གཉིས་པ། རྭ་སྒྲེང་དགོན་དང་གནས་ཤུལ་གྲགས་ཆེན།
དེ་ནས་ཡར་ལ་དེད་ན་རྭ་སྒྲེང་དགོན་པ་ཡིན་སྟེ་རྭ་སྒྲེང་དགོན་ནི་རབ་བྱུང་དང་པོའི་མེ་སྤྲེལ་༡༠༥༦ལོར་བཀའ་གདམས་པའི་སྐྱེས་ཆེན་རྒྱལ་བ་འབྲོམ་སྟོན་པས་ཕྱག་བཏབས་པ་ཡིན་འདུག དགོན་དེ་དང་འབྲེལ་བའི་དམངས་སྲོལ་རིག་གནས་ཁྱད་འཕགས་བ་ཞིག་མཆིས་པ་ནི་རྭ་སྒྲེང་ཆོས་བྲོ་སྟེ། རྭ་སྒྲེང་ཆོས་བྲོ་ནི་རྭ་སྒྲེང་སྐུ་ཕྲེང་ལྔ་པའི་སྐབས་ཁོང་གི་བཀའ་དགོངས་བཞིན་བྲོ་དཔོན་ནོར་བཟང་མཆོག་ནས་གསར་གཏོད་མཛད་གནང་བ་ཡིན་སྐད། དེ་ནས་ཡར་ལམ་རེ་ལྡེབས་སུ་དེད་ན། བསམ་གཏན་གླིང་ཞེས་པའི་བཙུན་དགོན་ཞིག་ཡོད་པ་དེའི་འདུ་ཁང་གི་དྲི་གཙང་ཁང་དུ་ཚུད་པའི་ཕུག་པ་ཞིག་ཡོད་པ་དེ་ནི། སྔོན་དུས་རྗེ་ཙོང་ཁ་པའི་བཞུགས་གནས་སུ་གྲགས་ལ། དགོན་དེར་རྗེ་ཙོང་ཁ་པའི་ཞལ་ཐུར་དང་ཞབས་རྗེས་ཤིག་ཀྱང་སྣང་། དགོན་པའི་མར་ངོས་ཀྱི་ཕར་ལྡེབས་སུ་ཕུག་པ་ཅུང་ཟད་ཁ་གཡེར་བ་ཞིག་ཏུ་ཆུ་མིག་ཅིག་ཡོད་པ་ནི་ཨ་ར་པ་ཙཱའི་ཆུ་ཞེས་བཏུང་ན་རིག་པ་མྱུལ་ཞིང་ཁ་ལྕེ་དིག་པ་ལ་ཤིན་ཏུ་ཕན་པར་གསུངས།
གཞན་ཡང་ས་དེར་རྡོ་བའི་ངོས་སུ་ཡི་གེ་ཨ་རང་བྱོན་མང་དུ་ཡོད་སྐད། དེ་ནས་རྭ་སྒྲེང་དགོན་གཤམ་གྱི་མདུན་ངོས་སུ་མར་ལ་དེད་ན་རྭ་སྒྲེང་ཕ་བོང་ཐང་ཞེས་པ་སྤང་ཐང་ཕ་བོང་ཆེ་ཕྲ་སྣ་ཚོགས་པས་གང་བ་ཞིག་ཡོད། དེར་ལོ་འཁོར་རེས་མོས་ཀྱི་ལུག་ལོའི་ལོར་ཕ་བོང་ཐང་བསྐོར་གྱི་དུས་ཆེན་ཚུགས་སྲོལ་འདུག ཐང་ཆེན་དེའི་ལྷོ་ནུབ་ཀྱི་ངོས་སུ་མཁའ་འགྲོའི་བརྡ་ཡིག་ཏུ་གྲགས་པའི་རིས་གཟུགས་སྣ་ཚོགས་མཆིས་པའི་ཕ་བོང་ཞིག་ཀྱང་ཡོད། དེ་ནི་ཡོངས་གྲགས་ཏུ་མཁའ་འགྲོའི་བརྡ་ཡིག་ཏུ་གྲགས་མོད། ཕ་བོང་སྟེང་གི་རིས་གཟུགས་དེ་དག་ནི་སྔོན་གྱི་གཟུགས་མཚོན་ཡི་གེ་ཤ་སྟག་ཏུ་སྣང་ངོ་།། མ་ཟད་རིས་གཟུགས་དེ་དང་འདྲ་བ་ཤིན་ཏུ་ཆེ་བའི་རིས་གཟུགས་གཞན་ཞིག་འཕན་པོའི་ཕུ་ཤར་གྱི་ཡུལ་མདོ་རུ་དགེ་སྙེན་གྲི་བརྡར་ཞེས་པའི་བྲག་རྡོ་ཞིག་གི་སྟེང་དུའང་སྣང་། ཕྲན་གྱིས་ནི་རིས་གཟུགས་དེ་གཉིས་ཀྱི་བཀོད་པ་གཅིག་ཏུ་མཐོང་། གང་ལྟར་ཕ་བོང་དེ་ནི་བོད་ཀྱི་བརྡ་སྤྲོད་རིག་པའི་བྱུང་འཕེལ་ལོ་རྒྱུས་དང་འབྲེལ་བ་ཅུང་ཟད་མེད་འགྲོ་སྙམ་ནས་འདིར་དཔྱད་གཞིར་བགྲང་བའོ།། དེ་ནས་གཙང་པོ་ཕར་ངོས་ནས་མར་ལ་དེད་ན། དབྱིགས་ཕུ་དང་རྫ་སྣ་ལ་སོགས་པའི་ཡུལ་ཕྲན་མང་དུ་ཡོད། རྭ་སྒྲེང་ཕྱོགས་གཏོགས་ཀྱི་ཡུལ་ལུང་ཕལ་མོ་ཆེར་རྒྱུས་མངའ་དེ་ཙམ་མེད་རྐྱེན་འོལ་ཚོད་ཀྱིས་སྨྲ་བར་མ་སྤོབས་སོ།
ཀླུང་ཤོད། དེ་ནས་ཕོད་མདོ་རྫོང་ངོས་ཀྱི་གཙང་པོའི་ཕར་ངོས་ནས་མར་ལ་དེད་ན། སྙིང་པོ་དང་མཚོ་ལུང་། རྒྱབ་ར་སྟོད་སྨད། སྤྱི་ཕུ། ངར་སྟོད་སྨད་སོགས་ཡུལ་ཕྲན་མང་དུ་མཆིས་པ་ལས། སྙིང་པོ་དང་མཚོ་ལུང་གི་དབར་བྲག་ལྡེབས་ཤིག་ཡོད་པ་དེ་ནི་སྟག་ལུང་པའི་གདན་རབས་བཞི་པ་ཆོས་སྐུ་སངས་རྒྱས་དབོན་པོ་སྐུ་ན་གཞོན་དུས་རྫུ་འཕྲུལ་གྱིས་བཀོད་པ་སྟོན་སའི་གནས་ཤིག་ཡིན་སྐད་ལ་དེར་སངས་རྒྱས་དབོན་པོའི་ཞབས་རྗེས་སུ་གྲགས་པ་ཞིག་ཀྱང་སྣང་། རྒྱབ་ར་སྟོད་ཀྱི་བྲག་རི་ཞིག་གི་རྩེ་འདབས་ཀུན་ཏུ་གྱང་ཤུལ་མང་དུ་ཡོད་པ་ནི་སྔོན་ཆད་རྭ་སྒྲེང་བླ་བྲང་གི་ཁོངས་གཏོགས་རྒྱབ་ར་རྫོང་གི་མཁར་ཤུལ་ཡིན། དེར་རི་འདབས་སུ་མུ་འཁྱུད་ལྟ་བུའི་གྱང་ཧྲུལ་དང་། རི་རྩེར་ཁང་པ་ཀ་བ་གཉིས་ཅན་ཞིག་ཀྱང་འདུག གཞན་ཡང་རི་སྐེད་ཚང་མར་གྱང་ཤུལ་མཚོ་བརྡོལ་བ་ལྟ་བུ་ཡང་མཐོང་རྒྱུ་འདུག་གོ །
གྱང་ཤུལ་ཡོད་སའི་ཕར་ངོས་ཀྱི་རི་འདབས་སུ་དགེ་བཤེས་པོ་ཏོ་བའི་གདུང་རྟེན་དུ་གྲགས་པའི་ས་རྡོའི་མཆོད་རྟེན་ཆེ་བ་གཅིག་དང་ཆུང་བ་གཉིས་ཏེ་ཁྱོན་མཆོད་རྟེན་གསུམ་ཡོད་པ་གསུམ་ཀ་གནའ་བོའི་མཆོད་རྟེན་རང་མ་ཉམས་པར་བཞུགས་བསྡད་པ་ཡིན་འདུག སྤྱི་ཕུ་དང་། ངར་སྟོད་སྨད་ལ་སོགས་པའི་ཡུལ་ཕྲན་གཞན་ཚོར་ཁྱད་འཕགས་ཀྱི་གནའ་ཤུལ་དང་གནས་རི་སོགས་ཇི་ཙམ་ཞིག་ཡོད་མེད་ཁ་གསལ་མ་ཤེས། དེ་ངོས་ཀྱི་ཀ་ལེབ་ཞེས་པའི་ལུང་ཕྲན་ཞིག་ཡོད་པ་ནི་སྟག་ལུང་པའི་ཁྲི་རབས་ཉེར་བདུན་པ་མ་སྤྲུལ་བསྟན་པའི་ཉི་མ་སྐུ་འཁྲུངས་ཡུལ་ཡང་ཡིན་འདུག
དེ་ནས་ཕོད་མདོ་གཙང་པོའི་ཚུར་ངོས་ནས་མར་ལ་དེད་ན། སེ་ཙ་གྲོང་ཚོ་ཡིན་ཏེ། དེར་སྟག་ལུང་པའི་གདན་རབས་བཞི་པ་ཆོས་སྐུ་སངས་རྒྱས་དབོན་པོ་དགུང་ལོ་བཞི་ནས་བཅུ་གཉིས་བར་གྱི་སྐུ་ན་ཕྲ་དུས་སུ་འཚོ་བཞུགས་མཛད་སའི་མཁར་ཤུལ་རྙིང་པ་མ་ཉམས་པར་ཡོད། (དུད་ཁྱིམ་དེའི་མིང་ལ་ཧོར་ཚང་ཟེར།) མཁར་རྙིང་དེའི་འོག་ཁང་མུན་ཁུང་ཞིག་ཡོད་པ་དེ་ནི་སྔོན་དུས་སངས་རྒྱས་དབོན་གྱི་བཞུགས་གནས་དངོས་དེ་ཡིན་སྐད། དེར་མུན་ཁུང་ཡིན་རྐྱེན་ཉི་ཟླའི་སྣང་བ་མི་ཐོགས་པས་ཉི་ཟླའི་དོད་དུ་ཉི་ཟླ་རང་བྱོན་རེད་ཟེར་བའི་རྡོ་ཉི་ཟླའི་དབྱིབས་དང་འདྲ་བ་གཉིས་ཀྱང་མཆིས། མཁར་རྙིང་དེའི་ཡར་ཐོད་རི་འདབས་སུ་མཁར་རྙིང་གཞན་ཞིག་ཡོད་པ་ནི་སྟག་ལུང་གི་མཁན་རྒྱུད་དག་གི་ནང་ཁྱིམ་སྟེ་ཀ་དྲུག་ཚང་ཡིན་ཞིང་། ཀ་དྲུག་ཚང་ནི་སྟག་ལུང་པའི་མཁན་རབས་རིམ་བྱོན་ཀུན་གྱི་འཁྲུངས་ཁང་ཡིན། མ་ཟད་མཁན་ཆེན་ཤཱཀྱ་ཤྲཱིའི་སོ་ཐར་གྱི་སྡོམ་རྒྱུན་ཡང་ཀ་དྲུག་མཁན་བརྒྱུད་ནས་བརྒྱུད་འཛིན་བྱས་ཡོད་སྐད། དེ་ལྟའི་ཀ་དྲུག་ཚང་དང་ཧོར་ཚང་གཉིས་ཀྱི་གནའ་མཁར་ནི་མ་ཉམས་པར་དུས་ད་ལྟ་ཡང་དངོས་སུ་མཇལ་རྒྱུ་ཡོད།
དེ་ནས་མར་ལ་དེད་ན་ལྕག་དགེའམ་ཅག་དགེ་དང་གནས་ཆུང་ (ཡུལ་དེར་གནས་ཆུང་ཞེས་ཐོག་ཚུལ་ནི་ཟེར་སྒྲོས་ལྟར་ན་བསྟན་སྲུང་ཙིའུ་དམར་པོའམ་གཡའ་དམར་བའི་གནས་ས་ཆེ་བ་བསམ་ཡས་སུ་ཡིན་ལ་ཆུང་བ་ཡུལ་དེར་ཡིན་པས་ན་དེ་ལྟར་ཐོག་པ་ཡིན་སྐད། ཡུལ་དེའི་ཕུར་ཆོང་རི་སྨུག་པོ་ཞེས་པའི་རྫ་རི་ཞིག་ཡོད་པ་ནི་བསྟན་སྲུང་ཙིའུ་དམར་པོའམ་གཡའ་དམར་བའི་གནས་རི་ཡིན་པར་གྲགས། བཙན་རྒོད་དེ་པ་སྟག་ལུང་པའི་བསྟན་སྲུང་དུ་གཉེར་དུ་གཏད་མཁན་ནི་སྟག་ལུང་གི་གདན་རབས་བཞི་པ་སངས་རྒྱས་དབོན་པོ་ཡིན་པར་སྣང་།) མཁར་ཐོག སྙོན། གླེ་སྐེད། ཆོ་ར། ཁྲི་འཕེལ་སོགས་ཡུལ་ཕྲན་མང་དུ་མཆིས་མོད། དེ་དག་སོ་སོར་གནའ་ཤུལ་དང་གནས་རི་སོགས་ཅི་དང་གང་དག་ཡོད་མེད་དག་གསལ་ཞིག་མི་ཤེས། དེ་དག་ཁྲོད་རྫོང་ཤུལ་གྱི་གྱང་རོ་རེ་གཉིས་ཡོད་པ་ནི་མཁར་ཐོག་རྫོང་དང་། སྙོན་རྫོང་གཉིས་ནི་སྣང་། ཁྲི་འཕེལ་ནི་སྔོན་དུས་ཀྱི་སྟག་ལུང་པའི་མངའ་འབངས་དར་སྤྲས་རོང་གསུམ་ཞེས་པའི་ནང་མཚན་རོང་གི་སྡེ་སྣེ་ཡིན་ཞིང་། དེ་ཡན་ཆད་མན་ཆད་འབྲི་སྟག་གི་ས་མཚམས་ཡིན་པར་སྣང་། དེར་སྟག་ལུང་པའི་བཀའ་སྲུང་གི་རྟེན་མཁར་ཞིག་ཀྱང་ཡོད་པར་གསུངས། སྤྱིར་ཀླུང་ཤོད་རྒྱུད་དུ་བཀའ་གདམས་པའི་གདན་ས་གཞིས་དགོན་མང་དུ་ཡོད་སྐད་འདུག་མོད། ད་ཡོད་དགོན་སྡེའི་མཚན་བྱང་ལ་རིམ་གྲས་ཚགས་ཚུད་པོ་ཞིག་ཁོ་བོས་ནི་མི་ནུས་པར་འདུག་གོ །
༡༽ གླིང་སྐོར་ལམ།
ཀླུ་རྒྱལ་དུང་སྐྱོང་གི་རྟེན་མཁར། ཞང་འཕྲང་ཀ་བེར་ཆུང་སོགས་ཀྱི་བཞུགས་ཁང་ངམ་རྫོང་དུ་གྲགས་པ་ཕྱིས་སུ་འབུམ་པར་བཅོས་པ་སྟེང་ཁང་འབུམ་པ། དེའི་གཤམ་དུ་ཀླུ་རྒྱལ་འཛིན་པའི་རྟེན་མཁར། ལྷོའི་ཤུག་པ་གསེར་ལྡན་སེར་པོ། ཇོ་གདན་ཆུ་མིག །རྭ་སྒྲེང་སྐུ་ཕྲེང་གཉིས་པར་དམ་ཅན་ཞལ་གཟིགས་ནས་དེར་ཐིམ་ཤུལ་གྱི་ལྷ་ཤིང་གཟུངས་སུ་ཕུལ་བའི་དམ་ཅན་མགར་ནག་གྱི་རྟེན་མཁར། ལྷོ་ནུབ་ཀྱི་གྲུ་འཛིན་ཤུག་པ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་བླ་ཤིང་། རྒྱལ་བ་འབྲོམ་གྱི་གདུང་རྟེན། ནུབ་ཀྱི་ཤུག་པ་ཟངས་ལྡན་དམར་པོ། རྐང་མགྱོགས་ཀྱི་དངོས་གྲུབ་ཐོབ་པའི་དགེ་བཤེས་ཤེས་རབ་རྡོ་རྗེའི་གདུང་རྟེན། ནུབ་བྱང་མཚམས་ཀྱི་སྦྲུལ་འཛིན་ཤུག་པ། ཇོ་བོ་འཕྱིང་དཀར་བའི་མཐུན་རྫས་དུང་ཁྱིའི་ཞབས་རྗེས། པཎ་ཆེན་བློ་བཟང་ཆོས་རྒྱན་ལ་སྒྲོལ་མ་ཞལ་གཟིགས་པར་གྲགས་པའི་སྒྲོལ་མ་ལ། རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་ཁྲི་དང་ཨ་ཡིག་རང་བྱོན། དུང་དཀར་དང་ཚོགས་བདག་སྤྲེའུ་རང་བྱོན། བོན་པོའི་མཐུ་ཟོར་གྲགས་པའི་གཏོར་གཟུགས་དང་མཚུངས་པའི་རྡོ་དང་དེའི་གཉེན་པོར་བསྐོས་པའི་མ་ཎི་ཡིག་དྲུག །ཇོ་བོ་བྱང་ཆུབ་ཆེན་པོ་དང་གཡེར་མེད་དུ་གྲགས་པའི་ཐུབ་དབང་གི་སྐུ་དང་གནས་རྡོ་རྗེ་གདན། དེའི་ཕྱིར་རྭ་སྒྲེང་དགོན་འདི་བོད་ཀྱི་རྡོ་རྗེ་གདན་དུ་གྲགས་སོ། །
དགེ་བཤེས་ཀོ་ཤམ་པའི་སྐུ་ཕྱག་འབུལ་ས། མཁན་རིན་པོ་ཆེ་སངས་རྒྱས་མཁས་བཙུན་དང་། བཤེས་གཉེན་འཇམ་དབྱངས་བཟང་པོའི་གདུང་རྟེན། གདུགས་ལྟར་ཕུག་པའི་ཤུག་པའི་འོག་ཏུ་འབྲོམ་རིན་པོ་ཆེའི་ཆོས་གསུངས་ཡུལ། བྱང་གི་ཤུག་པ་གཡུ་ལྡན་སྔོན་པོ། རིང་བསྲེལ་མཆོད་རྟེན་བརྒྱ་རྩ་བརྒྱད། དགེ་བཤེས་ཕྱག་ཁྲི་འཇོག་པ་བྱམས་པའི་བློ་གྲོས་འཇའ་ལུས་ཆོས་སྐུར་ཕེབས་སའི་མཆོད་རྟེན། མ་ཎི་ཡིག་དྲུག་ཡོད་པའི་རྒྱ་གར་གྱི་གནས་རྡོ་གྲགས་པའི་རྡོ་ཆུང་གཉིས། ཁྱིམ་ཚང་གཅིག་ནས་འཁྲུངས་པའི་བཀའ་གདམས་དགེ་བཤེས་བདུན་གྱི་གདུང་རྟེན་སྒང་ཐང་དཀར་སྤུན་བདུན། དགེ་བཤེས་པོ་ཏོ་བ་མཆོག་ལ་མ་རུངས་པ་འགས་ཕམ་ལྟུང་བྱུང་བའི་གླེང་གཞི་བཟོས་པ་སེལ་ཕྱིར་གང་གི་ལིངྐའི་རྗེས་ཤུལ། པན་ཆེན་བློ་བཟང་ཆོས་རྒྱན་ལ་སྨན་བླ་བདེ་གཤེགས་བརྒྱད་ཞལ་གཟིགས་ནས་དེར་ཐིམ་ཤུལ་གྱི་སྨན་བླའི་ཕོ་བྲང་། པཎ་ཆེན་བློ་བཟང་ཆོས་རྒྱན་གླིང་སྐོར་ལ་ཕེབས་སྐབས་སྤོས་ཀྱི་དུ་བ་ལྟར་འཐུལ་བའི་ཤུག་པ་སྤོས་བཙུགས། ལོ་ཆུང་བའི་འདས་པོ་དག་སྐུ་ཕུང་བྱ་གཏོར་བྱེད་ཡུལ་དུར་ཁྲོད་ཤར། རྭ་སྒྲེང་སྐུ་ཕྲེང་དྲུག་པའི་གདུང་རྟེན། གྲིབ་སེལ་ཤུག་པ། དུར་བདག་ཡབ་ཡུམ་བཞི་རུ་གྲགས་པའི་གནས་ཤུག་བཞི། ཇོ་བོ་འཕྱིང་དཀར་བའི་ཆིབས་པའི་ཞབས་རྗེས། ཤར་གྱི་ཤུག་པ་ཤེལ་ལྡན་དཀར་པོ་དང་ཤར་ལྷོའི་སྲོག་འཛིན་ཤུག་པ་བཅས་སོ། །
༢༽ རྭ་སྒྲེང་ཕ་བོང་ཐང་།
རྭ་སྒྲེང་དགོན་པའི་གཤམ་དུ་རྭ་སྒྲེང་ཕ་བོང་ཐང་གནས་ཡོད། དེ་ཡང་བཀའ་གདམས་གླེགས་བམ་རྒྱལ་བུ་དཀོན་མཆོག་འབངས་ཀྱི་འཁྲུངས་རབས་ལས། སྔོན་ཚེ་ཨོ་རྒྱན་གསང་བའི་བྲག་ཕུག་ཏུ་མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱིས། བོད་བྱང་གི་ཕྱོགས་ནས་བྱང་ཕྱོགས་སུ། །མི་ཁྱོད་ཀྱི་སྤྲུལ་པ་དམ་པ་གཅིག །འབངས་མགོན་མེད་མང་པོ་འདྲེན་དུ་འགྲོ། །རི་གངས་ཀྱི་ར་བས་བསྐོར་བ་ཡི། །ཐང་སེར་པོ་གསེར་གྱི་མཎྜལ་ལ། །རྩིབས་མུ་ཁྱུད་སྟོང་གིས་ལེགས་བརྒྱན་ཏེ། །རྗེ་རྒྱལ་བ་སྟོང་གིས་བྱིན་བརླབས་པའི། །ཉམས་བག་ཕེབས་དགའ་བར་སྐྱོང་བའི་ས། །ཀྱེ་རྡོ་རྗེ་མཁའ་འགྲོ་འབུམ་ཕྲག་གཅིག །སེམས་རྩེ་གཅིག་འཆར་བའི་བྲོ་ར་ཡིན། །ཅེས་ལུང་བསྟན་དམ་བཅའ་ཇི་ལྟར་མཛད་པ་བཞིན་མཁའ་འགྲོ་མ་གསང་བ་ཡེ་ཤེས་སོགས་མཁའ་འགྲོ་མ་བྱེ་བ་འབུམ་གནས་འདིར་བྱོན་ནས་སེམས་ཅན་གྲངས་མེད་ཀྱི་དོན་མཛད་བཞིན་བཞུགས་པའི་མཁའ་འགྲོའི་བྲོ་རའམ་ཚོགས་འཁོར་སྐྱོང་བའི་གནས་ཁྱད་པར་ཅན་ཞིག་ཡིན་ནོ།
གནས་དེར་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་ཕོ་བྲང་དང་བདེ་མཆོག་གི་ཕོ་བྲང་མཁའ་འགྲོའི་ཚོགས་གཞོང་ཐང་སྨད་དུ་དགེ་བཤེས་པོ་ཏོ་བའི་ཞབས་རྗེས་ཐང་མགོར་རུས་སྦལ་དབྱིབས་ཅན་གྱི་ཕ་བོང་། དེའི་ཙང་པོའི་འགྲམ་དུ་རྭ་སྒྲེང་བླ་མའི་སྤྲོ་ཁང་དང་གྲུབ་པའི་གོ་འཕང་ཐོབ་པའི་ཀོ་མཁན་གྱི་སྐུ་ལུས་ཧྲིལ་པོའི་རྗེས་ཤུལ་སོགས་སྣ་ཚོགས་པ་མཇལ་རྒྱུ་ཡོད། གཞན་ཡང་རྭ་སྒྲེང་དགོན་འདིར་མཆོད་པ་དུས་བཞི་དང་། ལུག་ལོ་ནམ་ཤར་དུ་ཕ་བོང་ཐང་དུ་གནས་སྐོར་བ་ཚོས་སྐོར་བ་རྒྱག་པ་དང་བླ་གྲྭ་ཚོས་དབང་སྐུར་བ་གར་འཆམ་ཁྲབ་པ་གཤོག་ཆེན་ཁག་ནས་ཡོང་བའི་མི་དམངས་ཚོས་རིག་རྩལ་གྱི་བྱེད་སྒོ་སྣ་ཚོགས་པ་སྤེལ་གྱིན་ཡོད་དོ། །
༣༽ རྭ་སྒྲེང་ཤོག་ཁུལ་གྱི་གནའ་ཤུལ་རགས་བསྡུས།
ཤོང་སྨད་བོན་དཀར་འཕྲང་དུ་བོན་དཀར་དགོན་ཟེར་བ་ཞིག་བྱུང་བར་གྲགས་ཤིང་ད་ལྟ་ཡང་་གནའ་ཤུལ་ཡོད། དེའི་ཕར་རི་ནགས་བ་ལྗོངས་ཀྱི་སྤང་ལྡེང་དུ་སྤུར་རྒྱལ་སྲོང་བཙན་གྱི་བཞུགས་ཁྲི། དེའི་འོག་རྫ་སྣ་གྲོང་དུ་སྔར་གུ་རུའི་ལྷ་ཁང་ཡོད་པའི་དགོན་པ་ཞིག་ཡོད་པ་སྣང་། ཡང་དེའི་གཤམ་དུ་བོན་ནག་དགོན་ཟེར་བ་ཞིག་བྱུང་བར་གྲགས་ཤིང་ད་ལྟ་ལོ་མགོའི་སྦུག་ཏུ་རི་ཉིལ་བའི་འོག་ཏུ་གནན་སྐད་དོ། བཅོམ་ས་ཚིགས་ཀྱི་བཅོམ་ཆུང་དུ་དགེ་བཤེས་ལག་སོར་བའི་གདན་ས་བཀའ་གདམས་འོག་མའི་གནས་ཤུལ་དང་། བཅོམ་མདོར་རྒྱལ་བ་ལྔ་པ་ཆེན་པོས་ཕྱག་བཏབ་པའི་སྟོན་པ་ཐུབ་པའི་དབང་པོ་སོགས་རྟེན་གསུམ་བཞུགས་པའི་བཅོམ་ལྷ་ཁང་། བཅོམ་གྲོང་གཉིས་སུ་གནའ་བོའི་བང་སོ།
བཅོམ་གྲོ་གད་སྒང་སྨྱུག་རི་དང་ཇོ་བོ་ཕྱུག་མོའི་རྟེན་མཁར། བཅོམ་ཕུར་དཔལ་ཆེན་ར་ལོ་དང་རྒ་ལོའི་སྒྲུབ་ཕུག་སོགས་ངོ་མཚར་གནས་ཀྱི་བཀོད་པ་ཁྱད་དུ་འཕགས་པ། སྤ་ཁུག་ཤོག་ཆེན་ཏུ་ཚོང་དཔོན་ནོར་བུ་བཟང་པོས་བཞེངས་པར་གྲགས་པའི་གཡང་རའི་མ་ཎི་འཁོར་ཆེན་དང་། རྒྱལ་བའི་བཞུགས་ཁྲི་ཐང་། སྟག་ལུང་ཐང་པ་རིན་པོ་ཆེའི་སྒྲུབ་ཕུག་དབུ་མ་བྲག་དཀར་ཏིང་འཛིན་རྫོང་། ལྕོག་རྩེ་ལ་གཞོལ་དུ་རྒྱལ་དབང་ལྔ་པ་ཆེན་པོས་མཐའ་དམག་ཞི་ཞིང་བོད་ཁམས་བདེ་ཐབས་སུ་བཞེངས་པའི་བདེ་གཤེགས་མཆོད་རྟེན་བརྒྱད་སྒྲིག །དཀོར་གཉེར་ཤོག་ཆེན་དུ་ཁྲི་ཆེན་བསྟན་པ་རབ་རྒྱས་ཀྱིས་ཕྱག་བཏབས་པར་གྲགས་པའི་སྒར་ཐོག་དམ་ཅན་ལྷ་ཁང་། སྦྲ་ག་ཤོག་ཆེན་དུ་གནས་བདག་གྲགས་ཅན་མོ་ནམ་གངས་རི་དང་། སྤོད་གཙང་སུམ་མདོར་ཁང་བུ་མཆོད་རྟེན་དང་བྱང་ཆུབ་མཆོད་རྟེན། བྱང་ཤ་རར་དགེ་བཤེས་ཤ་ར་བ་བའི་འཁྲུངས་གནས་དང་དེར་འཁྲུངས་མ་ཐག་ཏུ་བཞག་པའི་ཞབས་རྗེས་དང་བྱང་ཆུབ་མཆོད་རྟེན། དེའི་འོག་རིའི་ངོས་སུ་སྔར་བོན་པོའི་དགོན་པ་ཞིག་ཡོད་པར་གྲགས། བཤད་སྲོལ་ལ་འགའ་ཞིག་གིས་རྒྱ་དུ་རུ་ཁའི་དམག་ཟེར་འགའ་ཞིག་གིས་སོག་པོའི་དམག་ཟེར་གང་ལྟར་དེས་དགོན་པ་གཏོར་སྐབས་སྔགས་པ་ནམ་མཁར་འཕུར་དུས་སྔགས་པའི་སྔགས་རྭ་ལྷུང་ཤུལ་རེད་ཟེར་བའི་ཆུ་འགྲམ་དུ་ཕ་བོང་ངོས་སུ་རྭ་ཅོས་བརྟོལ་བའི་བུ་ག་དངོས་སུ་ཡོད།
གུ་རུ་རྫོང་ཕུར་གུ་རུའི་སྒྲུབ་གནས་བྱིན་ཅན། འགའ་ཉི་མ་ལུང་དུ་སྐུ་ཞབས་གཟིགས་པ་བློ་བཟང་ཚེ་དབང་གི་འཁྲུངས་གཞིས་དང་། འགའ་སྐྱིད་ཚེར་དུ་གང་དེའི་སྐུ་གདུང་མཆོད་རྟེན། འགའ་བའི་མདོར་གཟིམ་འོག་མཆོག་སྤྲུལ་སྐུ་རབས་དུ་མའི་འཁྲུངས་ཁང་། ལུང་དཀར་ནང་ལུང་དཀར་རྫོང་ཞེས་པའི་རྫོང་ཤུལ། བྲག་ར་ཁུག་ཏུ་བྲག་ར་ཁུག་གི་མཚོ་ཞེས་པའི་བྲག་ཕུག་ཞིག་གི་ནང་དུ་མཚོ་ཞིག་ཡོད། ཁ་སྐད་ལ་བག་ར་ཡང་ཟེེར་དོན་ངོ་མ་བྲག་ར་མིན་ནམ་སྙམ། སྔར་བྱང་གནམ་མཚོའི་ནང་ལྷུང་སོང་བའི་བཅའ་དངོས་འགའ་མཚོ་འདིའི་ནང་ནས་དོན་པའི་རྒྱུ་མཚན་གྱིས་མཚོ་འདིའི་གཏིང་བྱང་གནམ་མཚོར་ཐུག་པ་བཤད་སྲོལ་ཡང་ཡོད། འབའ་རམ་ཕུར་བཀའ་གདམས་མགོན་པོ་དམར་པོའི་བླ་མཚོ་བརྗིད་ཉམས་ལྡན་པ་ཞིག་ཡོད་ལ་སྔར་མཚོ་འདིས་མཚོ་མཇལ་ཡང་བསྟན་གྱིན་ཡོད་པའི་བཤད་སྲོལ་འདུག །ད་དུང་རྭ་སྒྲེང་གི་ཡུལ་ལུང་དུ་བྱིན་རླབས་ཆེ་བའི་གནས་རི་དང་སྒྲུབ་གནས་སོགས་དུ་མ་ཡོད། །
༤༽ ཇོ་བོ་འཇམ་དཔལ་རྡོ་རྗེའི་ལོ་རྒྱུས་རགས་བསྡུས།
ཡེ་ཤེས་སེམས་དཔའ་དངོས་སུ་ཞུགས་པ་དང་ཁྱད་པར་ཅུང་ཟད་ཙམ་མེད་པའི་ཇོ་བོ་འཇམ་དཔལ་རྡོ་རྗེ་འདི་ཉིད་ནི་རིགས་གསུམ་མགོན་པོའི་ཐུགས་རྗེའི་དཀྲོང་བསྐྱེད་ཀྱིས་བཞེངས་པ་ཡིན་ཞིང་རིམ་པར་བདེ་བ་ཅན་སོགས་ཞིང་དུ་མར་བྱོན། རྒྱལ་བ་འོད་དཔག་མེད་ཀྱི་གཙོ་བོར་བྱས་པའི་རྒྱལ་བ་སྲས་བཅས་དཔག་མེད་ཀྱིས་རབ་ཏུ་གནས་པའི་ཆོ་ག་མཛད། དེ་ནས་རྒྱལ་པོ་ཟས་གཙང་དང་། སྲས་རྒྱལ་བུ་དོན་གྲུབ། དཔལ་ལྡན་ཟླ་བ་གྲཌ་པ་སོགས་སྐྱེས་ཆེན་དུ་མས་རིམ་པར་བརྒྱུད་དེ་ཐུགས་དམ་གྱི་རྟེན་མཛད་མཐར་འབྲོམ་རིན་པོ་ཆེའི་ཐབས་མཁས་ཀྱི་སྤྲུལ་པས་མཉམ་མེད་ཇོ་བོ་ཆེན་པོར་ཕུལ། ཇོ་བོ་ཆེན་པོས་ཐོག་མར་བོད་དུ་གདན་དྲངས་ནས་དགེ་བཤེས་སྟོན་པ་ལ་གནང་ངོ་། གཞན་ཡང་གསུང་བྱོན་པའི་རིམ་པ་ཡང་མང་དུ་སྣང་། དུས་འགྱུར་གྱི་རྗེས་སུ་ཀུན་གཟིགས་པཎ་ཆེན་བཅུ་པ་ཆེན་པོའི་བཀའ་དྲིན་ཉག་གཅིག་ལས་ད་ལྟ་ཡང་ཇོ་བོ་འདི་ཉིད་རྭ་སྒྲེང་དགོན་དུ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་བཞུགས་ཡོད། ཇོ་བོ་འདི་ཉིད་ནི་བོད་ཀྱི་རྟེན་གསུམ་རྣམས་ཀྱི་ནང་ནས་ཆེས་སྔ་ཤོས་ཤིག་ཡིན་ནོ། །
འབྱུང་ཁུངས། <<འཕན་ཡུལ་གྱི་ངོ་སྤྲོད་མདོར་བསྡུས་>> ཞེས་པའི་དེབ་ཆུང་ལས་ཟུར་འདོན་ཞུས་པའོ།།