ཁོར་ཡུག་དང་རླུང་རྟ།

ཁོར་ཡུག་དང་རླུང་རྟ།

ཁོར་ཡུག་དང་རླུང་རྟ།

མཁས་གྲུབ།

ཆད་མེད་དུས་ཚོད་ཀྱི་འཁོར་ལོ།།

མྱུར་བར་མདུན་ཕྱོགས་སུ་འཁོར་བས།།

ལང་ཚོ་དར་བ་དང་ལྷན་ཅིག།།

འཚོ་བའི་ཁོར་ཡུག་ཀྱང་འགྱུར་སོང་།།

 

རྡོར་དྲིལ་ཕྱག་རྒྱ་དང་བྲལ་ཞིང་།།

སུམ་རྟགས་དཔེར་བརྗོད་ཀྱང་བཞག་ནས།།

ཆེད་ལས་གསར་རྩོམ་གྱི་གོ་སར།།

ངོ་ཚར་རྨི་ལམ་བཞིན་སླེབས་བྱུང་།།

 

དགོས་པའི་རིག་གནས་ལ་ཡར་འགྲོ།།

ཤིག་གི་གོམ་པ་ལས་དལ་བ།།

མི་དགོས་རྒྱས་སྤྲོས་ལ་མར་འགྲོ།།

གླ་བའི་མཆོངས་རྒྱགས་ལས་མགྱོགས་པ།།

 

ཆུང་ནས་བྲལ་མེད་ཀྱི་རྩེ་གྲོགས།།

ལུ་གུ་ལག་སྐྱེས་ཀྱི་མཆོད་ཆང་།།

དལ་བུས་ཕར་ཕར་ལ་འབུད་དེ།།

ཟུར་མིག་སྦི་རག་ལ་འཕངས་བྱུང་།།

 

མ་བཅོས་ལྦུ་དཀར་གྱི་ཟེགས་མ།།

སྣ་དང་དཔྲལ་བ་ལ་ཐོར་བཞིན།།

འཁྱགས་གྲང་མཉེས་དག་ཅིག་བརྒྱབ་པས།།

སྙིང་གི་རུས་པ་ཡང་འདར་བྱུང་།།

 

ཤེལ་བུམ་ཇ་ཁུའི་ནང་བཞུགས་པའི།།

བདུད་རྩི་མགྲིན་བཟང་གྱི་ཆབ་མདོག།།

ཁྱེད་ལ་དེ་འདྲ་ཡི་རོ་བཅུད།།

ཡོད་འགྲོ་བསམ་པ་རང་མ་བྱུང་།།

 

ཐོག་མར་རྨ་ཆུ་ཡི་ཉིང་ཁུ།།

བར་དུ་ཨ་རི་རིའི་ལན་ཏད།།

མཐའ་བར་གངས་ལྗོངས་ཀྱི་ལྷ་ཆུ།།

བཀྲ་ཤིས་རྣམ་པ་གསུམ་འཛོམས་སོང་།།

 

ལྷག་དོན་བང་སེལ་དང་འཁྲུངས་སྐར།།

འགྲན་བསྡུར་འཁྲུག་ཤོས་ཀྱི་དུས་འདིར།།

སྦི་རག་འཐུང་ཤེད་ཅིག་མེད་ན།།

རྔོ་ལོ་འཕྱར་རྒྱུ་ལས་ཅི་ཡོད།།

 

ཕར་ལ་མཉེས་དག་ཅིག་བཀྱག་ཀྱང་།།

ཚུར་ལ་ཤོག་སྒམ་གང་འཐུང་བའི།།

ངལ་མེད་ངོ་སོ་ཡི་ཚོང་དེར།།

གྱོང་གུན་རྩ་བ་ནས་མི་འདུག།།

 

སྡུག་ན་ནམ་རྒྱུན་རང་སྡུག་པ།།

དངུལ་ཁུག་བསྔོག་རྒྱུ་ལས་མི་འདུག།།

ཆང་གྲོགས་མང་དུ་ནས་མང་དུ།།

ཉོ་མཁན་ཉུང་དུ་ནས་ཉུང་དུ།།

 

འཆར་ཅན་ལས་ཀ་ཡི་དུས་ཀྱང་།།

ཤེལ་དམ་གཉིས་གསུམ་ཞིག་འཐུང་བ།།

རྒྱུན་ལྡན་བྱ་བ་རུ་གྱུར་ཀྱང་།།

བཀའ་སྐྱོན་གནང་མཁན་ནི་མ་བྱུང་།།

 

དབྱིབས་ལེགས་དཀར་འཇམ་གྱི་གྲོད་ཁོག།།

རིམ་བཞིན་ལྷུག་ལྷུག་ཏུ་གྱུར་ཀྱང་།།

རིག་པ་འོད་འབུམ་གྱི་ཉི་གཞོན།།

གཟའ་ཡིས་མ་བཟུང་ཙམ་བྱུང་ངོ་།།

 

སྦི་རག་འཐུང་གིན་དང་འཐུང་གིན།།

སྣ་མང་ཆེད་ལས་ཀྱི་བྱ་བར།།

བརྩོན་འགྲུས་རླབས་ཆེན་ཞིག་བརྩམས་པས།།

གྲུབ་འབྲས་ཡུངས་དཀར་ཙམ་ཐོབ་བྱུང་།།

 

ཁྱད་པར་ལྷ་ས་ཡི་སྦི་རག།།

ལོ་ངོ་གཉིས་གསུམ་དྲུག་བཏུངས་ཏེ།།

ཇོ་མོ་གླང་མ་ཡི་རྩེ་མོར།།

ལུས་པོ་ཁྱར་ཁྱོར་ངང་འཛེགས་ཡོད།།

 

དེ་ཚེ་གནའ་བོ་ཡི་གྲོང་རྡལ།།

རྩེད་ཐང་སྲང་ལམ་གྱི་ཁྲོད་དུ།།

ར་བཟི་དོན་གྲུབ་ཀྱི་མིང་གསར།།

སླར་ཡང་ལྷང་ལྷང་དུ་ཁྱབ་སོང་།།

བརྒྱུད་སྐུལ།

མཆན་སྤེལ།