམ་འཕྲེང་ཤང་) དུ་ཡབ་སྐུ་གཤེན་སྲིད་ལ་ཕྱུག་སྟེ་སྲིད་ཅེས་གྲགས་པ་དང་། ཡུམ་མེ་ལོ་ཞེས་གྲགས་པ་གཉིས་ཀྱི་སྲས་སུ་རབ་བྱུང་དང་པོའི་མེ་མོ་ཡོས་ (༡༠༢༧) ལོར་སྐུ་འཁྲུངས། གདུངས་གཉོས། བྱིས་པའི་དུས་ནས་གཞན་སྡུག་བསྔལ་བ་གཟིགས་ན་འདིའི་སྡུག་བསྔལ་འདི་ཐབས་གང་ཞིག་གིས་སེལ་བར་ནུས་སྙམ་པ་དང་། གཞན་བདེ་བ་གཟིགས་ན་ཐུགས་དགའ་ཞིང་འདིའི་བདེ་བ་ནམ་ཡང་མི་ཉམས་པར་གོང་དུ་སོང་ན་སྙམ་པ་ཞིག་ཡོད། ཡབ་ཀྱི་བླ་མཆོད་སྦ་སྒོམ་ཞེས་པས་བསྐུལ་ནས་ཡེར་པ་བ་རྔོག་བྱང་ཆུབ་འབྱུང་གནས་ལས་རབ་ཏུ་བྱུང་། མཚན་རིན་ཆེན་གསལ་ཞེས་བཏགས། ཁུ་སྟོན་སོགས་མཁས་པ་མང་པོ་བསྟེན་ནས་སྡེ་སྣོད་གསུམ་ལ་སྦྱང་པ་ཕུལ་ཕྱིན་མཛད། ཡེར་པར་ཇོ་བོ་རྗེ་ལ་སྒོམ་རིམ་བར་པ་གཅིག་གསན། ཐོས་བསམ་དང་བསམ་གཏན་ལ་བརྩོན་པར་མཛད། སྒོམ་པར་བཞེད་ནས་སྦ་སྒོམ་ལ་གྲོས་ཞུས་པར། སྦ་སྒོམ་གྱིས་བྱང་རྭ་སྒྲེང་ན་འབྲོམ་སྟོན་པ་བྱ་བ་བཞུགས་པས་དེ་ལ་མན་ངག་ཞུས་ན་ལེགས་གསུངས་པ་ལྟར་རྭ་སྒྲེང་དུ་དགེ་བཤེས་སྟོན་པའི་སྤྱན་སྔར་བྱོན་ནས་གདམས་ངག་ཞུས། ལོ་བདུན་གྱི་རིང་དུ་འབྲལ་མེད་དུ་བཞུགས་ནས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཞུས་པས་འབྲོམ་སྟོན་པས་སྤྱན་གྱི་འབྲས་བུ་ལྟར་བསྐྱངས། འབྲོམ་འདས་ཁར་པོ་ཏོ་བར་བཤེས་གཉེན་མདོ་སྡེ་ལ་གྱིས་ལ་སེམས་བཟང་པོ་གྱིས་གསུངས། དགོན་པ་བ་འདས་རྗེས་རྭ་སྒྲེང་བསྐྱངས་པར་དགོངས་ཀྱང་རྨི་ལྟས་ཀྱིས་རྐྱེན་བྱས་དངོས་ཆས་གང་ཡོད་དོར་ཏེ་གཅིག་པུར་གཤེགས། པོ་ཏོ་བ་དང་། སྤྱན་སྔ་བ། ཕུ་བྱུང་བ་གསུམ་ཀླུང་ཤོད་ན་འགོར་སོགས་སུ་བྱོན་ཏེ་སྒོམས། སྒྲོ་ལགས་དགོན་པ་སོགས་སུ་ཆོས་མང་དུ་གསུངས། དགུང་ལོ་དྲུག་ཅུ་རེ་གཅིག་པ་ལ་སྤྲས་ཀྱི་པོ་ཏོ་དགོན་ན་བཞུགས་དུས་འཕན་ཡུལ་སྟོད་དུ་སྡེ་རྩོད་ཆེན་པོ་བྱུང་བར་བྲོས་པ་མང་པོ་སྤྲས་སུ་བསྡད་དུ་བཅུག་ནས་སྡུད་མོ་བཏབ། དགེ་བཤེས་པོ་ཏོ་བ་དང་དེའི་འཁོར་རྣམས་ཀྱང་ཟང་ཟིང་གི་དངོས་པོར་མ་ཆགས་པ་ཤ་སྟག་ཡིན་པ་དང་། པོ་ཏོ་བ་ནི་སྡེ་སྣོད་ལ་མཁྱེན་པ་རྒྱས་ཤིང་། དེ་ཐམས་ཅད་གདམས་ངག་ཏུ་ཤར་བ་ཞིག་ཡིན། བཀའ་གདམས་ཞེས་པའི་མིང་དེ་ཡང་སྐབས་དེ་ཞིག་ཏུ་གྲགས་པར་སྣང་། རྣམ་ཐར་གཙང་བ་ཁྱབ་གདལ་ཆེ་བའང་དེ་དུས་བྱུང་། དགུང་གྲངས་དོན་དགུ་པ་རབ་བྱུང་གཉིས་པའི་ཤིང་མོ་བྱ་ (༡༡༠༥) ལོར་སྐུ་གཤེགས། དུས་གཅིག་ཏུ་བསྡུས་པ་ལའང་གྲྭ་པ་ཉིས་སྟོང་ཙམ་གྱི་ནང་ནས་བཀའ་བབ་ཀྱི་བུ་ཆེན་བརྒྱད་སོགས་བྱུང་ངོ་།
དགེ་བཤེས་ཕུ་ཆུང་བ།
དགེ་བཤེས་ཕུ་ཆུང་བ་ནི། འཕན་ཡུལ་རྒྱལ་གྱི་སྐྱི་ར་རྫིང་ཁར་རབ་བྱུང་དང་པོའི་ལྕགས་ལུག་ (༡༠༣༡) ལོར་སྐུ་བལྟམས། ཡབ་ཡུམ་འབྱོར་པ་ཆུང་ཡང་གསེར་ཞོ་དོ་བསྣམས་ནས་རྒྱལ་ལྷ་ཁང་དུ་བྲོས་ཏེ་ཞང་ཆེན་པོ་དང་། གླན་ཚུལ་བྱང་ལས་རབ་ཏུ་བྱུང་། མཚན་ལ་གཞོན་ནུ་རྒྱལ་མཚན་ཞེས་བཏགས། ཞུ་སྟོན་ལ་ཕར་ཕྱིན་གྱི་འགྲེལ་ཆུང་ཚར་བཅོ་ལྔ་གསན་པ་སོགས་ཐོས་པ་མང་དུ་མཛད། འདུལ་བ་ལ་ཡང་གསན་སྦྱང་མཐར་ཕྱིན་པ་མཛད་ནས་སྙེ་ཐང་དུ་ཇོ་བོའི་ཞལ་མཇལ་ཞིང་ཆོས་ཀྱང་གསན། འབྲོམ་སྟོན་པའི་ཕྱག་ཕྱིར་མཛད་ནས་རྭ་སྒྲེང་དུ་ཕེབས། གདམས་པ་རྣམས་རྫོགས་པར་གསན། དགེ་བཤེས་ཕུ་ཆུང་བས་ཤ་གཟུགས་རང་ཟ་གསུངས་ནས་སྒྲུབ་པ་འབའ་ཞིག་ཉམས་སུ་བཞེས། འཕན་ཡུལ་ཡུང་བའི་ཕུའི་ཕུ་ཆུང་དུ་སྒྲུབ་ཁང་བརྩིགས་ཏེ་སྒྲུབ་པ་གཙོ་བོ་མཛད་དེ་བུ་སློབ་སྐྱོང་བ་ཆེར་མི་མཛད། རྒྱུན་དུ་དཀོན་མཆོག་མཆོད་པ་ལ་གཙོ་བོར་མཛད་པ་ཡིན་ཏེ། སྔ་ཕྱི་རིམ་བཞིན་སྤང་སྤོས་དང་། རེང་བུ་བཞི་སྦྱོར། ཨ་ཀ་རུ་དང་དུ་རུ་ཀ་སོགས་ཀྱི་སྤོས་སྦྱོར་འབུལ་བར་མཛད། དེ་ལྟར་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་མཐར་དགུང་གྲངས་དོན་དྲུག་པ་རབ་བྱུང་གཉིས་པའི་མེ་ཁྱི་ (༡༡༠༦) ལོར་སྐུ་གཤེགས།
གླང་ཐང་པ་རྡོ་རྗེ་སེང་གེ
དགེ་བཤེས་གླང་རི་ཐང་པ་ནི། འཕན་ཡུལ་གཉན་གོང་ (གསུམ་ཕྲེང་ཤང་) གསེར་མ་གཤོངས་སུ་ཡབ་ཇོ་བོ་དར་མ་མདོ་བཟང་གི་སྲས་སུ་རབ་བྱུང་དང་པོའི་ཤིང་རྟ་ (༡༠༥༩) ལོ་སྐུ་འཁྲུངས། རུས་ཤུགས་ཚང་། ཁོང་གི་ཞང་པོ་བཤེས་གཉེན་གྲོགས་མོ་མཁར་ལ་རབ་ཏུ་བྱུང་། མཚན་རྡོ་རྗེ་སེང་གེ་ཞེས་བཏགས། དང་པོ་འཚོ་བ་དཀའ་ཐུབ་ལ་གནས་ནས་སྡེ་སྣོད་གསུམ་ལ་སྦྱངས་ཤིང་། སྡེ་སྣོད་གསུམ་གྱི་བརྗོད་བྱའི་དོན་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་དྲིལ་ནས་ཉམས་སུ་ལེན་པའི་མན་ངག་བྱང་ཆུབ་ལམ་རིམ་ལ་ཚིག་སྒྲིལ་དུ་མཛད་ནས་བཀའ་གདམས་སྐུ་མཆེད་གསུམ་ག་ལ་གཏུགས་ཤིང་གཙོ་བོ་ནི་དགེ་བཤེས་པོ་ཏོ་བ་ལས་བཀའ་གདམས་གཞུང་དྲུག་གི་བཤད་པ་དང། ལྐོག་ཆོས་སུ་བདག་པས་གཞན་གཅེས་ཀྱི་བྱང་སེམས་སྒོམ་པའི་མན་ངག་རྣམས་མཐིལ་ཕྱིན་པ་གསན། པོ་ཏོ་བ་གཤེགས་རྗེས་གླང་ཐང་གི་ཤར་གྱི་རི་དེའུ་དེའི་ཁར་བྱོན་ཏེ་དཔོན་ཤཱཀྱ་བས་ཞབས་ཏོག་བྱས་ནས་ལོ་གསུམ་སྒྲུབ་པ་མཛད། གླང་ཐང་དགོན་བཏབས།
བཀའ་གདམས་གཞུང་དྲུག་སོགས་གསུངས། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་བསྙེན་རྫོགས་ཀྱི་མཁན་པོ་མཛད། གླང་ཐང་པས་རྟག་ཏུ་འཁོར་བའི་ཉེས་དམིགས་དང་། བྱང་ཆུབ་ཀྱི་སེམས་ཁོ་ན་སྒོམ་པར་མཛད་སྟབས་རབ་ཏུ་བྱུང་བ་ནས་ཞལ་འཛུམ་པ་ལན་གསུམ་ལས་མ་བྱུང་། ལན་གཅིག་གླང་ཐང་པ་ཆོས་གསུང་སར་བུད་མེད་གཅིག་གིས་བུ་ཆུང་སྐྱེས་མ་ཐག་གཅིག་ཁྱེད་རང་གི་བུ་ཡིན་ཟེར་ནས་བསྐྱལ་བར་ཁྲོ་བའི་ཞལ་ངོ་འགྱུར་བ་ཙམ་མེད་པར་འོ་འདུ་གནང་ནས་གསོ་བར་མཛད། བུ་དེ་ཆེར་ལོང་དུས་ཕ་དེས་ཁོའི་བུ་སྔོན་མ་རྣམས་མ་སོན་པའི་རྒྱུ་མཚན་བཅས་བཟོད་གསོལ་གྱིས་བུ་ཁྲིད་པ་ཕྱིར་གནང་། རྟག་ཏུ་བྱང་ཆུབ་ཀྱི་སེམས་སྒོམ་པར་མཛད་པའི་ཕན་པའི་ལོ་རྒྱུས་ཡང་མང་། ཁོང་གི་གསུང་བློ་སྦྱོང་ཚིག་བརྒྱད་མ་ལས་ ”བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུ་ལས་ལྷག་པའི། །དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །རྟག་ཏུ་གཅེས་པར་འཛིན་པར་ཤོག །ཅེས་སོགས་གསུང་པ་ནི་རྗེས་འཇུག་རྣམས་ནས་རང་སེམས་འདུལ་བའི་གསུང་ཚིག་གཙོ་བོར་བརྩི་བ་ཡིན། གླང་ཐང་པ་དང་། ཤ་ར་བ་གཉིས་ལ་གླང་ཤར་གཉིས་ཞེས་བཀའ་གདམས་པའི་དགེ་བཤེས་གྲགས་ཆེ་བ་གཉིས་ཡིན། དགུང་གྲངས་བདུན་ཅུ་བཞེས་པ་རབ་བྱུང་གཉིས་པའི་ཆུ་ཡོས་ (༡༡༢༣) ལོར་སྐུ་གཤེགས། གདུང་ཞུགས་འབུལ་གྱིས་གདུང་རྟེན་ས་འབུམ་གླང་ཐང་དགོན་དུ་བཞུགས་སོ།
པ་ཚབ་ཉི་མ་གྲགས་པ།
པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་པ་ནི། རབ་བྱུང་དང་པོའི་ཤིང་ལུག་ (༡༠༥༥) ལོར་འཕན་ཡུལ་པ་ཚབ་སྟོད་སྐྱིད་གྲོང་རིང་དུ་སྐུ་འཁྲུངས། གཞོན་ནུའི་དུས་ནས་ཁ་ཆེར་བྱོན་ཏེ་ལོ་ཉི་ཤུ་རྩ་གསུམ་རིང་པཎྜི་ཏ་དུ་མ་བསྟེན་ནས་གསན་སྦྱོང་མཛད། བོད་དུ་ཕེབས་རྗེས་སྤུ་ཧྲེང་པའི་དགེ་འདུན་སྤྱིས་ཞུས་ངོར་གང་བ་སྤེལ་གྱིས་མཛད་པའི་མཛོད་ཀྱི་འགྲེལ་བ་བསྒྱུར། འཕན་ཡུལ་དུ་དབུ་མའི་འཆད་ཉན་ལེགས་པར་ཚུགས་ཏེ་སློབ་མ་མང་དུ་བསྐྱངས་པ་དང་། འཕགས་ཡུལ་གྱི་སློབ་དཔོན་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་རྩ་འཇུག་གཞི་གསུམ། རིག་པ་དྲུག་ཅུ་པ་སྟོང་ཉིད་བདུན་ཅུ་པའི་འགྲེལ་ཆེན་སོགས་བསྒྱུར་བ་དང་། གཞན་གྱིས་བསྒྱུར་འཕྲོ་ལུས་པ་རྣམས་བསྒྱུར། གསང་འདུས་འགྲེལ་བ་སྒྲོན་གསལ་གྱི་བསྒྱུར་བཅོས་པ་དང་། འདུས་པའི་སྐོར་མང་པོ་བསྒྱུར་ནས་འཆད་སྤེལ་ཡང་མཛད། སློབ་མ་མང་དུ་འདུས་ནས་དབུ་མ་ཤིན་ཏུ་དར་བར་མཛད། སྐུ་གཤེགས་རྗེས་པུར་ཐལ་བཞུགས་པའི་ས་འབུམ་པ་ཚབ་དགོན་པར་ད་ལྟ་ཡང་ཡོད།
ཞང་ཀ་མ་པ།
དགེ་བཤེས་ཀ་མ་པ་ནི། ཀླུང་ཤོད་ངར་ནང་རུག་པར་ཡབ་ཞང་འབེན་ཕྱུག་གི་སྲས་སུ་རབ་བྱུང་དང་པོའི་མེ་བྱ་ལོར་སྐུ་འཁྲུངས། རབ་ཏུ་བྱུང་བའི་མཚན་ཤེས་རབ་འོད་དུ་གྲགས། དགོན་པ་མཇལ་དུ་བྱོན་པས། ཆོས་དང་ཟང་ཟིང་གཉིས་བསྐྱངས་ཤིང་། པོ་ཏོ་བ་ལ་ཡང་ཆོས་གསན། ཐུགས་རབ་ཤིན་ཏུ་ཆེ། རྒྱ་བོད་སྐད་གཉིས་སྦྱོར་བའི་ལོ་ཙཱ་ཡང་འབྲིང་ཙམ་མཁྱེན། ཕྱིས་མལ་གྲོ་ཀམ་ཀམ་དགོན་པ་བཏབས་ཏེ་འཕྲིན་ལས་བསྐྱངས་པས་ཚོགས་པ་བདུན་བརྒྱ་ཙམ་འདུས། དགུང་ལོ་བདུན་ཅུ་དོན་ལྔ་པ་རབ་བྱུང་གཉིས་པའི་ལྕགས་ཕག་ (༡༡༣༡) ལོར་སྐུ་གཤེགས།
དགེ་བཤེས་ཤ་ར་བ།
དགེ་བཤེས་ཤ་ར་བ་ནི། རབ་བྱུང་དང་པོའི་ལྕགས་ཁྱི་ (༡༠༧༠) ལོར་རྭ་སྒྲེང་ནས་ཡ་ཚད་ཕྱིན་པའི་ཡུལ་རོམ་པོ། (གཙང་གཞུང་།) ཞེས་པར་ཡུམ་ཕྱུགས་འཚོར་བྱོན་སྐབས་རྡོ་ལེབ་གཅིག་གི་སྟེང་སྐུ་འཁྲུངས། རྡོ་སྟེང་དུ་ཞབས་རྗེས་ད་ལྟ་ཡང་ཡོད་སྐད། དགུང་ལོ་བཅོ་བརྒྱད་བར་དུ་ཁྱིམ་དུ་བཞུགས། ཡི་གེ་འབྲི་ཀློག་སོགས་ནི་ཚེགས་མེད་དུ་མཁྱེན། རང་མཉམ་གཞན་ལ་བརྩེ་བའི་འཛུམ་གྱིས་བསུ་བ་ལས་ཁྲོ་བ་དང་སྐྱོན་བརྗོད་པ་སོགས་ནི་ནམ་ཡང་མི་མཛད། ཕ་མ་ཉེ་དུ་རྣམས་ཀྱིས་བག་མ་ལེན་དུ་ཉེ་བ་ན་ཁྱིམ་ནས་བྲོས་ཏེ་ཀླུང་ཤོད་ཆོར་བ་ཞེས་པར་རབ་ཏུ་བྱུང། མཚན་ཡོན་ཏན་གྲགས་སུ་བཏགས། ཀླུང་ཤོད་ཕྱུར་བུར་དགེ་བཤེས་སྤྱན་སྔ་བ་ལས་གདམས་པ་ཞུས། སྟག་ལུང་ཐང་ན་དགེ་བཤེས་པོ་ཏོ་བ་མཇལ་བས་རྗེས་སུ་བཟུང་སྟེ་ལམ་གྱི་རིམ་པའི་ཁྲིད་དང་། ཉམས་ལེན་བྱ་ཐབས་སོགས་རྒྱས་པར་གནང་བས་པོ་ཏོ་བ་ཞིང་གཤེགས་ཀྱི་བར་ནམ་ཡང་མ་འབྲལ་བར་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན། པོ་ཏོ་བའི་སྐུ་འཁོར་ནང་མ་མཛད་དེ། པོ་ཏོ་བ་ཁྱོན་ལོ་བརྒྱད་བསྟེན་ཏེ་ལམ་རིམ་གྱི་ཁྲིད་མཐའ་ཆོད་པར་གསན། ཤ་ར་བས་བཀའ་གདམས་གཞུང་དྲུག་དང་གུང་བསྒྲིགས་ཏེ་རྒྱས་པར་བཤད་པས་གསུང་རབ་འཆད་པ་ལ་མི་འཇིགས་པའི་སྤོབ་པ་ཐོབ།
རང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན། པོ་ཏོ་བ་ཞིང་དུ་གཤེགས་རྗེས་པོ་ཏོ་བའི་སློབ་མ་ཕལ་ཆེར་ཤ་ར་བའི་རྗེས་སུ་འབྲངས་སྟེ་འཁོར་བརྒྱ་ཕྲག་མང་པོ་དང་བཅས་ཀླུང་ཤོད་དུ་བྱོན་ནས་ཚོགས་འདུས་ཡོ་བྱད་གང་བྱུང་དགེ་འདུན་ལ་བསྔོས། འདུས་པ་སུམ་སྟོང་ཙམ་བསྐྱངས། པ་ཚབ་ལོ་ཙཱ་བ་ལ་བསྔགས་བརྗོད་ཆེར་མཛད་པས་ལོག་རྟོག་སྨྲ་ངན་རྣམས་རང་ཤུགས་ཀྱིས་འགག་པ་དང་། པ་ཚབ་ལོ་ཙཱ་བ་ལས་འཕྲིན་ལས་ཆེས་ཆེར་རྒྱས། པ་ཚབ་ལོ་ཙ་བ་བས་རང་ཉིད་ཀྱིས་བསྒྱུར་བའི་དབུ་མ་འཇུག་པ་ཤ་ར་བ་ལ་གཟིགས་སུ་ཕུལ་བས་འདི་ལ་འདི་ལྟར་འོང་ཐང་ཞེས་བསྒྱུར་སྐྱོན་རྣམས་བསྟན་པས་པ་ཚབ་ལོ་ཙ་བ་ཤིན་ཏུ་དགྱེས་ནས་བསྔགས། ཤ་ར་བ་ཆེན་པོས་ལམ་རིམ་གྱི་ཁྲིད་ཡིག་ཆེ་ཆུང་གཉིས་དང་། པོ་ཏོ་བའི་རྣམ་ཐར་ཚིགས་བཅད་མ་སོགས་མཛད་ཅིང་། དགུང་གྲངས་བདུན་ཅུ་དོན་གཉིས་པ་རབ་བྱུང་གཉིས་པའི་ལྕགས་བྱ་ (༡༡༩༡) ལོར་སྐུ་གཤེགས། གདུང་ཞུགས་འབུལ་གྱིས་པུར་ཐལ་དང་ན་བཟའ་རྣམས་དགེ་འདུན་སྟོང་དང་བདུན་བརྒྱར་བགོས་ཏེ་ཕྱོགས་ཕྱོགས་སུ་ཕྱག་མཆོད་རྟེན་དུ་བཞུགས། སློབ་མའི་གཙོ་བོ་ནི་ཆད་ཁ་བ་ཡིན་ལ་རྣར་ཐང་ཕྱག་འདེབས་མཁན་གཏུམ་སྟོན་བློ་གྲོས་གྲགས་པ་ཡང་ཤ་ར་བའི་སློབ་མ་ཡིན་ནོ། །
དགེ་བཤེས་འབེན་གུན་རྒྱལ།
དགེ་བཤེས་འབེན་གུན་རྒྱལ་ནི། འཕན་ཡུལ་དུ་འཁྲུངས་ཀྱང་ས་མིང་ཞིབ་ཕྲ་མ་རྙེད། རབ་ཏུ་བྱུང་བའི་མཚན་ལ་ཚུལ་ཁྲིམས་རྒྱལ་བ་དང་། ཀོ་དེ་ལུང་དུ་བཞུགས་པས་ཀོ་དེ་ལུང་པར་གྲགས། ཁོང་གཞོན་དུས་སྤྲང་པོ་མཛད་ནས་ཐུགས་ཀྱང་མ་དུལ་བ་ཞིག་ཡིན་པས་ཉིན་མོ་ལ་བཀག་མཚན་མོ་གྲོང་བཅོམ་བྱེད་པའི་རྐུན་མ་ཞིག་ཡིན་པ་ནས། ཕྱིས་དགོན་པ་བ་བསྟེན་ཏེ་ལམ་རིམ་ཉམས་སུ་བཞེས་ནས་ཆོས་རྣལ་མ་ཐུགས་རྒྱུད་ལ་འཁྲུངས། དགེ་བཤེས་པོ་ཏོ་བས་བོད་ཀྱི་རྒྱལ་ཁམས་ན་འཆི་བ་གཤའ་མར་བློ་ལ་སྐྱེས་པ་འབེན་གུན་རྒྱལ་ཡིན་གསུངས། དགེ་བཤེས་འབེན་གུན་རྒྱལ་གྱིས་རང་གིས་རང་ལ་དེ་རིང་སང་གི་དབང་བྱར་མེད་པར་གཏན་དུ་འདུག་རྩིས་མ་བྱེད་ཚུལ་ཁྲིམས་རྒྱལ་བ་གསུངས་ནས་ཚིག་སྨྲས་མཛད། ཁོང་གི་གསུང་ལས་སྔར་ངའི་ཁས་ཟས་མ་རྙེད་ད་ཟས་ཀྱིས་ཁ་མ་རྙེད་ཅེས་དང་། ཉོན་མོངས་པའི་མཁར་སྒོར་གཉེན་པོའི་མདུང་ཐུང་ཞིག་བཟུང་ནས་སྡོད་པ་མིན་པ་གཞན་བྱ་རྒྱུ་མེད། ཁོ་སྒྲིམ་ན་ང་སྒྲིམ། ཁོ་གློད་ན་ང་ཡང་གློད་གསུངས། ཐེངས་གཅིག་སྦྱིན་བདག་ནས་ཁོང་མཇལ་བར་རི་ཁྲོད་དུ་ཡོང་རྒྱུར་ཁོང་གི་སྒྲུབ་ཁང་ནང་མཆོད་པ་གང་རྒྱས་བཤམས་ནས་སྦྱིན་བདག་མགུ་ཐབས་མཛད་མུར་སླར་དགོངས་པར་འདི་འདྲ་དཀོན་མཆོག་མཆོད་པ་མིན་པར་སྦྱིན་བདག་ལ་མགོ་སྐོར་བ་ཡིན་པས་མི་འགྲིགས། འཇིག་རྟེན་ཆོས་བརྒྱད་ཀྱི་མགོ་ལ་ཐལ་བ་ཐོབ་གསུང་སྟེ་མཆོད་པར་ཐལ་བ་གཏོར་བ་མཛད་པས་དེ་དུས་རྗེ་བཙུན་མི་ལ་དང་། དམ་པ་སངས་རྒྱས་སོགས་ཀྱིས་བསྔགས་པ་ཆེར་མཛད་དོ། །
དགེ་བཤེས་ཁམས་ལུང་པ།
དགེ་བཤེས་ཁམས་ལུང་པ་ཤཱཀྱ་ཡོན་ཏན་ནི། འཕན་ཡུལ་ཡུང་བར་རབ་བྱུང་དང་པོའི་ཤིང་གླང་ (༡༠༨༥) ལོར་སྐུ་འཁྲུངས། རྟེན་དགེ་བསྙེན་ཡིན། གཞོན་དུས་ནས་སྡེ་སྣོད་ལ་སྦྱང་པ་མཛད། སྙེ་ཐང་དུ་ཇོ་བོ་ཨ་ཏི་ཤ་དང་མཇལ་ཞིང་། ཕྱིས་སུ་རྭ་སྒྲེང་དུ་དགེ་བཤེས་སྟོན་པ་ཡུན་རིང་བསྟེན་ཅིང་སྐུ་མཆེད་གསུམ་ ( ཕུ་ཆུང་བ། པོ་ཏོ་བ། སྤྱན་མངའ་བ།) མམ་བཞིར་ (ཁམས་ལུང་པ།) ཞེས་གྲགས། དགེ་བཤེས་ཁམས་ལུང་པས་དགུང་ལོ་དགུ་བཅུའི་བར་སྒྲུབ་པ་མཛད་ཅིང་། རབ་བྱུང་གསུམ་པའི་ཤིང་ལུག་ (༡༡༧༥) ལོ་སྐུ་གཤེགས།
འབའ་རོམ་དར་མ་དབང་ཕྱུག
བཀའ་རྒྱུད་ཆེ་བཞིའི་ཡ་གྱལ་འབའ་རོམ་བཀའ་བརྒྱུད་སྲོལ་གཏོད་མཛད་པོ་དར་མ་དབང་ཕྱུག་ནི་ཡབ་སྟོན་པ་འབྱུང་གནས་བློ་གྲོས་དང་། ཡུམ་ཇོ་མོ་ལོ་ཆུང་གི་སྲས་སུ་རབ་བྱུང་གཉིས་པའི་མེ་ལུག་ (༡༡༢༧) ལོར་འཕན་ཡུལ་སྐ་བ་ཡུལ་སྣ་ཞེས་པར་སྐུ་འཁྲུངས། མཚན་འབུམ་སྐྱབས་ཞེས་བཏགས། དགུང་ལོ་བརྒྱད་ལ་ཕེབས་སྐབས་མཁན་པོ་སྐ་བ་དར་མ་སེང་གེ་དང་། སློབ་དཔོན་དབང་ཕྱུག་གཞོན་ནུ་གཉིས་ལས་རབ་ཏུ་བྱུང་བས་མཚན་དར་མ་དབང་ཕྱུག་ཅེས་གསོལ། དགེ་བཤེས་བྱ་ཡུལ་བ་སོགས་ནས་བཀའ་གདམས་ཀྱི་ཆོས་སྐོར་གསན། དགུང་ལོ་ཉེར་གཅིག་ལ་སོན་དུས་སྒམ་པོར་ (ལྷོ་ཁ་རྒྱ་ཚ་རྫོང་ཁོངས་) ཕེབས། རྗེ་སྒམ་པོ་བ་ནས་བཀའ་བརྒྱུད་ཀྱི་ཆོས་རྣམས་གསན། དགུང་ལོ་ཉེར་བརྒྱད་ལོ་ནས་བྱང་འབའ་རོམ་དུ་ལོ་བདུན་སྒྲུབ་པ་མཛད། རབ་བྱུང་གསུམ་པའི་ལྕགས་སྦྲུལ་ (༡༡༦༡) ལོར་ནག་ཆུའི་ས་ཆར་རི་བོ་ཆེ་ཞེས་པའི་དགོན་པ་བཏབ་ནས་སློབ་མ་མང་དུ་འདུས་པ་དེ་ནས་འབའ་རོམ་བཀའ་བརྒྱུད་ཅེས་པའི་གྲུབ་མཐའ་དར། དགུང་ལོ་དོན་གསུམ་པ་ས་ལུག་ (༡༡༩༩) ལོར་སྐུ་གཤེགས།
ཀམ་ཀམ་དོན་གྲུབ་དཔལ་བ།
ཀམ་ཀམ་དོན་གྲུབ་དཔལ་བ་ནི། རབ་བྱུང་དྲུག་པའི་ཤིང་སྦྲུལ་ (༡༣༦༥) ལོར་འཕན་པོ་ཀླུང་ཤོད་དུ་སྐུ་འཁྲུངས། དགུང་ལོ་དགུ་ལ་ཕེབས་སྐབས་ཀློག་ཡིག་བསླབས་པ་ཚེགས་མེད་དུ་མཁྱེན་པས་ཤེས་རབ་ཆེ་བར་གྲགས། དགུང་ལོ་བཅུ་གསུམ་ལ་མཁན་ཆེན་བློ་བཟང་པ་དང་སློབ་དཔོན་གུ་རུ་བ་གཉིས་ལས་རབ་ཏུ་བྱུང་། ལོ་བརྒྱད་རིང་ཟབ་ཆོས་ལ་སྦྱང་པ་མཐར་ཕྱིན་མཛད། དགུང་ལོ་ཉེར་གཉིས་པར་མཁན་ཆེན་ཤཱཀྱ་མི་ཏྲ་ལས་བསྙེན་པར་རྫོགས། གསང་ཕུ་བ་བློ་གྲོས་བསྟན་པ་སོགས་མཁས་གྲུབ་མང་པོའི་ཞབས་ལ་གཏུགས་ནས་ཟབ་ཆོས་དུ་མ་གསན་སྦྱོང་མཛད། དགུང་ལོ་ཉེར་གསུམ་པ་རབ་བྱུང་བདུན་པའི་མེ་ཡོས་ (༡༣༨༧) ལོ་ཀམ་ཀམ་གྱི་གདན་སར་ཕེབས། དགུང་ལོ་ལྔ་བཅུ་ང་གསུམ་ལ་ཕེབས་པའི་མེ་བྱ་ (༡༤༡༧) ལོར་ཆོས་འབྱུང་བསྟན་པ་རིན་པོ་ཆེའི་གསལ་བྱེད་བརྩམས། (འདས་ལོ་མ་རྙེད)
སྟབས་ཀ་བའི་རྣམས་ཐར་ཐུང་ངུ་།
དེ་ཡང་བཀའ་གདམས་གླེགས་བམ་རིན་པོ་ཆེ་ལས། དེ་ནས་ངར་གྱི་ནང་དུ་བྱོན། །ཐང་ཆེན་གསེར་གྱི་མཎྜལ་འདྲ། །མཛེས་པའི་སྟེང་དུ་ཕྲ་ཕབ་སྟེ། །ཞེས་པ་ནས། གྲྭ་པ་ཀུན་ནས་འདི་སྐད་དུ། །དེ་རིང་ཐང་འདི་ཉམས་དགའ་བས། །དགོན་པ་སྟབས་ཀར་ཐོབ་ལ་ཐོང་། །ཞེས་གསལ་བར་ལུང་བསྟན་པའི་སྟབས་ཀ་དགོན་ནི་ཕྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་དུ་ཞང་ཤ་རྭ་བའི་བཀའ་བབས་ཀྱི་སྲས་བཞིའི་ནང་ཚན་འཕྲིན་ལས་ཀྱི་བཀའ་བབས་སྟབས་ཀ་བ་དར་མ་གྲགས་ཀྱིས་ཕྱག་བཏབས། ཁོང་ནི་ཕྱི་ལོ་ (༡༡༠༣) ཆུ་ལུག་ལོར་ཀླུང་ཤོད་ཁྲི་ཡེར་ (དེང་ཁ་སྐད་དུ་ཁྲི་འཕེལ་ཟེར་) དུ་འཁྲུངས། དགུང་ལོ་བཅོ་ལྔར་དགེ་བསྙེན་དང་བཅུ་དགུར་རབ་ཏུ་བྱུང་ཞིང་མཚན་ལ་དར་མ་གྲགས་སུ་བཏགས། སྤྱིར་དགེ་བའི་བཤེས་གཉེན་ཆེན་པོ་ཤ་རྭ་བ་ལོ་ཉེར་གསུམ་ལྷག་ཙམ་བསམ་སྦྱོར་དག་པས་བསྟེན་ཏེ་རྫུན་ལ་སོགས་པས་བསླུ་མ་མྱོང་གསུངས། ཤ་རྭ་བ་གཤེགས་རྗེས་ཤ་རྭ་བ་ཕྱི་མ་རྣལ་བྱོར་བ་ཤེར་རྡོར་གྱིས་ལོ་བཞི་ཙམ་ཚོགས་པ་བསྐྱངས་ཏེ་བཤེགས། དེ་རྗེས་ཁོང་ཉིད་དགུང་གྲངས་ཞེ་གསུམ་ཐོག་ངར་གྱི་ཤེའུ་སྣར་ཞང་སྟོན་དར་མ་གཡུང་དྲུང་སོགས་ཀྱིས་ཆོས་ཞུས་པ་ནས་བཟུང་ཚོགས་པ་བརྒྱད་བརྒྱ་ཙམ་རྟག་ཏུ་འདུས། སློབ་ཚོགས་འཕེལ་བ་དང་བསྟུན་རིམ་བཞིན་འོད་འཇོ་དང་ཁྲ་ཕུ་གཉིས་བཏབས། ཉིན་ཞིག་སློབ་ཚོགས་དང་བཅས་ངར་གྱི་ནང་བྱོན། ཐང་གསེར་གྱི་དཀྱིལ་འཁོར་འདྲ་བ་དེར་ངལ་གསོས་ནས་ཞུགས། དེའི་ཚེ་བུ་སློབ་རྣམས་ཀྱིས་མགྲིན་གཅིག་ཏུ་བླ་མ་དར་མ་གྲགས་པར། ཐང་འདི་ཉམས་དགའ་བས་འདིར་སྟབས་ཀ་སྟེ་འཕྲལ་མར་དགོན་པ་ཞིག་ཅི་ནས་ཀྱང་འདེབས་གནང་འཚལ་ཞེས་ཞུས་པར་བླ་མ་ཉིད་ནས་དེ་བཞིན་གྱིས་ལ་སྤྱིལ་བུ་བརྩིགས་ཅེས་བཀའ་གནང་ནས་དགོན་པ་བཏབས་ཤིང་དགོན་པའི་མཚན་ལ་ཡང་སྟབས་ཀ་དགོན་དུ་གསོལ་ཞིང་དེ་ནས་བཟུང་བླ་མ་ཉིད་ལ་ཡང་སྟབས་ཀ་བ་ཞེས་གྲགས་སོ། །ཁོང་གིས་བཏབས་པའི་དགོན་གནས་གསུམ་པོ་དེར་སྒང་གསུམ་དུ་གྲགས་པ་ནི་འདི་ལྟར། འོད་འཇོ་དར་མ་གཡུང་དྲུང་དང་རོང་སྟོན་ཁ་བོ་ཆེས་བསྐྱངས་ཏེ་ལོངས་སྤྱོད་འདུ་ལོང་ཆེ་བར་བྱུང་བས་ལོངས་སྤྱོད་སྒང་དང་། ཁྲ་ཕུ་འདུལ་བ་འཛིན་པས་བསྐྱངས་ཏེ་འདུལ་མཛོད་ཀྱི་བཤད་པ་ཡུན་རིང་དུ་བྱུང་བས་ཆོས་ཀྱི་སྒང་། སྟབས་ཀ་ཞང་སྟོན་དར་མ་སོགས་ཀྱིས་བསྐྱངས་ཏེ་གྲྭ་ཚོགས་ཆེ་བས་གྲྭ་པའི་སྒང་དུ་གྲགས་སོ། །སྟབས་ཀ་ཆེན་པོ་འདི་ལ་སློབ་མ་ཞང་དར་མ་གཡུང་དྲུང་དང་། ཞང་སྟོན་ཁང་མོ་ཆེ་བ། ཞང་སྟོན་ཤོ་མ་ར་བ། ཞང་སྟོན་བཅོམ་ཐང་པ་ཆེན་པོ་བཅས་ཞང་བཞི་དང་། སྒང་ཐང་དཀར་བ་རྡོ་རྗེ་རིན་ཆེན། གུ་ར་བ་ཚུལ་ཁྲིམས་རྡོ་རྗེ། སྟབས་ཀ་བ་དར་མ་རྒྱལ་མཚན། ཁྲ་ཕུ་འདུལ་འཛིན་བཅས་ཐུགས་སྲས་ཆེན་པོ་བཞི་ལ་སོགས་པ་གྲགས་ཆེ་བའི་སློབ་མ་ཡང་མང་དུ་བྱུང་། མཐར་དགུང་གྲངས་དོན་གཉིས་པ་ཕྱི་ལོ་ (༡༡༧༤) ཤིང་ཕོ་རྟའི་ལོ་དབྱར་ཟླ་ཐ་ཆུང་གི་ཚེས་ལྔའི་ཉི་དྲོས་མཚམས་སུ་རྭ་སྒྲེང་གི་ཇོ་བོ་ཨ་ཏི་ཤའི་ཐུགས་དམ་གྱི་རྟེན་ཐུགས་རྗེ་ཆེན་པོ་སོགས་ལ་གསོལ་བ་འདེབས་ཀྱིན་སྟབས་ཀར་སྐུ་གཤེགས་སོ། ། (རྣམ་ཐར་འགར་དབྱར་ཟླ་འབྲིང་གི་ཚེས་བཞི་ལ་གཤེགས་ཞེས་འཁོད་པའང་འདུག་གོ) པུར་ཞུགས་ལ་ཞེན་པས་ཐུགས་ལྗགས་མ་བྲལ་བར་བྱོན། རིང་བསེལ་དང་དུང་གཡས་འཁྱིལ་སོགས་དཔག་ཏུ་མེད་པ་བྱོན། གདུང་ཐལ་གྱི་མཆོད་རྟེན་བུ་སློབ་རྣམས་ཀྱིས་སྟབས་ཀར་བཞེངས་ཏེ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་བཞུགས་སུ་གསོལ་ལོ། །
ཞང་སྟོན་དར་མ་རྒྱལ་མཚན་གྱི་རྣམ་ཐར།
དགེ་བཤེས་ཞང་སྟོན་སྟབས་ཀ་བ་དར་མ་གྲགས་པའི་དངོས་སློབ་སྟབས་ཀའི་གྲྭ་ས་འཛིན་པ་ཞང་སྟོན་དར་མ་རྒྱལ་མཚན་ནི་ཕྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་འགོར་ཀླུང་ཤོད་དུ་འཁྲུངས། ནར་སོན་རྗེས་དགེ་བཤེས་སྟབས་ཀ་བ་ཆེན་པོའི་སྙན་པ་གསན་ཏེ་ཞབས་ལ་གཏུགས། བཀའ་གདམས་གཞུང་བཤད་ཀྱི་ཆོས་སྐོར་ཕལ་ཆེ་བར་གསན་སྒོམ་མཛད། སྟབས་ཀ་བ་ཆེན་པོས་ཀྱང་འདིས་མ་འོངས་པར་རང་ཉིད་ཀྱི་གྲྭ་ས་དང་བསྟན་པ་ལ་ཕན་ཐོགས་ཆེན་པོ་ནུས་པར་མཁྱེན་ཏེ་བརྩེ་བས་བསྐྱངས། ལྷག་པར་དུ་ཇོ་བོའི་གླེགས་བམ་རིན་པོ་ཆེ་ནོར་བུའི་ཕྲེང་བ་གཏད་ས་ཡིན་པ་མངོན་ཤེས་ཀྱིས་གཟིགས་ཏེ་མར་ཁལ་བརྒྱ་སྐོར་གཅིག་དང་དགེ་འདུན་ལ་བསྙེན་བཀུར་མཛད་པའི་ཆ་རྐྱེན་སྣ་ཚོགས་བསྣམས་ཏེ་རྟ་ཟླའི་ཚེས་བཅོ་ལྔར་བུ་སློབ་ལྷན་ཅིག་པར་རྭ་སྒྲེང་དུ་ཕེབས། རྣལ་འབྱོར་བ་རིན་ཆེན་རྒྱལ་མཚན་དབུ་རྩེའི་ཕྱིར་ཐོན་པ་དར་མ་རྒྱལ་མཚན་གྱིས་མཐོང་ནས་འཕྲལ་མར་ཞབས་ལ་གཏུགས་ཏེ་ཕྱག་བཙལ་ནས་ཐུགས་རྗེས་གཟུང་བར་གསོལ་བ་བཏབས།
དེར་ཁོང་གིས་ཞལ་ནས། ཚེ་དང་ལྡན་པ་ལ་ཕན་གང་ཐོགས་བགྱི། ཅི་དགོས་གསུངས་པར། སྟོན་པ་དང་ཐུགས་རྗེ་ཆེན་པོའི་ཞལ་མངོན་སུམ་དུ་མཐོང་བ་ཞིག་ཞུ་ཞུས་པས། ཚེ་དང་ལྡན་པ་རང་ལ་སྙིང་རུས་ཡོད་པ་ངས་ཤེས། ང་ལ་གདམས་ངག་ཡོད་གསུངས། དེ་ཡང་རྣལ་འབྱོར་བ་ཉིད་རྭ་སྒྲེང་གི་ཀ་གཉིས་མར་བཞུགས་པའི་ཚེ་དགེ་བཤེས་སྟོན་པ་དངོས་སུ་ཞལ་གཟིགས། ཕྱག་བྱས། དེའི་ཚེ་འབྲོམ་གྱིས་གནས་འདི་ནི་བླ་མའི་གདན་ས་ཡིན་པས་འདི་ཉིད་དུ་ཐིག་ལེ་རྫོགས་པར་སྟོན་ཞེས་དངོས་སུ་ལུང་བསྟན་པ་ཡང་བྱུང་འདུག དེ་ནས་སྟབས་ཀ་བ་ཆེན་པོས་དངུལ་གྱི་སྦྲམ་བུ་བསྐོར་བའི་མཎྜལ་གྱི་དབུས་སུ་གསེར་སྲང་ཕྱེད་བཞག་པ་རྣམས་རྣལ་འབྱོར་བར་ཕུལ་ཏེ་ངའི་བཙུན་ཆུང་འདི་ཐུགས་ཀྱིས་འཛིན་པར་ཞུ་གསུངས་པས་ཞལ་གྱིས་བཞེས་ཏེ་ཀ་གཉིས་མ་རང་དུ་བཀའ་གདམས་ཐིག་ལེའི་དཀྱིལ་འཁོར་རྒྱས་པ་བྲིས། ཇོ་བོ་ཡབ་སྲས་ཀྱིས་དགེ་སློང་བགྲེས་པོ་དེའི་རྣམ་པས་བསྙེན་པའི་གྲོགས་མཛད་དེ་སྟབས་ཀ་བ་དཔོན་སློབ་གཉིས་ལ་ཞག་སོ་གཉིས་རིང་ཐིག་ལེ་རྒྱས་པ་ཆ་ཚང་གཅིག་གནང་། དེ་རྗེས་སྟབས་ཀ་བ་རང་གི་གྲྭ་སར་ཕེབས། རྣལ་འབྱོར་པས་དར་མ་རྒྱལ་མཚན་ཁྲིད་ནས་རྩྭ་སྒྱེ་མོའི་ཕུག་རང་སོགས་དབེན་གནས་རྣམས་སུ་ནོར་བུའི་ཕྲེང་བ་ཡོངས་སུ་རྫོགས་པར་བསྟན། དེ་ལྟར་བླ་མ་དེ་ཉིད་ལོ་ངོ་བཅུ་གཉིས་བསྟེན་རིང་བཀའ་གདམས་ཀྱི་ཆོས་མ་ལུས་པ་གསན། དེ་ནས་རྣལ་འབྱོར་བས་པོ་ཏི་ལག་ཏུ་གཏད་དེ་ད་ནི་དར་མ་རྒྱལ་མཚན་ཁྱོད་ཀྱིས་སྤྱིར་བླ་མའི་རྣམ་ཐར་མ་ཉམས་པ་དང་། སྒོས་གླེགས་བམ་ནས་འབྱུང་བ་བཞིན་བསྟན་པ་ལ་བྱ་བ་མཛོད་ཅིག་གསུངས་ནས་སྒྱེ་མོའི་ཕུག་རིང་དུ་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །དེ་འཕྲལ་བླ་མའི་དགོངས་རྫོགས་ཀྱི་བྱ་བ་རྣམས་བསྒྲུབས་ཟིན་རྗེས་དབེན་གནས་དང་གནས་ཆེན་དཔག་ཏུ་མེད་པར་འགྲིམས། ཁྱད་པར་རྭ་སྒྲེང་དང་སྟབས་ཀ་རུ་ཐིག་ལེའི་སྒྲུབ་པ་ཡུན་རིང་དུ་མཛད་པས་བླ་མ་མཉེས་པའི་ལྟས་མང་དུ་བྱུང་། ལན་གཅིག་ཆག་ལ་ལ་བྱོན་ཙ་ན་འཇིག་རྟེན་སྒྲོལ་མ་བཅུ་གཉིས་ཀྱི་ཞལ་གཟིགས། དགུང་ལོ་གྱ་བརྒྱད་ཐུབ་པར་ལུང་བསྟན། ཡང་ལན་གཅིག་ལྷ་ས་འཕྲུལ་སྣང་གཙུག་ལག་ཁང་གི་སྤྱན་རས་གཟིགས་ཀྱི་དྲུང་དུ་ཐིག་ལེ་ལུས་ལ་བཀོད་དེ་སྒྲུབ་པ་མཛད་པས་ཐུགས་རྗེ་ཆེན་པོ་དེའི་ཐུགས་ཀ་ནས་རྩ་ཕྱག་གཉིས་པ་དང་བཞི་པ་བཞི་ཅུ་པ་སོགས་འཐོན་བྱུང་ནས་རང་ཉིད་དང་གཅིག་ཏུ་གྱུར་ནས་ཆོས་མང་དུ་གསུངས་པ་སོགས་གཟིགས་སྣང་ཡང་མཐའ་ཡས་པ་བྱུང་། དེ་ནས་བླ་མ་སྟབས་ཀ་བ་ཆེན་པོའི་དྲུང་ནས་གདམས་ངག་མང་པོ་ཞིག་གསན། མི་རིང་བར་བླ་མ་དགོངས་པ་ཞི་དབྱིངས་སུ་ཐིམ། ཉིད་ཀྱི་དབུ་མཛད་དེ་བླ་མའི་གདུང་མཆོག་དང་གདུང་རྟེན་བཞེངས་པའི་བྱ་བ་རྣམས་འཕྱུག་པ་མེད་པར་མཛད་ཅིང་བླ་མའི་གྲྭ་ས་ཡང་བསྐྱངས། བླ་མའི་ལུང་བསྟན་བཞིན་ཐིག་ལེའི་གདམས་ངག་དེ་སློབ་མ་བྱང་ཆུབ་བཟང་པོ་ལ་གནང་། སྒྱེ་མོ་ཕུག་སོགས་སུ་ཁྲིད་ནས་སྒོམ་དུ་བཅུག་པའི་ཚེ་དཔོན་སློབ་གཉིས་པོར་འཚོ་བའི་དཀའ་ངལ་ཐུགས་པའི་ཚེ་བསྟན་མ་བཀུག་ནས་རྩམ་པ་འཁྱེར་ཤོག་གསུངས་པས་ནང་པར་བུད་མེད་ཞིག་གིས་མར་རྩམ་གྲོ་མ་བཅས་བསྐྱལ་བའང་བྱུང་། དེ་ལྟར་བྱང་ཆུབ་བཟང་པོར་ལོ་དགུའི་རིང་གདམས་ངག་མ་ལུས་པར་གནང་། དགུང་གྲངས་གྱ་བརྒྱད་ལ་སོན་པའི་ཚེ་བརྒྱད་ཀྱི་ཉིན་ཅིག་བྱང་བཟང་པ་དྲུང་དུ་བྱུང་ནས་བླ་མ་རིན་པོ་ཆེ་དོ་ཞག་སྙུང་བ་མི་གདའ་འམ་ཞུར་པར། ན་བ་ཙམ་མི་གདའ། པོ་ཏ་ལའི་བཀོད་པ་ཅིག་ཡིད་ལ་ལམ་ལམ་བྱེད། བུད་མེད་རྣམས་ཀྱང་ངུ་ཡི་གདའ། ད་ང་ཞག་མང་པོ་མི་ཐུབ་པར་འདུག འོན་ཀྱང་ཁྱོད་མི་དགའ་བ་མ་བྱེད། བདུན་ཚིགས་སྔོན་ལ་གཏོང་དགོས་པས་ཐུགས་རྗེ་ཆེན་པོའི་སྒྲུབ་པ་ལ་འཇུག་གསུངས་ནས་ཞག་བརྒྱད་སྒྲུབ་པ་མཛད་པའི་བཅུ་དྲུག་གི་ཉི་མ་རེ་རྩེར་ཤར་བ་ན་བྱང་ཆུབ་བཟང་པོ་ཕ་རོ་བུ་ཡིས་འཁུར་བ་འབབ་པ་ཡིན། དྲི་བཟང་གི་ཆུ་འཁྱེར་ཤོག་གསུངས་ནས་ཡན་ལག་སྨད་ལྔ་ལེགས་པར་བཀྲུས། ད་ཡ་གི་ནགས་ཀྱི་སྤང་ལྗོངས་ལེགས་ས་གཅིག་ཏུ་སྐྱོལ། རི་མཐོ་ཡང་ཁོ་བོར་མི་ལྗིད་མི་མཆི། ཞང་སྟོན་དར་རྒྱན་བཀའ་གདམས་པདྨའི་སྦུ་གུ་འདྲ་བ་གཅིག་ནས་ཞིང་ཁམས་གཙང་མ་པདྨའི་སྦུ་གུ་འདྲ་བ་གཅིག་ཏུ་སོང་བ་ཤེས་པར་གྱིས་ཤིག་གསུངས་ནས་ལུས་གནད་བཅས་པ་དང་སྐུ་གཤེགས་པ་ལྷན་ཅིག་བྱུང་། དེ་ནས་བྱང་བཟང་པོ་ཡིད་མུག་སྟེ་ཞབས་ལ་དབུ་གཏུགས་ཏེ་ཉལ་ནས་འདུག་པ་ན་མི་དཀར་པོ་ཞིག་བྱུང་ནས། ཇོ་བོ། དེས་གང་ན་འོང་། ངས་སྣ་དྲངས་ཀྱི་གསུངས་ནས་ཤེལ་དཀར་གྱི་རིལ་བ་སྤྱི་བླུགས་ཤིག་ལག་ན་ཐོགས་ནས་ནགས་ཆེན་པོར་སྣ་དྲངས། སྤང་བདེ་ས་གཅིག་ཏུ་སྤུར་བཞུགས་སུ་གསོལ་བས་དེ་མ་ཐག་འཇའ་མཚོན་སྣ་ལྔ་ཟུག བྱང་བཟང་པས་ཡན་ལག་བདུན་པ་གཅིག་ཕུལ་ནས་དགོན་པར་མར་བྱོན་པ་ན་སྐྱ་བཙུན་མང་པོ་དེ་རིང་འོད་མང་པོ་དེ་འདྲ་ཅི་ཡིན་ཟེར་གླེང་བཞིན་པ་ལས་སུས་ཀྱང་གཤེགས་པ་མཐོང་ཚོར་མ་བྱུང་ངོ་། །ནང་པར་བུ་སློབ་ཀུན་བལྟ་བར་བྱོན་པས་དབུ་ཐོད་ཀྱི་དུམ་བུ་གཅིག་ལ་ཐུབ་པའི་སྐུ་རིས་དང་། ཕྱག་གི་གདུང་ལ་ཐུགས་རྗེ་ཆེན་པོ་ཕྱག་གཅིག་ཐལ་མོ་སྦྱར་བ་གཅིག་སྐུ་གདའ། ང་ཞུགས་ཤུལ་ན་མེ་ཏོག་དཀར་པོ་ཕོར་པ་ཙམ་ཞིག་སྐྱེས་པ་སོགས་ངོ་མཚར་མང་དུ་མཆིས། དེ་ནས་བུ་སློབ་ཚོས་དགོངས་རྫོགས་ཀྱི་བྱ་བ་རྣམས་ལེགས་པར་བསྒྲུབས་ཅིང་གདུང་རྟེན་ཡང་སྟབས་ཀ་རང་དུ་བླ་མ་རིན་པོ་ཆེའི་རྟེན་མཆོག་གི་འགྲམ་དུ་བཞེངས་སོ། །
སྟབས་ཀ་བ་བྱང་ཆུབ་བཟང་པོའི་རྣམ་ཐར།
དེ་ཡང་ཞང་སྟོན་དར་མ་རྒྱལ་མཚན་ལ་ལྷ་སའི་ཐུགས་རྗེ་ཆེན་པོའི་ཞལ་ནས། ལྷ་བླ་ཡེ་ཤེས་འོད་དེ་ད་ལྟ་ན་ལེཎྡྲའི་གཙུག་ལག་ཁང་ན་ཇོ་བོའི་ཆོས་ལུགས་མཐའ་དག་རྫོགས་པར་མཛད་ཅིང་ཡོད། དེ་ཀླུང་ཤོད་ན་ཞང་མོ་སྐྱིད་དེ་བྱ་བ་རང་བཞིན་གྱི་རྣལ་འབྱོར་མར་ཡོད་པ་དེའི་བུ་རུ་སྟོན་པར་གདའ་བས་དེ་ཐུགས་ཀྱིས་གཟུང་ལ་སྙིང་གི་ཐིག་ལེར་སྐྱོངས་ཞེས་ལུང་བསྟན་པ་ལྟར་ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་མཚམས་སུ་ཡབ་འབྲོམ་ཆོས་སྐྱབས་དང་ཡུམ་ཞང་མོ་སྐྱིད་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་ཏེ་བལྟམས། ལོ་གསུམ་དུ་ལོན་པ་ན། ཨ་མ། འུ་ཅག་གི་དཔོན་སུ་ཡིན་ཟེར། མས་ཇོ་བོ་དཀོན་མཆོག་གསུམ་ཡིན་བྱས་པས། དེ་གསུམ་པོ་ཇོ་བོ་ཡབ་སྲས་ཡིན་ནམ་མིན་ཟེར། མས་དེ་གསུམ་དང་ཁྱད་མེད། ཁྱོད་ཀྱིས་ཇོ་བོ་ཡབ་སྲས་ཀྱི་མཚན་གང་ནས་ཐོས་བྱས་པས། སྔོན་གཙུག་ལག་ཁང་ཞིག་ནས་ཐོས་ཟེར། འོ་ན་ཆོས་ཨེ་བྱེད་བྱས། འུ་ཅག་གིས་བཙན་ས་ཟིན་མ་ཟིན་ལ་རག་ལུས་ཟེར། སུའི་རྗེས་སུ་འབྲངས་བྱས་པས། ང་ཇོ་བོ་ཡབ་སྲས་ཀྱི་རྗེས་སུ་འབྲང་ངོ་ཟེར་རོ། །དེ་ནས་ཡུམ་གྱིས་དགེ་བཤེས་ཞོགས་པ་ཆེན་པོའི་དྲུང་དུ་ཁྲིད་ནས་ལོ་རྒྱུས་རྣམས་ཞུས་པས། ཞོགས་པའི་ཞལ་ནས། འདི་བཀའ་གདམ་པ་ཆེན་པོ་ཅིག་འོང་བར་འདུག འདིར་ཤོག་ངས་བྱིན་རླབས་བྱ་ཡི་གསུངས་ནས་ཕྱག་མགོར་ཞག་སྟེ་མིང་དཀོན་མཆོག་སྤེལ་ཟེར་བ་གྱིས། ད་ལྟ་ལོ་ཆུང་བས་ལོ་བདུན་བརྒྱད་ལོན་པ་ན་ཤོག་གསུངས། དེ་ནས་ལོ་བརྒྱད་སོན་པ་ན་ཡུམ་གྱིས་ཞོགས་པའི་དྲུང་དུ་བསྐྱལ་ནས་རབ་ཏུ་བྱུང་། དགུང་གྲངས་ཉེར་བརྒྱད་བར་བཀའ་གདམས་ཀྱི་ཆོས་ཐོར་བུ་བ་རྣམས་དང་བློ་སྦྱོང་ལ་གསན་སྦྱོང་མཛད་པས་ཐུགས་རྒྱུད་འབྱོངས་པར་གྱུར། ཞང་སྟོན་པ་ལ་མོས་པ་ཆེན་པོ་སྐྱེས་ཏེ་མཇལ་བར་བཞེད་པ་ན། ཡི་དམ་ཐུགས་རྗེ་ཆེན་པོའི་ཞལ་ནས་རམ་སྡིངས་མར་སོང་ཞིག ཟླ་བ་འདིའི་ཚེས་བརྒྱད་ལ་ཁོང་ཡང་དེར་འབྱོན་གསུངས་པ་ལྟར་དེར་བྱོན་པས་ཞང་སྟོན་པ་ཡང་དེར་ཕེབས་ནས་བཞུགས་པ་དང་མཇལ། ཐུགས་ཀྱིས་འཛིན་པར་གསོལ་བས་ཁྱོད་ཆོས་འདི་ལ་མོས་སམ་གསུངས་ནས་གདམས་པ་ཐོར་བུ་འགའ་གནང་། སྣོད་བརྟག་པའང་མང་དུ་མཛད་པར་གནང་འདུག དོ་ནུབ་ཞང་སྟོན་པ་ལ་འབྱུང་གནས་རྗོ་རྗེའི་སྤྲུལ་པ་གཅིག་མཇལ། གླིང་སློང་མང་དུ་མཛད། ལྷག་པར་སྟོན་པ་གཞོན་ནུ་བྱང་བཟང་པ་དེ་ནི་འོ་སྐོལ་བོད་ལ་བཀའ་དྲིན་ཆེ་བ་གཅིག་ཡིན་པས་དེ་ལ་ངེས་པར་དུ་ཆོས་སྟོན། པོ་ཏིའི་རྒྱུན་མ་ཆད་པར་མཛོད་གསུངས་ནས་མི་སྣང་བར་བྱས་སོ། །ཕྱི་ཉིན་ཞང་སྟོན་པས་བྱང་བཟང་པར་གདམས་པ་གནང་བར་ཞལ་གྱིས་བཞེས་ཏེ་དེ་ཉིན་རང་དཔོན་སློབ་གཉིས་འབྲོམ་གྱི་ཀློག་བསླབ་ས་དང་སེ་བཙུན་པ་ཐོག་མར་མཇལ། ས་གཞུའི་ཀུན་དགའ་ར་བར་བྱོན་ནས་ཞག་བཞིའི་རིང་ཐིག་ལེ་བསྡུས་པའི་སྒྲུབ་པ་མཛད། དེ་ནས་རྩ་སྒྱེ་མོར་ཐིག་ལེའི་སྒྲུབ་པ་ཞག་བཅུ་དྲུག་མཛད། ཉམས་རྟོགས་གཟིགས་སྣང་ཡང་མང་པོ་བྱུང་། དེ་ལྟར་བླ་མ་ཞང་སྟོན་པ་ལོ་ངོ་ཧྲིལ་པོ་དགུ་ཙམ་བསྟེན་ནས་བཀའ་གདམས་ཀྱི་ཆོས་བཀའ་རྣམས་རྫོགས་པར་གསན། རང་ལོ་སོ་བདུན་ལོན་པའི་ཚེ་བླ་མ་རིན་པོ་ཆེ་ཞིང་དུ་གཤེགས་པས་དགོངས་རྫོགས་ཀྱི་བྱ་བ་རྣམས་ལེགས་པར་བསྒྲུབས། གྲྭ་ས་སྟབས་ཀ་ཡང་བསྐྱངས། བར་བར་དུ་རྭ་སྒྲེང་དང་སྣར་ཐང་བལ་ཡུལ་ཡེར་པ་སོགས་སུ་རྨི་ལམ་དུ་ལུང་བསྟན་པའི་གླེགས་བམ་གཏད་སའི་སློབ་མ་ནམ་མཁའ་རིན་ཆེན་ཁྲིད་དེ་ཐིག་ལེའི་སྒོམ་སྒྲུབ་ལ་གཞོལ། དེ་ནས་རྗེ་ཉིད་དགུང་གྲངས་བདུན་བཅུ་ལྷག་ཕེབས་པའི་རྟ་ལོའི་རྒྱལ་ཟླར་རྭ་སྒྲེང་དང་ཡེར་པར་བྱོན། ཚེས་བཅུའི་ཉིན་བར་ད་ནི་བདུན་ཚིགས་རན་ནོ་གསུངས་ཏེ་དཔོན་སློབ་གཉིས་ཐིག་ལེའི་སྒྲུབ་པ་མཛད། བཅོ་ལྔའི་ཉིན་བུ་བླ་མས་བྱིན་གྱིས་བརླབས་པའི་དུས་ཚིགས་ལགས། སྡོད་འདོད་ཀྱང་ཁྱེའུ་དཀར་པོ་འདི་ཀུན་མི་ཉན་པར་འདུག ཁྱོད་ཀྱིས་ཞག་གསུམ་མཐུད་ལ་སྒྲུབ་པ་མཛོད། བཅོ་བརྒྱད་ཉིན་དཀྱིལ་འཁོར་བསྡུས་ལ་ཁོ་བོའི་ལུས་འདི་སྤང་ལྗོངས་ཡ་གིར་སྐྱོལ། ད་དགའ་བཞིན་དུ་འཆི་བ་ཡིན་དྲི་བཟའ་གི་ཆུ་ཁྱེར་ཤོག་གསུངས་ནས་ཁྲུས་ལེགས་པར་མཛད་དེ། ཡན་ལག་བདུན་པ་ཚང་བར་ཕུལ་ནས། ནམ་མཁའ་རིན་ཆེན་ནམ་མཁའི་མཐས་ཁྱབ་པའི།། སེམས་ཅན་རྣམས་ལ་རིན་ཆེན་ཐིག་ལེ་འདི།། ནམ་མཁའ་ལྟ་བུར་ཡངས་པར་སྟོན་པར་ཤོག ། ཅེས་སྨོན་ལམ་མང་དུ་མཛད། ང་ཡན་ཆོད་ཧ་ཅང་བཀའ་རྒྱ་དམ་པས་བཀའ་བརྒྱུད་མ་ཆད་ཙམ་ལས་མ་བྱུང་། ཁྱོད་ཀྱིས་སྣོད་ལ་བརྟག་པ་ནན་པོས་དགེ་སློང་གཙང་མ་བཅུ་དྲུག་རེས་ཐིག་ལེའི་སྒྲུབ་པ་བཤད་ཚོད་དང་མཐུན་པ་རེ་ཅིས་ཀྱང་མཛོད། སྣོད་ལྡན་མེད་ན་ཆིག་སྒྲུབ་མཛོད་ཅེས་སོགས་གདམས་ངག་ཟབ་མོ་ཡང་མང་ཙམ་གནང་། དེ་ནས་ངེད་དཔོན་སློབ་གཉིས་པོས་ཏིང་འཛིན་སྒོམ་གསུང་བཞིན་ཕྱི་ལོ་ (༡༢༧༠) ལྕགས་རྟ་ལོའི་རྒྱལ་ཟླའི་ཡར་ཚེས་བཅོ་ལྔའི་ཉིན་ཡེར་པར་མྱ་ངན་ལས་འདས་སོ། །ནམ་རིིན་གྱིས་ཞག་གསུམ་སྒྲུབ་པ་མཛད་ནས་སྤུར་གྱི་དྲུང་དུ་གསོལ་བ་བཏབས་པས། གདུང་འོད་དཀར་པོ་ཞིག་གིས་བཏུམས། དྲི་ཞིམ་ཕུན་སུམ་ཚོགས་པའང་ལྡང་། མིག་མཆི་མས་གང་བས་སྤུར་མ་མཇལ་ལོ། །ཕྱི་ཉིན་ནང་པར་བལྟ་བར་ཕྱིན་པས་ཤུལ་ཙམ་ཡང་མི་མངོན་ནོ། །གང་སར་བཙལ་བས་མ་གི་ལྷ་རིའི་ལྟེབས་ཀྱི་ཇོ་བོའི་བཞུགས་ཁྲིའི་མདུན་དུ་འཇའ་འོད་དཀར་པོ་ཅིག་ཟུག་ནས་འདུག བལྟར་ཕྱིན་པས། མེ་ཏོག་སྐྱ་ཐིལ་བ་ཆེན་པོ་ཞིག་གི་དཀྱིལ་ན་ཚེམས་ཉེར་བརྒྱད་སྤུངས་ནས་འདུག རིང་སྲེལ་ཁ་དོག་སྣ་ཚོགས་པ་མང་པོའང་ཕྲོམ་མེར་འདུག དབྱིབས་ལ་བརྟགས་པས་ལྷ་བཞིའི་སྐུ་གསལ་བར་དོད། རྟེན་བྱོན་པ་ལ་དེ་འདྲ་བའི་རང་བྱོན་མཐོང་བ་མེད་ཅེས་ནམ་རིན་གསུངས། རྟེན་རྣམས་གཟུངས་སུ་བཞུགས་པའི་སྐུ་འབུམ་ཆུང་ངུ་ཞིག་ནམ་རིན་གྱིས་གཙོས་བུ་སློབ་ཚོས་སྟབས་ཀར་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་བཞེངས་སོ། །
སྟབས་ཀ་བ་ནམ་མཁའ་རིན་ཆེན་གྱི་རྣམ་ཐར།
སྟབས་ཀ་བ་བྱང་ཆུབ་བཟང་པོའི་ཐུགས་སྲས་ནམ་མཁའ་རིན་ཆེན་ནི་ཕྱི་ལོ་ (༡༢༡༤) ཤིང་ཁྱི་ལོར་ཡབ་འབྲོམ་དཀོན་མཆོག་རྒྱལ་མཚན་གྱི་སྲས་སུ་ཀླུང་ཤོད་དུ་འཁྲུངས། དགུང་ལོ་དགུར་སོན་ཚེ་ཀློག་མཁས་པར་གྱུར། ལོ་དེར་འོད་འཇོ་རུ་སློབ་དཔོན་གཡུ་ལུང་པའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བླངས། དགུང་གྲངས་བཅུ་གཉིས་སློབ་དཔོན་དཔོན་བཙུན་པའི་དྲུང་ནས་སུམ་རྟགས་སོགས་གསན། ཀློག་མཁས་པས་ཡུལ་ལུང་དེ་བརྒྱུད་དུ་མཆོད་གནས་ཀྱང་ཡུན་རིང་མཛད། ཉི་ཤུ་རྩ་གཅིག་ལ་མཁན་པོ་གུར་གྱི་དྲུང་ནས་དགེ་ཚུལ་དང་བསྙེན་རྫོགས་ཀྱི་སྡོམ་པ་བླངས། དེ་ནས་ལོ་ན་སུམ་ཅུའི་བར་སློབ་དཔོན་དེ་ཉིད་ཀྱི་གམ་ནས་ཕར་ཕྱིན་དང་སྤྱོད་འཇུག་སོགས་བཀའ་གདམས་ཀྱི་གཞུང་ལུགས་མང་དག་ཅིག་གསན་སྦྱོང་མཛད། ཕོད་མདོ་དང་ཉེ་བའི་གཞུ་མཁན་གདོང་ཅེས་པར་ཐུགས་དམ་མཛད་ཅིང་བཞུགས་ཙ་ན། སློབ་དཔོན་བྱང་ཆུབ་བཟང་པོ་བྱོན་ནས་ངའི་རྨི་ལམ་དུ་བྱུང་བའི་བཙུན་ཆུང་རྣ་བ་ལ་བུག་པ་ཆེན་པོ་ཡོད་བྱས་པ་དེ་འདིར་འདུག (དེ་ཡང་ཆུང་ཤེས་རབ་འཕེལ་སླད་དུ་གཡུ་རྣ་བཀྲོལ་ནས་གཟུངས་ཀྱི་ཤོག་དྲིལ་རྣ་བུག་ཏུ་བརྫངས་ཡོད་འདུག) ངེད་ཅག་བཀའ་གདམས་པ་ཅེས་པ་ཕྱག་རྒྱ་བའི་རྣ་བ་འདྲ་བ་བྱས་པས་ག་ན་འོང་གསུངས་པས་མོས་གུས་ཆེན་པོ་སྐྱེས་ཏེ་ཕྱག་བཙལ། གདམས་པ་གནང་བར་གསོལ་བས་ཞལ་གྱིས་བཞེས། དེ་འཕྲལ་ཕོད་མདོ་དང་གཙང་པ་ལྷ་ཁང་ནས་སྔ་ཕྱིར་རྩམ་པ་སོགས་ཡོ་བྱད་རྣམས་བླངས། ཡབ་དཀོན་རྒྱན་གྱིས་གཡོག་མཛད་དེ་ཞག་བཅུ་དྲུག་རིང་ཐིག་ལེའི་སྒྲུབ་པ་མཛད། དེ་ནས་སྟབས་ཀ་དང་ལྷ་ས། སྣར་ཐང་། ཡེར་པ། བལ་ཡུལ་སོགས་སུ་དཔོན་སློབ་ལྷན་དུ་སྒོམ་སྒྲུབ་ཏུ་གཞོལ། མདོར་ན་རང་ལོ་སུམ་ཅུ་ནས་ང་བདུན་བར་སློབ་དཔོན་བྱང་བཟང་བསྟེན་ཏེ་བཀའ་གདམས་ཀྱི་ཆོས་གཞུང་སྤྱི་དང་ལྷག་པར་གླེགས་བམ་ཆ་ཚང་ལན་གཉིས་ཙམ་གསན། དེའི་བར་དུ་ཕ་བུའི་འདུ་ཤེས་ལས་འདའ་མ་མྱོང་གསུངས། དེ་ནས་ཕྱི་ལོ་ ༡༢༧༠ ལྕགས་རྟ་ལོར་སློབ་དཔོན་རིན་པོ་ཆེ་དགོངས་པ་གཤེགས། དགོངས་རྫོགས་ཀྱི་བྱ་བ་རྣམས་ལེགས་པར་བསྒྲུབས་ཏེ་གདན་ས་སྟབས་ཀ་བསྐྱངས། ཐུགས་སྲས་འབྲོམ་ཀུ་མཱ་ར་མ་ཏི་སོགས་ལ་ཐིག་ལེའི་གདམས་པ་རྣམས་ཀྱིས་མཚོན་བཀའ་གདམས་ཀྱི་ཆོས་གཞུང་རྣམས་ལེགས་པར་གཏད། དེ་ནས་སྔར་སློབ་དཔོན་བྱང་བཟང་གིས་འཐེང་ཀྱོག་ཀྱོག་མི་ཚེ་སྟོང་ཟད་མ་གཏོང་ཞེས་ལུང་བསྟན་པ་བཞིན་ཞབས་མི་བདེ་བར་གྱུར་ནས་མྱ་ངན་ལས་མ་འདས་པའི་བར་དུ་སྟབས་ཀ་རང་དུ་འཐེང་ཀྱོག་ཀྱོག་ངང་བཞུགས། བར་མཚམས་དེར་ངར་པ་འབྲི་གུང་པ་དང་འཁོན་རྐྱེན་གྱིས་འབྲི་གུང་པའི་དམག་གིས་སྟབས་ཀ་དགོན་ཡང་བཅོམ་སྟེ་རེ་ཧྲུལ་ལེར་བཏང་། དེ་རྗེས་ཉིད་ཀྱིས་དགོན་པའི་གཙོ་གནད་ཕལ་ཆེ་བ་ཉམས་གསོ་བསྐྱར་བཞེངས་མཛད་ཀྱང་གྲྭ་ཤག་མང་ཆེ་བ་གསོ་མ་ཐུབ་པས་གྱང་ཧྲུལ་རྒྱ་ཆེན་པོ་འདིའི་གསེབ་ཏུ་ལུས་ཏེ་ཆོས་འདིའི་བདག་པོ་འོང་ཙམ་བྱུང་བ་ཡིན་གསུངས། མངོན་ཤེས་ཀྱང་མངའ་བར་འདུག་སྟེ། འབྲི་གུང་པས་མ་བཅོམ་པའི་སྔོན་ཙམ་ན་ཁོང་གིས། དགོན་པ་འདི་ཧྲལ་ཧྲུལ་གོག་གེ་བ་གཅིག་དང་འབུམ་པའི་གསེར་ཏོག་ཡང་མི་འདུག་གསུངས། ཡང་ལན་གཅིག་འབྲོམ་ལ། བསྐོར་བ་པ་འཕྱོར་མོ་འགའ་ཞིག་འདུག གཙང་པ་ལ་ཁང་པ་ལགས་སམ་གསུངས། འབྲོམ་གྱིས་ཅང་མི་འདུག་ཞུས་པས། བསྟན་མ་ཀུན་བསྐོར་བ་བྱེད་ཀྱིན་འདུག་གསུངས། དེ་ལ་སོགས་པ་མང་ངོ་། དགུང་གྲངས་དོན་གསུམ་བཞེས་པ་ཕྱི་ལོ་ ༡༢༨༦ མེ་ཁྱི་ལོར་ཐིག་ལེའི་སྒྲུབ་པ་མཛད་པའི་སྐབས་གཅིག་ལ་ཉིད་ཀྱི་དབོན་པོ་དར་གཞོན་ལ་ནམ་མཁར་འཇའ་ཚོན་ཨེ་འདུག་གསུངས། མང་པོ་འདུག་ཞུས་པས། འོ་ན་དོ་ཞག་ལྷ་རྣམས་ཀྱིས་བན་རྒན་སྤྱན་འདྲེན་པའི་རྟགས་ཡིན་གསུངས་ནས་བཞད་ཀྱིན་འདུག ཤུལ་གྱི་ཡོ་བྱད་འདི་རྣམས་ཀྱིས་ཇོ་སྟན་པ་རྣམས་ལ་བདེ་གཤེགས་བརྒྱད་ཀྱི་མཆོད་པ་ཅིག་ཞུ། འཕགས་པ་བྱང་ཆུབ་བློ་བཟང་མ་ཎི་བགྲང་ལ་ཤོག་གསུངས། འཕགས་པ་བྱང་བློ་བཤུམ་བཞིན་དུ་གམ་དུ་བྱོན་པས། སློབ་དཔོན་ནས་འོ་སྐོལ་གཉིས་བཀའ་གདམས་པའི་སློབ་དཔོན་ཡིན་པས་ཅི་ལ་ངུ་། དགའ་བ་སྒོམ་ཞིང་གཙང་སྦྲ་འཁྲུད་ཀྱི་རྣལ་འབྱོར་མཛོད་ཅེས་གསུངས། དེ་ནས་འཕགས་པ་དང་དགེ་བཤེས་རྒྱ་ཕུ་བ། དར་ཡུལ་དང་དར་རྒྱས་བཞེས་རིམ་བཞིན་ཐིག་ལེའི་དཀྱིལ་འཁོར་གྱི་ཤར་ལྷོ་ནུབ་བྱང་སོ་སོའི་གཟུངས་ཐག་འཐེན་ནས་ཚེས་བཅུ་གཉིས་ནས་བཟུང་ཉི་ཤུ་གསུམ་བར་མཛད་མུས་དེར་ཁོང་གི་ཞལ་ནས། ངས་ནམ་ལངས་ཙ་ན་ང་ནམ་མཁའ་རིིན་ཆེན་འགྲོ། ཁྱེད་བསྙེས་པ་བ་བཞིས་སློབ་དཔོན་ཞང་སྟོན་པ་སྐྱལ་ས་ཡ་གིར་སྐྱོལ་ཅེས་དང་། དེ་མིན་བྱང་བློ་སོགས་ལ་གསུང་གླེང་མང་དུ་མཛད་བཞིན་པའི་ཕྱི་ཉིན་ཐོ་རངས་སུ་འཇམ་ལྷན་ནེར་སྟབས་ཀ་ཉིད་དུ་སྐུ་གཤེགས་སོ། །དེ་ནས་བུ་སློབ་ཚོས་སྤུར་སྤང་ལྗོངས་ལ་བཞག་པ་དང་དུས་མཉམ་དུ་འཇའ་ཚོན་གྱིས་སྤུར་གཏུམས་ནས་དེ་ན་ཡོད་པ་ཚང་མས་སྐུ་གདུང་མ་མཇལ་ལོ། །དེར་བསྐོར་བ་དང་མཆོད་འབུལ་མཛད། ཞག་གཉིས་ནས་མཇལ་བར་ཕྱིན་པས་དབུ་ཐོད་དང་ཕྱག་ཞབས་ཀྱི་རུས་པ་འདྲ་འདུག་པ་རྣམས་སྤྱན་དྲངས་ཏེ་དགེ་བཤེས་རྒྱ་ཕུ་བས་བཞུ་བས་རིང་བསྲེལ་སྐྱ་པུ་རུ་རུ་བྱུང་བ་བསྡོམས་པས་ཏིང་ཙམ་བྱུང་ནས་སློབ་མ་རྣམས་ལ་བཀྱེད། འབྲོམ་སྟོན་གྱི་སྐལ་བ་ལས་རིང་བསྲེལ་བཅུ་བདུན་བྱུང་ནས་གདུང་རྟེན་ཆུང་ངུ་ཞིག་བཞེངས་པ་ཕྱིས་ཁྲ་བ་ཁར་ལུས་སོ། །དབུ་ཐོད་དུ་ཐིག་ལེའི་དཀྱིལ་འཁོར་སྒོ་བཞི་པ་ཞིག་དང་ཕྱག་རུས་ལ་ཐུགས་རྗེ་ཆེན་པོ་དང་ཞབས་རུས་ལ་མི་གཡོ་བའི་སྐུ་བཅས་བྱོན། རྟེན་དེ་རྣམས་དང་ཉིད་ཀྱི་ཞལ་ཆེམས་བཞིན་རྔོག་ནས་བརྒྱུད་པའི་གླེགས་བམ་རིན་པོ་ཆེ་གཟུངས་སུ་བྱས་པའི་ས་འབུམ་མཆོད་རྟེན་ཞིག་བུ་སློབ་ཚོས་མི་རིང་བར་སྟབས་ཀ་རང་དུ་བཞེངས་སོ། །
སྟག་ལུང་ཁྲི་རབས་བརྒྱད་པ་ཀུན་སྤངས་ནམ་མཁའ་དཔལ་དབྱངས།
ཀུན་སྤངས་ནམ་མཁའ་དཔལ་དབྱངས་ནི། འཕན་ཡུལ་རིག་པའི་འབྱུང་གནས་ཀྱི་ས་ཆ་དར་ཡུལ་དུ་ཡབ་ག་ཟི་ཡོན་བདག་ཡེ་ཤེས་རིན་ཆེན་དང་། ཡུམ་ཕྱུག་མོ་དཔལ་ལེའི་སྲས་སུ་རབ་བྱུང་དྲུག་པའི་ཆུ་བྱ་ (༡༣༣༣) ལོར་འཁྲུངས་པ་དེ་སྟག་ལུང་གི་ཆོས་རྗེ་དབུས་སུ་འཁྲུངས་པ་དང་པོ་ཡིན་ཞིང་དར་ཡུལ་སྟེང་ཁང་སོགས་སུ་སྟག་ལུང་སྡེ་པ་ཞེས་པ་ག་ཟིའི་གདུང་རབས་གཞི་རྟེན་ཆགས་པའི་ཐོག་མའང་ཡིན། <བརྟག་གཉིས་ཀྱི་ཊཱིག་མཆན།>>དང་།<<སྦྱོར་དྲུག་གི་ཁྲིད་ཡིག་ངོ་སྤྲོད་>>སོགས་གསུང་རྩོམ་མང་པོ་ཡོད། ས་ལུག་ ( ༡༣༧༩) ལོར་སྐུ་གཤེགས།
རྒྱལ་དབང་བཀྲིས་དཔལ་བརྩེགས།
སྟག་ལུང་གི་ཁྲི་རབས་དགུ་པ་བཀྲིས་དཔལ་བརྩེགས་ནི་དར་ཡུལ་སྟེང་ཁང་དུ་ཡབ་ཡོན་བདག་ཆེན་པོ་ཀུན་དགའ་ཡེ་ཤེས་དང་། ཡུམ་འཇམ་དཔལ་སྐྱིད་ལ་སྲས་གཉིས་འཁྲུངས་པའི་གཅེན་དུ་ས་ཕག་ (༡༣༥༩) ལོར་སྐུ་འཁྲུངས། དགུང་ལོ་བཞི་ལྔ་ཙམ་ནས་དགེ་བའི་བཤེས་གཉེན་རིན་ཆེན་དཔལ་བ་བསྟེན་ནས་སྐུ་ཡོན་གསན་སྦྱོང་མཛད། དགུང་ལོ་བདུན་ལ་སོན་སྐབས་ཆོས་རྗེ་ནམ་མཁའ་དཔལ་བཟང་ལས་རབ་ཏུ་བྱུང་། མཚན་བཀྲིས་དཔལ་བརྩེགས་ཉི་མའི་དབང་པོ་བསྲུང་བའི་གོ་ཆ་ཞེས་གསོལ། རིན་པོ་ཆེ་གོང་མའི་དྲུང་ནས་དུས་འཁོར་དང་། ན་རོ་ཆོས་དྲུག་སོགས་ཆོས་མང་དུ་གསན་ཞིང་ཉམས་བཞེས་མཛད། དགུང་ལོ་བཅོ་བརྒྱད་ལ་སྟག་ལུང་གི་ཁྲིར་ཕེབས། དགུང་ལོ་ཉི་ཤུ་ལ་ཕེབས་སྐབས་ལྷ་སའི་ཇོ་བོའི་སྐུ་མདུན་དུ་ལོ་ཆེན་བྱང་ཆུབ་རྩེ་མོས་མཁན་པོ་མཛད་དེ་བསྙེན་པར་རྫོགས། ཀུན་སྤངས་ནམ་མཁའ་དཔལ་དབྱངས་ཀྱི་གདུང་རྟེན་སོགས་རྟེན་བཞེངས་དཔགས་མེད་མཛད། ཕག་གྲུའི་དཔུང་ཆེན་འཕན་ཡུལ་དུ་བླུགས་ཏེ་རྒྱ་མ་བ་ལ་བཀའ་བཀྱོན། རྒྱ་མའི་རྒྱབ་འབྲི་གུང་པས་བྱས་ནས་དུས་ཟིང་ཆེན་པོ་ལངས་པར་ཐུགས་ཀྱིས་མ་བཟོད་པར་གནང་སྦྱིན་རྒྱ་ཆེན་པོ་དང་བཅས་བར་འདུམ་གནང་བ་དང་། རྫོང་ཇི་རྒྱལ་མཚན་བཟང་པོས་བཙན་དུག་མི་ཁུར་ལྔ་བརྒྱ་རྫོང་རྙིང་གི་མཚོ་ལ་འདེབས་རྩིས་བྱེད་པའང་བཀའ་ལུང་གིས་བཟློག་སོགས་གནང་། ཆོས་འཁོར་དཔག་མེད་བསྐོར་བ་དང་། བཅའ་ཁྲིམས་རྣམས་ཀྱང་སྔོན་ལས་ཞིབ་ཅིང་དམ་པར་མཛད། ཐེག་རྟེན་རྙིང་ཁག་ལ་མཆོད་འབུལ། སྟག་ལུང་ལྡེབས་བྲིས་ཉམས་གསོ་སོགས་མཛད། འཕན་ཡུལ་དུ་འབྲི་རྒྱ་བྲག་སྣེལ་གྱིས་དམག་ཡོང་བར་ངོ་ཕེབས་ཀྱིས་ཞི་འཇགས་མཛད། དབང་གྲགས་པ་རྒྱལ་མཚན་གྱིས་སྣེ་གདོང་དུ་གདན་དྲངས་ཞབས་ཏོག་ཕུན་སུམ་ཚོགས་པ་ཞུས། སྟག་ལུང་དུ་ཕེབས་ནས་འབྲི་གུང་དང་རོང་བོའི་འདུམ་མཛད། སྟག་ལུང་ས་ཡོམས་ཀྱི་གནོད་པ་བྱུང་བ་རྣམས་དབྱར་ཐོག་གཅིག་ལ་ཞིག་གསོ་གྲུབ། ཧུའུ་ཏཱ་ཞི་དྲག་གི་འགོ་བྱས་པའི་གསེར་ཡིག་པའི་གདོང་གོང་མའི་གནང་སྐྱེལ་འབྱོར། རྗེ་འདིའི་མཛད་པ་ངོ་མཚར་ཅན་དུ་མ་ཡོད། དགུང་ལོ་དྲུག་ཅུ་རེ་དགུའི་སྟེང་སྐུ་གཤེགས།
ཁྲི་རབས་བཅུ་གཅིག་པ། བཀྲིས་དཔལ་འོད་ཟེར་བཟང་པོ།
བཀྲིས་དཔལ་འོད་ཟེར་བཟང་པོ་ནི། དར་ཡུལ་བྱེ་མ་གཞིས་ཀར་ཡབ་ག་ཟི་རིན་ཆེན་རྒྱལ་མཚན་དང་། ཡུམ་མི་ཉག་གཟའ་ནུ་འདྲེན་གྱི་སྲས་སུ་རབ་བྱུང་བདུན་པའི་ས་བྱི་ (༡༩༠༨) ལོར་སྐུ་བལྟམས། འཕན་ཡུལ་དུ་རིན་ཆེན་གྲགས་ཀྱི་དགོན་པ་རྟེན་དང་རྟེན་པར་བཅས་པ་གསར་དུ་བཞེངས་ཏེ་རབ་བྱུང་བརྒྱད་པའི་ལྕགས་འབྲུག་ (༡༤༦༠) ལོར་སྐུ་གཤེགས།
ཁྲི་རབས་གཉིས་པ་ཀུན་མཁྱེན་ངག་གི་དབང་ཕྱུག་གྲགས་པ་དཔལ་བཟང་པོ།
ཀུན་མཁྱེན་ངག་གི་དབང་ཕྱུག་གྲགས་པ་དཔལ་བཟང་པོ་ནི། ཡུལ་བྱེ་མ་གཞིས་ཀ་རུ་ཡབ་ག་ཟི་རིན་ཆེན་རྒྱལ་མཚན་དང་། ཡུམ་མི་ཉག་གཟའ་ནུ་འདྲེན་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ས་ཁྱི་ (༡༤༡༨) ལོར་འཁྲུངས། རབ་ཏུ་བྱུང་བའི་མཚན་ནམ་མཁའ་བཀྲིས་བྱང་ཆུབ་རྒྱལ་མཚན་དཔལ་བཟང་པོ་གསོལ། སྟག་ལུང་གི་ཁྲིར་འཁོད། ཤིང་གླང་ (༡༤༤༥) ལོར་སྟག་ལུང་དུ་དུས་ཀྱི་འཁོར་ལོས་གཙོས་དཀྱིལ་འཁོར་བཅུ་གསུམ་གྱི་སྒྲུབ་མཆོད་ཆེན་མོ་བཙུགས། གྲུབ་ཆེན་གཡུལ་རྒྱལ་དཔལ་འབར་དང་། དེ་ཉིད་འདུས་པ་པོ་ཏི་བརྒྱད་ལོངས་པ་གསེར་བྲིས་སུ་བཞེངས། འབྲི་གུང་པའི་དམག་ཕོད་མདོར་ཡོང་བ་ལ་ནང་འགྲོ་རུ་བག་ཚ་མེད་པར་དབུགས་དབྱུངས། སྟག་ལུང་སྡེ་པ་མ་སང་ཚེ་དབང་གྲགས་པ་དཔུང་དམག་ཉུང་ཤས་ཤིག་གིས་ཕ་རོལ་གྱི་དཔུང་ཆེན་པོ་ཚར་བཅད། རྒྱ་དཔེ་བསྒྱུར་བའི་ཞུས་ཆེན་མཛད་པ་དང་བཀའ་རྩོམ་ཡང་པོད་ཆེན་བརྒྱ་ཕྲག་ལས་བརྒལ་ཏེ་རྟག་ཏུ་འཆད་ཉན་རྩོམ་གསུམ་གྱི་དུས་འདའ་ཞིང་ཐང་འབྲོག་ཏུ་དགེ་འཕེལ་ཆོས་རྫོང་གསར་དུ་བརྩེགས། གུང་པ་སྟེང་འཁོར་མངའ་ཞབས་སུ་འདུས།
ཁྲི་རབས་བཅུ་དགུ་པ། རྗེ་བཙུན་ངག་དབང་རྣམ་རྒྱལ།
རྗེ་བཙུན་ངག་དབང་རྣམ་རྒྱལ་ལམ་དཔལ་ལྡན་ངག་དབང་ཆོས་ཀྱི་ཉི་མ་འཇིག་མེད་བཟང་པོ་ནི། ཡབ་མི་དབང་ག་ཟི་ཀུན་དགའ་རྒྱ་མཚོ་དང་། ཡུམ་འབྲི་གུང་སྐྱུ་ར་རིན་ཆེན་ཕུན་ཚོགས་ཀྱི་སྲས་མོ་ཕུན་ཚོགས་བུ་འཁྲིད་ཀྱི་སྲས་སུ་རིན་ཆེན་བྲག་ཏུ་ལྷུམས་སུ་ཞུགས། རབ་བྱུང་བཅུ་པའི་ལྕགས་ལུག་ (༡༥༧༡) ལོར་ལྷུན་གྲུབ་རྫོང་དུ་སྐུ་འཁྲུངས། མཚན་ལ་བཀྲིས་སྟོབས་རྒྱལ་ཞེས་བཏགས། རབ་ཏུ་བྱུང་བར་མཚན་ངག་དབང་རྣམ་རྒྱལ་ཀུན་དགའ་རིན་ཆེན་གསོལ། རྭ་སྒྲེང་སྡེ་དགོན་ཐེམ་པ་ལྔ་བརྒྱ་ཙམ་མངའ་འོག་ཏུ་འདུས། ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་པ་སོག་ཡུལ་ནས་ཕེབས་པར་ཇ་འདྲེན་དང་མཇལ་འཕྲད་གནང་། (༡༦༡༩) ལོར་སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ་བརྩམས། ས་ལུག་ (༡༦༡༩) ལོར་དབུས་སུ་གཙང་པ་སྡེ་སྲིད་ཀྱིས་སྡེ་གཟར་བསླངས་ནས་སེ་འབྲས་སུ་གླིང་ལོག་བྱུང་བར་སེ་འབྲས་ཀྱི་གྲྭ་པ་དགེ་བཤེས་མང་ཆེ་བར་ཆོས་རྫོང་དང་། འོད་འཇོར་བསྙེན་བཀུར་སྣེ་ལེན་ཟླ་དྲུག་ལྷག་གནང་། མདོ་སྔགས་རིག་གནས་ཀྱི་བཀའ་རྩོམ་པོད་བཅུ་གསུམ་ཡོད། མེ་སྟག་ (༡༦༢༦) ལོར་སྐུ་གཤེགས།
ཁྲི་རབས་ཉེར་གཉིས་པ། རྫོང་ཞབས་དྲུང་རྣམ་རྒྱལ་ལེགས་གྲུབ་ནི།
ག་ཟིའི་གདུང་ལས་འཁྲུངས་ཤིང་། རབ་བསྙེན་བསྒྲུབས། རབ་བྱུང་བཅུ་གཅིག་པའི་མེ་བྱ་ (༡༦༥༧) ལོར་སྟག་ལུང་གི་ཁྲིར་འཁོད། དགོན་པར་ནང་རྩོད་བྱུང་བས་ས་བྱ་ (༡༦༦༩) ལོར་ཁྲི་ལས་ཟུར་ནས་ཆོས་རྫོང་དུ་བཞུགས་པས་མཚན་དུའང་རྫོང་ཞབས་དྲུང་དུ་གྲགས། འོད་འཇོ་བ་ཞབས་དྲུང་བཀྲིས་ཆོས་རྒྱལ་སྟག་ལུང་གི་ཁྲི་ལ་ལོ་བཅུ་བཞུགས་པ་ལ་རྫོང་ཞབས་དྲུང་གི་ཐུགས་སྣ་བྱུར་གྱིས་དེད་ནས་ནང་ཁུལ་ཟློས་གཞི་ཆེན་པོས་ཁྲི་ལས་བབས་ཏེ་ས་ལུག་ (༡༦༢༩) ལོར་སྡེ་པ་གཞུང་གིས་སྡེ་དགོན་གཞུང་བཞེས་བཏང།
ཁྲི་རབས་ཉེར་གསུམ་པ། འོད་འཇོ་བ་ཞབས་དྲུང་བཀྲིས་ཆོས་ཀྱི་རྒྱལ་པོ།
འོད་འཇོ་བ་ཞབས་དྲུང་ཆོས་ཀྱི་རྒྱལ་པོ་ནི། རབ་བྱུང་བཅུ་གཅིག་པའི་ལྕགས་བྱི་ (༡༦༦༠) ལོར་ཡབ་ག་ཟིའི་གདུང་ལས་འཁྲུངས་ཤིང་། གོང་ས་ལྔ་ལས་དགེ་ཚུལ་སློང་བསྒྲུབས་པས་མཚན་ཀུན་དགའ་བསོད་ནམས་མཆོག་གྲུབ་གསོལ། ས་བྱ་ (༡༦༦༩) ལོ་ནས། ས་ལུག་ (༡༦༧༩) ལོ་བར་སྟག་ལུང་གི་ཁྲིར་བཞུགས། དབོན་བགྲེས་པོ་རྫོང་ཞབས་དྲུང་གི་ཐུགས་སྣ་འདོན་གྱིས་ཟིན་ནས་གཞུང་སར་ཞུ་གཏུགས་ཀྱིས་ཁྲི་ལས་ཕབ་སྟེ་འོད་འཇོར་བཞུགས་པའི་མཚན་ཡང་འོད་འཇོ་ཞབས་དྲུང་དུ་གྲགས། ཞལ་ངོ་ནང་མ་གཤིན་པའི་རྐྱེན་གྱིས་སྟག་ལུང་གི་ལུགས་གཉིས་ཀྱི་མངའ་ཐང་རྣམས་ས་ལུག་ (༡༦༧༩) ལོར་གཞུང་བཞེས་ཀྱིས་རབ་བྱུང་བཅུ་གཉིས་པའི་ལྕགས་བྱ་ (༡༧༤༡) ལོ་བར་ལོ་བཞི་བཅུ་ཞེ་གཉིས་རིང་སེར་བྱེས་གྲྭ་ཚང་ནས་ཁ་འཛིན་མཁན་ཐོག་རེ་གཉིས་བྱས་ཀྱང་བདག་སྐྱོང་མེད་པས་གོག་ཧྲུལ་དུ་གྱུར། དེ་ནས་བཟུང་ག་ཟིའི་གདུང་རྒྱུད་ལས་བྱུང་བའི་སྟག་ལུང་གི་ཁྲི་པའི་རྒྱུན་ཆད་པ་དང་། སྟག་ལུང་སྡེ་པ་ཞེས་དར་སྤྲས་རོང་གསུམ་བཅས་ལ་དབང་བསྒྱུར་བའི་སྲིད་དབང་དེ་ཉིད་ཀྱང་ལྷ་སའི་ཉེ་འདབས་ཀྱི་སྡེ་པ་རག་པ་སྟོངས་ཤུལ་གྱི་གཞིས་ཀར་གནས་འཕོས་ནས་རིམ་བཞིན་གཞུང་སའི་རུ་དཔོན་བྱས་པའི་བྱས་རྗེས་སུ་ལྷོ་མདོ་མཁར་གྱི་གཞིས་ཀ་སྤྲད་རྗེས་སུ་སྡེ་དཔོན་མདོ་མཁར་བའམ་ར་ཁ་ཤག་ཅེས་གྲགས་སོ། །བར་དེར་ཆོས་རྒྱུད་འཛིན་པའི་སྤྲུལ་སྐུ་དང་། གདུང་རྒྱུད་ཀྱི་སྲས་ཞབས་དྲུང་ཁ་ཤས་བྱུང་བ་ནི། མཆོག་སྤྲུལ་བཀྲིས་འཇམ་དཔལ་རྒྱ་མཚོ་ནིལྷོ་མོན་གྱི་ཡུལ་ཆེ་བྲག་ཅེས་པར་འཁྲུངས་ལ་ཞབས་དྲུང་མ་ཆེན་བཀྲིས་དཔལ་གྲུབ་ཀྱི་སྐུ་སྐྱེར་གྲགས། ག་ཟིའི་གདུང་རྒྱུད་ནི་མ་ཡིན། སྟག་ལུང་གི་ཁྲི་ལ་བཞུགས་མེད།
ཁྲི་རབས་ཉི་ཤུ་རྩ་བཞི་པ། རྗེ་བཙུན་བསྟན་འཛིན་རྣམ་རྒྱལ།
རྗེ་བཙུན་བསྟན་འཛིན་རྣམ་རྒྱལ་འོད་འཇོ་ཞབས་དྲུང་གི་སྐུ་སྐྱེར་གྲགས་ཤིང་འཕན་ཡུལ་རྒྱ་གྲོང་གི་སྔགས་རྒྱུད་ཅིག་ཏུ་འཁྲུངས། ཁམས་རི་བོ་ཆེར་ལན་གསུམ་ཕེབས་ཏེ་རབ་བསྙེན་བསྒྲུབས། ཞབས་དྲུང་འཕགས་མཆོག་ངག་དབང་གྲགས་པ་སོགས་བླ་ཁག་བཞི་ཙམ་ནས་ཆོས་ཚུལ་མཐའ་ཡས་པ་གསན། རེའུ་ལུང་དཔལ་རི་ཕུག་ཏུ་ལོ་བཅུ་གསུམ་དཀའ་སྤྱད་འབད་པའི་མཚམས་བཅད་གནང་། རབ་བྱུང་བཅུ་གཉིས་པའི་ལྕགས་བྱ་ (༡༧༤༡) ལོར་ཐབས་མཁས་ཀྱི་སྒོ་ནས་སེར་བྱེས་གྲྭ་ཚང་ནས་མཁན་ས་བོགས་མར་བླངས་ཤིང་། སྟག་ལུང་གི་ཁྲིར་སླར་འཁོད་ནས་འཕན་པོའི་ཆོས་གཞིས་བརྒྱད་དང་། དབུ་རུ་ལུང་འབྲོག་སྡེའི་རྨང་གཞིའི་ཐོག་བྱང་དུ་ཤེ་མ་ཁག་གསར་འཛུགས་ཀྱིས་སྟག་ལུང་བླ་བྲང་ཡང་ཚུགས་ཏེ་སྟག་ལུང་གི་མཆོད་ཁང་དམར་པོ་སོགས་ལྷ་ཁང་ཁག་གསར་བཞེངས་གནང་། གསུང་རྩོམ་པོད་གསུམ་ཡོད། ཆུ་ཕག་ (༡༧༤༣) ལོར་གཤེགས། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་རྗེ་བསྟན་འཛིན་རྣམ་རྒྱལ་ལ་ལམ་འདེགས་ཀྱི་སྲི་ཞུ་རྒྱ་ཆེ་ཞུས།
འབྲས་ཁྲི་ཤཱཀྱ་རིན་ཆེན།
འབྲས་སྤུངས་ཀྱི་ཁྲི་ཐོག་དྲུག་པ་ཉན་པོ་ཤཱཀྱ་རིན་ཆེན་ནི། འཕན་ཡུལ་དུ་སྐུ་འཁྲུངས་ཤིང་། ཉན་པོ་དགོན་པར་རབ་ཏུ་བྱུང་། རྒྱལ་ཚབ་རྗེ་དང་། འཇམ་དབྱངས་ཆོས་རྗེ་བླ་མར་བསྟེན་ནས་མདོ་སྔགས་རིག་གནས་ལ་མཁས་པར་སྦྱངས་། ཐོས་བསམ་གླིང་གི་འཆད་ཉན་པ་མཛད། སྟག་ལུང་ཆོས་རྗེ་བཀྲིས་ (འདི་ནས་མ་དཔེ་ལ་མི་གསལ།) ཞུས་ནས་འཕན་ཡུལ་སྤྲས་སུ་རིན་ཆེན་གྲགས་དགོན་པ་ཕྱག་བཏབ་པ་དང་། འབྲས་སྤུངས་ཀྱི་ཁྲི་པ་གནང་བ་སོགས་མཛད། འཇམ་དབྱངས་ཆོས་རྗེ་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་བར་ཁྲི་རབས་བཅུ་བཞི་བྱུང་ཞིང་། ཁྲི་རབས་བཅོ་ལྔ་པ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ནས་བཟུང་ཏཱ་ལའི་བླ་མ་སྐུ་ཕྲེང་ན་རིམ་གྱིས་འབྲས་སྤུངས་དང་། སེ་རའི་ཁྲི་པའི་མཚན་བཞེས་པ་ལས་སེ་འབྲས་སུ་ཁྲི་པ་ཟུར་དུ་བསྐོ་སྲོལ་མེད།
ཁྲི་ཆེན་དགེ་འདུན་བསྟན་པ་དར་རྒྱས།
དགའ་ལྡན་ཁྲི་ཐོག་ཉེར་གཉིས་པ་ཡིན། ཁོང་ནི་ཕྱི་ལོ་ (༡༤༩༣) རབ་བྱུང་བརྒྱད་པའི་ཆུ་གླང་ལོར་ཀླུང་ཤོད་དབུ་སྣར་འཁྲུངས། གསུང་རབ་ལ་སྦྱངས་པ་མཐིལ་ཕྱིན་མཛད་ནས་དགེ་བཤེས་ཆེན་པོར་གྱུར་ཏེ་མལ་གྲོ་ཆ་དཀར་གྱི་བླ་མ་མཛད་པ་ན་འབྲི་གུང་པའི་དམག་བྱུང་བས་བྲག་དབར་ (བར་པ་) དགོན་དུ་གནས་སྤོས་མཛད་དེ་མཁར་རྒྱ་དགོན་པའི་ཞལ་བདག་མཛད། བྱང་རྩེར་བྱོན་ནས་དགུང་ལོ་དོན་གསུམ་ཕྱི་ལོ་ (༡༥༦༥) རབ་བྱུང་དགུ་པའི་ཤིང་གླང་ལོར་དགའ་ལྡན་གྱི་གསེར་ཁྲིར་ཕེབས། དགུང་གྲངས་དོན་བདུན་ལ་སྐུ་གཤེགས། བར་པ་དགོན་དུ་གཅོད་གཞུང་སྐལ་ལྡན་འཇུག་ངོགས་ཀྱི་ཕྱག་སྲོལ་དང་། སེར་སྨད་གྲྭ་ཚང་དུ་འཆད་ཉན་བྱེད་བཞིན་པའི་དབུ་ཕར་གྱི་ཡིག་ཆ་སོགས་མཛད།
ཁྲི་ཆེན་ངག་དབང་ཆོས་ཀྱི་རྒྱལ་མཚན།
དགའ་ལྡན་ཁྲི་ཐོག་སོ་བཞི་པ་ངག་དབང་ཆོས་ཀྱི་རྒྱལ་མཚན་ནི། རབ་བྱུང་བཅུ་པའི་ཤང་ཕག་ (༡༥༧༥) ལོར་འཕན་པོའི་མདའ་ཡི་དེ་གོང་ཞེས་པར་སྐུ་འཁྲུངས། ཁྲི་ཐོག་བཅུ་དགུ་པ་ངག་དབང་ཆོས་གྲགས་ཀྱི་སྤྲུལ་སྐུ་ཡིན་པས་གསལ་ཁ་སྐུ་སྐྱེར་གྲགས། ཆོས་སྒོར་ཞུགས་ནས་གསུང་རབ་ལ་སྦྱང་པ་མཐར་ཕྱིན་གནང་སྟེ་རྒྱུད་སྨད་ཀྱི་འཆད་ཉན་པ་ནས་བྱང་རྩེ་ཆོས་རྗེ་དང་། རྒྱུད་སྨད་མཁན་པོ་སྦྲེལ་ནས་མཛད། རབ་བྱུང་བཅུ་གཅིག་པའི་མེ་ཡོས་ (༡༦༢༧) ལོར་དགའ་ལྡན་གསེར་ཁྲིར་ཕེབས་ནས་ལོ་ངོ་གསུམ་སོང་མཚམས་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན་ལ་བྱང་རྩེ་ཕུལ་ཏེ་རྗེ་ཙོང་ཁ་པའི་དངུལ་གདུང་སྟེང་གི་གསེར་ཐོག་ (རྒྱ་ཕིབས་) རྒྱ་བསྐྱེད་དགོས་ཚུལ་ཞུ་གནང་ལྟར་པན་ཆེན་རིན་པོ་ཆེས་རྒྱ་ལུགས་ཀྱི་གསེར་ཐོག་བཟོ་སྐྲུན་མཛད་པ་སོགས་བྱུང་།
མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ།
མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་ནི། རབ་བྱུང་བཅུ་གཉིས་པའི་མེ་གླང་ (༡༦༩༧) ལོར་བྱང་སྟག་ལུང་དུ་ཡབ་ངག་དབང་ཚངས་པ་དང་། ཡུམ་དང་དྲུང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དྲུག་ནས་ཡིག་རྩིས་སོགས་ལ་སྦྱངས། དགུང་ལོ་བཅོ་ལྔ་ནས་ལྷོ་ཁ་སྨིན་གྲོལ་གླིང་དུ་ལོ་ཆེན་དྷརྨ་ཤྲཱིའི་དྲུང་དུ་ཡིག་རིགས་སྣ་ཚོགས་དང་། སྙན་ངག རྩིས་རིག དབྱངས་ཅན་སྒྲ་མདོའི་རི་མོ་ཡོངས་རྫོགས། སྡེབ་སྦྱོར་བཅས་ལ་སྦྱང་པ་ཕུལ་ཕྱིན་གནང་བས་ཚངས་སྲས་དགྱེས་པའི་བློ་ལྡན་ཞེས་པའི་མཚན་གནང་། དགུང་ལོ་ཉེར་གཅིག་ནས་བཟུང་གཞིས་རྩེ་རྫོང་དཔོན་དང་། ལྕགས་རྩེ་གྲི་གུང་ རྫོང་དཔོན། གོང་དཀར་རྫོང་དཔོན། རྩིས་དཔོན། ཛ་སག་ཐའི་ཇིའི་གོ་གནས་དང་སྦྲགས་བཀའ་བློན་ལས་རོགས། བཀའ་བློན་སོགས་ཀྱི་འགན་བཞེས། རབ་བྱུང་བཅུ་གསུམ་པའི་ལྕགས་ལུག་ (༡༧༥༡) ལ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པས་བཀའ་ཤག་གསར་འཛུགས་གནང་སྐབས་ཀྱི་བཀའ་བློན་གྱི་གྲས་ཡིན་པ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་སྐུ་གཤེགས་རྗེས་གསེར་གདུང་བཞེངས་རྒྱུ་དང་། ཡང་སྲིད་རྩད་གཅོད་ཞུ་རྒྱུ་སོགས་ཀྱི་གཙོ་འགན་བཞེས་ཤིང་། རབ་བྱུང་བཅུ་གསུམ་པའི་ཆུ་ལུག་ (༡༧༦༣) ལ་དགུང་གྲངས་དྲུག་ཅུ་རེ་བདུན་སྟེང་སྐུ་གཤེགས། མདོ་མཁར་ཞབས་དྲུང་གི་གསུང་རྩོམ་ནང་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་དང་། མི་དབང་རྟོགས་བརྗོད། སྐད་གཉིས་ཤན་སྦྱར་ནོར་བུའི་དོ་ཤལ། ཆོས་རྒྱལ་ནོར་བཟང་གི་རྣམ་ཐར། རང་རྣམ་བཀའ་བློན་རྟོགས་བརྗོད་སོགས་ཡོད།
རྗེ་སྐལ་བཟང་དགེ་ལེགས་རྒྱ་མཚོ།
རྗེ་སྐལ་བཟང་དགེ་ལེགས་རྒྱ་མཚོ་ནི། རབ་བྱུང་བཅུ་གསུམ་པའི་མེ་སྤྲེལ་ (༡༧༧༦) ལོར་འཕན་ཡུལ་དུ་རྔོག་ཆོས་སྐུ་རྡོ་རྗེའི་གདུང་རྒྱུད་དུ་གཏོགས་པ་ཡབ་གསལ་ཏོག་དང་། ཡུམ་དཔལ་མོའི་སྲས་སུ་སྐུ་ཁྲུངས། སྐུ་གོང་མའི་གསོལ་དཔོན་ནས་ངོས་འཛིན་བདག་སྤྲོད་ཞུས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་གནང་། དགུང་གྲངས་བཅུ་གཅིག་སྐབས་མདོ་སྨད་དུ་བྱོན་ཏེ་ཨ་རིག་གསུང་རབ་དང་། གཙོས་དཀོན་མཆོག་གཉིས་བསྟེན་ནས་གསན་བསམ་མཐར་ཕྱིན་མཛད་ནས་རོང་པོ་བཀྲ་ཤིས་ཆོས་རྫོང་གི་ཁྲིར་ལོ་བཞི་བཞུགས། ཨུརྒེར་ཝང་གི་བླ་མ་ལོ་གསུམ་གནང་། པེ་ཅིང་དང་། རྒྱ་ནག་རི་བོ་རྩེ་ལྔ་སོགས་སུ་ཕེབས། རབ་བྱུང་བཅུ་བཞི་པའི་ལྕགས་ཡོས་ (༡༨༣༡) ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་གྱི་ཁྲིར་ཕེབས། དགུང་ལོ་ང་བརྒྱད་ལ་ཕེབས་སྐབས་སྐུ་གཤེགས།
ཁྲི་ཆེན་བློ་བཟང་མཁས་མཆོག
དགའ་ལྡན་ཁྲི་ཐོག་རེ་གསུམ་པ་བློ་བཟང་མཁས་མཆོག་ནི། ཕྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་འཕན་ཡུལ་སྦས་གྲོང་དུ་སྐུ་འཁྲུངས། སྐུ་ན་སོན་རྗེས་སེར་སྨད་ཚ་རྡོར་ཁང་ཚན་དུ་སྒྲིག་ཞུགས་ཀྱི་སློབ་གཉེར་མཛད་སྐབས་ཐུགས་རུས་ཤིན་ཏུ་ཆེ་བས་གྲགས་ཆེ། གཞུང་ཆེན་མོར་སྦྱང་པ་མཐར་ཕྱིན་རྗེས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་རྒྱུད་ཀྱི་གསན་སྦྱོང་མཛད། བར་སྐབས་ཤིག་རྒྱུད་སྟོད་ཀྱི་བདེ་མཆོག་ཆོ་ག་ཉམས་པར་ཉེ་བ་ན་ཁོང་གིས་མཁན་པོ་གནང་རིང་བསྐྱར་གསོ་མཛད་དང་། སྐབས་དེར་གོར་བོད་སྡེ་གཟར་ལངས་སྐབས་གྲྭ་པ་རྣམས་ལ་འདུལ་ཁྲིམས་ནན་སྲུང་དགོས་པའི་བཀའ་སློབ་ནན་ཏན་བསྩལ། དེ་རྗེས་ཤར་པ་ཆོས་རྗེ་གནང་ནས་ (༡༧༩༣) ལོ་དགའ་ལྡན་གསེར་ཁྲིར་ཕེབས་ཏེ་ཟླ་བ་དྲུག་གི་སྟེང་དགོངས་པ་རྫོགས།
ཁྲི་ཆེན་བློ་བཟང་དགེ་ལེགས།
དགའ་ལྡན་ཁྲི་ཐོག་རེ་བརྒྱད་པ་བློ་བཟང་དགེ་ལེགས་ནི། ཕྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་འཕན་ཡུལ་རྒྱལ་དུ་སྐུ་འཁྲུངས། སེར་སྨད་ཚ་བ་ཁང་ཚན་དུ་སྒྲིག་ཞུགས་ཀྱིས་དགེ་བའི་བཤེས་གཉེན་དུ་མ་བསྟེན་ཏེ་མདོ་སྔགས་གཞུང་ལུགས་རྒྱ་མཚོར་སྦྱང་པ་མཐར་ཕྱིན་མཛད་དེ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་པོ་གནང་སྐབས་འཕན་པོའི་གྲུབ་བརྒྱར་ཡོད་པའི་རྒྱུད་སྨད་ཆོས་ཐོག་རྒྱུད་ཁང་གོག་ཧྲུལ་ཆེ་བར་བརྟེན་ཉམས་གསོ་ལེགས་པར་གནང་། བྱང་རྩེ་ཆོས་རྗེའི་ཁྲིར་ལོ་བརྒྱད་སོང་སྐབས་ཁྲི་ཆེན་འཇམ་དབྱངས་སྨོན་ལམ་གློ་བུར་དུ་སྐུ་གཤེགས། (གསེར་ཁྲིར་ཕེབས་ནས་ཟླ་བ་གསུམ་སོང་མཚམས་) སྟབས་ (༡༨༡༤) ལོ་དགའ་ལྡན་གསེར་ཁྲིར་ཕེབས་ནས་ལོ་གཅིག་ལས་མ་སོང་བར་སྐུ་གཤེགས། འདིའི་སྐྱེ་ཕྲེང་ལ་ཚ་བ་ཁྲི་སྤྲུལ་ཟེར་ཞིང་། དུས་རབས་འདིའི་ལོ་རབས་ལྔ་བཅུ་པའི་ནང་གྲགས་ཅན་མཁས་དབང་ཚ་སྤྲུལ་ངག་དབང་བློ་བཟང་ནི་སྐུ་ཕྲེང་གསུམ་པ་ཡིན།
འཇོག་པོ་བླ་མ་རྣམ་གྲོལ།
འཇོག་པོ་བླ་མ་བློ་བཟང་རྣམ་གྲོལ་ནི། དུས་རབས་བཅོ་བརྒྱད་པའི་སྨད་ཙམ་ལ་འཕན་ཡུལ་གྱི་ཆོས་འཁོར་རྩེར་སྐུ་འཁྲུངས། འཕན་པོ་འཇོག་པོ་དགོན་པར་རབ་ཏུ་བྱུང་། དེ་རྗེས་སེར་སྨད་མཐེ་པོ་ཁང་ཚན་དུ་སྒྲིག་ཞུགས་ཀྱིས་དཀའ་བཅུ་ངག་དབང་ཡེ་ཤེས་དགེ་རྒན་བསྟེན་ནས་མཚན་ཉིད་ལ་གསན་སྦྱོང་མཛད་དེ་འཛིན་གྲྭ་དབུ་མའི་ཡས་མས་སུ་འཇོག་རི་ངག་དབང་བསྟན་འཛིན་གྱི་ཞབས་སུ་གཏུགས་ནས་བྱང་ཆུབ་ལམ་རིམ་སོགས་མདོ་སྔགས་ཀྱི་ཟབ་ཆོས་མཐའ་ཡས་པ་གསན་ཏེ་སྒྲུབ་པ་ཉམས་བཞེས་གཙོ་བོར་འཛིན་ཅིང་ལྷ་སའི་ཉང་བྲན་འཇོག་པོ་རི་ཁྲོད་དུ་བཞུགས་སྐབས་སྒེར་རྡོ་རིང་པར་བཀའ་འགྱུར་ཀློག་མཁན་གྲས་སུ་ཕེབས་པས་ཁོང་གི་ཀུན་སྤྱོད་ལ་རྡོ་རིང་གི་ཡབ་ཆེན་མོས་དད་གུས་ཚད་མེད་སྐྱེས་སྟབས་རྡོ་རིང་གི་སྲས་སུ་འཁྲུངས་པའི་ཀེའུ་ཚང་སྤྲུལ་སྐུ་འཇམ་དབྱངས་སྨོན་ལམ་གྱི་ཡོངས་འཛིན་དུ་གདན་དྲངས་པས་ཀེའུ་ཚང་རི་ཁྲོད་དུ་བཞུགས། ཁོང་སྔོན་མ་གྲྭ་སར་སློབ་གཉེར་མཛད་དེ་བཞུགས་སྟབས་འཛིན་གྲྭ་གཅིག་པའི་གྲྭ་ཆོས་འཕེལ་དང་། ཆོས་བཟང་གི་གྲལ་བར་དུ་བཞུགས་སྐབས་ཁོང་གཉིས་པོས་དཔེ་ཆའི་སྐོར་སོགས་ལ་རྟག་པར་ཁ་བརྡར་གློད་ཀྱི་ཡོད་པས་ཁོང་གིས་སྙན་ནང་དུ་སྲིང་བལ་བཅུག་སྟེ་འོན་བརྫུ་བྱས་ནས་བཞུགས་སྟབས་ཁོང་གཉིས་ནས་གཅིག་གིས་ང་གཉིས་བར་དུ་འོན་པ་དེ་ཡོད་ཙང་སྐད་ཆ་ཤོད་མི་བདེ་བ་འདུག་ཟེར་བར་གཅིག་ཤོས་ཀྱིས་དེ་འདྲ་ཟེར་མི་རུང་ཁོང་མཐེ་པོ་ཁང་ཚན་ནང་དྲག་པ་ཞིག་ཡིན་སྐད་ཟེར། ཉིན་ཞིག་ཁོང་གཉིས་ནས་གཅིག་ཁོང་གི་ཤག་ཏུ་ཡོང་ནས་དགེ་སློང་ཅི་བྱེད་ཟེར་ཞིང་བཞུགས་སྟངས་མཐོང་བས་མགུ་ནས་གཅིག་པོ་དེར་ཁོང་ནི་བཞུགས་ལུགས་དང་གང་ས་ནས་ལེགས་པོ་འདུག་པས་རང་གཉིས་དད་པའི་འོས་སུ་སྣང་ཟེར་ཞིང་། དེའི་ཕྱི་ལོའི་ལོ་གསར་ཉིན་ཁོང་གཉིས་དད་འཇལ་དུ་ཡོང་ནས་ནན་ཏན་གྱིས་ཆོས་འབྲེལ་ཞུས་པར་ཁོང་གཉིས་ཀྱི་མིང་བཀྲ་ལེགས་པ་སོགས་ལ་དགོངས་ཏེ་ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་ཞིག་བསྩལ་བ་དེ་ཆོས་གསུང་པའི་ཐོག་མ་ཡིན་པ་དང་། ཁོང་གཉིས་སློབ་མར་གྱུར། རྭ་སྒྲེང་སྐུ་ཕྲེང་གསུམ་པ་ངག་དབང་ཡེ་ཤེས་དང་། ཀེའུ་ཚང་འཇམ་དབྱངས་སྨོན་ལམ་སོགས་ཀྱི་ཡོང་འཛིན་མཛད་ཐོག་བྱང་ཆུབ་ལམ་གྱི་རིམ་པ་ཐུགས་ཉམས་སུ་བཞེས་ནས་འཆད་སྤེལ་རྒྱ་ཆེར་གནང་བའི་ནང་ནས་གདམས་པ་ཡོང་རྫོགས་གཏད་ཡུལ་དྭགས་གྲྭ་མཁན་ཟུར་བློ་བཟང་སྦྱིན་པ་ཡིན་འདུག ལམ་རིམ་བླ་བརྒྱུད་གསོལ་འདེབས་སུ། “བློ་གྲོས་བཟང་པོ་འགྲོ་ཀུན་རྣམ་གྲོལ་མཛད།།”ཅེས་བསྔགས་པ་དེ་ཡིན། དགུང་གྲངས་བདུན་ཅུ་ལྷག་ཙམ་བཞུགས་རྗེས་ཀེའུ་ཚང་རི་ཁྲོད་དུ་སྐུ་གཤེགས་པའི་གདུང་རྟེན་ཀེའུ་ཚང་དུ་བཞེངས་སྐད།
སེར་སྔགས་ནམ་མཁའ་བསྟན་སྐྱོང་།
སེར་སྔགས་མཁན་ཟུར་ནམ་མཁའ་བསྟན་སྐྱོང་ནི། འཕན་པོ་ཐང་ཤར་པའི་རིགས་སུ་རབ་བྱུང་བཅུ་གསུམ་པའི་ས་ལུག་ (༡༧༩༩) ལོར་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་སེ་ར་སྔགས་པར་ཆོས་ཞུགས་དང་གསན་བསམ་ཡང་དག་གནང་། དགུང་ལོ་ཞེ་བརྒྱད་སྐབས་གཙང་དངུལ་ཆུར་ལན་གཉིས་ཙམ་ཕེབས་ནས་བླ་མ་དྷརྨ་བྷ་དྲ་དང་། དབྱངས་ཅན་གྲུབ་པའི་རྡོ་རྗེ་གཉིས་ཀྱི་ཞབས་ལ་གཏུགས་ནས་ཆོས་མང་དུ་གསན། སེ་ར་སྔགས་པ་གྲྭ་ཚང་གི་མཁན་པོ་ཡུན་རིང་གནང་། ཀུན་རིག་གི་འདོན་ཆོས་སོགས་བཀའ་རྩོམ་པོད་གཉིས་ཙམ་ཡོད།
གླིང་སྤྲུལ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས།
གླིང་ཚང་སྐུ་ཕྲེང་ལྔ་པ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་ནི། རབ་བྱུང་བཅུ་བཞི་པའི་ལྕགས་ཁྱི་ (༡༨༥༠) ལོར་འཕན་པོ་རག་མར་སྐུ་འཁྲུངས། གླིང་ཚང་ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོའི་སྤྲུལ་སྐུར་ངོས་ཛིན་ཞུས་ཏེ་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་ཀྱིས་སློབ་གཉེར་མཛད་པའི་སྦྱངས་འབྲས་མཐར་སོན་ནས་དགེ་བཤེས་མཚན་བཏགས་གྲུབ་རྗེས་རྒྱུད་སྟོད་དུ་ཞུགས་རྗེས་མཁན་པོ་ཟུར། རབ་བྱུང་བཅོ་ལྔ་པའི་ཤིང་ལུག་ (༡༨༩༥) ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་ཡོངས་འཛིན་གནང་བ་དང་། དེ་རྗེས་ཤར་པ་ཆོས་རྗེའི་མཚན་བཞེས། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་ཆ་ལག་དང་བཅས་པ་ཐེམ་སྐས་བཅོ་བརྒྱད་དུ་གྲགས་པ་སོགས་བརྩམས་པར་མཛད། དགུང་ལོ་ཞེ་བཅུ་ཞེ་བདུན་སོན་སྐབས་སྐུ་གཤེགས།
མགར་བའི་བུ་ཁྲ།
ཕྱི་ལོའི་དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ་རྭ་སྒྲེང་དགོན་པའི་ཤར་ངོས་སུ་ཡོད་པའི་རི་ཕུག་སྒང་ཞེས་པར་སྡོད་མཁན་མགར་བའི་བུ་ཁྲ་ཞེས་མི་སྟོབས་ཆེན་ཞིག་བྱུང་ཞིང་། ཁོང་ནི་གཟུགས་སྟོབས་ཧ་ཅང་ཆེ་ལ་ཤེད་ཤུགས་འགྲན་ཟླ་མེད་པ་ཞིག་ཡིན་འདུག ལུས་སྟོབས་ཆེ་བས་ལྟོ་བཟའ་ཤུགས་ཀྱང་ཧ་ཅང་ཆེན་པོ་ཡིན་པས་བར་སྐབས་ཤིག་རྭ་སྒྲེང་བླ་བྲང་ནས་གསོ་ཉར་བྱས་ཏེ་ལྷ་སའི་སྨོན་ལམ་གྲོལ་ཉིན་གསུང་ཆོས་རར་བེ་ག་རྡོ་འགྱོག་ལ་རྭ་སྒྲེང་བླ་བྲང་ནས་མི་གཅིག་གཏོང་དགོས་པར་མགར་བའི་བུ་ཁྲ་གཏོང་རྩིས་ལ་ལྟོ་ཆས་ག་ཚོད་བཟས་པ་ལྟར་བསྟེར་དུས་ཉིན་རེ་རྩམ་པ་འབོ་གང་དང་ལུག་ཤ་བཞི་ལིང་རེ་བཟའ་ཡི་ཡོད་ཅིང་། ལྷ་སར་བེ་ག་འགྲན་ཉིན་ཁ་གཏད་དེ་དང་འཁྱུད་ཐེངས་གཅིག་ལ་ཁ་གཏད་དེ་སྒལ་ཚིགས་ཆག་ནས་ཤི་སྟབས་དེ་ལོ་ནས་བཟུང་རྭ་སྒྲེང་བླ་བྲང་ནས་བེ་ག་འགྲན་མཁན་གཏོང་མི་དགོས་པ་བྱུང་སྐད། ཁོ་པ་ལྟོ་བ་མ་རྒྱགས་སྟབས་རྐུ་མ་མ་རྐུ་ཐབ་མེད་བྱུང་སྟེ་རི་ནས་གནག་ཕྱུགས་བརྐུས་ཏེ་བཤས་བཏང་ནས་འཚོ་ཐབས་བྱེད་ཀྱང་ཉེ་འཁོར་གྲོང་སྡེ་ནས་རྐུ་ཡི་མེད། ཁོ་པ་ལུང་པའི་ཕུ་མདའ་གང་དུ་འགྲོ་མིན་ཡུལ་མི་ཚོས་ཤེས་ཀྱི་ཡོད་པ་ནི་རྡོ་ཆེན་སྒོང་དབྱིབས་ཅན་རྒྱ་མ་ཉིས་བརྒྱ་སྐོར་བྱས་པ་ཞིག་ཡོད་པ་དེ་ཁོ་པའི་ཁང་པའི་ཉེ་འགྲམ་གད་པའི་སྟེང་བཞག་ན་ཁོ་པ་ཕུ་ལ་ཡོད་པ་དང་། ཁང་པའི་གཤམ་ངོས་ཀྱི་ཞིང་འགྲམ་དུ་བཞག་ན་མདའ་ལ་སོང་བའི་རྟགས་རེད། མི་ཚོས་རྡོ་དེར་མགར་བའི་བུ་ཁྲའི་ཤེད་རྡོ་ཞེས་ཟེར། ཡུལ་དེར་རྡོ་ཆེན་དེ་མ་གཏོགས་མེད་ལ་ཉེ་འཁོར་དུ་ཡོད་པའི་རྡོ་ནི་ནག་ཧྲུག་དང་གཡམ་རྡོ་ཤ་སྟག་ཡིན། མགར་བའི་བུ་ཁྲས་གཡག་པང་དུ་བཀྱག་ནས་འགྲོ་བ་དང་། གཡག་གི་མཇིང་ཚིགས་བཅུས་ནས་གསོད་པ། གཡག་ཀོ་ལག་པས་ཕུར་ནས་མཉེད་པ། གཡག་ཀོའི་སྒལ་གཞུང་གི་ཀོ་བ་བྲེག་སྟེ་སྐེད་པར་བཅིངས་ནས་དབུགས་སྒོང་ཚེ་དུམ་བུར་ཆད་འགྲོ་བ་སོགས་ཀྱི་ཤེད་ཤུགས་ལྡན་སྟབས་མི་རྣམས་སྐྲག་སྣང་ཆེན་པོ་སྐྱེས་ཏེ་ཁོ་པ་གསོད་རྒྱུའི་གྲོས་བྱས་ཤིང་། མཚན་མོ་ཞིག་ཁོ་པ་དོགས་མེད་དུ་ཁྱིམ་ནང་གཉིད་ལ་ཡུར་སྐབས་ཡུལ་མི་ཚོས་སྔར་ནས་གྲ་སྒྲིག་བྱས་པ་བཞིན་ཁང་པ་གཏིབ་ནས་བསད་ཐོག་ཁོ་པ་འདྲེ་ངན་ཡིན་པ་ལྟར་འཇིགས་སྐྲག་བྱས་ནས་ཁང་ཤུལ་ལ་ཡང་བདག་པོ་རྒྱག་མཁན་བྱུང་མེད། (༡༩༦༧) ཙམ་ལ་ཁང་ཤུལ་དེ་ནས་ས་རུལ་ལེན་སྐབས་ཁོ་པའི་མགོ་རུས་དོན་སྐབས་མགོ་རུས་ཤིན་ཏུ་ཆེ་བ་དེ་རྡོ་གཞུས་ནས་བཅག་འདུག ཁང་ཤུལ་གྱང་རོ་དང་། ཤེད་རྡོ་དེ་ད་ལྟའང་མཐོང་རྒྱུ་ཡོད།
རྗེ་བཙུན་ཆོས་ཉིད་དབང་མོ།
དྲེའུ་ལུང་ཆོས་དྲུང་རིན་པོ་ཆེ་ཞེས་མཚན་དངོས་ལ་བསྟན་འཛིན་ཆོས་ཉིད་དབང་མོ་ཞུ་བ་དེ་ནི་དུས་རབས་ཉི་ཤུ་པའི་སྟོད་དཀྱིལ་དུ་མཚན་སྙན་ཆེ་ཙམ་ཡིན་པའི་བུད་མེད་ཆོས་པ་ཞིག་ཡིན། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་ལུག་ (༡༨༧༡) ལོར་ཕོད་མདོ་ཁུལ་གནས་ཆུང་ཞེས་པའི་ཡུལ་དུ་སྐུ་འཁྲུངས། གྲོང་ཚོ་དེར་གནས་ཆུང་དང་། བྱང་ཁ། མ་བདག་བཅས་སྔ་དུས་སུ་ཐེམ་དུད་གསུམ་ལས་མེད་པ་དང་། ས་ཞིང་ལ་ཨ་བྲ་དང་འབུ་སྐྱོན་སོགས་ཀྱི་གནོད་སྐྱོན་བསྟུད་མར་བྱུང་རྐྱེན་སྟོན་ཐོག་མ་བྱུང་སྟབས་འཚོ་བ་ཤིན་ཏུ་ཉམས་ཐག་པར་ཡོད་ཀྱང། ཁོང་འཁྲུངས་ཚུན་ལོ་ལེགས་བྱུང་བས་འཚོ་བ་རིམ་བཞིན་དྲག་ཏུ་ཕྱིན་ཡོད། ཁོང་སྐུ་ནར་སོན་ནས་ཁལ་སྟོད་གྲོང་ཚོའི་ཤིང་གྲོང་ཟེར་བའི་མི་ཚང་ (ད་ལྟ་ལྷ་ཁང་ཤང་ཁོངས་) དེར་མནའ་མར་སོང་། དེ་གའི་ཁྱིིམ་འཛིན་ཨ་མ་པད་རྡོག་ཅེས་ངར་ཤ་ཆེ་ལ་ར་བཟི་ཚ་བ་ཞིག་ཡོད་པ་དེས་རྟག་ཏུ་ཁ་རྡུང་དང་ཉེས་རྡུང་གཏོང་གི་ཡོད་ཀྱང་ཁོང་གིས་དབྱར་དུས་སུ་བ་ལུར་མེ་ཏོག་ཤར་སྐབས་དང་། ལྕི་བར་འབུ་ཡོད་པ་སོགས་བརྔ་བ་དང་སྒྲུག་མི་ནུས་སྟབས་ཨ་མ་པད་རྡོག་ནས་སྐབས་རེ་ལྟོ་མི་བསྟེར་བ་སོགས་སྡུག་སྦྱོང་བཏང་། ཁྱིམ་ཚང་དེའི་བྲན་གཡོག་ཨ་ལི་ཟེར་བ་ཞིག་ཡོད་པ་དེས་ལྐོག་ཏུ་མནའ་མར་རྩམ་པ་དང་ཆུ་སྐོལ་བསྟེར་བ་སོགས་བྱས་ཤིང་། དོན་དེ་ཨ་མ་པད་རྡོག་གིས་ཤེས་ནས་གཉིས་ཀར་ཉེས་རྡུང་བཏང་པའང་བྱུང་། དགུན་དུས་ཁོང་ལ་ཨ་མ་པད་རྡོག་ནས་སྦ་ཆའི་ཐུག་པ་བསྟེར་བ་དང་། ཕྱུགས་རྫི་དང་ཤིང་འཐུ་བར་འགྲོ་སྐབས་རྩམ་པ་ཇི་བཞིན་མི་བསྟེར་བ་སོགས་བྱས་སྟབས་འུ་ཐུག་བཟོད་བྲལ་གྱི་ངང་རང་ཁྱིམ་དུ་ལོག དེ་རྗེས་ཀླུང་ཤོད་རྒྱབ་ར་ཁུལ་གྱི་མི་ཚང་ཞིག་གི་མནའ་མར་སློང་སྐབས་ཕས་སྟག་ལུང་མ་སྤྲུལ་ཐེག་མཆོག་འཇིགས་མེད་དཔའ་བོར་ཐུགས་བརྟག་ཞུས་པར་མ་སྤྲུལ་གྱིས་བུ་མོ་མནའ་མར་བསྟེར་མི་ཆོག ངའི་སར་ཞོག་གསུངས། ཕས་སླར་ཡང་ཐུགས་བརྟག་གནང་རོགས་ཞུས་པར་གོང་ལྟར་གསུངས་སྟབས་མ་སྤྲུལ་ལ་བུ་མོ་ཕུལ་བས་མ་སྤྲུལ་རིན་པོ་ཆེས་ཆོས་སྒོར་འཇུག་གནང་ཐོག་དབང་ལུང་མན་ངག་རྣམས་གནང་སྟེ་སྒོམ་སྒྲུབ་བྱེད་དུ་འཇུག་གནང་མཛད་དེ་དྲེའུ་ལུང་དུ་སྒྲུབ་པར་བཞུགས། དྲེའུ་ལུང་ཆོས་དྲུང་རིན་པོ་ཆེ་ཞེས་མཚན་ཡོངས་སུ་གྲགས། ཆོས་དྲུང་རིན་པོ་ཆེ་ཐོག་མར་མནའ་མར་ཕེབས་པའི་ཤིང་གྲོང་གི་ཨ་མ་པད་རྡོག་ལ་ལོ་ལྟར་གྱོན་ཆས་ཆ་ཚང་དང་། ཟས་རིགས་སོགས་བསྐུར་སྐྱེལ་གནང་སྟེ་ཨ་མ་པད་རྡོག་གི་བཀའ་དྲིན་གྱིས་ང་ཆོས་དང་མཇལ་བ་མ་ཟད། འདི་ཕྱི་གཉིས་ཡོད་བྱུང་ཞེས་གསུངས་ཀྱི་ཡོད་སྐད། ཁོང་ནི་སྒྲུབ་པ་ཉམས་བཞེས་མཛད་ཅིང་། སློབ་མ་ཡང་འགའ་ཞིག་བསྐྱངས་ནས་དགུང་གྲངས་བརྒྱད་ཅུ་གྱ་ལྔ་བཞེས་པར་རབ་བྱུང་བཅུ་དྲུག་པའི་མེ་བྱ་ (༡༩༥༧) ལོ་དྲེའུ་ལུང་རི་ཁྲོད་དུ་སྐུ་གཤེགས། སྐུ་གདུང་ཞུགས་འབུལ་ཞུས་ཏེ་གདུང་རྟེན་དངུལ་གྱི་བྱང་ཆུབ་མཆོད་རྟེན་ཞིག་བཞེངས་པ་རིག་གནས་གསར་བརྗེའི་སྐབས་གཏོར་དུས་ནང་རྟེན་རྣམས་སྦས་སྐུང་ཐུབ་ནས་ད་ལྟ་དྲེའུ་ལུང་དུ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་འཇིམ་སྐུ་ཞིག་བཞེངས་པའི་ནང་བཞུགས་ཡོད།
ཚ་རོང་ཟླ་བཟང་དགྲ་འདུལ།
ཚ་རོང་ཟླ་བཟང་དགྲ་འདུལ་ནི་འཕན་པོ་དཔལ་གླིང་ཤང་ཁ་སྐོར་གྲོང་ཚོའི་མདའ་བཟོ་ཚང་ཞེས་སེ་ར་ཕུར་ལྕོག་བླ་བྲང་གི་མི་སེར་ཡིན་པ་དེར་འཁྲུངས། ཁྱིམ་ཚང་ཁྲལ་བུན་ཆེ་བས་ཁོང་དང་གཅུང་པོ་བསོད་ནམས་དབང་འདུས་གཉིས་ལྷ་སའི་བྱང་ཕྱོགས་དོག་བདེ་ལྷོ་མོས་གཞིས་ (དེ་སྔ་ཕུར་ལྕོག་བླ་བྲང་གི་གཞིས་ཀ་ཡིན་) སུ་ལུག་རྫིར་སྡོད་སྐབས་སྤྱང་ཀིས་ར་ལུག་བསད་རྐྱེན་བྲོས་བྱོལ་གྱིས་ལྷ་སའི་ལྷོ་ནུབ་ཏུ་ཡོད་པའི་མཁར་ནག་གླིང་ཁར་བོད་གཞུང་གི་རྔ་མོང་བདག་སྐྱོང་འགོ་པ་ཞིག་གི་སར་བསྡད་པ་བརྒྱུད་དེའི་ངོ་ཤེས་རྩེ་དྲུང་རྩེ་གཉེར་ཚང་བ་ཞིག་གི་གཡོག་པོར་བསྡད། (༡༩༠༤) ལོ་དབྱིན་ཇིས་བོད་དུ་བཙན་འཛུལ་བྱེད་དུས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་རྒྱ་སོགས་ཡུལ་གྲུར་ཕེབས་སྐབས་རྩེ་དྲུང་དེ་ཆིབས་ཞབས་སུ་བསྐྱོད་ནས་ཟླ་བཟང་དགྲ་འདུལ་གཡོག་ཏུ་ཡོད་པ་དེའི་གྲུང་ཤ་དོད་པ་སོགས་ཀྱི་རྣམ་འགྱུར་ལ་ཏཱ་ལའི་བླ་མ་མཉེས་པོ་བྱུང་ནས་ཆིབས་ཞབས་སུ་ཚུད། ༡༩༡༠ ལོར་ཏཱ་ལའི་བླ་མ་རྒྱ་གར་དུ་ཕེབས་པའི་ཆིིབས་ཞབས་སུ་བསྐྱོད་དེ་ལྩགས་ཟམ་གྲུ་ཁར་ལུའུ་ཅུན་དམག་གིས་རྗེས་འདེད་ལ་འགོག་རྒོལ་བྱས་ནས་རྒྱབ་སྲུང་ཞུས་རྗེས་རྒྱ་གར་དུ་བསྐྱོད། ཏཱ་ལའི་བླ་མས་གཟིགས་སྐྱོང་ཆེན་པོ་གནང་སྟབས་སྤྱན་བསལ་གནམ་གང་ལགས་ཞེས་མིང་གྲགས། ཏཱ་ལའི་བླ་མ་རྒྱ་གར་དུ་ཕེབས་རིང་བོད་ཀྱི་སྲིད་དོན་ལས་འགན་གཙོ་བོ་བཀའ་བློན་ཚ་རོང་དབང་ཕྱུག་རྒྱལ་པོར་བཀའ་མངགས་གནང་བ་བཞིན་བཀའ་བློན་ཚ་རོང་པས་བོད་གཞུང་དང་ལུའུ་ཅུན་བར་ཞི་མཐུན་ཡོང་ཐབས་གནང་བ་དེ་བོད་མིའི་བློ་ལ་མ་བབ་ནས་ཚ་རོང་པ་དང་དེའི་བུ་བཀའ་མགྲོན་གཉིས་དམར་གསོད་བཏང་བས་ཚ་རོང་ཁྱིམ་ཚང་དུ་བུ་མོ་བཞི་དང་། མནའ་མ་མ་གཏོགས་མེད་སྟབས་ (༡༩༡༢) ལོར་ཏཱ་ལའི་བླ་མ་ཕྱིར་ཕེབས་རྗེས་གཟིམ་དཔོན་མཁན་པོ་ཚ་སྤྲུལ་རིན་པོ་ཆེའི་ཞུ་ངོ་བཞིན་སྤྱན་བསལ་གནམ་གང་སྒེར་ཚ་རོང་པའི་མག་པར་བཏང་ནས་ཤོད་དྲུང་ཞུས་པ་དང་། དེ་རྗེས་བཀའ་བློན་དང་བོད་དམག་གི་སྤྱི་ཁྱབ་དམག་དཔོན་བྱས་ཏེ་དམག་ཁྲིམས་དམ་འདོམས་ཚ་ནན་ཐལ་དྲགས་པ་དང་། དམག་ཁྲིམས་ཐད་བཀའ་ཤག་གི་བཀའ་སྒུག་མི་དགོས་པའི་སྐོར་སོགས་ལ་དམག་དཔོན་ཁག་ནས་གན་རྒྱ་བཞག་པ་སོགས་ཀྱི་རྐྱེན་པས་དམག་སྤྱི་ཕྱིར་འཐེན་དང་། དེ་རྗེས་བཀའ་བློན་ཡང་གནས་དབྱུངས་ཀྱིས་ཛ་སག་ཏུ་བཞག བོད་ཀྱི་གསེར་ཊམ་དང་། བོད་དངུལ་སྣ་ཚོགས། བལ་འཁེལ་འཐག་བཟོ་གྲྭ་སོགས་ཀྱི་འགན་འཁུར་བྱས་ཐོག་ཀརྨ་ཤར་གླིང་ཁ་ནས་ནོར་བུ་གླིང་ཁ་བར་གྱི་ཆུ་ཡུར་དང་། ལྕགས་པོ་རིའི་ལྷོ་ངོས་སུ་སྨོན་ལམ་ཚོགས་ཤིང་གི་དམིགས་སྒོ་ལྕང་ཤིང་གསར་འཛུགས། སྟོད་ལུང་ཁྲི་ཟམ་ལ་ཨར་འདམ་ཟམ་པ་གསར་བཟོ། ཆུ་ཤུར་རྫོང་ཁོངས་གནམ་གྱི་འཕྲེང་ལམ་གཏོར་ནས་ལམ་ཆེན་བཟོ་བ་སོགས་བྱས་པ་མ་ཟད། ར་མ་སྒང་གི་ཟུར་ནས་ལྷ་སའི་སྐྱིད་ཆུར་ཟམ་པ་འཛུགས་རྩིས་བྱས་ཀྱང་དོན་དེ་མ་འགྲུབ། ཚོང་གཉེར་ཤུགས་ཆེ་བྱས་ནས་རང་ཁྱིམ་འབྱོར་བ་ཆེ་གྲས་སུ་གྱུར་པར་མ་ཟད། ཁོང་ནི་བློ་རིག་གསལ་ལ་བློ་རྒྱ་ཆེ་བ་ཞིག་ཡིན་པས་ཁྱིམ་ཚང་གི་བྱེད་སྒོ་དང་། ཁང་པའི་བཟོ་བཀོད་སོགས་ཀྱང་ཞིང་བྲན་བདག་པོ་གཞན་ལས་ཕྱི་ལུགས་སམ་སྔོན་ཐོན་གྱི་རྣམ་པ་ཆེ་བ་ཙམ་ཡོད། མཐར་ཕྱི་ལོ་ (༡༩༥༩) ལོར་འདས།
རྫ་བཟོ་དབུ་ཆེན་དཀོན་མཆོག་ཤེས་རབ།
རྫ་བཟོ་དབུ་ཆེན་དཀོན་མཆོག་ཤེས་རབ་ནི་དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་པའི་ཡས་མས་སུ་གྲགས་ཆེ་བ་ཞིག་ཡིན། ཁོང་ནི་རྫ་བཟོའི་ལག་རྩལ་རིགས་ལ་ཤིན་ཏུ་མཁས་པ་དང་། ལྷག་པར་དུ་གཡུ་རྩི་སྔོ་ལྗང་སེར་སྨུག་གཏོང་བའི་ལག་རྩལ་ཧ་ཅང་མཁས་པར་རྟེན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་ནོར་བུ་གླིང་གའི་རྒྱལ་སྒོ་སོགས་ཀྱི་སྟེང་གཡུ་རྩིའི་རྒྱ་ཕིབས་བཟོ་བར་ཡོང་དགོས་པའི་བཀའ་ལྟར་ནོར་བུ་གླིང་གའི་རྒྱལ་སྒོ་སོགས་ཀྱི་སྟེང་གཡུ་རྩིའི་རྒྱ་ཕིབས་བཟོ་རྒྱུའི་ལག་རྩལ་གཟེངས་སུ་ཐོན་པ་བྱུང་སྟབས་དབུ་ཆེན་གྱི་གོ་མིང་གནང་བའི་རྗེས་སུ་རྫ་བཟོ་ཆེ་མོ་ཞེས་མིང་གྲགས། ཁོང་གི་སྐྱེ་ཡུལ་ནི་ད་ལྟའི་ལྕང་ར་ཤར་ཁོངས་སྐྱིད་ལུང་གྲོང་ཚོ་ནས་ཡིན།
སྒྱུ་རྩལ་མཁས་ཅན་བློ་བཟང་ཚེ་རིང་། (ཨ་ཁུ་སྟོན་པ།)
བློ་བཟང་ཚེ་རིང་ (ཨ་ཁུ་སྟོན་པ་) ནི་ལོ་རབས་བཞི་བཅུ་དང་ལྔ་བཅུའི་ནང་ལྷ་མོ་སོགས་ཀྱི་སྒྱུ་རྩལ་བྱང་ཆུབ་པའི་གྲགས་ཅན་ཞིག་རེད། ཁོང་རྒྱལ་ལྷ་ཁང་གྲོང་ཚོའི་ཤར་མ་ཞེས་པའི་ཞིང་པའི་ཁྱིམ་ཚང་ཞིག་ལ་སྐྱེས་པ་དང་ཆུང་དུས་ནས་གཟུགས་བྱད་ལེགས་ལ་སྤྱང་གྲུང་འཛོམས་པ། གྲུང་ཤ་དོད་ལ་དྲན་རྒྱུ་རྒོད་པ། རྩེད་མོར་དགའ་བ། གཞས་དང་ཞབས་བྲོར་དགའ་ཞིང་གཞས་ཚིག་སྣ་ཚོགས་སྐྱེས་སྟོབས་ཀྱིས་འཕྲལ་མར་བཟོ་ཐུབ་པ། མི་གཞན་ལ་སྤྱང་གྲུང་སློབ་མཁས་པ་སོགས་ལ་བརྟེན་ཡུལ་མི་ཚོས་སྔོན་གྱི་ཨ་ཁུ་སྟོན་པ་དང་འདྲ་བས་ཨ་ཁུ་སྟོན་པ་ཞེས་མིང་བཏགས་པ་དེ་རྗེས་སུ་ཡོངས་གྲགས་སུ་གྱུར། རིག་གནས་རྒྱུ་རྩལ་ལ་སྦྱང་གོམས་ལེགས་པར་ཐོན་པ་མ་ཟད། ཕྱུགས་ནད་འགོགས་བཅོས་ཤེས་ལ་རྟ་ལེགས་ཉེས་བརྟགས་དཔྱད་དང་། རྟ་ནད་ཀྱང་བཅོས་ཤེས་སྟབས་རྭ་སྒྲེང་སྐུ་ཕྲེང་ལྔ་པ་རྒྱལ་ཟུར་གནང་རྗེས་ཨ་ཁུ་སྟོན་པ་དང་དགའ་ཆོས་དབུ་ཟུར་གསང་བདག་ཟེར་བ་གཉིས་རྭ་སྒྲེང་སྤྲོ་ཁང་དུ་ཐུགས་ཉར་སྡོད་ཤག་ཀྱང་བཀོད་སྒྲིག་གནང་སྟེ་ལྷ་མོའི་རྣམ་ཐར་དང་གར་རོལ་ལ་དགྱེས་ཚུལ་བཞེས་སྐད། (༡༩༤༧) ལོར་རྭ་སྟག་དོན་རྐྱེན་ནང་རྭ་སྒྲེང་ལ་ཇུས་ཉེས་བྱུང་རྗེས་བོད་ས་གནས་སྲིད་གཞུང་ནས་ཨ་ཁུ་སྟོན་པ་ལྷ་སའི་སྐྱོར་མོ་ལུང་ལྷ་མོ་ཚོགས་པའི་ནང་བཅུག ཨ་ཁུ་སྟོན་པས་ལྷ་མོ་ཚོགས་པའི་རྒྱ་ལུ་རྒན་པ་དང་འཁྲབ་ཚན་ནང་གི་མི་སྣ་གཙོ་བོ་འགའ་ཞིག་འཁྲབ་སྟོན་བྱེད་ཅིང་། ཁོང་གི་སྐད་གདངས་ཧ་ཅང་སྙན་ལ་རྣམ་ཐར་གྱི་མགྲིན་འགུག་ལེགས་པ། ཕོ་འཁྲབ་མོ་འཁྲབ་གང་ཡིན་ཡང་ལུས་ཀྱི་འཁྱེར་བཟོ་དང་། རྐང་ལག་སྟངས་སྟབས། དགའ་སྐྱོ་ཁྲོ་གསུམ་གྱི་རྣམ་འགྱུར། འཁྲབ་བྱ་གང་ཡིན་པ་དེའི་ཉམས་འགྱུར་དང་རྣམ་ཐར་ཚིག་གདངས་སོགས་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པས་ནོར་བུ་གླིང་ཀའི་ཞོ་སྟོན་སོགས་ཀྱི་སྐབས་ཨ་ཁུ་སྟོན་པས་རྣམ་ཐར་གཏོང་སྐབས་ལྟད་མོ་བ་ཚོས་ཀྱང་གཟབ་ནན་གྱིས་ཉན་གྱི་ཡོད། རྒྱུན་དུ་འཕན་པོ་རྒྱལ་ལུག་ལྷས་ལྷ་ཁང་གི་ཉེ་འགྲམ་དུ་ཡོད་པའི་རང་ཁྱིམ་དུ་སྡོད་པ་ལས་སྐོར་བསྐྱོད་འཁྲབ་སྟོན་བྱེད་པར་འགྲོ་གི་མེད། རྒྱ་ནག་གཞུང་ནས་སྲིད་ཇུས་གུ་ཡངས་ཅུང་ཙམ་ཐོབ་རྗེས་ལྷ་མོའི་ཚོགས་པ་བཙུགས་ནས་འཁྲབ་སྟོན་བྱས་པ་དང་། ལྷུན་གྲུབ་རྫོང་མི་དམངས་སྲིད་གཞུང་ནས་འཐབ་ཕྱོགས་གཅིག་འགྱུར་གྱི་ཁོངས་སུ་བསྡུས་ཤིང་། རིག་གནས་གསར་བརྗེའི་ནང་ཁོང་ལ་བརྡུང་རྡེག་ཕོག་ནས་༡༩༧༠ཙམ་ལ་ངལ་རྩོལ་བསྒྱུར་བཀོད་ཁོངས་སུ་གྲོངས་པ་རེད།
བདེ་མཁར་ (ཀླུ་ཁང་པ་) ཚེ་དབང་རབ་བརྟན།
སྲིད་ཟུར་དམ་པ་ཀླུ་ཁང་པའི་ཐོག་མའི་ཁྱིམ་ཚང་འབྱུང་ཁུངས་ནི། ༸རྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐབས་ཀྱི་གཞུང་ས་དགའ་ལྡན་ཕོ་བྲང་ཆེན་པོའི་ཞབས་འབྲིང་པའི་མི་བརྒྱུད་ཡིན་པ་དང་། བཀའ་གདམས་བསྟན་པའི་གདན་ས་འཕན་པོ་རིག་པའི་འབྱུང་གནས་སུ་ནང་སོ་ཐོབ་པའི་ཁྱིམ་ཚང་ཉི་ཤུ་རྩ་ལྔ་ཡོད་པའི་ནང་ཚན་བདེ་མཁར་ནང་སོ་ཞེས་པ་གསོལ་རས་བཀྲིན་བསྐྱངས། མི་རབས་ནས་མི་རབས་བར་རྒྱུན་མ་ཆད་པར་ཞབས་འདེགས་ཞུས་པ་དང་། དུས་མཚུངས་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དབྱར་དུས་སྤྲོ་སེང་དུ་ཆིབས་བསྒྱུར་གནང་ཡུལ་རྩེ་ཕོ་བྲང་ཆེན་པོའི་རྒྱབ་ཏུ་ཡོད་པའི་རྫོང་རྒྱབ་ཀླུ་ཁང་གི་ཁང་གཉེར་ལས་འཛིན་ཞུ་དགོས་སྟབས་ཕལ་ཆེ་བས་ཀླུ་ཁང་པ་ཞེས་འབོད་ཀྱི་ཡོད། ༼གཞུང་གི་མཚན་ཐོའི་ནང་ཕ་གཞིས་ཀྱི་མིང་བདེ་མཁར་བ་ཞེས་ཞུ་ཡི་ཡོད།༽ སྲིད་ཟུར་དམ་པ་ཀླུ་ཁང་པ་མཆོག་ནི་མི་རིགས་ཀྱི་ལས་དབང་ཉག་ཕྲའི་སྐབས་སུ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་དང་བཅུ་བཞི་པ་གཉིས་ཀྱི་ཐུགས་དགྱེས་ཚོར་གནང་ཡུལ་དང་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ལ་ཞབས་ཞུ་ངོ་དགའ་སྤྲེལ་ལད་ཀྱིས་གཞན་དབང་དུ་མི་འགྱུར་བར་ཁ་ཡོད་ལག་ཡོད་ཀྱི་ཞབས་འདེགས་སྒྲུབ་མཁན་རླབས་ཆེན་གྱི་མི་སྣ་ཞིག་ཀྱང་ཡིིན།
ཆུ་གླང་ཕྱི་ལོ་ (༡༩༡༣) ལོར་མདོ་སྨད་ཞི་དྲག་སྤྱི་འདོམས་བཀའ་བློན་བླ་མ་བྱམས་པ་བསྟན་དར་མཆོག་གི་ལས་བྱ་བཀའ་དྲུང་བསྐོ་བཞག་གནང་བ་ལྟར་མདོ་སྤྱི་གར་ཕེབས་ལྷན་བཅར་གནང་སྟེ་ཐོག་མར་ལྷོ་རྫོང་ཁུལ་དུ་བཞུགས་ཏེ་རི་བོ་ཆེ་དང་། ཁྱུང་པོ་དཀར་ནག་སེར་གསུམ། དཔའ་ཤོད་ཁུལ་ཡོད་རྒྱ་དམག་རྣམས་མཐར་སྤྲོད་གནང་སྟེ་རིམ་བཞིན་ཆབ་མདོའི་ས་ཁུལ་ཡོངས་རྫོགས་ཚུར་བཞེས་ཏེ་མདོ་སྤྱིའི་བཞུགས་ཡུལ་ཆབ་མདོར་སྤོ་གནང་མཛད་པ་དང། དམག་སྒར་ཁག་ལ་བཀོད་ཁྱབ་དང་དམག་མི་གསར་སྣོན་དང། ལས་སྣོན། རྫས་མདེལ་ཞུ་གཏོང་སོགས་ཀྱི་ཕྱག་ལས་ནུས་ལྡན་རྒྱ་ཆེར་གནང་བ་མ་ཟད། མི་སེར་གྱི་བདེ་སྡུག་སྙན་ཞུ་ཕུལ་རིགས་སྐབས་འཕྲལ་སོ་སོར་ཐོན་ཐབས་ཁོ་ན་ལས། བརྡབ་བསིགས་འཕར་མ་སྣེ་གཅིག་ཙམ་བཏང་གླེང་བྱུང་མྱོང་མེད། ཆུ་ཕག་ཕྱི་ལོ་ (༡༩༢༣) ལོར་ཞབས་པད་ཚ་རོང་ཟླ་བཟང་དགྲ་འདུལ་གྲོ་མོ་ནོར་བུ་མཚོ་འཁྱིལ་དུ་གཞུང་གི་དངུལ་པར་ལེན་གཏོང་ལ་གཟིགས་སྐོར་དང་། རྒྱ་གར་དང་། བལ་ཡུལ་བཅས་པར་གནས་གཟིགས་སུ་ཕེབས་སྐབས་བཀའ་འབྲེལ་དམིགས་བསལ་ཞབས་ཞུར་གཏོང་གནང་མཛད་པ་ལྟར། ས་གནས་སོ་སོ་ནས་གང་ཅིའི་གསང་སྙན་སྐབས་འཕྲལ་སོ་སོར་འབུལ་ལམ་ཞུ་གནང་མཛད་པས་ཀུན་གྱིས་ཡིད་སྨོན་བྱེད་ཡུལ་དུ་གྱུར། ཆུ་སྤྲེལ་ཕྱི་ལོ་ (༡༩༣༢) ལོར་འཕྲུལ་ཐོག་ཤོག་དངུལ་ཚོན་ཁྲ་དཔར་འདེབས་བྱེད་མིའི་ཐུགས་འགན་རྣམས་དམིགས་བསལ་གྱིས་ཀླུ་ཁང་པ་མཆོག་ལ་གནང་རྐྱེན་ལོ་ཤས་རིང་གྲ་བཞི་གློག་འཕྲུལ་ཁང་རང་ལ་བཞུགས་ཏེ་ཤོག་དངུལ་དཔར་ཐོན་བསྡད་སོང་རྩིས་ཁྲ་སྨོས་ཅི། མདོར་ན་ཚོན་དང་། ཤོག་རོ་ཚུན་ཆད་ཉར་ཚགས་ཀྱིས་རྩིས་ཞུ་ཁམས་དྭངས་གནང་བས་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་ཐུགས་དགྱེས་ཆེན་པོ་གནང་། དེ་རྗེས་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་གསེར་སྡོང་རིན་པོ་ཆེ་དགེ་ལེགས་འདོད་འཇོ་གསར་བཞེངས་སྐབས་ཕྱི་ནང་གི་འགན་འཁུར་བཞེས་རིང་ལྷག་བསམ་རྣམ་དག་དང་། སྦྱོར་དངོས་རྗེས་གཙང་གནང་བའི་མཛད་རྗེས་བཞག་ཡོད། ས་སྟག་ཕྱི་ལོ་ (༡༩༣༨) ལོར་རྩིས་དཔོན་བསྐོ་གཞག་དང་ཆུ་ལུག་ཕྱི་ལོ་ (༡༩༤༣) ལོ་ནས་དགའ་ལྡན་སྟོན་ཆོས་དང་། དགེ་བཤེས་གཏོང་བསྣོན། སྨོན་ཚོགས་ཐེབས་རྩ་སོགས་ཀྱི་མ་དངུལ་འཕར་མ་བཅས་ཀྱི་རྩིས་ཁྲ་ཁག་གཙང་མ་བཟོ་གནང་མཛད། ༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག་གྲོ་མོར་ཆིབས་བསྒྱུར་གནང་རིང་ཁམས་ཕྱོགས་ཀྱི་གནས་ཚུལ་ཉིན་རེ་བཞིན་ཉེན་འགན་ཇེ་ཆེར་འགྲོ་བའི་སྐབས་མི་ངན་འགའ་ཤས་ཀྱིས་ལྷ་སའི་ནང་འུར་གཏམ་ཆེད་བཟོས་རྐུན་ཇག་དང། བཅོམ་འཕྲོག་ཡོང་རྒྱུར་ཚང་མར་བློ་གཡེང་ཆེན་པོ་བྱུང་ཡང། སྲིད་ཚབ་བློ་བདེ་རྣམ་གཉིས་ནས་ཐུགས་འགན་བཞེས་ཏེ་ལྷ་ཞོལ་གཉེར་མི་དཔོན་དང། ཁྲིམས་སྲུང་རྣམས་ལ་བདེ་འཇགས་བལྟ་རྟོགས་དགོས་པའི་བཀའ་ཁྱབ་ཐོག གཞུང་ཞབས་སེར་སྐྱ་སྦྲེལ་པོ་ཁག་བགོས་ཀྱིས་མཚན་མོ་བལྟ་སྐོར་བྱེད་འཇུག་གནང། གྲོང་ཁྱེར་གྱི་བཟའ་བཅའི་རིན་ཐང། མདོར་ན་གཟན་མེ་ཤིང་ཡན་གྱི་རིན་གོང་ལ་འབལ་ཉོ་དཀོན་ཚོང་མི་ཆོག་པའི་ཞིབ་འཇུག་དང་། སྨོན་ལམ་ཆེན་མོའི་སྐབས་འབྲས་སྤུངས་ཚོགས་ཆེན་དགེ་བསྐོས་ཟུང་ནས་སྔར་ལམ་ཁྲིམས་གནོན་བྱེད་རྒྱུར་ཟ་བེད་བརྡབ་གསིགས་མི་ཆོག་པའི་ཚ་བརྗིད་ཅན་གྱི་བཀའ་ཁྱབ་འདོམས་པ་སོགས་ཡུལ་སྤྱིའི་བདེ་འཇགས་དང། དཔལ་འབྱོར། ལྷག་པར་གཞུང་གི་སྔར་སྲོལ་སྒྲིག་ཁྲིམས་བཅས་ལ་ཐུགས་སྣང་ཧ་ཅང་ཆེན་པོ་གནང་སྟེ་ཡུལ་མི་སེར་སྐྱ་མཆོག་དམན་ཚང་མས་སྲིད་ཚབ་བློ་བདེ་གཉིས་ནས་མཚན་དོན་དང་མཚུངས་པར་ང་ཚོ་བློ་བདེ་བག་ཕེབས་བཟོས་ཞེས་ཀུན་གྱི་སྤྱི་མོས་དང་བསྔགས་བརྗོད་ཆེན་པོ་ཞུ་གི་ཡོད། སྲིད་ཚབ་མཆོག་གིས་༸གོང་ས་མཆོག་གི་ཐུགས་རེ་ལྟར་གཞུང་དོན་ཕྱག་ལས་གཡོ་ཟོལ་ཉིན་གཅིག་ཙམ་ཡང་གནང་མེད་པར་ལོ་འཁོར་ཕྱེད་གཉིས་ཙམ་གནང་རིང། དགུང་གསར་སོགས་འཆར་འཕར་མཛད་སྒོ་ཁག་དང་། རེས་གཟའ་སྤེན་པའི་མཛད་སེང་ཙམ་ལས། རྒྱུན་དུ་ལྷན་རྒྱས་རྟག་ཕེབས་གནང་བ་ལས། དལ་བཞུགས་སོགས་རྩ་བ་ནས་མི་གནང་བར་ཕྱག་ལས་ཆེ་ཆུང་གང་འདྲ་ཞིག་ལའང་སྲིད་ཚབ་གཉིས་ནས་གོ་བསྡུར་ལྷུག་པོས་ཐག་གཅོད་མཛད་ཀྱི་ཡོད། ཕྱི་ལོ་ (༡༩༥༡) ལོར་གུང་དམག་གིས་དྲག་ཤུགས་ལ་བརྟེན་ནས་ཆབ་མདོར་བཙན་འཛུལ་བྱས་རྗེས་བཙན་ཤེད་ཀྱིས་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་འཇོག་ཏུ་བཅུག་སྟེ་རྒྱ་དམག་ལྷ་སར་བཙན་འཛུལ་དང་། རྗེས་སོར་བོད་རྒྱ་གཉིས་ཀྱི་ལས་དོན་ཚོགས་འདུ་སྔ་ཕྱི་རིམ་པའི་ནང་རྒྱའི་དམག་དཔོན་ཚོ་ལ་གདོང་གཏུགས་ཀྱིས་རྩོད་གླེང་གནང་ཞིང་། གྲོས་མཐུན་དོན་ཚན་བཅུ་བདུན་སྐོར་སོགས་ལ་བོད་མི་མང་གི་ངོས་ལེན་མེད་ལ། རྒྱ་དམག་བོད་དུ་ཡོང་བ་ནི་བཙན་འཛུལ་ཁོ་ན་ཡིན་པའི་རྣམ་འགྱུར་ཁ་གསལ་བསྟན་ནས་འཇིགས་ཞུམ་སྤུ་ཙམ་མེད་པར་མཐའ་གཅིག་ཏུ་ངོ་རྒོལ་དང་ཁ་གཏད་ཞུས། དེར་བརྟེན་མཐར་ཕྱི་ལོ་ (༡༩༥༢) ལོར་རྒྱག་དམག་གིས་དྲག་ཤུགས་ཀྱི་འཇིགས་སྐུལ་འོག་༸རྒྱལ་དབང་མཆོག་ལ་སྲིད་ཚབ་རྣམ་གཉིས་དགོངས་ཞུ་དགོས་པའི་བཙན་བཀའ་བཏང་། ཕྱི་ལོ་ (༡༩༥༦) ལོར་༸གོང་ས་མཆོག་སྟོན་པ་མྱ་ངན་ལས་འདས་ནས་ལོ་ངོ་ (༢༥༠༠) འཁོར་བའི་མྱ་ངན་དུས་དྲན་ལ་ཕེབས་སྐབས་སྲིད་ཟུར་མཆོག་གི་གཏན་ཞལ་ལྷན་རྒྱས་མཉམ་བཅར་བ་དང་། དེ་ནས་རྒྱ་གར་ཀ་སྦུག་ཏུ་གཏན་བཞུགས་གནང་ནས་བོད་ཀྱི་བདེེ་དོན་ཚོགས་པ་གསར་བཙུགས་གནང་། མེ་བྱ་ཕྱི་ལོ་ (༡༩༥༧) ལོ་ཙམ་ནས་མཁལ་གྲང་གི་སྙུན་གཞིས་རྐྱེན་པས་ཀ་ལི་ཀ་ཏར་ཧ་རིང་ཀྲིན་ནར་སིང་ཧོམ་ཞེས་པའི་སྨན་ཁང་དུ་བཞུགས་དགོས་བྱུང་ཡོད་ནའང་ཉིན་རེ་བཞིན་རྒྱ་གར་གཞུང་དང་། ཕྱི་རྒྱལ་གཞུང་ཚབ་ཁག་ལ་རྒྱ་དམག་གིིས་བོད་དུ་དྲག་པོ་བཙན་འཛུལ་དང་བོད་མིར་གདུག་རྩུབ་ཆེན་པོས་དྲག་གནོན་བྱེད་བཞིན་པ་དེ་དག་མཚམས་འཇོགས་དང་འབྲེལ། བོད་རང་བཙན་གནས་ཐབས་བདེན་པའི་རྒྱབ་སྐྱོར་གནང་དགོས་པའི་ཞུ་འབོད་གནང་ཡོད། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཡར་བསྐྱར་སྲིད་ཚབ་ཀྱི་ཐུགས་འགན་བཞེས་དགོས་པའི་བཀའ་གནང་ཡང་། སྐུ་ནའི་བབས་དང་སྙུན་གཞིའི་དབང་གིས་སྲིད་ཚབ་ཀྱི་ཐུགས་འགན་བཞེས་མི་དགོས་པའི་དགོངས་ཞུས་གནང་། དེ་ནས་གཏན་ཞལ་ལྷན་རྒྱས་དྷ་སར་ཕེབས་བཞུགས་གནང་ཡང་སྙུན་གཞི་ཇེ་སྡུག་ཏུ་ཕྱིན་ཏེ་ཕྱི་ལོ་ (༡༩༦༦) ཟླ་བ་ ༢ ཚེས་ ༡ ཉིན་བོད་རྒྱལ་ཁབ་དང་མི་རིགས་ལ་བྱས་ཞེན་ཆེ་བའི་སྲིད་ཟུར་དམ་ཀླུ་ཁང་པ་མཆོག་སྐུ་ཚེའི་འཕེན་པ་རྫོགས།
ཨ་ཁུ་ཚོགས་མེད།
འཕན་པོ་རྭ་སྒྲེང་དུ་ཨ་ཁུ་ཚོགས་མེད་ཞུ་བའི་ཚེམ་བུ་བ་གྲགས་ཅན་ཞིག་བྱུང་ཞིང་། ཁོང་གིས་ཐོག་མར་རྭ་སྒྲེང་སྐུ་ཕྲེང་ལྔ་བ་ནས་ཚེམ་བཟོའི་ཕྱག་ལས་གནང་བ་དང་སྐུ་འཕྲེང་དྲུག་པ་དང་བདུན་པ་གཉིས་ཀྱི་སྐབས་ན་བཟའི་ཚེམ་བུ་བ་གནང་བ་དང་། རིག་གནས་གསར་རྗེ་མཇུག་རྫོགས་པའི་རྗེས་ནས་རྭ་སྒྲེང་གི་ཆམས་ཆས་དང་། གོས་སྐུ གུར་ཆོས་ཆས་སྣ་ཚོགས་ཀྱི་ཚེམ་བཟོ་གནང་བས་མིང་གྲགས་གང་ཙམ་བྱུང་མྱོང་བའི་ཚེམ་བཟོ་བ་ཞིག་ཡིན། དེ་བཞིན་རབ་བྱུང་བ་བྱམས་པ་ཡང་འཕེལ་ཞུ་བའི་ཚེམ་བཟོ་བ་གྲགས་ཅན་ཞིག་ཀྱང་བྱུང་ཡོད།
སྨན་པ་གྲགས་ཅན་ངག་དབང་འཕྲིན་ལས།
ངག་དབང་འཕྲིན་ལས་ཞེས་ཡོངས་སུ་གྲགས་པའི་སྨན་པ་འདི་ནི་ཀླུང་ཤོད་འཕྱོར་བའི་ནང་དུ་འཁྲུངས་པ་དང་། ཁོང་གི་ཡབ་ཀྱི་མཚན་ལ་སྤུག་ཆུང་དང་། ཡུམ་གྱི་མཚན་ལ་དཀོན་མཆོག་ཆོས་སྒྲོན་ཟེར། ངག་དབང་འཕྲིན་ལས་མཆོག་ནི་ཀླུང་ཤོད་ཁུལ་དུ་མེད་དུ་མི་རུང་བའི་སྨན་པ་གྲགས་ཅན་ཞིག་ཡིན་པ་དང་། ཁོང་གིས་ཀླུང་ཤོད་སྟོད་སྨད་བར་གསུམ་ཚང་མར་དང་བླངས་ཐོག་སྨན་བཅོས་མི་ཚེ་ཧྲིལ་བོར་གནང་དང་གནང་མུས་ཡིན་པར་མ་ཟད། ཁོང་ཉིད་ཆོས་པ་ཞིག་ཀྱང་ཡིན། སྨན་བཅོས་ཚང་མ་རིན་མེད་ཐོག་གནང་ནས་སྨན་བཅོས་ཐད་ཀྱི་མཐུན་རྐྱེན་ཞན་པའི་ལུང་པ་འདིར་ཧ་ཅང་ཕན་ཐོག་ཆེ་བའི་མི་སྣ་ཞིག་ཡིན།
འབྱུང་ཁུངས། <<འཕན་ཡུལ་གྱི་ངོ་སྤྲོད་མདོར་བསྡུས་>> ཞེས་པའི་དེབ་ཆུང་ལས་ཟུར་འདོན་ཞུས་པའོ།།