ཀུན་མཁྱེན་ཇོ་མོ་ནང་པ། མཚན་དངོས་ཤེས་རབ་རྒྱལ་མཚན།

ཀུན་མཁྱེན་ཇོ་མོ་ནང་པ། མཚན་དངོས་ཤེས་རབ་རྒྱལ་མཚན།

ཀུན་མཁྱེན་ཇོ་མོ་ནང་པ།

མཚན་དངོས་ཤེས་རབ་རྒྱལ་མཚན། མཚན་གཞན་ཀུན་མཁྱེན་དོལ་པོ་བ་ཡང་ཞུ། གངས་ཅན་གྱི་ལྗོངས་སུ་བྱུང་བའི་དབུ་མ་གཞན་སྟོང་གི་ལྟ་བའི་བཞེད་སྲོལ་ཐོག་མར་གཏོད་པར་མཛད་པ་ཡིན།
འཁྲུངས་ཡུལ་མངའ་རིས་དོལ་པོ་བན་ཚང་ཀ་ཡོ་རིའི་གྲོང་ཁྱེར་དུ་ཡབ་ཡེ་ཤེས་དབང་ཕྱུག་དང་། ཡུམ་ལྷ་མོ་ཚུལ་ཁྲིམས་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ཆུ་འབྲུག་ (༡༢༩༢) ལོར་སྐུ་འཁྲུངས། བླ་མ་སྐྱི་སྟེང་པ་སོགས་བསྟེན་ནས་གསང་སྔགས་སྔ་འགྱུར་སྐོར་དང་། དབུ་མ་རིགས་ཚོགས། རིག་གནས་ཆུང་བའི་རིགས་བཅས་གསན་སྦྱོང་མཛད། དགུང་ལོ་བཅུ་གཅིག་ལ་ཕེབས་སྐབས་མཁན་པོ་ཚུལ་ཁྲིམས་སྙིང་པོ་སོགས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་པའི་མཚན་ལ་ཤེས་རབ་རྒྱལ་མཚན་ཞེས་གསོལ། དགུང་ལོ་བཅུ་དྲུག་ནས་ལོ་ཤས་བར་སྐྱི་སྟོན་འཇམ་དབྱངས་གྲགས་པ་ལས། ཚད་མ་དང་། ཕར་ཕྱིན། མངོན་པ། སྔགས་ཕྱོགས་ཀྱི་ཕྲེང་བ་སྐོར་གསུམ་སོགས་མང་པོ་གསན། སློབ་དཔོན་རིན་ཆེན་ཡེ་ཤེས་ཀྱི་དྲུང་ནས་བྱམས་ཆོས་སྡེ་ལྔ་སོགས་ཕར་ཕྱིན་དང་དབུ་མའི་སྐོར་གསན་ནས་མཁྱེན་རྩལ་ཕུན་སུམ་ཚོགས་པར་གྱུར་ཏེ་ཀུན་མཁྱེན་ཞེས་པའི་བསྔགས་བརྗོད་ཀུན་གྱིས་སྒྲོགས་པར་གྱུར། རབ་བྱུང་ལྔ་པའི་མེ་སྟག་ (༡༣༢༦) ལོར་གདན་ས་པའི་ཁྲིར་ཕེབས་ཏེ། མདོ་སྔགས་དབང་ལུང་ཁྲིད་བཤད་སོགས་གདུལ་བྱའི་དད་མོས་དང་མཐུན་པར་ཆོས་འཁོར་རྒྱ་ཆེར་བསྐོར་ཞིང་སེང་དབར་ལ་རིས་མེད་ཀྱི་བླ་མ་མང་པོའི་དྲུང་ནས་ཆོས་བཀའ་གསན་བཞེས་དང་། ཉམས་བཞེས་ཟུང་འབྲེལ་དུ་བསྐྱངས་པས་གཞན་སྟོང་དབུ་མ་ཆེན་པོའི་ལྟ་སྒོམ་ཐུགས་ལ་འཁྲུངས་ཏེ་དེའི་སྐོར་《ངེས་དོན་རྒྱ་མཚོ་》ལ་སོགས་པའི་གྲུབ་མཐའི་ཆོས་བཅུ་དྲུག་དུས་འཁོར་སྐོར་ཆོས་ཚན་བཅོ་བརྒྱད་སོགས་གསུང་རྩོམ་མང་དུ་མཛད་དེ་རང་ཉིད་ཀྱི་བཞེད་སྲོལ་ངེས་དོན་དབུ་མའི་ལྟ་སྒོམ་ལུང་རིགས་གཉིས་ཀྱི་སྒོ་ནས་གསལ་བཤད་མཛད། གདན་སར་ལོ་བཅུ་བདུན་བཞུགས་རིང་སྐུ་འབུམ་ཆེན་མོ་གསར་བཞེངས་མཛད་པ་སོགས་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པས་སྐུ་ཚེ་མཐར་འཁྱོལ་པར་མཛད། དགུང་ལོ་བདུན་ཅུར་ཕེབས་པ་རབ་བྱུང་དྲུག་པའི་ལྕགས་གླང་ (༡༣༦༡) ལོར་དགོངས་པ་མྱ་ངན་ལས་འདས། རྣམ་ཐར་ཞ་ལུ་ལོ་ཙཱ་བ་དང་། འགའ་རོང་པས་མཛད་པ་ཞིག་ཡོད་ཚོད་འདུག་ཀྱང་བདག་གིས་མ་མཇལ་ཞིང་། འདིར་བཀོད་པ་ནི་མདོ་སྨད་འཛམ་ཐང་གི་མཁས་དབང་དགེ་བའི་བཤེས་གཉེན་ངག་དབང་བློ་གྲོས་གྲགས་པས་མཛད་པའི་《ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ་》ནས་གནད་བསྡུས་བྱས་པ་ལགས་པས་ཞིབ་པར་དེར་གཟིགས།
(དུང་དཀར་ཚིག་མཛོད་ཆེན་མོ་) ནས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།