ཁང་ཆེན་ནས་དང་། ཁང་ཆེན་པ།

ཁང་ཆེན་ནས་དང་། ཁང་ཆེན་པ།
ཁང་ཆེན་ནས། ཁང་ཆེན་པ་ཞེས་པའི་དོན་སྟེ་དུས་རབས་བཅོ་བརྒྱད་པའི་སྐབས་ཀྱི་ཡིག་ཆ་མང་པོའི་ནང་མིའི་མིང་ཟུར་གྱི་བདག་སྒྲའི་པ་བ་མ་གསུམ་གྱི་ཚབ་ཏུ་ནས་སྒྲ་བེད་སྤྱོད་བྱས་པ་དཔེར་ན། ང་ཕོད་ནས། ཕོ་ལྷ་ནས། ལུམ་པ་ནས་ཞེས་བྲིས་ཡོད་པ་ལྟ་བུ་ཡིན། ཁང་ཆེན་པའི་མིང་དངོས་བསོད་ནམས་རྒྱལ་པོ་ཟེར་ཞིང༌། མིང་གཞན་དའི་ཆིང་སྦ་དུར་ཡང་ཟེར། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དུས་ནས་ས་གནས་སྲིད་གཞུང་གི་ཞབས་ཁོངས་སུ་ཚུད་པ་དང་རྒྱལ་པོ་ལྷ་བཟང་གི་སྐབས་མངའ་རིས་སྐོར་གསུམ་གྱི་སྤྱི་ཁྱབ་ཏུ་བསྐོས། སོག་པོ་ཇུན་གར་གྱིས་བོད་ལ་དབང་བསྒྱུར་བྱེད་སྐབས་མངའ་རིས་སྐོར་གསུམ་ཇུན་གར་འོག་དབང་བསྒྱུར་བྱེད་མ་ཐུབ་པར་རང་ཚུགས་བཟུང་ནས་བསྡད་པ་མ་ཟད། མངའ་རིས་ས་གནས་ནས་ཇུན་གར་གྱི་བྱ་སྤྱོད་ཕྱི་ནང་གསང་གསུམ་ལ་རྟོག་ཞིབ་བྱས་ཏེ། འབྲེལ་ཡོད་ས་གནས་སྲིད་གཞུང་གི་དཔོན་རིགས་ཁག་ལ་གསང་བའི་འཕྲིན་བརྡ་ཡང་ཡང་བཏང་ཞིང་རབ་བྱུང་བཅུ་གཅིག་པའི་ལྕགས་བྱི་ (༡༧༢༠) ལོར་མཚོ་སྔོན་གྱི་དཔོན་རིགས་དང༌། སོག་པོའི་དཔོན་རིགས། ཆིང་གོང་མའི་སྲུང་དམག་བཅས་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་བོད་དུ་གདན་འདྲེན་ཞུ་བའི་གཏམ་གླེང་རྣམས་བོད་དུ་ཡོད་པའི་ཇུན་གར་དཔོན་དམག་གིས་གོ་ཐོས་བྱུང་རྐྱེན། རྩེ་པོ་ཏཱ་ལར་ཡོད་པའི་འཕགས་པ་ལོ་ཀི་ཤཱ་རིའི་སྐུ་སོགས་རིག་དངོས་རྩ་ཆེ་མང་པོ་རྐུ་འཁྱེར་བྱས་ཏེ་མངའ་རིས་ས་མཚམས་བརྒྱུད་ནས་ཇུན་གར་དུ་བྲོས་བྱོལ་འགྲོ་རྩིས་ཀྱིས་ལྷ་ས་ནས་ཐོན་ཞིང་མངའ་རིས་བརྒྱུད་ཤིན་ཅང་དུ་འགྲོ་བའི་ལམ་བརྒྱུད་དུ་སླེབས་སྐབས། ཁང་ཆེན་པས་མངགས་གཏོང་བྱས་པའི་འཇབ་དམག་གིས་ཇུན་གར་བའི་དཔོན་དམག་རྣམས་ལ་གློ་བུར་འཇབ་རྒོལ་བྱས་ཏེ་ཚང་མ་རྩ་མེད་བཏང་ཐོག་ཁོང་ཚོས་རྐུ་འཁྱེར་བྱས་པའི་རྩ་ཆེའི་རིག་དངོས་ཡོངས་རྫོགས་བླངས་ཏེ། ས་གནས་སྲིད་གཞུང་ལ་རྩིས་འབུལ་ཞུས་པའི་བྱས་རྗེས་སུ། ལོ་རྗེས་མ་དེར་ཆིང་གོང་མ་ཁང་ཤིས་ཁང་ཆེན་པར་པའི་སེའི་གོ་གནས་དང་སྦྲགས། བོད་ས་གནས་སྲིད་གཞུང་གི་འགན་འཛིན་བཀའ་བློན་གྱི་གཙོ་བོར་བསྐོས། ཡུན་རིང་མ་སོང་བར་བཀའ་བློན་ལས་རོགས་པའི་སེ་ང་ཕོད་པ་དང༌། སྦྱར་ར་ཐའི་ཇི། གུང་ལུམ་པ་བ་བཅས་དང་འགལ་ཟླ་ཆེས་ཆེར་གྱུར་ཏེ། རབ་བྱུང་བཅུ་གཉིས་པའི་མེ་ལུག་ (༡༧༢༧) ལོར་བཀའ་བློན་ང་ལུམ་སྦྱར་གསུམ་གྱིས་ལྷ་ས་གཙུག་ལག་ཁང་གི་གཞུང་སྒོའི་ཡངས་སྟེང་དུ་ཡོད་པའི་བཀའ་ཤག་འཚོགས་ཡུལ་ཚོམས་ཆེན་ཁམས་གསུམ་གྱི་ནང་བཀྲོངས་སོ། །ཞིབ་པར་《མི་དབང་རྟོགས་བརྗོད་》སོགས་འབྲེལ་ཡོད་ཡིག་ཆ་མང་པོར་གསལ།

ཁང་ཆེན་པ། འདི་ལ་དའི་ཆིང་སྦ་དུར་རམ་པའི་སེ་ཁང་ཆེན་པ་ཟེར་ཞིང༌། མིང་དངོས་བསོད་ནམས་རྒྱལ་པོར་འབོད་པ་འདི་ཇུན་གར་བོད་ནས་མཐར་སྐྲོད་བཏང་བའི་རྗེས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་གླང་ (༡༧༢༡) ལོར་གོང་མ་ཁང་ཤིས་ནས་པའི་སེའི་གོ་ས་སྤྲད་དེ་བོད་ཀྱི་སྲིད་དབང་གི་འགན་འཁུར་བྱེད་མི་གཙོ་བོར་བསྐོས་ཤིང༌། རྗེས་སུ་བཀའ་བློན་པའི་སེ་ང་ཕོད་པ་དང༌། སྦྱར་ར་ཐའི་ཇི། གུང་ལུམ་པ་བ་བཅས་གསུམ་ནས་བསད། ལོ་རྒྱུས་ཞིབ་ཆ་མི་དབང་རྟོགས་བརྗོད་ནང་གསལ། ནང་མི་དང་སྐྱེ་ཡུལ་སོགས་རྩད་མ་ཆོད་ཅིང༌། ཕ་གཞིས་མངའ་རིས་སུ་ཡོད་པས་མངའ་རིས་གུང་ཡང་ཟེར།

༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།