གསུམ་པ། ཀླུང་ཤོད་ངར་སྟོད་ཇོ་གདན་དགོན་དང་དེའི་ཉེ་འཁོར་གྱི་གནའ་ཤུལ་རགས་བསྡུས།
ཇོ་གདན་དགོན་ནི་རབ་བྱུང་དང་པོའི་ནང་ཕྱི་ལོ་ (༡༠༦༠) ཡས་མས་ཤིག་ལ་ཕྱག་བཏབས་པར་མངོན། དེ་ཡང་རྒྱལ་བ་འབྲོམ་སྟོན་པས་ཕྱག་བཏབས་ཞེས་དང་། ཡང་སྡེ་པ་འོད་འཇོ་བས་ཕྱག་བཏབས་ཞེས་བཤད་སྲོལ་མི་འདྲ་བ་གཉིས་སྣང་། འདི་གཉིས་ལས་ཕལ་ཆེ་བས་གསུང་རྒྱུན་དང་ལོ་རྒྱུས་ནང་རྒྱལ་བ་འབྲོམ་གྱིས་ཕྱག་བཏབས་པར་གྲགས་པས་དེ་ལྟར་ཡིན་ལས་ཆེ། དགོན་པ་འདིའི་ནང་རྟེན་གཙོ་བོ་མཉམ་མེད་ཇོ་བོ་ཆེན་པོའི་ཐུགས་དམ་གྱི་རྟེན་བཀའ་གདམས་ལྷ་བཞིའི་ཡ་གྱལ་སྤྱན་རས་གཟིགས་རྩེ་ཕྱག་བཞི་པ་དང་ཇོ་བོའི་རྗེའི་བཞུགས་གདན་རི་དྭགས་ཀྲི་ཎའི་པགས་པ་དགེ་བཤེས་སྟབས་ཀ་བས་གཏེར་ལས་བཞེས་པར་གྲགས་པའི་གཏེར་དུང་སོགས་སྐུ་གསུང་ཐུགས་རྟེན་མང་དུ་འཆིས་སོ། །དགོན་པའི་གཡས་གཡོན་གཉིས་སུ་ཆུ་མིག་གཉིས་ཡོད་པ་ལས་ཤར་གྱི་ཆུ་མིག་འདིའི་འབྱུང་རྩ་རྭ་སྒྲེང་དགོན་དུ་ཡོད་པའི་ཇོ་གདན་ཆུ་མིག་ཞེས་པ་དེ་ཡིན་པར་གྲགས། དགོན་པའི་གཡས་སུ་དུར་ཁྲོད་ཅིག་ཡོད་པ་ལ་ཁ་སྐད་ལ་སྤང་སོག་པའི་དུར་ཁྲོད་ཟེར། དགོན་པའི་ཤར་དུ་རྒྱན་མཚན་བསྒྲེངས་པ་དང་འདྲ་བའི་དཀར་ཐོག་བྲག །དེའི་གཡས་ཀྱི་སྤང་ངོས་སུ་དགེ་བཤེས་སྟབས་ཀ་བས་བཀའ་བསྒོས་པའི་བསྟན་སྲུང་གནས་པོ་ཞི་དྲག་གི་རྟེན་མཁར། དེའི་གོང་དེར་རྫོང་མགོ་ཞེས་པར་རྫོང་ཤུལ་ཞིག་ཡོད་པ་དེ་སྡེ་པ་འོད་འཇོ་བའི་རྫོང་ཡིན་སྐད་འདུག །
དེའི་གཡོན་ངོས་སུ་རྦབ་རྒོད་མཚམས་པའི་མཚམས་ཁང་གཤམ་དུ་རྦབ་རྒོད་གྲོང་སྡེ། (རྦབ་རྒོད་ཅེས་ཁ་སྐད་ལྟར་བྲིས) དེའི་མར་གཤམ་དུ་དགེ་བཤེས་སྟབས་ཀ་བས་ཆོས་གསུངས་ས་དང་འབྲོམ་གཞོན་ནུ་བློ་གྲོས་ཀྱི་འཁྲུངས་ཡུལ་ཤེའུ་སྣའི་སྒང་། སྔོན་དེར་ཤེའུ་སྣ་དགོན་ཟེར་བ་ཞིག་ཆགས་པར་གྲགས། (གཞན་ཡང་ཁ་སྐད་ལ་གཤམ་སྣའི་སྒང་ཡང་ཟེར་གྱིན་འདུག ) དེའི་ནུབ་ངོས་སུ་རེ་བྱ་ཞེས་པའི་ལུང་པའི་ནང་ལྷ་གཡག་དཀར་པོའི་རྟེན་མཁར་དང་རི་བཙུན་ཕུར་རི་བཙུན་ཕྱུག་མོ། (རེ་བྱ་ཁ་སྐད་ལྟར་བྲིས) མདོར་སྤྱན་ལྔ་གྲམ་པ་ཞེས་པ་དེར་དགེ་བཤེས་སྤྱན་ལྔའི་འབུམ་པ། འདིིར་དགེ་བཤེས་སྤྱན་ལྔའི་འབུམ་པ་ཞིག་ཡོད་སྟབས་གྲམ་པ་དེར་སྤྱན་ལྔ་གྲམ་པ་ཞེས་འབོད་སྲོལ་སྣང་། (ཁ་སྐད་ལ་སྤྱ་གང་གྲམ་པ་ཟེར) ཤེའུ་སྣའི་སྒང་གི་ཕར་རི་ཐང་ཆེན་གསེར་གྱི་མཎྡལ་འདྲ་བའི་སྟེང་དུ་དགེ་བཤེས་སྟབས་ཀ་བ་དར་མ་གྲགས་ཀྱིས་དུས་རབས་བཅུ་གཉིས་པའི་ནང་དུ་ཕྱག་བཏབ་པའི་སྟབས་ཀ་དགོན་ཤུལ། སྟབས་ཀ་བ་དར་མ་གྲགས་སོགས་ཀྱི་སྐུ་གདུང་འབུམ་པ། དེ་བཞིན་དུ་བཀའ་གདམས་གླེགས་བམ་རིན་པོ་ཆེ་ཡང་མཆོད་རྟེན་ཆེ་བ་དེའི་ནང་གཟུངས་སུ་བཞུགས་པའོ། །གཞན་ཡང་དགོན་པ་འདིར་གྲྭ་ཚོགས་ཆེ་བས་སྒང་གསུམ་གྱི་ཡ་གྱལ་གྲྭ་པའི་སྒང་ཞེས་ཐོགས། མདུན་རིའི་གཤམ་དུ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་བཞུགས་ཁྲི། དེའི་གོང་དེར་དུང་དཀར་གཡས་འཁྱིལ་མངོན་པར་གསལ་བ་དང་སྟབས་ཀའི་དུར་ཁྲོད། ནུབ་ངོས་སུ་ག་ཆ་ནང་ཞེས་པའི་ཡི་གེ་ག་ཆ་གཉིས་ཀྱི་རང་བྱོན་གསལ་བར་མངོན་པའི་ག་ཆ་ནང་། གཤམ་གྱི་ཐང་ལའང་ག་ཆ་ཐང་ཟེར་སྲོལ་ཡོད་ཅིང་ཕྱིས་སུ་ལུང་པ་དེར་གངས་ཅན་ནང་དང་ཐང་ལ་སྟབས་ཀའི་ཐང་ཞེས་ཡོངས་སུ་གྲགས། ད་དུང་ལུང་པ་དེར་གཡེམ་པའི་སྒྲུབ་ཕུག་དུ་མ་ཡོད་སྐད་འདུག །གཞན་ཡང་ཐང་འདིར་དྲུག་པའི་ཚེས་བཞི་ནམ་ཤར་ལ་ཇོ་གདན་དགོན་པའི་བླ་གྲྭ་ཚོས་ཆོས་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་གནང་གི་ཡོད་པ་དང་ཕྱོགས་ཁག་ནས་ཡོང་བའི་མི་དམངས་ཚོས་ཀྱང་ཚེས་བཅུ་དང་མ་ཎི་སོགས་འཚོགས་པ་དང་ད་དུང་རིག་རྩལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་གིན་ཡོད། དེའི་ཕར་རི་བྲག་སེང་གེ་འདྲ་བའི་ཞོལ་དུ་བཀའ་བླངས་དགེ་གཉེན་ཆེན་པོའི་རྟེན་ཁང་། དེའི་འཕྲང་དེར་སེང་གེ་འཕྲང་ཟེར་གྱིན་ཡོད་དོ། །
ངར་ཕུར་མདོ་གོང་འོག་གི་ལུང་པ་གཡས་སུ་སོང་ན་ཟྭ་ར་གོང་འོག་དང་། ཟྭ་རུ་ལུང་གི་མཚོ། སྟེང་ཁུང་སྒང་དུ་ལྷ་ཆེན་ངར་ལྷ་གཡག་པོའི་རྟེན་མཁར། སྐད་ཛ་རེའི་ནང་མཚོ་དཀར་དང་མཚོ་དམར། ར་ཆུང་ངའི་ནང་དུ་ར་ཆུང་ངའི་མཚོ། ཏོ་པའི་སྒང་ལྷ་ཆེན་ངར་ལྷའི་གངས་རི། གཞན་ཡང་མདོ་གོང་འོག་གི་ལུང་པ་གཡོན་རྒྱུད་ནས་ཤར་ལྷ་ཁ་དང་ཚལ་ཐོག །བདེ་ཆེན་ལུང་པའི་མཚོ་བཅས་སོ། །
ངར་སྨད་གྲོང་སྡེར་རྫོང་ཞོལ་དུ་རྫོང་ཞོལ་རི་ཁྲོད། ཉིས་མཆོག་མཚམས་ཁང་། དེ་གཉིས་ཀྱི་གཤམ་དུ་རྩབ་བརྒྱད་ནང་དུ་མཆོད་རྟེན་བརྒྱ་རྩ་བརྒྱད་ཡོད་པར་གྲགས་ཤིང་དེའི་གནའ་ཤུལ། གཞན་ཡང་འདིར་རྫོང་ཞིག་ཡོད་པར་གྲགས། དེའི་འོག་ངར་སྨད་གཞིས་ཀ །སྤྱང་གསར་གྲོང་སྡེར་སྔར་སྤྱང་གསར་བཀྲིས་དགོན་ཞེས་པའི་དགོན་པ་ཞིག་ཡོད་པར་གྲགས། རྟེན་གཙོ་བཅུ་གཅིག་ཞལ་བྱིན་ཅན་ད་ལྟ་རྭ་སྒྲེང་དགོན་དུ་བཞུགས་ཡོད། རྒྱབ་རིའི་ངོས་སུ་བྲག་དཀར་རི་ཁྲོད། དེའི་གཤམ་ཆུ་འཁོར་རོང་རྒྱུད་དང་། བྲག་སྒོར་གདོན། བྲག་སྒོར་རྟ་པ་ནག་པོ། ཕར་རི་སྤྱང་ཁུ་འཕྲང་རྒྱུད་ནས། སྒང་རའི་སྒང་ཐང་། རྩེད་མོ་གདོན། རྩེད་མོ་གདོང་བཙན་དམར་པོ། རྩེད་མོའི་རྫོང་ཤུལ་ལམ་གྱང་ཤུལ། དེ་འོག་ཏུ་ལྕགས་རི་ལྐོག་གྲོང་སྡེ་བཅས་སོ། །
འ་བུག་གྲོང་སྡེར་བོན་སྒང་གྲོང་དང་རྫིང་ཁ་གྲོང་གཉིས། སྦྲ་ཆེན་སྒང་དུ་སྔར་བོན་དགོན་ཞིག་བྱུང་བར་གྲགས་ཤིང་ཕྱིས་སུ་དེའི་ནུབ་དེར་སྤོས་ནས་བླ་བྲང་གསར་རྙིང་གཉིས་ཡོད་པའི་དགོན་ཆེན་ཞིག་ཆགས་སྐད་འདུག (ཁ་སྐད་ལ་སྦ་ཆེན་ཟེར) སྔོན་ཆད་དགོན་པ་དེ་བོན་པོ་དཀར་པོའི་དགོན་པ་ཡིན་སྟབས་བོན་སྒང་ཟེར་བ་དེ་དོན་ངོ་མར་བོན་དཀར་ཞེས་ཟེར་གྱིན་ཡོད་པར་སྣང་། གྲོང་སྟོད་དུ་གྲོང་སྟོད་སྐུ་འབུམ་ཞེས་པའི་མཆོད་རྟེན་ཞིག་བྱུང་བར་གྲགས།
དེའི་འོག་ཏུ་ཆོ་ར་གྲོང་སྡེ། དེའི་གཤམ་གི་འུ་ལུ་གདོང་གི་གྱང་ཤུལ་དེ་གཞིས་ཀ་དང་འགྲུལ་ཁང་ཡིན་སྐད་དོ། །
ཀ་ལེབ་གྲོང་ཚོར་ཀ་སྟོད་དང་ཀ་སྨད་གཉིས། ཀ་སྨད་ཀྱི་རིའི་ངོས་སུ་དགོན་ཤུལ་ཞིག་དང་དམ་ཅན་མགར་ནག་གི་རྟེན་མཁར། དུར་ཁྲོད་དུ་གྲགས་པའི་ཕ་བོང་ཞིག །དེའི་གཤམ་དུ་མཆོད་རྟེན་གསུམ་ཡོད་པར་གྲགས། ཀ་སྟོད་གྲོང་ཚོར་མ་སྤྲུལ་བསྟན་པའི་ཉི་མའི་འཁྲུངས་ཁང་། བད་འཁྲིས་གདོང་དུ་བད་འཁྲིས་མཆོད་རྟེན། (ཁ་སྐད་ལ་འབན་འཁྲིས་ཀྱང་ཟེར་རོ།།)
སྤྱིལ་བུ་གྲོང་སྡེ་དེའི་སྟོད་ཀྱི་རི་འདབས་སུ་བཙུན་དགོན་གྱི་གནའ་ཤུལ་ཞིག་ཡོད་པར་གྲགས། དེའི་མདོར་དགེ་དགོན་དགོན་ཤུལ་དང་གཤམ་དུ་ཆུ་མིག་ཁྱད་པར་ཅན་ཞིག་སྣང་ངོ་། །
རྒྱབ་ར་གྲོང་སྡེར་རྒྱབ་ར་སྟོད་སྨད་གཉིས། རྒྱབ་ར་སྟོད་དུ་བཀའ་གདམས་ལྷ་བཞིའི་ཡ་གྱལ་ཁྲོ་བོ་མི་གཡོ་བའི་བཞུགས་གནས་རྒྱབ་ར་རྫོང་དང་དགོན་ཤུལ། པོ་ཏོའི་སྒང་དུ་དགེ་བཤེས་པོ་ཏོ་བས་བཞེངས་པའི་མཆོད་རྟེན་གསུམ་དང་ནག་པོའི་སྒང་བཅས་སོ། །
གཞན་ཡང་མཛེས་སྡུག་ལྡན་པའི་ཡུལ་ལུང་གི་བཀོད་པ་བརྗོད་ལས་འདས་པ་ཡོད་ཀྱང་ཡིག་ཚོགས་ལ་འཇིགས་ནས་རེ་རེ་བཞིན་མ་སྤྲོས་སོ། །
རྭ་རྒོད་རྣོ་པོས་མཚམས་སྦྱོར་ཞུས།
བཞི་པ། ཀླུང་ཤོད་སྙོན་གྱི་སྣོད་བཅུད་གསལ་བཤད།
གནས་གྲོང་ལ་ཡོད་པའི་གནས་དགོན་པ་ནི་ཤུལ་ཙམ་ཡང་མཇལ་རྒྱུ་མེད་གནས་གྲོང་ལ་ཡོད་པའི་དགེ་བཤེས་རས་དཀར་པས་འབུམ་པ་རེད་ཟེར་བ་དེ་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད། སྡིངས་གྲོང་ཚོའི་ཤར་དུ་ཡོད་པའི་ཁང་བུ་བརྩེགས་པའི་མཆོད་རྟེན་དེ་ནི་མཚོ་ཞབས་སྡོལ་བས་རྐྱེན་གྱི་ལུང་པ་དེར་ལོ་ཕྱུག་སོགས་ལེགས་པོ་ཡོང་གི་མེད་པ་ལྡོག་ཐབས་སུ་དེའི་ཕྱིར་སྙོན་རྫོང་གིས་སེ་ར་སྔགས་པ་ནས་ས་ཤིས་སོགས་ལ་མཁས་པའི་དགེ་སློང་བཞི་གདན་དྲངས་ནས་བཞེངས་པའོ།།དུད་གཅིག་གྲོང་ཚོའི་རྒྱབ་རིའི་དགོན་པ་སེབ་ཟེར་བ་དེ་གྱང་རུལ་གྱི་ཚུལ་དུ་གནས་ཡོད་དགོན་དེ་བཙུན་མའི་དགོན་པ་ཡིན་པར་གྲགས་ད་དུང་གནས་དེར་མཚམས་ཁང་ཅིག་ཡང་ཡོད། དུད་གཅིག་གྲོང་ཚོའི་གཡོན་གྱིས་བྲག་སྟེང་དུ་ཡོད་པའི་གྱང་རུལ་ཆེན་པོ་དེ་ནི་དེ་སྔོན་གྱི་སྙོན་རྫོང་ཡིན་པ་དང་རྫོང་དཔོན་སོགས་ནི་སེར་སྔགས་གྲྭ་ཚང་ནས་བཀོད་འདོམས་གནང་གི་ཡོད་པ་དང་སྙོན་རུག་གཉིས་ཀ་སེར་སྔགས་ཀྱི་ཁུངས་སུ་གཏོགས་སོ།།ལོ་རིང་གྲོང་ཚོའི་གཡོན་ལུང་དུ་ཀློང་ཤོད་ལྷས་ལུང་ནང་དུ་ཉིན་གསུམ་བཞུགས་གསུང་པ་ལྟར་གྱིས་སློབ་དཔོན་རིན་པོ་ཆེའི་སྒྲུབ་ཁང་བྱིན་ཅན་དེ་ཡོད། སྙོན་ཕུ་གྲོང་ཚོའི་ལྷོ་རིའི་རྩེར་མཚོ་འབུགས་ཟེར་བ་མཚོ་ཆུང་མཇལ་ཀ་ཡོད་བཞིན་ཅིག་??དང་དེའི་གཡས་ཕྱོགས་སུ་མཚོ་ཞབས་སྡོལ་ཟེར་བས་མཚོ་ཤུལ་བྲོག་རུང་དང་བཅས་པ་ཞིག་ཡོད། མཚོ་དེའི་མཚོ་གླང་ཆུ་དང་ལྷན་དུ་སྙོན་མདའ་གྲོང་ཚོའི་གཤམ་གྱི་གཙང་པོའི་ནང་དུ་ཆགས་པ་དང་སྐབས་རེ་ཆུ་འགྲམ་དུ་དོན་གྱི་འདུག་ཟེར། གནས་དེར་ད་ལྟ་མཚོ་སྨན་ཟེར་འབོད་བཞིན་ཡོད། སྙོན་དཀྱིལ་དུ་ཡོད་པའི་འབུ་རུ་གྲོང་ཚོའི་ཕུ་ལ་མཚམས་ཁང་དང་དགོན་པ་འབུགས་ཟེར་བའི་ཤུལ་དུ་གྱང་རུལ་ཞིག་ཡོད། འབུ་རུ་གྲོང་ཚོའི་འབུ་རུ་མར་དག་ཟེར་བའིདུད་ཚང་དེར་དུས་རབ་ཉི་ཤུའི་དུས་མགོར་ལྕང་ལུང་པཎྡྲི་ཏ་སྐུ་འཕྲེང་རྒྱད་པ་ཡབ་པདྨ་རྟ་མགྲིན་དང་ཡུམ་སྨེག་མེད་གཉིས་ཀྱིས་སྲས་སུ་ངོ་མཚར་གྱི་ལྟས་དང་བཅས་སྐུ་འཁྲུངས། ཆུང་ངུའི་དུས་ནས་མངོན་ཤེས་ཤོད་པ། ཞབས་རྗེས་འཇོགས་པ། གང་ཡང་མ་བསླབས་པར་སོག་སྐད་ཐོགས་མེད་དུ་སྨྲ་བ་སོགས་སྐྱེས་བུ་དམ་པའི་རང་མདངས་དངོས་སུ་བསྟན་པ་དང་། སོག་མི་རྣམས་ཀྱི་དགའ་སྤྲོའི་ངང་སོག་པོར་གདན་དྲངས།།སྙོན་རུག་འོང་སྐོར་ཆེན་མོ་སོགས་གཏོང་སྲོལ་ཡོད།
གངས་ཅན་པས་མཚམས་སྦྱོར་བྱས། འབྱུང་ཁུངས། <<འཕན་ཡུལ་གྱི་ངོ་སྤྲོད་མདོར་བསྡུས་>> ཞེས་པའི་དེབ་ཆུང་ལས་ཟུར་འདོན་ཞུས་པའོ།།