༄༅། །ཆོས་རྒྱལ་སྲོང་བཙན་སྒམ་པོ་སྐུ་འཁྲུངས་ནས་མི་ལོ་ཧྲིལ་པོ་ 1400 འཁོར་བའི་དུས་ཚིགས་ཁྱད་པར་ཅན་འདིར་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རབ་དང་ཕུལ་དང་མཆོག་ཏུ་གྱུར་པའི་མཛད་རྗེས་མཐའ་དག་འདིར་བརྗོད་པར་མི་ནུས་ཀྱང་། མཛད་རྗེས་ཕུལ་དུ་བྱུང་བ་འགའ་ཞིག་དཔེ་མཚོན་གྱི་ཚུལ་དུ་བཀོད་ནས་ཆོས་རྒྱལ་བཀའ་དྲིན་ཅན་དེ་ཉིད་དྲན་གསོ་ཞུ།
1) དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཕྱི་ལོ་ 617 ལོར་རྒྱ་མ་མི་འགྱུར་བྱམས་པ་གླིང་དུ་སྐུ་འཁྲུངས་ཏེ་དགུང་ལོ་ 13 བཞེས་པ་ཕྱི་ལོ་ 629 ལོར་རྒྱལ་སྲིད་བཞེས་ཏེ་མཐའ་བཞིའི་རྒྱལ་ཕྲན་རྣམས་མངའ་འོག་ཏུ་བསྡུས་པ་དང་། 2) ཕྱི་ནང་གི་དུས་ཟིང་རྣམས་ལྷིང་འཇགས་སུ་བཏང་སྟེ་བོད་གཅིག་གྱུར་གྱི་རྒྱལ་ཁབ་བཙུགས་ཤིང་། 3) བོད་ཆོས་ལྡན་གྱི་རྒྱབ་ཁབ་གསར་དུ་དབུ་བརྙེས། 4) ཕྱི་ལོ་ 633 ལོར་བོད་ཡོངས་ལ་གཅིག་གྱུར་གྱི་བཀོད་འདོམས་གནང་སླད་བོད་ཀྱི་རྒྱལ་ས་ཡར་ཀླུང་ནས་ལྷ་སར་སྤོས། 5) བློན་པོ་ཐོན་མི་འཕགས་ཡུལ་དུ་བརྫངས་ཏེ་འཛམ་གླིང་ཐོག་ཆེས་སྔོན་ཐོན་གྱི་གྲས་སུ་སླེབས་པའི་བོད་ཡིག་གསར་གཏོད་མཛད་ནས་སུམ་རྟགས་ཀྱི་གཞུང་ལུགས་བརྩམས། 6) རྒྱ་དཀར་ནག་དང་ཁ་ཆེ་བལ་ཡུལ་སོགས་ནས་ལོ་པཎ་མཁས་གྲུབ་གདན་དྲངས་ནས་བཀའ་བསྟན་གཞུང་ལུགས་མང་དུ་བསྒྱུར་ནས་རྒྱལ་བསྟན་སྲོལ་གཏོད། 7) ཁྲིམས་སྲོལ་གཏན་ལ་ཕབ་ནས་རྒྱལ་ཁམས་བདེ་བར་བསྐྱངས་ཏེ་བོད་འབངས་རྣམས་ཆོས་འབྱོར་བདེ་དགའི་དཔལ་ལ་ལོངས་སྤྱོད་པ་བྱུང་། 8) མཐའ་བཞིའི་རྒྱལ་ཕྲན་དབང་དུ་བསྡུས་ཤིང་མངའ་ཁོངས་རྒྱ་བསྐྱེད་ཆེས་ཆེར་མཛད། 9) སྲིད་འཛིན་ས་ཁུལ་གསལ་པོར་དབྱེ་ཞིང་སྲིད་དང་དམག་གི་སྒྲིག་གཞི་དང༌། དཔོན་རིགས་ཁག་གི་འགན་དབང་གཏན་ལ་ཕབ། 10) ཞིང་འབྲོག་ཐོན་སྐྱེད་གོང་དུ་སྤེལ་བའི་བྱ་ཐབས་ལག་བསྟར་མཛད་དེ་ཐོན་སྐྱེད་དང་དཔལ་འབྱོར་གོང་མཐོར་འཕེལ། 11) ཁྱིམ་མཚེས་རྒྱལ་ཁབ་ལ་མཛའ་མཐུན་གྱི་འབྲེལ་བ་བཙུགས་ནས་མི་རིགས་རང་ཉིད་ཀྱི་དཔལ་འབྱོར་རིག་གནས་ཆོས་ལུགས་སོགས་གོང་དུ་སྤེལ། 12) ར་ས་འཕྲུལ་སྣང་དང་། རྒྱས་བཏབ་ར་མོ་ཆེའི་གཙུག་ལག་ཁང་གཉིས་སོགས་བོད་ནས་རྒྱ་ནག་བར་གཙུག་ལག་ཁང་བརྒྱ་ཕྲག་བཞེངས། 13) ཕྱི་ལོ་ 635 ལོར་རྒྱལ་ས་ལྷ་སར་རྒྱ་ཁྱོན་དང་། བཀོད་པ། གཟི་བརྗིད་སོགས་འགྲན་ཟླ་བྲལ་བའི་ཕོ་བྲང་པོ་ཏ་ལ་གསར་དུ་བཞེངས། 14) རྒྱལ་བལ་ནས་བཙུན་མོ་རྣམ་གཉིས་ཁབ་ཏུ་བསུས་ནས་བྱིན་ཅན་གྱི་ཇོ་ཤག་རྣམ་གཉིས་སོགས་རྟེན་གསུམ་དུ་མ་བོད་དུ་གདན་དྲངས། 15) ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་སྲོལ་གཏན་ལ་ཕབ་ནས་བཟང་ལ་བྱ་དགའ་སྟེར་ཞིང་། ངན་པ་ལ་ཆད་པ་གཅོད། མཐོ་བ་ཁྲིམས་ཀྱིས་གནོན། དམའ་བ་ཐབས་ཀྱིས་སྐྱོང་བ་སོགས་བསྟན་འགྲོར་ཕན་བདེ་རྨད་དུ་བྱུང་བ་སྤེལ། 16) མཛད་པའི་མཆོག་ཏུ་གྱུར་པ་གསུང་གི་མཛད་པ་ལ་མཚོན་ནའང་། མཎི་བཀའ་འབུལ་དང་། བཀའ་ཆེམས་བཀའ་ཁོལ་མ་སོགས་བརྩམས་ཏེ་ཆོས་སྲིད་རིག་གནས་དང་བཅས་པར་དགེ་མཚན་བླ་མེད་བསྐྲུན། 17) བོད་ཀྱི་ཐུན་མིན་བཟོ་གསོ་སྒྲ་གསུམ་དང་། སྐར་རྩིས། གླུ་གར། ལོ་རྒྱུས། རྩོམ་རིག་སོགས་རིག་གནས་དང་། འཁལ་འཐག་དང་། མཛེས་རིག གསེར་དངུལ་ཟངས་ལྕགས་ཀྱི་ཚག ཨར་ལས་སོགས་བཟོ་རིག་ལག་རྩལ་སོགས་སྔར་ཡོད་མི་ཉམས་རྒྱུན་འཛིན་དང་། སྔར་མེད་གསར་གཏོད་བཅས་ཀྱི་ཐབས་ལམ་ལ་བརྟེན་ནས་བོད་རྒྱལ་ཁབ་དང་བོད་མི་རིགས། བོད་ཀྱི་ཆོས་དང་རིག་གཞུང་། སྐད་དང་ཡི་གེ། ཡུལ་གྱི་གོམས་པའི་གཤིས་ལུགས་དང་བཅས་པ་ཨེ་ཤ་ཡའི་ཡར་རྒྱས་ཀྱི་རྩེ་མོར་སོན་ཞིང་། འཛམ་གླིང་གསུམ་གཉིས་ས་ལ་མངའ་དབང་བསྒྱུར་ཏེ་ངོམས་སུ་ཆོག་པའི་སྲོང་བཙན་སྒམ་པོའི་རླབས་ཆེན་གྱི་མཛད་རྗེས་ཕུལ་དུ་བྱུང་བ་བརྒྱ་ཕྲག་འཇོག་གནང་མཛད་པའི་བཀའ་དྲིན་རྣམས་མ་བརྗེད་སྙིང་བཅངས་ཀྱིས་དྲན་གསོར་བཀོད་པ་ལགས་སོ།།
ངེས་པར་དུ་རྗེས་དྲན་བྱེད་དགོས་པ་ཞིག་གོ།