ཁང་གསར་ངག་དབང་ཐུབ་བསྟན་ཆོས་ཀྱི་དབང་ཕྱུག

ཁང་གསར་ངག་དབང་ཐུབ་བསྟན་ཆོས་ཀྱི་དབང་ཕྱུག

ཁང་གསར་ངག་དབང་ཐུབ་བསྟན་ཆོས་ཀྱི་དབང་ཕྱུག

རྗེ་འདི་ཉིད་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཤར་ཕྱོགས་སྦྲ་ནག་ཞོལ་ (རྣམ་རྒྱལ་ར་) དུ་ཇུར་ནང་གི་རིགས་ལས་ཡབ་སྐལ་བཟང་དོན་གྲུབ་དང་། ཡུམ་ལྷ་མོ་སྒྲོལ་མ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་པའི་ས་ཕོ་བྱི་བ་ (༡༨༨༨) ལོར་སྐུ་བལྟམས། སྐབས་དེར་སྲིད་སྐྱོང་རྟ་ཚག་ངག་དབང་དཔལ་ལྡན་བསྟན་པའི་རྒྱལ་མཚན་མཆོག་གི་སྤྲུལ་སྐུ་ཞི་བར་གཤེགས་ནས་རིང་པོར་གྱུར་སྐབས་ཚང་མས་སྲིད་སྐྱོང་དམ་པའི་ཡང་སྲིད་དུ་དོགས་ཤིང་དཔྱོད་པར་བྱས་ནའང་།
རྐྱེན་གཞན་གྱི་དབང་གིས་མཁན་ཆེན་མཁྱེན་རབ་བསྟན་པ་ཆོས་འཕེལ་མཆོག་ནས་སྒོ་མང་མཁན་པོ་བློ་བཟང་རྣམ་རྒྱལ་གྱི་ཡང་སྲིད་དུ་ངོས་འཛིན་མཛད་དེ་དགུང་ལོ་བདུན་དུ་ཕེབས་པའི་ཚེ་དཔལ་ལྡན་འབྲས་སྤུངས་སུ་ཆིབས་ཞལ་བསྒྱུར་ཐོག་ཝ་ཤུལ་ཁང་གསར་དུ་གཏན་བཞུགས་མཛད་པས་ཁང་གསར་རིན་པོ་ཆེ་ཞེས་མཚན་ཆགས།
དེ་ནས་སྒོ་མང་གི་ཆོས་གྲྭར་ཞབས་སེན་བཀོད་པ་དང་འབྲེལ་དགེ་བའི་བཤེས་གཉེན་ཆེན་པོ་ཧར་གདོང་བྱམས་པ་ཆོས་འཛིན་རིགས་ཀྱི་ཅོད་པན་དུ་བཞེས། གཞུང་བཀའ་པོད་ལྔར་སློབ་གཉེར་ཐོས་བསམ་དཔྱིས་ཕྱིན་པ་མཛད་མཐར་ཤིང་འབྲུག་ (༡༩༠༤) ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་དགེ་བཤེས་ཀྱི་མཚན་རྟགས་བཞེས། དེ་ནས་གསང་ཆེན་རྡོ་རྗེ་ཐེག་པའི་དཀའ་བའི་གནད་མཐའ་དག་ལ་ཐོས་བསམ་ཕུ་ཐག་ཆོད་པ་ཞིག་བྱའོ་དགོངས་ནས་དཔལ་ལྡན་སྨད་རྒྱུད་དུ་ཞབས་སེན་བཀོད་དེ་འཇུག་སྒོའི་རིམ་པ་རྣམས་ཀྱང་སྲོལ་ལམ་ལྟར་མཛད། སྔ་རྗེས་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་ལས་དགེ་ཚུལ་སྡོམ་པ་དང་བསྙེན་པར་རྫོགས་པའི་སྡོམ་པ་ཡང་དག་པ་ནོད། གཞན་ཡང་༸རྒྱལ་མཆོག་ཐུབ་བསྟན་རྒྱ་མཚོ་དང༌། འབུལ་བསྡུས་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན། སྒོ་མང་མཁན་ཆེན་མཁྱེན་རབ་བསྟན་པ་ཆོས་འཕེལ། གསེར་སྐོང་ངག་དབང་ཚུལ་ཁྲིམས་དོན་ལྡན། སྟག་བྲག་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན། ཕ་བོང་ཁ་པ་དཔལ་བདེ་ཆེན་སྙིང་པོ། བཀའ་འགྱུར་བ་ཆེན་པོ་བློ་བཟང་དོན་ལྡན། སྟག་ཕུ་ངག་དབང་བློ་བཟང་འཇམ་དཔལ་བསྟན་པའི་དངོས་གྲུབ་སོགས་ལས་དབང་ལུང་རྗེས་གནང༌། མན་ངག་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན། དད་ལྡན་སེར་སྐྱ་མཆོག་དམན་མཐའ་དག་ནས་གསོལ་བ་བཏབ་པ་བཞིན་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་བརྗོད་ཀྱིས་མི་ལངས་པ་བསྩལ་ཞིང༌། དེ་ཡང་མཆོན་ཙམ་གླེང་ན་བཀའ་འགྱུར་སྣར་ཐང་དཔར་མའི་སྟེང་ནས་སྔ་ཕྱི་ལྗགས་ལུང་ཚར་བཅུ་གཅིག་དང་ཕྱེད་ཙམ་དང༌། ཙོང་ཁ་པ་ཡབ་སྲས་གསུམ་གྱི་གསུང་འབུམ་ལྗགས་ལུང་ཚར་བཅུ་གཅིག་ཙམ། བདེ་ལམ་དང༌། མྱུར་ལམ། འཇམ་དཔལ་ཞལ་ལུང་ལ་སོགས་པའི་བཤད་ཁྲིད་དང་ཉམས་ཁྲིད་སྔ་ཕྱི་ཐེངས་མང་བསྩལ། དེ་ལྟར་རྗེ་འདི་ཉིད་ཀྱིས་སྐུ་ཚེ་ནམ་འཁྱོལ་གྱི་བར་དུ་འདོད་ཆུང་ཆོག་ཤེས་ཁོ་ན་མཛད་དེ་བླ་བྲང་དང་ཕྱག་མཛོད་ཟེར་བ་ལྟ་ཅི་བཞུགས་གནས་ཀྱང་གནས་གཡར་རམ་ཁང་གླ་སྩལ་བ་ལས་གཏན་དུ་བདག་པའི་བཞུགས་གནས་མེད་ལ། མཆོག་དམན་ཀུན་ལ་སྙོམས་པར་མཛད་པ་ལས་སྦྱིན་བདག་དང་ལྟོས་བཅས་ཡིན་ཞེས་ཉེ་དགའ་ཕྱོགས་ལྷུང་གི་རིགས་ཞར་ཡང་མི་མཛད་ཅིང༌། སྔ་ཕྱི་ཀུན་ཏུ་བཀའ་སློབ་ལས་རང་ཉིད་ལ་གདེང་ཚོད་གང་ཡང་མེད་པར་གཞན་དག་ཤི་གསོན་མང་པོས་འདི་ཕྱི་རེ་ལྟོས་ཀྱི་སྐྱབས་བསྔོ་ཞུ་མིར་ཡོང་མདོག་མང་པོ་གཏན་ནས་བྱེད་རྒྱུ་མེད། གལ་ཏེ་ཨུ་ཚུགས་བྱས་པས་དངོས་པོ་ཅུང་ཟད་ལེན་དགོས་པ་བྱུང་ནའང་ཕྱིས་ཆུད་ཟོས་སུ་མ་སོང་བར་དགེ་ཕྱོགས་ཁོ་ནར་སྨིན་པ་བྱེད་དགོས་ཞེས་སྩལ་བ་ལྟར་དད་གཤིན་གྱི་རྫས་རྣམས་དུས་དང་གནས་སྐབས་ཀུན་ཏུ་སྤོངས་བར་མཛད་པ་དང༌། གསུང་ཆོས་སྐབས་སུའང་རྟག་ཏུ་སྤྱིར་སེར་སྐྱ་ཚང་མས་དགེ་སྡིག་གི་བླང་དོར་མ་འཛོལ་བ། ཁྱད་པར་རབ་ཏུ་བྱུང་བ་རྣམས་ཀྱིས་བསླབ་སྡོམ་ལ་གཅེས་སྤྲས། ཆོས་འགྲིམས་བློ་གསར་བ་རྣམས་ཀྱིས་བྱེད་སྒོའི་རིམ་པ་ལ་སོགས་པ་བསྟན་འགྲོར་སྨན་ངེས་ཀྱི་བཀའ་སློབ་ཚ་འཇམ་དུ་མའི་སྒོ་ནས་བསྩལ་ཏེ་བསྟན་པ་རིན་པོ་ཆེ་རྨང་ནས་གསོ་བར་མཛད་ལ། ད་དུང་སྐུ་ཚེའི་སྨད་དུ་དཔལ་དུས་ཀྱི་འཁོར་ལོ་ཟུར་བཀའི་དབང་གི་རྒྱུན་ཤིན་ཏུ་ཉག་ཕྲ་བར་གྱུར་རྐྱེན་དབང་འདིའི་རྒྱུན་འཛིན་ནུས་ངེས་ཀྱི་སྐྱེས་བུ་དམ་པ་འགའ་ལ་དབང་ལན་ཞིག་བསྐུར་བར་དགོངས་ནས་ལྷ་ཀླུ་དགའ་ཚལ་དུ་དུས་འཁོར་གྱི་དབང་ཞིབ་རྒྱས་བསྩལ་མཐར་དེའི་རྒྱུན་ལས་རྗེ་ཉིད་ཀྱི་སྲས་ཀྱི་ཐུ་བོ་ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པར་འདིའི་དབང་བཞི་རྫོགས་པ་བུམ་པ་གང་བྱོའི་ཚུལ་དུ་ཕུལ་ཏེ་ད་ལྟའི་བར་རྒྱུན་བསྲིངས་ཉམས་མེད་དུ་འཕེལ་བཞིན་པ་འདི་ལྟར་ལགས།
དེ་ནས་སྐུ་ཁམས་ཀྱི་བབ་ལྩི་བའི་ཚུལ་བཞེས་པ་ན་སྐུའི་གམ་བཅར་བ་སོགས་ཀྱིས་རེ་ཞིག་སྐུ་ཚེ་ཞབས་པད་བརྟན་པར་བཞུགས་སུ་གསོལ་ཞེས་གསོལ་བ་ན་ད་ངས་གཞོན་སོ་དཀར་གྱི་དུས་ནས་ད་བར་རྙེད་བཀུར་སྙན་གྲགས་སོགས་ཚེ་འདིའི་རྣམ་པར་རྟོག་པས་མ་བསླད་པར་བསྟན་པ་ལ་གང་ཕན་བགྱིས་པ་ཡིན་པས་འགྱོད་པ་མེད། ད་མི་ཤི་ཁར་ད་དུང་ཡུན་རིང་སྡོད་དགོས་ཟེར་བ་དེ་ལས་བསུན་པ་མི་འདུག་ཅེས་ཞལ་བཞེས་མ་ཐོབ། ཡང་སྐབས་ཤིག་ན་གམ་བཅར་བ་ཚོས་ཅི་སྟེ་འཚོ་གཞེས་མི་མཛད་ན་བསྟན་འགྲོའི་མགོན་དུ་ཡང་སྲིད་འཁྲུལ་བྲལ་མྱུར་དུ་བྱོན་པ་ཞེས་ནན་དུ་གསོལ་བར་བཞད་མོ་དང་བཅས་ཏེ་དེ་ཚོ་སྐྱེས་བུ་དམ་པ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་སྐད་ཆ་རེད། ང་ནི་ལས་དཀར་ནག་གི་རྗེས་སུ་འབྲང་བ་ལས་འདི་ནས་འདིར་འགྲོ། དེ་ནས་འདི་བྱས་ཀྱི་གདེང་གང་ན་ཡོང༌། ཕྱིས་ཁང་གསར་རའི་སྐྱེ་སྤྲུལ་ཟེར་བ་ངོས་འཛིན་དང་བདག་སྤྲོད་གཏན་ནས་མི་དགོས་ཞེས་ནན་བསྟུད་ཀྱིས་བསྩལ། དེ་ནས་རིང་པོར་མི་ཐོགས་པར་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་མོ་སྦྲུལ་ (༡༩༤༡) ལོའི་ཧོར་ཟླ་དགུ་པའི་ཚེས་བརྒྱད་ཉིན་ཆུ་ཤུལ་ཐར་པ་གླིང་དུ་སྐུ་གཤེགས། མཛད་རྣམ་ཅུང་རྒྱས་ཙམ་ཞིག་རི་འབུར་བས་མཛད་པའི་ 《རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྗེ་བླ་མ་ཁང་གསར་རྡོ་རྗེ་འཆང་ངག་དབང་ཐུབ་བསྟན་ཆོས་ཀྱི་དབང་ཕྱུག་དཔལ་བཟང་པོའི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པ་ཨུཏྤ་ལའི་དོ་ཤལ་》ཞེས་པར་གསལ།

(དུང་དཀར་ཚིག་མཛོད་ཆེན་མོ་) ནས་བཏུས།

 

བརྒྱུད་སྐུལ།

མཆན་སྤེལ།