སྡོད་ཁང་།
བོད་ཀྱི་འཛུགས་སྐྲུན་བཟོ་རྩལ་ལ་དགོན་པ་དང་། ཕོ་བྲང་། སྤྱིར་བཏང་གི་ཁང་པ་བཅས་བཟོ་དབྱིབས་ཁག་གསུམ་དུ་དབྱེ་ན་འགྲིག་ཅིང་། དགོན་པའི་བཟོ་ཁྱད་ནི་སངས་རྒྱས་ཆོས་ལུགས་ཀྱི་འདུལ་བའི་གཞུང་ལས་གསུངས་པ་ལྟར་དབུས་སུ་འདུ་ཁང(ཚོགས་ཁང)དང་། སྦུག་ཏུ་གཙང་ཁང(རྟེན་གཙོའི་བཞུགས་ཁང) འདུ་ཁང་གི་གཞུང་སྒོའི་མདུན་དུ་སྒོ་འཕྱོར། སྟེང་དུ་མཆོད་ཁང་ངམ་ལས་ཤག་སོགས་ཀྱི་ཁང་པ་སྣ་ཚོགས། མཐའ་སྐོར་དུ་གྲྭ་པའི་སྡོད་ཤག སྒོ་འགྲམ་ཁོར་ཡུག་ཏུ་བར་ཁྱམས་འགྲོ་ལམ། སྒོ་འཕྱོར་གྱི་སྟེང་དུ་རབ་གསལ་དང་གཞན་རྣམས་ལ་སྒེའུ་ཁུང་ཆེ་ཆུང་སྣ་ཚོགས། འདུ་ཁང་དུ་དཀར་གསལ་སེང་གཡབ་ལ་ཀ་རིང(གཉིས་ལས་མི་ཉུང་བ)དང་དེའི་མཐར་ཀ་ཐུང་། རྩིག་ལྡེབས་སུ་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་དང་། གཏམ་རྒྱུད་སྣ་ཚོགས་ཀྱི་རི་མོ། སྒོ་འཕྱོར་འོག་རྒྱལ་ཆེན་སྡེ་བཞི་དང་། སྲིད་པ་འཁོར་ལོ། འདུལ་བའི་དཔེ་རིས་སོགས་ཀྱི་ལྡེབས་བྲིས། ཀ་སྟེང་དུ་ཤིང་བརྩེགས་རིམ་པ་བཅུ་གསུམ་ཡོད་པའི་མཛེས་རྒྱན་ལ་བྱ་འབྲུག་དང་། པད་མ། ནོར་བུ་སོགས་ཀྱི་མཛེས་རིས་འབྲི་སྲོལ། གྱང་སྟེང་དུ་སྤེན་བད་ལ་གསེར་ཟངས་ཀྱི་སྤེན་རྒྱན། ཡང་ཐོག་རྩེར་རྒྱ་ཕིབས་སམ་གྷན་ཇི་ར། རྩིག་ཟུར་དུ་སྲུང་མ་ཁག་གི་རྟེན་ཐུག་དང་། གསེར་ཟངས་སམ་རས་ཀྱི་རྒྱལ་མཚན། མདུན་ངོས་ཀྱི་སྟེང་དུ་འཁོར་ལོ་དང་རི་དྭགས། རྩིག་ཟུར་དུ་དྲིལ་བུ་བཅས་ཀྱི་མཛེས་རྒྱན་ཡོད། ལྷ་ཁང་གི་བཟོ་ཁྱད་ནི་དགོན་པ་དང་འདྲ།
ཕོ་བྲང་གི་བཟོ་ཁྱད་ནི་འོག་ཁང་དུ་མཛོད་ཁང་དང་། བར་ཁང་དུ་ལས་ཁུངས་དང་ལས་བྱེད་མི་སྣའི་སྡོད་ཤག སྟེང་ཐོག་ཏུ་གཙོ་བོའི་བཞུགས་གནས་དང་མཆོད་ཁང་སོགས་ཡོད། འོག་ཁང་ལ་རླུང་འགྲོ་ཕྱི་དོག་ལ་ནང་ཡངས་པ་ཞིག་གམ་རྒྱུག་ཕྲ་ཡོད་པའི་སྒེའུ་ཁུང་ཆུང་ཆུང་རེ་ཟུང་། སྟེང་ཁང་རྣམས་ལ་སྒེའུ་ཁུང་རིམ་བཞིན་ཆེ་རུ་བཏང་ནས་དཀར་གསལ་ཇེ་ཆེར་ཡོད་པ་ཐོག་རྩེག་མང་པོ་ཡོད་པ་རྣམས་ཕལ་ཆེར་འོག་ཁང་བྲག་ཤུར་ཡིན། སྟེང་ཁང་རྣམས་ལ་ཤིང་བཟོ་རིམ་བཞིན་ཇེ་ལེགས་དང་། ལྷག་པར་ཚོམས་ཆེན་ནམ་གཟིམ་ཆུང་ལྟ་བུར་ཀ་གདུང་དང་སྒོ་སྒེའུ་ཁུང་སོགས་པད་ཆོས་དང་རྒྱན་རིས་བརྐོས་དཀྲོལ་བྱེད་སྲོལ་ཡོད། གོང་ལ་སྤེན་རྩེག་དང་སྟེང་དུ་གྷན་ཇི་ར་དང་ཐུག་རྒྱན་སོགས་དགོན་པ་དང་འདྲ་རུང་ཕོ་བྲང་ལ་དར་ལྕོག་ཀྱང་འཛུགས་ཀྱི་ཡོད། གཞིས་ཁང་དང་སྒེར་པ་ཁག་གི་ཁང་པ་སོགས་ཀྱི་ཁང་བཟོ་ནི་ཕོ་བྲང་གི་བཟོ་ཁོངས་སུ་གཏོགས།
མང་ཚོགས་ཀྱི་སྡོད་ཁང་ལ་ཡང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གནས་སྟངས་ཀྱི་རྐྱེན་པས་ཁང་པའི་བཟོ་དབྱིབས་ཀྱང་ཁྱད་པར་ཡོད་པ་སྟེ། གྲོང་ཁྱེར་གྱི་ཁང་བཟོའི་ཐད་རྒྱ་ལམ་འགྲམ་གྱི་འོག་ཁང་ལ་ཚོང་ཁང་དང་རྒྱབ་ངོས་སུ་སྡོད་ཁང་ངམ་ཁང་གླ་གཏོང་ཡུལ་ཡང་ཡོད། བར་ཐོག་དང་སྟེང་ཐོག་རྣམས་བཟོ་བཀོད་མཛེས་ལ་དཀར་ཆ་གང་དོད་ཐོག་ཤིང་ཆར་ཡང་རྒྱན་རིས་ཅུང་ཟད་རྒྱག་སྲོལ་ཡོད། གྲོང་ཁྱེར་གྱི་ཁང་པ་སྟེ་སྤྱི་ཁང་དང་སྒེར་ཁང་ལ་བཟོ་ཁྱད་ནི་སྤྱི་ཁང་ཕལ་ཆེར་སྒོ་ར་ཆེ་བ་གཅིག་གི་ནང་ཁང་མིག་མང་པོ་ཡོད་ལ་སྒོ་ར་སོ་སོའི་ནང་ཐེམ་དུད་མང་པོ་ཡོད། གྲོང་གསེབ་ཀྱི་ཁང་པར་མ་ཁང་གི་རྒྱབ་དང་གཡས་གཡོན་དུ་ཕྱུགས་ར་དང་གཟན་ཁང་སོགས་ཡོད། གཞིས་ཁང་ལས་དེ་བྱིངས་ཁང་པ་ཕལ་ཆེར་ཐོག་གཅིག་མ་ཡིན། གྲོང་ཁྱེར་ནང་གཞུང་ལམ་གྱི་འགྲམ་དུ་འཁེལ་ཞིང་ཕྱོགས་གཞན་དུ་སྒོ་འདོན་ཡུལ་མེད་པ་རྣམས་ཕུད། དེ་མིན་གྲོང་ཁྱེར་དང་གྲོང་གསེབ་ཚང་མར་གཞུང་སྒོ་བྱང་དུ་བཏོན་སྲོལ་མེད་ལ། གཞུང་སྒོ་དང་སྐས་འཛེག་ཐད་ཀ་དང་། ཁང་རྒྱབ་ཏུ་ཤིང་སྡོང་རྐང་གཅིག་དང་ཆུ་མིག་འཁེལ་བར་འཛེམ་ཞིང་། གལ་སྲིད་གཞུང་སྒོ་དང་སྐས་འཛེག་ཐད་ཀར་འཁེལ་ན་སྒོ་ནང་དུ་རྩིག་པ་ཞིག་བསླངས་ཏེ་སྒྲིབ་ཀྱི་ཡོད། བོད་ཁང་ཕལ་ཆེར་ཁ་ལྷོ་ལྟ་བྱེད་པ་ནི་དབྱར་དུས་སུ་རླུང་འགྲོ་དང་དགུན་དུས་ཉི་འོད་ཁང་པའི་ནང་ཕོག་ཆེ་བའི་ཁྱད་ཡིན་པ་དང་། ཐོག་ཀ(རོང་མཚམས་ཕུད)ཚང་མ་ལེབ་མོ་ཡིན་སྟབས་ཐོག་སྟེང་དུ་ཟས་རིགས་བསྐམ་ས་དང་ཉི་མ་སྲོ་ས་སོགས་བྱས་ཆོག སྒེར་ཁང་རང་བདག་བྱེད་པ་ཕལ་ཆེར་གྱི་ཁང་བཀོད་ནི་མཛོད་ཁང་གཙོ་བོ་དང་ཚོམས་ཆེན་རྣམས་བྱང་ངོས་དང་། ཤར་ལྷོའི་ངོས་སུ་ཐབ་ཚང་། ལྷོ་ནུབ་ངོས་སུ་གསང་སྤྱོད་བཟོ་སྲོལ་ཡང 《བཻ་དཀར》ནང་གསལ་ས་དཔྱད་བརྟག་པ་ནས་བཤད་པ་དང་བསྟུན་པ་ཡིན། གྲོང་མིའི་སྡོད་ཁང་ཕལ་ཆེར་གྱི་ཡང་སྟེང་དུ་རྩིག་ཟུར་ཁག་ལ་དར་ལྕོག་འཛུགས་ཡུལ་ལྷ་བཙུགས་བཟོ་སྲོལ་ཡོད།
ཁང་པ་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་གྲུ་ནར་རམ་ཟུར་མང་བཟོ་བ་མ་གཏོགས་གྲུ་བཞི་ཤོ་ལྟ་བུ་མི་བཟོ་བ་ནི་ཁང་པ་གྲུ་བཞིར་འཁྲུག་པ་རྒྱུན་མི་ཆད་ཅེས་ཟེར་སྲོལ་ཡོད། ཁང་བཟོར་ཇ་ཕྲ་གཟུགས་ཞེས་ཁང་པའི་མདུན་དུ་རྐྱང་ཐོག་དང་དེ་ནས་རྒྱབ་ངོས་ཐོག་རྩེག་རིམ་སྤར་བྱས་པ། རྒྱབ་སུལ་ཞེས་མདུན་ངོས་ཐད་ལ་རྒྱབ་ཏུ་གློ་འབུར་གཅིག་གམ་གཉིས་ཡོད་པར་ཟུར་མང་དང་ཟུར་བརྒྱད་སོགས་ཟེར།
ཚོན་རྩིའི་ཐད། འོག་ཁང་དུ་སྒོ་དང་སྒེའུ་ཁུང་མ་གཏོགས་ཚོན་གཏོང་གི་མེད། སྟེང་ཁང་རྣམས་ལ་ཚོན་རྩི་མཛེས་རིས་སྣ་ཚོགས་བཀོད་ཀྱི་ཡོད་པ་སྟེ། དཔེར་ན་ཕོ་བྲང་ངམ་གཞིས་ཁང་སོགས་ཀྱི་ཚོམས་ཆེན་དང་གཟིམ་ཆུང་གཙོ་བོ་སོགས་ཀྱི་རྩིག་ལྡེབས་དང་ཤིང་ཆར་མཛེས་རིས་སྣ་ཚོགས་དང་། བར་ཁྱམས་ལྟ་བུར་སྤྱིར་བཏང་གི་ཚོན་རྩི་གཏོང་གི་ཡོད། ལྷ་ཁང་ངམ་དགོན་པ། བླ་བྲང་སོགས་ལ་ཚོས་གཞི་དམར་སེར་ཤས་ཆེ་བ་དང་། ཁྱིམ་པའི་ཁང་པར་ཚོས་གཞི་སྔོ་ལྗང་ཤས་ཆེ་རུང་ཚོམས་ཆེན་དང་མཆོད་ཁང་དེར་ཚོན་རྩི་དམར་སེར་ཁོ་ན་གཏོང་གི་ཡོད། རྩིག་ལྡེབས་ཀྱི་ཚོན་རྒྱས་བསྡུས་ཇི་ལྟར་ཡང་ཐོག་མཚམས་སུ་ཤམ་བུ་དང་རྩིག་པའི་ཕྱེད་ཡོལ་ཙམ་ནས་དམར་སྔོ་ལྗང་གསུམ་གྱི་སྐེད་རིས། གཤམ་དུ་ཐང་གཤམ་ཞེས་དམར་པོའམ་རྒྱ་སྨུག་གཏོང་གི་ཡོད།
ཨར་རྒྱག་རྒྱུ་ཆའི་ཐད་རྡོ་ཆེན་དང་། ཆུ་རྡོ། རྡོ་གཡམ། ཤིང་། ས། ས་དམར། བྱེ་མ། སྦ་དཀར། ཨར་ཀ་སོགས་དགོས་པ་དེ་དག་གི་འགྲོ་ཁུངས་ནི་རྡོ་ཆེན་གྱིས་ཕྱི་རྩིག་དང་། ས་དམར་གྱིས་ཁོག་འདག སྦ་དཀར་དང་བྱེ་མ་བསྲེས་ནས་འཇམ་ཞལ། ས་དང་བྱེ་མ་བསྲེས་ནས་རྩུབ་ཞལ། ས་དམར་གྱིས་ཐོག་འདག་དང་མཐིལ་ཞལ། ཨར་ཀའམ་སྦ་དཀར་སྦ་སག་བསྲེས་པས་ཐོག་ཞལ་དང་། མཐིལ་ཞལ། ཉ་རྒྱབ། རྡོ་གཡམ་གྱིས་གོང་ལའི་ཆུ་འཛར། ས་ཕག་དང་ཡང་ན་གླང་མ་ཤིང་གི་ཡལ་ག་ཀ་དབྲག་དབར་ལྷས་ནས་ཞལ་བ་བཏང་བའི་ཤག་མ་ཞེས་པའམ་པང་ལེབ་སོགས་ཀྱིས་བར་བཅད། ཆུ་རྡོས་གྲལ་རྡོ་དང་། རྩིག་འགྲམ་གྱི་ཆུ་ལེན། ཤིང་གི་ཀ་གདུང་དང་། ལྕམ་དྲལ། སྒོ་སྒེའུ་ཁུང་གི་ཤིང་སངས་དང་རུ་གཞི་སོགས་བཟོ་གི་ཡོད་པ་དེའི་བཟོ་རིགས་ཐད་ཤིང་བཟོ་དང་། རྡོ་བཟོ། ཞལ་དཔོན། ཚོན་པ། ལྕགས་བཟོ་སོགས་དགོས་ལ་ཁོང་ཚོར་ཡང་དབུ་ཆེན་དང་། དབུ་ཆུང་། དཀྱུས་མ། དམངས་རྒྱུགས་སོགས་ཀྱི་དབྱེ་བ་ཡོད། ལས་ཀ་བྱེད་རིང་ཤིང་བཟོ་དབུ་ཆེན་གྱི་བཟོ་སྐྲུན་འཆར་འགོད་དང་བཀོད་འདོམས་བྱེད་ཅིང་། རྡོ་བཟོ་དབུ་ཆེན་གྱིས་ཤིང་བཟོ་དབུ་ཆེན་ལ་རམ་འདེགས་ཀྱིས་རྩིག་པའི་ཐིག་དང་འཕྱོང་འབེབས་བྱེད་པ། ཤིང་བཟོ་དབུ་ཆུང་གིས་ལས་ཡུལ་དངོས་ཀྱི་ཐོག་ཀ་གདུང་སོགས་ཀྱི་བཟོ་འདོན་སྒྲིག་སྦྱོར་བྱས་ཐོག་ཤིང་བཟོ་དཀྱུས་མ་ཚོའི་ལས་ཀར་བཀོད་པ་གཏོང་བ་སོགས་བྱེད། རྡོ་བཟོ་དབུ་ཆུང་ཚོས་རྩིག་ཟུར་སློང་བ་དང་དཀྱུས་མ་ཚོའི་ལས་ཀར་བལྟ་ཞིབ་བྱེད་པ། ཤིང་བཟོ་དཀྱུས་མ་ཚོས་ཤིང་ལ་གཞོག་རྒྱག་པ་སོགས་བྱེད་ལ་རྡོ་བཟོ་དཀྱུས་མ་ཚོས་རྩིག་པ་བརྩིགས་པ་དང་། རྡོ་ལ་བཟོ་འདོན་པ་སོགས་བྱེད། དམངས་རྒྱུག་ནས་ས་རྡོ་དབོར་སྐྱེལ་དང་། རྩིག་རྨང་བྲུ་བ། སེང་རྡོ་རྒྱག་པ། རྡོ་སྲུབ་ཏུ་མིག་འདག་འགྱོང་བ་སོགས་བྱེད་ཀྱི་ཡོད། ཞལ་དཔོན་ནས་རྩིག་ལྡེབས་སུ་ལྡེབས་ཞལ་འཇམ་རྩུབ་དང་། སྒོ་དང་སྒེའུ་ཁུང་གི་གཡས་གཡོན་ནག་རྩི་མཐིལ་ཞལ་དང་ཐོག་སྟེང་། ཉ་རྒྱབ་བཅས་ཀྱི་ཨར་ཀ་གཅོག་པ་སོགས་ཀྱི་འགན་འཁུར་གྱི་ཡོད། ལྕགས་བཟོ་བས་སྒོའི་ཤན་དང་། མཛོ་སྣ་དང་དཀྲི་ལྕགས། སྒོ་འབོར་སོགས་བཟོ་བ། ཚོན་པས་ཤིང་ཚོན་དང་ལྡེབས་བྲིས། རྩིག་ཚོན་སོགས་གཏོང་གི་ཡོད།
བོད་ཁང་གི་རྩིག་པའི་ཁྱད་ཆོས་གཙོ་བོ་ནི་རྩིག་རྨང་བྲུས་ནས་སེང་རྡོ་ཞེས་རྡོ་ལག་པས་ཐེག་ཙམ་ཞིག་གིས་བཅག་བཅག་བཏང་བས་རྩིག་རྨང་བརྟན་པ་དང་རྩིག་པ་རྡོ་བསྟར་རེ་ལོངས་མཚམས་སེང་རྡོ་རེ་བརྒྱབ་སྟབས་རྩིག་པར་བབས་གཞོད་ཉུང་བ། ཅབ་ལ་དང་སྲུབ་བཀག་གིས་རྡོ་ཆེན་བར་དུ་ཕྲེད་གཞུང་དུ་བཅུག་སྟབས་རྡོ་ཆེན་གྱི་སྒྲོག་ལ་སྐྱོར་གྱི་ནུས་པ་ཐོན་པ། རྩིག་རྡོ་རྣམས་བསྙལ་ནས་རྩིག་སྟབས་ཕན་ཚུན་སྒྲོག་དམ་པ། རྡོ་ཆེན་ཕྱི་ནང་གཉིས་ཀྱི་བར་ཁོག་རྡོ་ཞེས་རྡོ་ཆེན་དང་། གསེབ་ཧྲུག་ཅེས་རྡོ་ཧྲུག་འདམ་པའི་ཁར་བླུགས་པ་དེས་རྩིག་པའི་ཁོག་པ་ཚགས་དམ་པ། གཤམ་ནས་སྟེང་བར་འཐེན་ཞེས་རྩིག་ཞེང་ཕྱི་ངོས་ནས་སྐུམ་པར་བརྟེན་འོག་གི་རྩིག་རྡོ་གནོན་ཤུགས་ཆུང་བ་བཅས་ཀྱི་ཁྱད་ཆོས་ཡོད།
ཤིང་བཟོ་བས་ཐད་ཀ་སྟེང་དུ་གཞུ་ཆུང(སྦེ་ལོག)དང་། གཞུ། གདུང་མ། པད་ཆོས། ལྕམ། དྲལ་མ་སོགས་རིམ་བཞིན་བཏང་ནས་ཐོག་བཀབ་པ་དང་། ཀ་གདུང་ལ་ལར་སྐུ་བརྙན་དང་དྲ་བ་དྲ་ཕྱེད་སོགས་ཀྱི་མཛེས་རིས་བརྐོས་དཀྲོལ་ཡང་བྱེད་ཀྱི་ཡོད། གཞུ་ཆུང་རིལ་པོའམ་ཡང་ན་ཀ་བ་དང་གཞུ་ཆུང་གི་བར་མཁྲེགས་ཤིང་ཞིག་གཏོང་གི་ཡོད་པ་ནི་ཀ་བའི་གཅེན་ཁར་སྣོན་ཤུགས་ཆུང་ཙམ་ཡོང་བའི་ཁྱད་ཡོད། ཡང་སྟེང་གི་གོང་ལའི་སྟེང་བད་ཕུར་ཁ་ཤིང་ཡང་སྤེན་བད་ཡོད་ན་སྤེན་བད་ཀྱི་སྟེང་འོག་ལ་འཁྲིད་ཐོག་དེའི་སྟེང་དུ་ཁ་ལ་སྐར་ཐིག་སྒོར་མོ་ཡང་བརྐོ་སྲོལ་ཡོད། ཞལ་བར་རྩུབ་ཞལ་ཞེས་པ་དཀྱུས་མ་གསུམ་ཆ་གཅིག་ལ་བྱེ་མ་གསུམ་ཆ་གཉིས་བསྲེས་ནས་ཤིང་གི་སྡོད་པང་གིས་འཁོད་སྙོམ་བཟོ་བ་དང་། འཇམ་ཞལ་ཞེས་རྩུབ་ཞལ་གྱི་སྟེང་དུ་སྦ་དཀར་གསུམ་ཆ་གཅིག་ལ་བྱེ་མ་གསུམ་ཆ་གཉིས་བསྲེ་དགོས། ཐོག་བཀབ་སྟངས་ནི་ལྕམ་གྱི་སྟེང་དྲལ་མ་གཏོང་བ་དེ་ཡང་སྟེང་དྲལ་ཞེས་ཤིང་གི་ཡལ་གར་གཞོག་བརྒྱབ་ནས་སྒྲིག་པ་དང་། དྲལ་པང་ཞེས་པང་ལེབ། གཞན་ཡང་ཤིང་གི་གཤག་ཚལ་ཡང་གཏོང་གི་ཡོད། དེའི་སྟེང་དྲལ་རྡོས་མནན་ནས་ས་བཟང་བའི་ཐོག་འདག་དང་དེའི་སྟེང་ཨར་ཀ་བཅག་དགོས་པ་བཅས་ཡིན། ཐོག་ཕུབ་ཉིན་བོད་ཚེས༡﹒༢﹒༨﹒༡༤﹒༢༠﹒༢༦བཅས་ལ་དུས་ཚོད་སྐར་མ་ཆུ་ཚགས་ཡིན་པས་འཛེམས་དགོས་ཞེས་ཟེར་སྲོལ་ཡོད་པ་བཅས་བོད་ལུགས་ཁང་པའི་བཟོ་བཀོད་ཀྱི་ལག་རྩལ་ངོ་སྤྲོད་མདོར་བསྡུས་ཙམ་ཞིག་ཡིན།
སྡོད་གུར།
གནའ་དུས་ཡངས་པའི་བོད་ལྗོངས་ས་མཐོར་འཚོ་སྡོད་བྱེད་པའི་བོད་རིགས་རྣམས་ཀྱིས་ས་མཐོའི་རང་བྱུང་གནས་བབ་དང་བསྟུན་ནས་འབྲོག་ལས་བྱེད་ཀྱི་ཡོད་པས་མི་རྣམས་ཀྱི་སྡོད་གནས་ཀྱང་མང་ཆེ་བ་གུར་ཡིན་ཞིང་། དེ་དུས་ཀྱི་གུར་ནི་ཕལ་ཆེར་བོད་རང་གི་ཁྱད་ཆོས་ལྡན་པའི་ཕྱིང་གུར་དང་སྦྲ་གུར་སོགས་ཡིན་པར་མངོན། དེ་ནས་རིམ་བཞིན་བོད་ལྗོངས་ས་མཐོར་བཟོ་རྩལ་ཐུན་མོང་མིན་པའི་ས་རྡོ་ཤིང་གསུམ་གྱི་ཁང་ཁྱིམ་དར་ནས་ད་ཆ་དེང་དུས་ཅན་གྱི་ཁང་ཆེན་གྱིས་ཁྱབ་པར་གྱུར་ཀྱང་གནའ་སྲོལ་གོམས་གཤིས་རྒྱུད་འཛིན་བྱེད་མཁན་བོད་རིགས་རྣམས་གུར་ནང་སྡོད་རྒྱུར་དགའ་ལ་གུར་གྱི་བཟོ་རྩལ་དང་རྒྱུ་སྤུས་ཀྱང་ཇེ་ལེགས་སུ་གྱུར།
གུར་ཆེ་ཆུང་དང་། ལེགས་ཉེས་ཀྱི་དབྱེ་བ་ནི་ཧ་ཅང་མང་ཞིང་། གུར་ཆེ་བའི་མ་གུར་ཁོ་ནར་ཁང་པ་ཀ་བ་བཅུ་གྲངས་དང་ཆུང་ཤོས་ལའང་ཁང་པ་ཀ་བ་གཅིག་ཙམ་གྱི་རྒྱ་ཁྱོན་ཡོད་པའི་བཟོ་དབྱིབས་གྲུ་བཞི་དང་། གྲུ་བཞི་ཕྲེད་ནར་ཡིན་པ། རྒྱུ་བཟང་གོས་དང་། འགོ་སྣམ། རས་སོགས་ཡིན་པ་ལ་འགོ་སྣམ་དང་། རས་སོགས་ཚོན་ཕྲ་དང་ཚོན་ཕྲ་མིན་པའི་པ་ཊ། གུར་གྱི་སྐེད་པ་ཁོར་མོ་ཡུག་ཏུ་འཇའ་གསུམ་རྩེག་གི་གཤམ་བུ་སྔོན་པོ། མ་གུར་གྱི་མདུན་ངོས་སུ་མ་གུར་དང་གཞི་མཚུངས་ཀྱི་ཐོག་མེད་ཡོལ་སྒོར་ཆེ་ཆུང་སྣ་ཚོགས་དང་། ལ་ལར་ཡོལ་སྒོར་ཕྱི་ནང་རིམ་པ་གཉིས་ཀྱང་ཡོད།
དེ་སྔོན་ས་སྐྱ་ནས་བཟུང་བོད་སོག་གི་འབྲེལ་བ་ཇེ་དམ་དུ་གྱུར་དབང་ལས་བྱུང་བ་ཡིན་ནམ་གང་ལྟར་བོད་ཀྱི་བླ་དཔོན་ཆེ་ཁག་ཕྱོགས་ཐོན་སོགས་ལ་སོག་གུར་ལྟར་ནང་དུ་རྩིབ་སྒྲོམ་དང་བར་ཚང་ཡོད་པའི་སྒོར་དབྱིབས་ཅན་གྱི་གུར་ཡང་སྤྱོད་ཀྱི་ཡོད། དཔེར་ན། ཏཱ་ལའི་བླ་མ་ཕྱོགས་ཕེབས་སྐབས་བཞུགས་ཞག་འཁེལ་སར་ཏཱ་ལའི་བླ་མའི་དབུ་གུར་བཟང་གོས་སེར་པོ་སོགས་ལས་བཟོས་པའི་བོད་གུར། སོག་གུར་དབྱིབས་ཅན། དེ་མིན་ཕྱིར་གཟིག་པགས་སོགས་གཡོགས་པའི་སོག་གུར་སོགས་ཡོད་པ་དབུས་སུ་བྱས་ཐོག་སྐུ་འཁོར་རྣམས་ལ་རང་རང་གི་གོ་བབས་ལྟར་ཡོད་པའི་གུར་སྟར་པ་ཕྱི་ནང་རིམ་པ་དབྱེ་བའི་དབུ་གུར་སྒར་སྒྲིག་ཡོད། ལྷག་པར་ཏཱ་ལའི་བླ་མ་སྐུ་ཕྲེང་ན་རིམ་གྱི་ཡང་སྲིད་མཆོག་སྤྲུལ་ཐོག་མ་ལྷ་སར་གདན་འདྲེན་ཞུ་སྐབས་དང་། དེ་མིན་ཕྱོགས་ཕེབས་གནང་བར་ཕེབས་བསུ་ཕེབས་སྐྱེལ་སོགས་གཟབ་རྒྱས་ཀྱི་མཛད་ཆེན་ཁག་ལ་སྤྱོད་པའི་དབུ་གུར་རྨ་བྱ་ཆེན་མོ་ཞེས་དབུ་གུར་ལྡིང་གུར་ཆེན་པོ་གཞི་རས་ལ་འགོ་སྣམ་ཚོན་ཕྲའི་པ་ཊས་ཡོངས་སུ་ཁེངས་ཤིང་། རྩེ་ཐོག་ཏུ་གསེར་ཟངས་ཀྱི་གཉྫིར་སོགས་ཀྱིས་ལེགས་པར་མཛེས་པ། གཉྫིརའི་གཡས་གཡོན་གཉིས་སུ་གསེར་ཟངས་ལས་གྲུབ་པའི་རྨ་བྱའི་གཟུགས་ཡོད་པ། བཟང་གོས་ཀྱི་ཀ་འཕན་སོགས་མཆོད་རྫས་ཀྱི་རྒྱན་འགྲེམས། མདུན་དུ་གཞི་མཚུངས་ཀྱི་ཡོལ་སྒོར། པ་ཊ་ཅན་གྱི་བྱ་གཡབ་བཅས་རང་འགྲིག་རྣམ་པར་བཀྲ་ཞིང་བརྗིད་ཉམས་དང་ལྡན་པ་རྨ་བྱ་དང་འདྲ་བའི་ཆ་ནས་བཏགས་པ་ཡིན།
གཞན་ཡང་དགོན་པ་ཆེ་ཁག་ལ་དགེ་འདུན་ཇི་ཡོད་ཤོང་པའི་ཚོགས་གུར་དང་སྒེར་ཁག་འབྱོར་ལྡན་ཚོར་ཡང་ཆེ་ཆུང་དང་། བཟོ་དབྱིབས་འདྲ་མིན། འགོ་སྣམ་དང་། རས་སོགས་ཀྱི་པ་ཊ་ཡོད་མེད་བཅས་སྣ་ཚོགས་ཡོད་པ་དང་། གཉེར་གུར་དང་ཐབ་གུར་ལ་སྤྱོད་བྱེད་གཞི་གདན་རས་དཀར་ཡིན་པ་དང་། མགོ་སྦྲ་ནག་ཡིན་པ། མཐའ་འཇགས་དང་སྦབ་ལེ་རས་དཀར་ཡིན་པ་གུར་དཀར་རུ་མགོ་ནག་ཞེས་པ་ཞིག་ཡོད། གུར་དེ་ཐོག་སྦྲ་ནག་ཡིན་པས་ཆར་ཐོག་འགོག་པ་དང་གཤམ་རས་ཡིན་པས་བསིལ་ལ་ཚ་སུབས་འགོག་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། ད་ལྟའང་བོད་བྱང་ཐང་གི་འབྲོག་ཁུལ་དང་། དེ་མིན་ཡུལ་འབྲོག་གི་འབྲོག་པ་ཁྱེར་འཁོས་དྲག་ཞན་ཇི་ལྟར་ཡིན་ཀྱང་མང་ཆེ་བའི་སྡོད་གནས་ནི་སྦྲ་གུར་ཡིན།
སྦྲ་གུར་གྱི་བཟོ་དབྱིབས་མང་ཆེ་བ་ནི་གྲུ་བཞི་དང་། ཅུང་སྒོར་ཙམ་ཡིན། ཆེ་ཆུང་ནི་དབུལ་ཕྱུག་དང་། ཁྱིམ་ཚང་གི་མི་མང་ཉུང་གི་དབྱེ་བ་ཡོད་པས་གུར་ཆེ་བར་ཁང་པ་ཀ་བ་ཁ་ཤས་ཀྱི་རྒྱ་ཁྱོན་ཡོད་པ་དང་། ཆུང་བར་ཡང་ཁང་པ་ཀ་གཅིག་ཙམ་གྱི་རྒྱ་ཁྱོན་ཡོད། སྦྲ་གུར་ནང་ཁྱིམ་མི་ཚང་མ་ཉལ་སྡོད་བྱེད་ཅིང་ཐོན་སྐྱེད་དང་འཚོ་བའི་ཉེར་སྤྱོད་དེ་མིན་རྒྱུ་དངོས་འཛིན་ཆས་ཚང་མ་འཇོག་གི་ཡོད། རྩྭ་ར་ལེགས་པར་སྤྱོད་ཕྱིར་འབྲོག་པ་རྣམས་སྡོད་གནས་ཡང་ཡང་སྤོ་དགོས་སྟབས་གུར་ནི་འཁྱེར་བདེ་བ་དང་། རྒྱུ་ནི་འབྲི་གཡག་གི་རྩིད་པ་ཤ་སྟག་ཡིན་པས་གངས་ཆར་རླུང་གསུམ་གྱི་གྲང་ངད་དང་། ཆར་ཆུའི་ཐིགས་པ་འགོག་ཐུབ་པ་སོགས་ཀྱི་དམིགས་བསལ་གྱི་ཁྱད་ཆོས་མང་པོ་ལྡན་ཡོད། ད་དུང་དེང་དུས་རས་ཆ་ཉོ་བདེ་བས་བོད་བྱང་ཐང་གི་འབྲོག་ཁུལ་དུའང་དབྱར་དུས་རྣམ་པར་བཀྲ་བའི་རས་གུར་ཚོ་དང་ཚོ་བྱས་ནས་མཐོང་རྒྱུ་ཡོད། དེ་མིན་བྱ་བྲལ་རི་ཁྲོད་པ་དང་སྡོད་གནས་ཆགས་རྟེན་དང་བྲལ་བའི་སྤྲང་པོ་རྣམས་ཀྱིས་ཀྱང་འཁོས་བསྟུན་རས་གུར་ཐབས་ཆག་ཙམ་བཟོས་ནས་གར་འགྲོའི་སར་ཁྱེར་ཏེ་ཐང་སྡེར་དུ་སྡོད་མ་དགོས་ཙམ་བྱེད་ཀྱི་ཡོད་པ་བཅས་ནི་བོད་རིགས་ཀྱི་གུར་གྱི་གནས་ཚུལ་མདོར་བསྡུས་སོ།།
《དུང་དཀར་ཚིག་མཛོད་ཆེན་མོ་》ལས་དྲངས།