ལྔ་པ། དབུ་རུང་བྱང་གི་གནས་བཤད།
དང་པོ། ཕོད་མདོ་རྫོང་གི་ཉེ་འཁོར་ཡུལ་ལུང་དང་གནས་ཆེན་ངོ་སྤྲོད།
མང་མང་ཐོས་པའི་ཆུ་ཁུར་ངལ་བས་མ་ཚགས།། ཟབ་ཟབ་དོན་གྱི་གནད་ལུགས་རིག་པས་མ་འབྱོར།། རང་རང་འཚོ་སའི་ཡུལ་གྱི་བཀོད་པ་དག་ཀྱང་།། འདི་འདི་ཡིན་མིན་འབྱེད་པའི་གོ་རྟོགས་དབུལ་རུང་།། ཡང་ཡང་གྲོགས་ཀྱིས་སྐུལ་མ་གློག་ལྟར་འགྱུར་ཚེ།། ཚོད་ཚོད་ཤེས་ཚད་རིམ་པ་བརྡ་ཡིས་སྤྲོས་པར།། གནོང་གནོང་ངོ་ཚའི་མགོ་བོ་ལན་གཅིག་བཀྱགས་ཐལ།། དེ་ཡང་ཆག་ལ་འམ་ཕྱག་ལ་ ( འདི་ལ་ཆག་ལ་དང་། ཕྱག་ལ་ཞེས་དག་སྡེབ་མི་འདྲ་བ་གཉིས་བྱུང་སྟེ། ཆག་ལ་ཞེས་པའི་མིང་གི་འབྱུང་ཁུངས་ནི་དམངས་ཁྲོད་ཀྱི་ཤོད་རྒྱུན་ལྟར་ན། སྔོན་དུས་སུ་མེ་ཁེ་རྒྱལ་པོ་ཞེས་པའི་རྒྱན་ཕྲན་ཞིག་དབུ་རུ་ལུང་གི་མེ་ཁེ་ཞེས་པའི་ལུང་ཕྲན་ཞིག་ཏུ་འཚོ་བཞེས་མཛད་སྐབས་འབངས་ཀྱི་གློ་བ་རིང་སྟེ་རྟ་ཐོག་ནས་བཀྲོངས་ཏེ་ཕུང་པོ་གཙང་ཆུར་བསྐྱུར་བ་མཐར་ལྷ་སའི་སྐྱིད་ཆུའི་བརྒྱུད་དུ་ཁྱེར་ཡོང་བ་ཉེ་དུ་དག་གིས་ཚུར་བླངས་ཏེ་རང་ཡུལ་དབུ་རུ་ལུང་དུ་གདན་འདྲེན་སྐབས་སྐུ་ཕུང་སྒོ་སྟེང་དུ་བཏེགས་ཏེ་ཁྱེར་ཡོང་བ་ལ་ལ་ཉག་ཞིག་གི་རྩེ་རུ་འབྱོར་སྐབས་སྐུ་ཕུང་འཇོག་སའི་སྒོ་དེ་ཆག་པས་ལ་དེར་ཆག་ལ་ཞེས་ཐོག་པ་ཡིན་ཟེར་སྐད།
ཕྱག་ལ་ཞེས་པའི་དག་སྡེབ་ལྟར་ན་སྔོན་དུས་སུ་མདོ་སྟོད་སྨད་ཕྱོགས་ནས་རྐྱང་ཕྱག་འཚལ་ཏེ་གནས་མཇལ་དུ་ཡོང་མི་ཚོས་དབུས་ལྷ་སའི་ཇོ་བོའི་བར་ཕྱག་སྣེ་འཇོག་སའི་ལམ་ཐིག་ལྟེ་གནས་སུ་ལ་དེ་ཁེལ་ཡོད་པས་དེ་ལྟར་ཐོག་པ་ཡིན་སྐད། སྟག་ལུང་ཆོས་འབྱུང་སོགས་ཡིག་ཆ་ཕལ་མོ་ཆེ་ལས་ཆག་ལ་ཞེས་ཐོན་པར་སྣང་། གང་ལྟར་ལ་དེའི་མིང་གི་འབྱུང་ཁུངས་ཀྱི་ཐད་རྟོག་བཟོ་དང་སྒྲོ་བཏགས་བྲལ་བའི་ཁ་གསལ་དོན་ལྡན་ཞིག་ནི་མི་ཤེས།) ཞེས་པའི་རི་ཉག་དེའི་ཚུར་ངོས་ནས་དེད་ན་གནའ་ཤུལ་གྱི་ཐད་ནས་ཐོག་མར། རབ་པད་ཆོས་རྫོང་ཞེས་རྒྱལ་དབང་སྟག་ལུང་པའི་སྐྱབས་རྗེ་ཀུན་དགའ་བཀྲིས་དང་ངག་དབང་རྣམ་རྒྱལ་འོད་འཇོ་ཞབས་དྲུང་སོགས་ཀྱིས་བསྟི་གནས་སུ་བཅའ་མྱོང་བའི་རྫོང་ཞིག་ཡོད། སྒྲོས་ཁ་ཅིག་ལྟར་ན་སྔོན་དུས་བཙན་པོའི་སྐབས་ཀྱི་བློན་པོ་འབས་སྟག་རྣ་ཅན་ཞེས་བྱ་བ་དབུ་རུ་བྱང་གི་བྱང་སྤྱི་མཛད་སྐབས་སུ་སྐུ་མཁར་དུ་བཞེངས་པར་ཡང་གྲགས་ཀྱིན་འདུག གཞན་ཡང་རྫོང་དེར་སྲང་བཞི་རྫོང་ཞེས་པའི་མིང་ཞིག་ཀྱང་ཡོད་སྐད། གང་ལྟར་ལོ་ཚིགས་ཁ་གསལ་མི་མངོན་མོད། ཕྱིས་སུ་དུས་འགྱུར་གྱིས་རྐྱེན་པས་ད་ལྟ་མཐོང་ངོར་ལྷག་པ་རྫོང་ཤུལ་གྱི་གྱང་རོ་རབ་རིབ་འགའ་ལས་མ་མཆིས།
དེ་ནས་མུས་སུ་ཚུར་ལ་དེད་ན། དཔལ་རྒྱལ་དབང་སྟག་ལུང་པའི་གདན་ས་ཡར་ཐང་ཡིན་ཞིང་། དགོན་པའི་གནས་ཡུལ་དུ་སྟག་ལུང་ཞེས་གྲགས་ལ། སྟག་ལུང་ཞེས་པའི་མིང་གི་ཐོགས་ཚུལ་ཐད། བཤད་རྒྱུན་མི་འདྲ་བ་གཉིས་མཆིས་ཏེ། སྔོན་ཡུལ་དེར་ཨྱོན་རིན་པོ་ཆེའི་དངོས་སློབ་ལྷུན་གྱི་ཤེས་རབ་བམ་ཤེལ་གྱི་ལྷུན་པོ་ཞེས་བྱ་བ་སྒྲུབ་པ་བསྟི་བའི་སྐབས། (ཡིག་ཆ་ཕལ་ཆེར་ལས་ལྷུན་གྱི་ཤེས་རབ་བམ་ཤེལ་གྱི་ལྷུན་པོ་ཞེས་མིང་ཐ་དད་ལས་གང་ཟག་གཅིག་ལྟ་བུར་བསྙད་ཀྱིན་འདུག་མོད། གཉན་ལོ་དང་དུས་མཚུངས་པའི་ལྷུན་གྱི་ཤེས་རབ་ཞེས་པ་ཞིག་ཀྱང་ཡོད་སྐད། དེས་ན་ད་དུང་ལྷུན་གྱི་ཤེས་རབ་དང་ཤེལ་གྱི་ལྷུན་པོ་གཉིས་གང་ཟག་ཐ་དད་གང་ཡིན་ལ་དཔྱད་ན་འགངས་ཆེ་བར་སྙམ།) དབེན་པ་སྲུང་ཕྱིར་ཕར་ཚུར་ཕེབས་སྐབས་སྟག་གི་ལུས་སུ་སྤྲུལ་ནས་ཕེབས་པས། ཡུལ་དེའི་མི་དག་གིས་དེར་སྟག་མཆིས་སོ་ཟེར་ནས་གྲགས་པས། ཕྱིས་སུ་ཡུལ་དེར་སྟག་ལུང་ཞེས་ཐོག་པ་ཡིན་སྐད།
ཤོད་རྒྱུན་གཞན་ཞིག་ནི། སྔོན་བཙན་པོའི་སྐབས། ཡུལ་དེ་བློན་པོ་སྟག་རྣ་ཅན་ཞེས་བྱ་བ་ཞིག་གི་མངའ་འབངས་སུ་གཏོགས་པས་ན་སྟག་ལུང་ཞེས་ཐོགས་པ་ཡིན་སྐད། གང་ལྟར་ཡུལ་དེའི་མིང་ཐོག་ཚུལ་ལ་ཁུངས་བཙུན་པའི་ཡིག་ཆ་ཞིག་ནི་མ་མཇལ་ཡང་གང་ལྟར་དེ་སྐད་ཅེས་གྲགས། ཕྱིས་ཡུལ་དེར་དགོན་པ་ཞིག་ཡོད་པ་ནི་དཔལ་རྒྱལ་དབང་སྟག་ལུང་པའི་གདན་ས་ཡར་ཐང་རྡོ་རྗེ་གདན་ཏེ། (གནས་དང་གང་ཟག་རྒྱལ་བའི་ལུང་གིས་ཟིན་ཚུལ་དང་ལྷོ་བྲག་མར་པ་ལོ་ཙཱ་བ་དང་ཨྱོན་པདྨ་འབྱུང་གནས་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཚུལ་སོགས་རྒྱས་པར་འདིར་མི་སྤྲོས་ཏེ་སྟག་ལུང་ཆོས་འབྱུང་སོགས་ཡིག་ཆ་གཞན་དུ་ཞིབ་རྒྱས་སུ་གསལ་བས་སོ།།
གཞན་ཡང་སྔོན་ཆད་ས་དེར་དགེ་བཤེས་པོ་ཏོ་བས་ཚོགས་པ་བསྐྱང་ (པོ་ཏོ་བ་རིན་ཆེན་གསལ་གྱིས་དབྱར་བཞུགས་གནང་ས་ཡིན་པ་འདྲ།) ཤུལ་བླ་བྲང་ནག་པོའི་སྒང་ཞེས་པར། རྗེ་ཕག་མོ་གྲུ་པས་ནུབ་གཅིག་ལ་རྫུ་འཕྲུལ་གྱི་བཀོད་པ་ ༡༣ ཙམ་མཛད་དེ་ལྷ་སྲིན་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས་ཤིང་། སྟག་ལུང་གི་ས་ཐམས་ཅད་སྔགས་ས་དང་། ཆུ་ཐམས་ཅད་སྔགས་ཆུ་རུ་བྱིན་གྱིས་བརླབས། )
དེ་ནས་ཡར་ཙམ་དེད་ན། དྲིའུ་ལུང་ངམ་དྲི་བུ་ལུང་ཞེས་པའི་ལུང་ཕུ་རུ་རི་འདབས་སུ་ཉེ་བར་བཅར་བའི་དགོན་པ་ཞིག་ཡོད་པ་ནི་དྲིའུ་ལུང་ངམ་དྲི་བུ་ལུང་དགོན་ཏེ། དེ་ནི་སྟག་ལུང་པའི་ཁྲི་རབས་ཉེར་དྲུག་པ་བསྟན་འཛིན་རྣམ་རྒྱལ་གྱིས་ (༡༧༢༠) ལོར་ཕྱག་བཏབ་གནང་ཞིང་དགོན་པའི་ཕྱི་ཡི་བཀོད་པ་ནི་སྒྲོལ་མ་ལྷ་ཁང་དང་རྫོང་རྩེ། ཚོགས་ཆེན་འདུ་ཁང་། ཞབས་རྗེས་ལྷ་ཁང་། གྲྭ་ཤག་དང་བཅས་པའོ།། གཞན་ཡང་ས་དེར་ཟང་མདོག་དཔལ་རིར་གྲགས་པའི་གནས་རི་ཞིག་ཡོད་པ་དེར་ཕུག་པ་ཆེ་ཆུང་ཁྱོན་ ༡༢ ཙམ་ཞིག་དང་གུ་རུས་གཏེར་ནས་བཏོན་པར་གྲགས་པའི་རྐང་གླིང་གི་གཏེར་ཁོག་ཞིག་ཀྱང་མཆིས། དེའི་ཐོད་ཀྱི་བྲག་ལོག་ཏུ་གུ་རུའི་དབུ་རྗེས་སུ་གྲགས་པའི་རྗེས་ཤུལ་ཞྭ་འདྲ་བ་ཞིག་ཀྱང་ཡོད།
ད་དུང་གུ་རུའི་དངོས་སློབ་མཁན་པོ་ཤེལ་གྱི་ལྷུན་པོའི་ཞབས་རྗེས་སུ་གྲགས་པའི་རྗེས་ཤུལ་ཀོང་ཀོང་ཞིག་ཀྱང་ཡོད། ཕུག་པ་དབུས་པའི་ནང་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས་སུ་གྲགས་པའི་བྲག་ལོག་ཏུ་རྗེས་ཤུལ་ཅུང་ཟད་ཆུང་ཆུང་ཞིག་ཀྱང་སྣང་། དཔལ་རིའི་ཕུག་པའི་ལྡེབས་ངོས་ནས་ཡར་ཙམ་སོང་ན་ཕུག་པ་ཞིག་ཡོད་པ་དེར་རྟ་མགྲིན་རང་བྱོན་དུ་གྲགས་པའི་བྲག་རྟའི་མགོ་དབྱིབས་དང་ཤིན་ཏུ་འདྲ་བ་ཞིག་ཀྱང་ཡོད། (རྗེ་དེ་པའི་སྐབས་འཕན་པོའི་ཆོས་གཞིས་བརྒྱད་དང་། དབུ་རུ་ལུང་འབྲོག་སྡེའི་རྨང་གཞིའི་ཐོག་བྱང་དུ་ཤེ་མ་ཁག་གསར་འཛུགས་ཀྱི་སྟག་ལུང་བླ་བྲང་སླར་ཡང་ཚུགས་ཐུབ་པར་བྱུང་ཡོད་འདུག གཞན་ཡང་སྟག་ལུང་པའི་ཆོས་སྲིད་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན་འདུག)
དེ་ནས་ཡར་སོང་ན། སྤྲག་གི་ཕུ་འམ་ཕོད་ཀྱི་ཕུ་སྟེ། དེང་སང་སྤག་ཕུར་འབོད་པའི་ཡུལ་དེ་ཡིན། དེའི་ལུང་མདོར་རྗེ་ཐང་པའི་སྒྲུབ་གནས་རྫོང་དྲུག་གི་ཡ་གྱལ་གླང་རྔུལ་སྨུག་པོ་ཆོང་གི་རྫོང་ཞེས་པ་སྤྱིར་ན་ཀེའུ་ཚང་དང་མཐའ་སྐོར་དུ་ས་རྡོ་ལས་བྱས་པའི་སྒྲུབ་ཁང་སྤྱིལ་བུའི་གྱང་ཤུལ་རབ་རིབ་འགའ་ཡང་ཡོད། དེ་ནས་ཡར་ལ་སོང་ན། ན་མོ་ཆེ་ཞེས་པའི་ལུང་ཕྲན་ཞིག་ཏུ་སྟག་ལུང་པའི་བསྟན་སྲུང་དགེ་སྙེན་རྡོ་རྗེ་ཀུན་སྐྱོབ་ཀྱི་རྟེན་མཁར་དུ་གྲགས་པའི་རྡོ་བའི་མཁར་ཞིག་ཀྱང་ཡོད། ཕུ་ཕུ་རུ་ཕོད་ཀྱི་གཡའ་གངས་ཅན་ཞེས་པའི་རྫ་རི་སྨུག་པོ་ཤིན་ཏུ་མཐོ་བ་ཞིག་ཀྱང་ཡོད། དེ་ནི་རྒྱལ་དབང་སྟག་ལུང་པའི་བཀའ་ཡི་ཕོ་ཉ་ཆོས་སྐྱོང་ཡོངས་ཀྱི་རྣོ་བའི་མདེའུ་དགེ་སྙེན་རྡོ་རྗེ་ཀུན་སྐྱོབ་མི་ཡི་གཟུགས་ནས་ཚེ་འཕོས་སྐབས་སྐུ་ཕུང་བསྐྱལ་སའི་ས་ཡང་ཡིན་པར་གྲགས། དེ་བཙན་ལ་སྐྱེས་རྗེས་རི་དེའང་དེའི་བླ་རི་ཡིན་པར་གྲགས་ཀྱིན་འདུག
སྤྱིར་ན་ཡུལ་དེར་མི་མ་ཡིན་གྱི་གཏམ་རྒྱུད་དང་འབྲེལ་བའི་ས་རྡོ་རི་བྲག་མང་དུ་མཆིས་མོད་ཡོད་ཚད་སྨྲ་བར་མི་འདོད་དེ། དེ་དག་གིས་མིའི་རིགས་ཀྱི་བྱུང་འཕེལ་ལོ་རྒྱུས་ལ་དེ་ཙམ་གྱི་ཤུགས་རྐྱེན་མི་འབེལ་བས་སོ།། དེ་ནས་མར་ལ་དེད་ན་སྟག་ལུང་གི་ལུང་མདོའི་ཉིན་ངོས་སུ། གཞུང་མཁན་གདོང་ཞེས་པར་གནའ་བརྩེགས་ཀྱི་གྱང་ཧྲུལ་ཅུང་ཟད་རྒྱ་ཆེན་ཞིག་ཀྱང་མཆིས། (དེ་ནི་པོ་ཏོ་བས་དགུན་བཞུགས་ཚོགས་པ་བསྐྱངས་གནས་ཡིན་པར་གྲགས། ཆགས་འཇིག་གི་དུས་ཚིགས་ཁ་གསལ་མི་ཤེས།) དེ་ནས་མར་ལ་དེད་ན་ལོངས་སྤྱོད་སྒང་ངམ་འོད་འཇོའི་སྒང་སྟེ་དེར་རྗེ་ཐང་པའི་སྒྲུབ་གནས་རྫོང་དྲུག་གི་ཡ་གྱལ་འོད་འཇོ་བྲག་དམར་ཁྱུང་གི་རྫོང་ཞེས་པ་ཅུང་ཟད་ངམ་གཟར་བའི་རི་ལྡེབས་སུ་ཕུག་པ་མདོ་སྦུག་གཉིས་དང་། དེའི་འོག་གི་རི་སྡིང་དུ་འོད་འཇོའི་གཟིམ་ཁང་གིས་གཙོས་པའི་གནའ་མཁར་ཉུང་མིན་གྱི་གྱང་རོ་ཕོན་ཆེན་ཡོད། དམངས་ཁྲོད་ཤོད་རྒྱུན་འགའ་ཞིག་ཏུ་ཧོར་གྱི་རྒྱལ་པོ་སེ་ཆེན་བོད་དུ་ཕེབས་སྐབས་ས་དེར་ཁྲག་གི་སྣད་དེ་སྐུ་གཤེགས་སོང་བ་ཡིན་སྐད། ལོ་རྒྱུས་ཡིག་ཆ་ཁག་ཏུ་གསལ་མིན་ཇི་ལྟར་ཡང་མཐའ་གཅིག་ཏུ་མི་བདེན་ཟེར་ནས་ཁ་ཚོན་བཅད་པ་བས་ཞིབ་དཔྱད་ཅིག་བགྱིས་ནའང་མི་ཆོག་རྒྱུ་མེད་པར་སྙམ་སྟེ་དཔྱད་གཞིའི་ཚུལ་དུ་དྲངས་པ་ལགས་སོ། །
དེ་ནས་མར་ལ་དེད་ན། སེང་གླིང་སྟེ། དེར་སྟག་ལུང་ཐང་པའི་སྒྲུབ་གནས་རྫོང་དྲུག་གི་ཐོག་མ་སེང་གླིང་བྲག་སྐྱ་རྡོ་རྗེའི་རྫོང་ཞེས་པའི་ཕུག་པ་ཞིག་མཆིས། དེར་ཚོང་དཔོན་ནོར་བུ་བཟང་པོའི་ཕྱག་མདའ་རུ་གྲགས་པའི་མདའ་ཞིག་ཀྱང་ཡོད། དེའི་འོག་གི་རི་གཤམ་འབུམ་རིང་ཐང་དུ་འབུམ་རིང་མཆོད་རྟེན་ཞེས་པ་བཀྲིས་སྒོ་མང་གི་མཆོད་རྟེན་ཞིག་ཡོད་པ་དུས་འགྱུར་ཁྲོད་འཇིག་སྟེ་ཕྱིས་སུ་བསྐྱར་བཟོ་གནང་ཡོད་མོད། སྔོན་མའི་ས་མལ་རང་དུ་གྱང་ཧྲུལ་ཆུང་ཆུང་ཞིག་ལས་ཅི་ཡང་མེད། (ད་སྐབས་འགྲིམ་འགྲུལ་གཞུང་ལམ་གྱི་ཟུར་འགྲམ་དུ་ཁེལ་ཏེ་ནན་གྱིས་བལྟས་ན་མ་གཏོགས་མངོན་མི་ཐུབ།)
དེ་ནས་མར་ལ་དེད་ན། ཕོད་མདོ་གྲོང་ཚོར་ད་སྐབས་ཆུ་བེད་ལས་གྲྭའི་ལས་སྣོན་གྱིས་གྲོང་ཚོ་ཆགས་ཡུལ་དུ་ཆུ་མ་གཏོགས་ཅི་ཡང་མེད། སེ་གླིང་དགོན་དུ་མ་སླེབས་ཙམ་ན་དགོན་སྡེའི་གྱང་ཧྲུལ་ཞེས་པ་གཞི་རྒྱ་ཅུང་ཟད་ཆེ་བའི་གྱང་ཧྲུལ་ཞིག་ཡོད་པ་ད་སྐབས་གྱང་ཧྲུལ་གྱི་དཀྱིལ་དུ་འགྲིམ་འགྲུལ་གཞུང་ལམ་གྱིས་མནན་ཡོད།
དེ་ནི་ཐོག་མར་འདེབས་པ་པོ་སུ་ཡིན་དང་བཏབས་ནས་དུས་ཡུན་ཅི་ཙམ་སོང་མིན་དང་དགོན་དེར་འདུས་སྡེ་ཇི་ལྟར་འཕེལ་མྱོང་མིན་སོགས་གསལ་ཁ་ཅན་ཞིག་དཔྱད་གཞི་བྱས་ནས་ཡིག་ཆ་ཁག་ཏུ་ནི་མ་མཐོང་། དམངས་ཁྲོད་ཀྱི་ཤོད་རྒྱུན་ལྟར་ན་གཉན་ལོའི་གདན་ས་ཡིན་སྐད། གང་ལྟར་ཅུང་ཟད་རྒྱ་ཆེ་བའི་དགོན་སྡེ་ཞིག་གི་གྱང་ཤུལ་ནི་མིག་མདུན་དུ་མཐོང་རྒྱུ་སྣང་། གཞན་ཡང་དམངས་ཁྲོད་ཀྱི་ཤོད་རྒྱུན་ལྟར་ན་དགོན་དེར་ནད་ཡམས་དང་རོ་ལང་གིས་འཇིགས་པ་བྱུང་སྟེ་སྟོང་སོང་བ་ཡིན་སྐད། དེ་ནས་མར་ལ་དེད་ན་ཤར་སྨད་པ་ཕོད་མདོ་བའི་ཁྱིམ་དུད་ཤིག་གི་མིང་། ཞེས་པའི་ཉེ་ཁོར་དུ་གྱང་ཧྲུལ་ཅུང་ཟད་རྒྱ་ཆེན་ཞིག་ཡོད་པ་དེ་ནི་ཡུལ་དེའི་རྒན་པོ་ཁ་ཅིག་གི་ཟེར་སྒྲོས་ལྟར་ན་ལོ་རྒྱུས་ཡིག་ཆ་ཁག་ཏུ་གསལ་བའི་ཕོད་མདོ་བདུད་འདུལ་གྱི་གཙུག་ལག་ཁང་ཞེས་པ་དེ་ཡིན་སྐད། དེ་ནི་སྔོན་དུས་ཅུང་ཟད་གྲགས་ཆེ་བའི་དགོན་པ་ཞིག་ཡིན་འདུག དེ་ནས་གུང་དཀར་ལ་ཉག་ཅེས་པའི་རི་ཉག་ཞིག་ཡོད་པ་དེའི་དམའ་སའི་ཅུང་ཟད་ངམ་གཟར་བའི་བྲག་ལྡེབས་སུ་ཕོད་མདོ་རྫོང་གི་མཁར་ཤུལ་གྱང་རོ་རྙིང་པ་ད་ལྟའང་དངོས་སུ་མཐོང་རྒྱུ་ཡོད།
དབུ་རུ་ལུང་། དེ་ནས་ཡར་ལ་དེད་ན། རྫ་ར་དང་ལྟར་རུ་ཆུང་བ་གྲོང་ཚོ། གཉིས་བཞག་སྟེ་ལྟར་གྱི་ཀླུ་ཁོག་གམ་ཀླུ་ལྐོག་ཐང་ཆེན་དང་ལྟར་ལུང་པ་སྟེ། ས་དེ་ནི་སྟག་ལུང་པའི་གདན་ས་ཡར་ཐང་གི་ཁྲི་རབས་གཉིས་པ་སྐྱེས་མཆོག་སྐུ་ཡལ་བའི་སྐུ་དུས་སུ་སྟག་ལུང་ཆོས་ཁང་དམར་པོ་བཞེངས་སྐབས་ཀ་གདུང་སོགས་པའི་ཤིང་ཆ་ཕལ་ཆེ་བ་བཏུས་སའི་ས་ཆ་ཞིག་ཡིན་སྐད་འདུག་ལ། ཕོད་མདོ་བདུད་འདུལ་གྱི་གཙུག་ལག་ཁང་གི་ཀ་གདུང་ཡང་དེ་ནས་བཅད་པར་གྲགས། དེར་སྔོན་དུས་སུ་ཡུལ་གཞན་དང་ཀུན་ནས་མི་མཚུངས་པའི་ཤིང་སྤེན་མའི་སྡོང་པོ་ཧ་ཅང་ཆེན་པོ་སྐྱེ་ཚར་བྱུང་ཡོད་སྐད་འདུག་མོད། དེང་སང་ཐང་ཆེན་ཧྲིལ་པོ་ཆུའི་འོག་ཏུ་ལྷག་ཡོད།
གཞན་ཡང་ས་དེར་སྔོན་དུས་སུ་ཆུ་ཚན་ཞིག་ཀྱང་ཡོད་སྐད་འདུག། འོན་ཀྱང་ད་ཆ་དངོས་སུ་ངོས་འཛིན་ཐུབ་མཁན་ནི་ཡུལ་དེའི་རྒན་རབས་པའི་ཁྲོད་དུའང་མི་འདུག དེ་ནས་ཡར་ལ་དེད་ན། རག་ཆེན་རག་ཆུང་དང་རི་ཕུའམ་རི་པུ་གྲོག་ལ་སོགས་ཡུལ་ཕྲན་འགའ་ཞིག་ཡོད་པ་ལས། དེའི་ཁྲོད་ཀྱི་རི་ཕུའམ་རི་པུ་ཞེས་པའི་ཡུལ་དེར་སྔོན་དུས་བཙན་པོའི་སྐབས་ཀྱི་བློན་ཆེན་མགར་སྟོང་བཙན་ཡུལ་བཟུང་འབྲས་ནད་ཀྱིས་སྣད་དེ་སྐུ་གཤེགས་ས་དེར་རེད་ཅེས་ལོ་རྒྱུས་སྨྲ་བ་ཁ་ཅིག་གིས་བཞེད་ཀྱིན་འདུག དོན་ལའང་དེ་ལྟར་མིན་ནམ་སྙམ། གཅིག་ཏུ་བདེན་མིན་དཔྱད་གཞིར་མཐོང་བས་འདིར་བཀོད་བཞག གཞན་སྲིབ་ཀྱི་ས་དེ་ཡན་དུ་གྲགས་ཆེ་བ་དང་ལོ་རྒྱུས་ཀྱིས་རྩིས་ཟིན་པའི་གནའ་ཤུལ་དང་དགོན་སྡེ་གནས་རི་སོགས་ནི་ཅི་ཡང་མི་སྣང་ངོ་།།
དེ་ནས་ཕར་ངོས་ཉིན་གྱི་མགོ་མ་འདམ་ཤོད་དང་སྦྲེལ་མཚམས་ནས་དེད་ན་ཀེ་ཚང་རུ་བ་ཞེས་པའི་ཕར་ངོས་རི་འདབས་སུ་གྱང་ཤུལ་ཞིག་མཆིས་པ་ནི་སྟག་ལུང་པའི་སྐྱབས་རྗེ་ཀུན་དགའ་བཀྲིས་ཀྱིས་བཏབ་གནང་མཛད་པའི་ཐང་འབྲོག་དགོན་པ་ཡིན། དེ་ནས་མར་ལ་དེད་ན། ལུང་ཕྲན་མང་དུ་མཆིས་མོད་གནའ་ཤུལ་དང་སྔོན་དུས་དགོན་སྡེ་སོགས་ཅི་དང་གང་ཡོད་ལ་རྒྱུས་མངའ་དེ་ཙམ་མེད་པས་སྨྲ་བའི་ངལ་བ་ཡང་མ་བྱས། དེ་ནས་མེ་ཁེ་ཞེས་པའི་ལུང་ཕྲན་ཆེ་ཆུང་གཉིས་ཡོད་པའི་ཕུ་ངོས་དེར། སྔོན་དུས་སུ་ས་དེ་སྐྱོང་བའི་མེ་ཁེ་རྒྱལ་པོ་ཞེས་པ་ཞིག་ཡོད་པ་དེའི་མཁར་དང་བྲང་ཁང་ལ་སོགས་པའི་གྱང་ཤུལ་ད་ལྟའང་མིག་མདུན་དུ་མཐོང་རྒྱུ་ཡོད། (ལོ་རྒྱུས་སྨྲ་བ་ཁ་ཅིག་གི་བཞེད་པ་ལྟར་ན། ཡུལ་དེ་ནི་སྔོན་དུས་བཙན་པོའི་བཞུགས་གནས་སུའང་འདོད་ཀྱིན་འདུག )
འོན་ཀྱང་མེ་ཁེ་རྒྱལ་པོ་ཞེས་པ་ཞིག་དངོས་སུ་བྱུང་མྱོང་མིན་དང་དེའི་འཁྲུངས་འདས་ལོ་ཚིགས་སོགས་ཞིབ་ཆ་ཆེ་བའི་དཔྱད་གཞིའི་ཡིག་ཆ་ནི་མཐོང་ཐོས་ཡེ་མི་འདུག་མོད། མཁར་ཤུལ་གྱི་གྱང་རོ་དང་དམངས་ཁྲོད་ཀྱི་བཤོད་རྒྱུན། གསོལ་ཁའི་ཚིག་དོན་སོགས་ལ་དཔྱད་ན་སིལ་བུའི་དུས་འཇུག་ཏུ་མིན་ནམ་སྙམ། དེ་ཡང་ཡུལ་དེའི་དམངས་ཁྲོད་ཀྱི་ཁ་རྒྱུན་ལྟར་ན། མེ་ཁེ་རྒྱལ་པོ་དེ་ནི་རྟེན་དགེ་བསྙེན་ལ་དཔལ་ཕྱག་ན་རྡོ་རྗེའི་སྙེན་ཚད་འཁྱོལ་བའི་མི་བུ་མཐུ་དང་ལྡན་པ་ཞིག་ཡིན་སྐད། རྒྱལ་པོ་དེ་པའི་བྲང་ཁང་ཅུང་དཀའི་མཁར་གྱི་ཁ་ཤར་ཕྱོགས་སུ་བསྟན་ཡོད་པ་དེའི་མདུན་དུ་རི་ཞིག་ཡོད་པ་དེས་རྒྱལ་པོའི་བྲང་ཁང་གི་ངོས་སུ་ཞོགས་པའི་ཉི་འོད་འཕྲོ་བར་གེགས་བྱེད་པས་ན། རྒྱལ་པོའི་དགོངས་པར་རི་དེའི་རྩེ་མོ་ནས་ཅུང་ཟད་བྲེག་ན་བྲང་ཁང་ལ་ཉི་འོད་ཕོག་པར་མི་སྐྱོན་དགོངས་ཏེ་འབངས་དག་ལ་བཀའ་བསྩལ་ཏེ་རི་དེའི་སྐེ་གཅོད་དགོས་རབས་བསྙད། དེར་འབངས་རྣམས་ཀྱིས་རི་སྐེ་གཅོད་དུ་ཐུབ་རྒྱུ་དཀའ་རབས་སུ་ཞུས་པས། རྒྱལ་པོས་རི་སྐེ་ནས་ས་ཁེམ་བུ་གསུམ་བརྐོས་ཏེ་ང་མི་གཅིག་གིས་ཀྱང་འདི་ལྟར་ནུས་ན་ཁྱེད་ཅག་མང་པོའི་ཚོགས་ཀྱིས་ལྟ་ག་ལ་མཆིས་སྨོས་ཏེ་བཀའ་ནན་གྱིས་བསྩལ།
དེ་ལྟར་འབངས་དག་གིས་ཀྱང་རི་སྐེ་ནས་ས་རྡོ་མང་པོ་དབོར་འདྲེན་བྱས་པས། མི་དག་ལ་ལ་རྨས་ཕོག ལ་ལ་འཆི། ལ་ལ་དཀའ་བས་ན། གྲོས་ཁ་བསྡུར་ཏེ་རི་སྐེ་ལས་དཔོན་སྐེ་བཅད་པ་སླའོ་ཟེར་ནས་རྒྱལ་པོ་བཀུམས་པར་ཁ་འཆམ། དེ་ཡང་ཡུལ་དེར་ལོ་ལྟར་རྟ་རྒྱུགས་ཀྱི་དུས་ཆེན་ཞིག་ཡོད་པ་དེ་འཆར་ལ་ཉེ་བའི་ཉིན་འགའི་སྔོན་དུ་འབངས་རྣམས་ཀྱིས་རྒྱལ་པོའི་ཆིབས་རྟའི་མིག་གཉིས་རས་ཡུག་གིས་བསྒྲིབས་སྟེ་མུན་དོང་དུ་བཅུག་བཞག དེ་ནས་རྟ་རྒྱུགས་ཀྱི་དུས་ཆེན་དངོས་སུ་ཚེས་པའི་སྐབས་དེར། དཔོན་འབངས་དག་རྟ་རྒྱུགས་ཀྱི་སྟ་གོན་ལ་རེམས། དེ་ནས་དངོས་སུ་རྟ་རྒྱུགས་རན་ཁར་འབངས་རྣམས་ཀྱིས་རྒྱལ་པོའི་ཆིབས་རྟའི་མིག་གི་རས་ཡུག་བཀྲོལ་ཏེ་རྒྱུགས་སུ་བཅུག་པས། ཆིབ་རྟ་ནི་ཡུན་རིང་མུན་འོབས་སུ་མིག་བསྒྲིབས་པའི་རྐྱེན་གྱིས་ཉི་འོད་ཀྱི་དཀར་ཆ་མིག་ལ་འཕོས་པ་མ་བཟོད་ནས་རྒྱལ་པོ་མི་རྟ་གཉིས་གཡང་ལ་ལྷུང་། (རྒྱལ་པོ་མི་རྟ་ལྷུང་ཡུལ་ནི་འདུ་འཇོམས་ཕྲང་ཞེས་པའི་ས་དེར་ཡིན་སྐད། )
མཐར་རྒྱལ་པོའི་སྐུ་ཕུང་གཙང་ཆུས་ཁྱེར་སྟེ་ལྷ་སའི་སྐྱིད་ཆུའི་འགྲམ་ནས་ཉེ་དུ་དག་གིས་ཚུར་བླངས་ཏེ་སྤུར་སྦྱང་བྱས་ཤིང་། ཕྱིས་བཙན་དུ་སྐྱེས་པར་གྲགས། དགེ་ལུགས་པའི་ཕྱོགས་ནས་རྒྱལ་པོ་དེ་པར་ཆུ་བརྒྱུད་རྒྱལ་པོ་ཞེས་པའི་མཚན་ཡང་འབོད་སྲོལ་འདུག མ་ཟད་ཆུ་བརྒྱུད་རྒྱལ་པོའི་ལྷ་མཁར་ཞེས་པ་ལྷ་སའི་རྔ་ཆེན་རི་བོའི་འདབས་རོལ་ཏུ་ཡོད་སྐད། རྗེས་སུ་སྟག་ལུང་པའི་བཀའ་སྲུང་གི་གྲལ་དུ་གཏོགས་སོ།།
དེ་ནས་མར་ལ་དེད་ན་སྟག་ལུང་ཐང་པའི་སྒྲུབ་གནས་རྫོང་དྲུག་གི་ཡ་གྱལ་སེ་བ་ལུང་ཁུ་བྱུག་རོལ་པའི་རྫོང་སྟེ་བྲག་རི་སྟག་གི་དབྱིབས་འདྲ་བའི་ཁ་ནང་དུ་ཕུག་པ་ཞིག་ཡོད་པ་དེར་སྟག་ལུང་ཐང་པའི་ཞབས་རྗེས་སུ་གྲགས་པའི་རྗེས་ཤུལ་ཀོང་ཀོང་ཞིག་བྲག་ངོས་ན་གསལ། དེའི་འོག་ཏུ་སྟག་ལུང་པའི་ཁྲི་རབས་ཉི་ཤུ་པ་ཆོས་རྗེ་བཀྲིས་དཔལ་གྲུབ་ཀྱིས་ཕྱག་བཏབས་པར་གྲགས་པའི་སེ་བ་ལུང་དགོན་གྱི་གྱང་རོ་ཅུང་ཟད་ཡོད། དེ་ནས་མར་ལ་དེད་ན་སྤང་འཛོམས་མདོ་ཞེས་པའི་ལུང་ཕྲན་ཞིག་ཡོད་པ་དེར་རང་བྱུང་རྡོ་རིགས་ཀྱི་ཐོན་ཁུངས་དཔེར་ན། རྡོ་མཚོན་དང་། ཕ་ལམ། གསེར་རྡོ། ལྕགས་རྡོ། ཟངས་རྡོ། ཅོང་གཞི་སོགས་ཁྱད་འཕགས་ཀྱི་རང་བྱུང་གཏེར་ཕུན་སུམ་ཚོགས་པོ་འདུག ལྷག་པར་ཡུལ་དེའི་མར་འདབས་སུ་སྔོན་དུས་གཉེན་ལོ་ཙཱ་བས་བཏབས་པར་གྲགས་པའི་སེ་ནག་ལུང་དགོན་ཞེས་པ་ཞིག་ཀྱང་ཡོད་སྐད་འདུག་མོད་གྱང་ཤུལ་ནི་མི་སྣང་།
དེ་ནས་མར་ན་དེད་ན། སེ་རོང་སྒང་། ཕ་བོང་ལུང་། འབའ་མདོ་བཅས་ཡུལ་ཕྲན་གསུམ་ཡོད་པ་ལས། འབའ་མདོར་མ་སླེབ་ཙམ་གྱི་བྲག་ཕྲན་ཞིག་གི་ཐོག་མཁར་རྫོང་ཞིག་གི་གྱང་ཤུལ་རྒྱ་ཆེན་ཞིག་ཡོད་པ་དེ་ནི་དམངས་ཁྲོད་ཀྱི་ཤོད་རྒྱུན་ལྟར་ན་སྔོན་དུས་སུ་བྲག་དེའི་སྟེང་ཇག་ཚོགས་ཕོན་ཆེན་ཞིག་ཡོད་པ་ཕྱིས་སུ་བོད་གཞུང་གིས་དམག་དྲངས་ཏེ་ཆམ་ལ་ཕབས་སྐད་འདུག་མོད། ཡུལ་དངོས་ལ་དཔྱད་ན་བོད་གཞུང་སྐབས་ཀྱི་གཞུང་འགྲུལ་འགག་སྒོ་དང་འབྲེལ་བའི་མཁར་རྫོང་ཞིག་ཡིན་ནམ་སྙམ། དེ་ཡང་ཤོད་རྒྱུན་གཞན་ཞིག་ལ་བྲག་དེ་ནས་སྲིབ་ཀྱི་རི་འདབས་བར་གཙང་པོ་དང་བཅས་པར་འགག་སྒོ་ཡོད་སྐད་བཤད་སྒྲོས་འདུག་མོད། སྲིབ་ཀྱི་རི་འདབས་སུ་འགག་སྒོ་བརྩེགས་ཤུལ་ལྟ་བུའི་གྱང་རོ་ནི་མི་སྣང་། གཞན་ཡང་བྲག་དེར་ཀ་གཉིས་སྒོ་བཞི་ཞེས་པའི་མིང་ཞིག་འབོད་སྲོལ་འདུག དེ་ཡང་འགག་སྒོའི་འགྲུལ་ལམ་གྱི་གནད་མིག་ཏུ་ཀ་བ་གཉིས་ལ་སྒོ་བཞི་ཅན་གྱི་ཀ་ཕིབས་སམ་གཞུང་འགྲུལ་འགག་སྒོའི་སྒོ་མིག་ཡོད་པས་ཡིན་སྐད་འདུག གང་ལྟར་བྲག་དེའི་རྩེར་གནའ་མཁར་གྱི་གྱང་ཤུལ་རྒྱ་ཆེན་ཞིག་ད་ལྟའང་དངོས་སུ་མཐོང་རྒྱུ་འདུག འོན་ཀྱང་བྲག་སྟེང་རང་དུ་འགྲོ་ལམ་འགག་འདུག
དེ་ནས་མར་ཙམ་དེད་ན་གཉེན་ཐོག་ཅེས་ཤིན་ཏིང་རྒྱལ་པོ་ཞེས་པའི་བཙན་ཞིག་གི་གནས་རིར་གྲགས་པའི་རི་འདབས་སུ་ཅུང་ཟད་གཞི་རྒྱ་ཆེ་བའི་དགོན་ཤུལ་གྱི་གྱང་རོ་ཕོན་ཆེན་ཞིག་ཡོད་པ་དེ་ཡང་གཉེན་ལོས་བཏབས་པ་ཡིན་འདུག དེ་ནས་མར་ཙམ་དེད་ན་འབའ་མདོ་སྟེ། དེར་ཡང་སྔོན་དུས་གཉན་ལོས་བཏབས་པའི་དགོན་ཆུང་ཞིག་ཡོད་པར་གྲགས་མོད། ད་སྐབས་མཛུབས་རྩེ་བསྟོན་སའི་གྱང་ཤུལ་ནི་མ་མཆིས། དེ་ནས་མར་ལ་དེད་ན་བྱོལ་རྫི་དང་ཤོ་མ་ར་གཉིས་ཡོད་པ་ལས་བྱོལ་རྫིའི་ཕུ་རུ་ཨྱོན་རིན་པོ་ཆེའི་སྒྱུ་འཕྲུལ་སྒྲུབ་ཕུག་ཏུ་གྲགས་པའི་ཕུག་པ་ཞིག་ཀྱང་ཡོད་སྐད་འདུག་མོད། ཡུལ་དངོས་ལ་བལྟ་བའི་སྐབས་མ་རེག་ཐལ། བྱོལ་རྫིའི་ལུང་མདོ་རུ་ཐང་མགོ་དགོན་ཞེས་སྔོན་དུས་གཉེན་ལོས་བཏབས་པའི་དགོན་ཤུལ་ཞིག་ཡོད་པར་གྲགས་མོད། དེ་ཡང་ད་ལྟ་གྱང་ཤུལ་གྱི་བརྙན་པ་མིག་ལམ་དུ་མངོན་རྒྱུ་མ་མཆིས།
དེ་ནས་ཤོ་མ་ར་ཞེས་པའི་ལུང་ཕྲན་ཞིག་ཡོད་པ་དེའི་ལུང་མདོ་རུ་སྔོན་དུས་སྟག་ལུང་ཐང་པར་བསྙེན་རྫོགས་སྡོམ་པ་འབོག་མཁན་གྱི་མཁན་པོ་ཤོ་མ་རའི་གདན་ས་རུ་གྲགས་པའི་དགོན་ཤུལ་གྱི་གྱང་རོ་ཡོད་སྐད་འདུག་ལ། མ་ཟད་ས་དེར་ཕྱི་ལོའི་དུས་རབས་བདུན་པ་བོད་བཙན་པོའི་སྐབས་དམག་དོན་གྱི་རྟེན་གཞིར་གྱུར་པའི་ས་ཆ་ཞིག་ཀྱང་ཡིན་སྐད་འདུག་མོད། འདི་ཡིན་འདི་མིན་གྱི་མཛུབ་རྩེ་སྟོན་པར་མ་ནུས་སོ།། དེང་སང་ས་དེར་ཆུ་མ་གཏོགས་ཅི་ཡང་མི་མངོན། ཤོ་མ་རའི་རི་ལྡེབས་སུ་སྟོང་ཤོང་ཕུག་པ་ཞེས་པའི་ཕུག་པ་རྒྱ་ཆེན་ཞིག་ཀྱང་མཆིས། དེ་ནས་མར་ལ་དེད་ན་ཡུལ་ཕྲན་སྣ་ཚོགས་པ་མང་དུ་མཆིས་མོད། ལོ་རྒྱུས་ཀྱི་རིན་ཐང་མངའ་བའི་ས་ཆ་གང་དང་ཅི་ཡིན་སོགས་ལ་དེ་ཙམ་གྱིས་ཤེས་ཚོར་མ་བྱུང་ངོ་། །
དེ་ནས་རྭ་སྒྲེང་གཙང་པོའི་བཞུར་རྒྱུན་གྱི་ཡར་ལམ་ཉིན་ངོས་སུ་དེད་ན། ཡག་སུམ་ཐང་ལ་སོགས་པའི་ཡུལ་ཕྲན་འདྲ་མིན་མང་དུ་མཆིས་ལ་དེའི་ཁྲོད་ནས་ཅོམ་མདོར་ཅོམ་ལྷ་ཁང་དང་དེའི་འོག་བཙན་པོ་བང་སོ་རུ་གྲགས་པའི་བང་སོ་ཆུང་མིན་འགའ་ཞིག་ཀྱང་མཆིས། ཡུལ་དེའི་དམངས་ཁྲོད་བཤོད་རྒྱུན་དུ་བཙན་པོའི་བང་སོ་རུ་གྲགས་མོད། བཙན་པོ་སུ་དང་གང་གིས་ཡིན་མིན་ལ་ཁུངས་ཐུབ་པའི་དཔྱད་གཞི་མ་རྙེད། གཞན་ཡང་བཤད་སྲོལ་ཁ་ཅིག་ལ་ས་འབུར་དེ་དག་ནི་མཆོད་རྟེན་ཞིག་ཤུལ་གྱི་ས་འབུར་དུ་ཡང་བཤད་ཀྱིན་འདུག གང་ལྟར་ས་དེར་ས་འབུར་ཕོན་ཆེན་ཡོད།
འབྱུང་ཁུངས། <<འཕན་ཡུལ་གྱི་ངོ་སྤྲོད་མདོར་བསྡུས་>> ཞེས་པའི་དེབ་ཆུང་ལས་ཟུར་འདོན་ཞུས་པའོ།།