བཅོ་བརྒྱད་ཁྲི་རིན་པོ་ཆེའི་རྣམ་ཐར་སྙིང་བསྡུས།

བཅོ་བརྒྱད་ཁྲི་རིན་པོ་ཆེའི་རྣམ་ཐར་སྙིང་བསྡུས།

༸མཁན་ཆེན་རྡོ་རྗེ་འཆང་༸ངག་དབང་མཁྱེན་རབ་ལེགས་བཤད་རྒྱ་མཚོའི་རྣམ་ཐར་བསྡུས་པ། དཔལ་ཚར་པའི་གདན་ས་དཔལ་ནཱ་ལེནྡྲའི་མཁན་ཆེན་བདེ་བར་གཤེགས་པ་༸བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་༸ངག་དབང་མཁྱེན་རབ་ལེགས་བཤད་རྒྱ་མཚོ་མཆོག་དགོངས་པ་གཞན་དོན་དུ་གཏད་ནས་མི་ལོ་ཧྲིལ་པོ་བཅུ་ཕྲག་གཅིག་འཁོར་བའི་རྗེས་དྲན་འདས་མཆོད་འཆར་ལ་ཉེ་བ། གདན་རབས་ཉེར་ལྔ་པ་སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་ངག་དབང་མཁྱེན་རབ་ལེགས་བཤད་རྒྱ་མཚོ་དཔལ་བཟང་པོ་ནི།

ང༵ག་གི་དབ༵ང་པོ་ཐུགས་བསྐྱེད་ལྷ་ལམ་ནས།།

ལེགས་འཁྲུངས་མ༵ཁྱེན་ར༵བ་ཉིན་མོར་བྱེད་པའི་དཔལ།།

མདོ་རྒྱུད་མན་ངག་ལེ༵གས་བ༵ཤད་ཀུན་འདུས་པ།།

རྗེ་བཙུན་ཆོས་ཀྱི་རྒྱ༵་མཚོ༵ར་གསོལ་བ་འདེབས།།

ཞ་ལུ་སྐུ་ཞང་གི་རིགས་སུ་ཡབ་བསོད་ནམས་སེངྒེ་དབང་ཕྱུག་དང་། ཡུམ་དཔལ་གླིང་སྲས་མོ་འཆི་མེད་སྒྲོལ་དཀར་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔའི་ལྕགས་ཕོ་སྤྲེའུ་ལོའི་བོད་ཟླ་བརྒྱད་པའི་ཚེས་བཞི་ལ་ངོ་མཚར་བའི་ལྟས་དང་བཅས་འཁྲུངས། ཁུ་བོ་ཁང་གསར་མཁན་པོ་འཇམ་དཔལ་སྙིང་པོས་ཀུན་བཟང་འཆི་མེད་དབང་པོ་ཞེས་མིང་བཏགས། ལོ་བདུན་ནས་ཡབ་དང་གཅེན་པོ་ཐར་རྩེ་ནམ་མཁའ་ཀུན་བཟང་ལས་ཡི་གེ་འབྲི་ཀློག་བསླབ། ཐར་རྩེ་མཁན་ཆེན་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན་ལས་དགེ་བསྙེན་གྱི་སྡོམ་པ་ཞུས། སྔོན་ལོ་གསུམ་སྐོར་ནད་ཐུ་མོ་ཞིག་བྱུང་བས་རྐྱེན་བྱས་སྐྱེས་མས་ཁུ་བོ་ཁང་གསར་མཁན་རིན་པོ་ཆེར་འབུལ་རྒྱུའི་ཁས་ལེན་ཞུས།ཡབ་ཀྱིས་རྗེའི་གཅེན་པོ་ཐར་རྩེར་བཞུགས་པ་དང་མཉམ་དུ་བཞག་འདོད་ཡོད་ཀྱང་། ལོ་བཅུ་ལོན་པ་སྤྱི་ལོ་༡༩༢༩ལོར་ནཱ་ལེནྡྲའི་བཅོ་བརྒྱད་མཛོད་པ་རྣམས་རིན་ཆེན་མཁྱེན་བརྩེའི་དབང་པོའི་མ་འདས་སྤྲུལ་སྐུ་ཡིན་པར་རྒྱལ་བ་བཅུ་གསུམ་པའི་ཕྱག་ཐམ་ཁྱེར་ཏེ་ཕེབས་བསུར་འབྱོར་བས་འཕན་ཡུལ་ནཱ་ལེནྡྲར་ཕེབས། ཁྲི་བཏོན་མ་བྱས་གོང་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་སྐུ་མདུན་རབ་བྱུང་ཞུ་སྐབས་བཅོ་བརྒྱད་ཁྲི་ཆེན་རིན་ཆེན་མཁྱེན་བརྩེའི་དབང་པོའི་སྐྱེ་སྲིད་ལ། བློ་བཟང་ཐུབ་བསྟནརིན་ཆེན་ཐོགས་ཞེས་ཕྱག་ཐམ་སྩལ་བས་སྐུ་གོང་མའི་མ་འདས་སྤྲུལ་སྐུར་ཡིད་ཆེས་སྙིང་ནས་རྙེད།  ལོ་བཅུ་གཉིས་པར་རོང་སྟོན་ཆེན་པོའི་ཆོས་ཁྲིར་མངའ་གསོལ། ཡོངས་འཛིན་ཀུན་དགའ་ཆོས་འཕེལ་གྱིས་ཆོ་ག་ཕྱག་ལེན་སོགས་ནས་རིམ་གྱིས་སློབ་པའི་དབུ་ཚུགས། དགུང་ལོ་ཉེར་གཉིས་པར་རྟ་ནག་ཐུབ་བསྟན་དགོན་དུ་མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་སྙིང་པོའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བླངས་།  མཁན་པོ་ངག་བློ་རིན་པོ་ཆེ་ལས།སུམ་རྟགས། དགེ་འཕེལ་མཆོག་སྤྲུལ་ཀུན་བཟང་ཆོས་ཀྱི་ཉི་མ་ལས།  ས་སྐྱ་ལེགས་བཤད། སྙན་ངག་ལེའུ་གསུམ་ཞིབ་ཁྲིད། རྡོ་གྲགས་མཁན་ཟུར་བློ་གྲོས་བཟང་པོ་ལས། ནག་རྩིས། རྩེ་བ་རིན་པོ་ཆེ་ལས། གཞན་ཕན་མཐའ་ཡས་ཀྱིས་མཛད་པའི་སུམ་རྟགས་འགྲེལ་བ། སྨིན་གླིང་གཅུང་རིན་པོ་ཆེ་དང་། རྟ་ནག་མཁན་པོ་ངག་གི་དབང་ཕྱུག་ལས། སུམ་རྟགས་སི་ཏུའི་འགྲེལ་ཆེན་སོགས་རིག་གནས་སྐོར་དང་།དགེ་བཤེས་ཚེ་མཆོག་ལས་རྒྱལ་སྲས་ལག་ལེན། མཁན་པོ་ངག་བློ་རིན་པོ་ཆེ་ལས། འདུལ་མངོན་དབུ་ཕར་སོགས་མཚན་ཉིད་སྐོར་དང་།ཡོངས་འཛིན་ཀུན་དགའ་ཆོས་འཕེལ་ལས། སྒྲུབ་ཐབས་བརྒྱ་རྩ། ཤར་གཏེར་དཀོན་མཆོག་སྤྱི་འདུས་དབང་། གཟིམ་འོག་རིན་པོ་ཆེ་ལས།ལམ་འབྲས་སློབ་བཤད་ཚར་གཉིས། ངོར་ཆེན་བཀའ་འབུམ་ལུང་། མགོན་པོ་ཆེ་ཆུང་། དུད་སོལ་མ། རྣམ་སྲས་གྱི་ཆོས་སྐོར་དབང་རྗེས་གནང་ཁྲིད་བཅས། དམར་པོ་སྐོར་གསུམ། ཇོ་ནང་ཁྲིད་བརྒྱ། རྙིང་མའི་སྒྲུབ་ཐབས་འདོད་འཇོ་བུམ་བཟང་། རབ་བརྟན་མའི་རྗེས་གནང་ཐུན་མིན། སྒྲུབ་བཏུས་པོད་བཅུ་བཞི། ནཱ་ལེནྡྲའི་རྡོར་སློབ་རིན་ཆེན་དཔལ་མགོན་ལས། གསང་འདུས་འཇམ་རྡོར་གྱི་དབང་། མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ་ལས་རྒྱུད་སྡེ་ཀུན་བཏུས། སྒྲོལ་ཕོའི་སྐྱབས་མགོན་མཆེད་ལས། དམར་པོ་སྐོར་གསུམ། ཁང་གསར་འཇམ་དབྱངས་སྙིང་པོ་ལས། ཞུ་ཆེན་བཀའ་འབུམ། གོང་མ་རིན་པོ་ཆེ་ཀུན་དགའ་རྒྱལ་མཚན་ལས་ཕུར་པ་སྟོད་སྨད་ཀྱི་དབང་། ལྷ་བཙུན་རིན་པོ་ཆེ་ལས། དམག་ཟོར་མའི་དབང་ཆེན་དང་། ལྷ་མོ་ཉེར་གཅིག་གི་རྗེས་གནང་སོགས། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལས། སྙིང་ཐིག་ཡ་བཞི། ལམ་འབྲས་བརྡ་ཆིག་བརྒྱུད་སོགས་གསན་བསམ་རྒྱ་ཆེར་གནང་བས་རྒྱུད་དང་མན་ངག་གི་མཛོད་དུ་གྱུར། ལོ་བཅུ་གསུམ་ནས་ཚེ་རྟ་ཟུང་འབྲེལ་སོགས་ནས་ཀྱེ་རྡོ་རྗེའི་བཞི་བསྙེན་བར་བསྙེན་པ་ཐར་ཕྱིན་པར་མཛད། བོད་དུ་བཞུགས་པའི་དུས། དགུང་ལོ་ཉེར་གཉིས་པར་བཅོ་བརྒྱད་བླ་བྲང་དུ་བླ་གྲྭ་བརྒྱ་དང་ལྔ་བཅུའི་སྐོར་ལ་ལམ་འབྲས་སློབ་བཤད་གནང་བ་ནས་བཟུང་། ལམ་འབྲས་ཚོགས་སློབ་ཚར་གསུམ། དུས་འཁོར་བུ་ལུགས། བདེ་མཆོག་མཁའ་འགྲོ་རྒྱ་མཚོ། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་སོགས་རྒྱུད་སྡེའི་དབང་ཆེན་མི་འདྲ་བ་བཞི་བཅུ་བརྒལ་བ། ནཱ་རོ་མཁའ་སྤྱོད་མའི་ཁྲིད་ཐེངས་མང་པོ། དབུ་མ་འཇུག་པའི་ལྗགས་བཤད་སོགས་ཆོས་འཁོར་རྒྱ་ཆེར་བསྐོར། ནཱ་ལེནྡྲའི་ཚོགས་ཆེན་ཉམས་གསོ་དང་། དབུ་རྩེར་གསེར་ཟངས་ཀྱི་རྒྱ་ཕིབས། གཉྫི་ར། རི་དྭགས་ཆོས་འཁོར་སོགས་སྒྲོས་གཙང་།གསང་ཆེན་གྲྭ་ཚང་དུ་འཇིགས་བྱེད། མི་འཁྲུགས་སོགས་ཀྱི་སྒྲུབ་མཆོད་དང་། དགེ་བཤེས་རྒྱུད་དུ་ཕེབས་རྒྱུའི་གསང་ཆེན་གྲྭ་ཚང་དུ་ཀྱེ་རྡོར་རྒྱུད་བཤད་བཙུགས། གཞན་ཡང་གསུང་རབ་སྤར་དང་གསར་བཞེངས་བསྡོམས་པོད་བརྒྱ་ཕྲག་བརྒལ་བ་སོགས་རྟེན་བཞེངས་ཚོགས་བསགས་ཀྱི་རིམ་པ་རྒྱ་ཆེར་གནང་། དགུང་ལོ་བཞི་བཅུར་བོད་དུ་དུས་འགྱུར་ཆེན་པོ་བྱུང་བས། གཟིམ་འོག་དང་རྩེ་སྤྲུལ་སོགས་ལྷན་དུ་བྱང་ལམ་བརྒྱུད་ནས་གློ་བོ་རྒྱལ་ཁང་དུ་ཕེབས། གློ་བོར་ས་སྐྱའི་དགོན་པ་རྣམས་སུ་དགེ་ཚུལ་སློང་སྒྲུབ་པ་དང་། འདུལ་བ་གཞི་གསུམ་ཕྱག་ལེན་སོགས་དང་། ལམ་འབྲས། སྒྲུབ་ཐབས་བརྒྱ་རྩ། ནཱ་རོ་མཁའ་སྤྱོད། མགོན་པོའི་སྐོར། ངན་སོང་སྦྱོང་རྒྱུད། འཇིགས་བྱེད། བདེ་མཆོག་ལུ་ནག་དྲིལ་གསུམ་སོགས་ཆོས་ཀྱི་དགའ་སྟོན་རྒྱ་ཆེན་པོ་སྤེལ། འཕགས་ཡུལ་དུ་༧གོང་ས་བཅུ་བཞི་པ་ལས་ལམ་རིམ། སྔགས་རིམ།ཡོངས་འཛིན་གླིང་རིན་པོ་ཆེ་ལས། གསང་འདུས་དབང་ཆེན། མཁའ་སྤྱོད་མའི་བྱིན་རླབས། འཇིགས་བྱེད་ཁྲིད། མདོ་རྩའི་བཤད་ལུང་།ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་ལས། ལམ་རིམ་རྣམ་གྲོལ་ལག་བཅང་། མཁན་ཆེན་སངས་རྒྱས་བསྟན་འཛིན་ལས། སྡོམ་གསུམ་རབ་དབྱེ་སོགས་ཞུས། ཕར་ཡང་ཀྱེ་རྡོར་མཁའ་སྤྱོད་སོགས་ཀྱི་དབང་ཁྲིད། གཞན་ཡང་སུམ་རྟགས་སྙན་ངག་ལན་མང་ཁྲིད། སྤྱི་ལོ་༡༩༦༥ལོར་ཤྲི་ལང་ཀར་རྒྱལ་སྤྱི་དགེ་འདུན་ཚོགས་པའི་ཚོགས་འདུར་༧གོང་ས་ཆེན་པོའི་སྐུ་ཚབ་ཏུ་ཕེབས། བོད་གཞུང་ཆོས་དོན་ལས་ཁུངས་ཀྱི་དྲུང་ཆེ་གནང་། ༡༩༦༧ལོར་ལུམྦཱི་ནིར་བཀྲ་ཤིས་རབ་བརྟན་གླིང་ཕྱག་བཏབ་ནས་རྟེན་བརྟེན་པར་བཅས་པ་ལེགས་སྒྲུབ་མཛད། སྤྱི་ལོ་༡༩༧༡ནས་བདག་ཁྲི་རིན་པོ་ཆེ་སོགས་སྐུ་འཁོར་ཧྲག་བསྡུས་ཤིག་ལ་རྒྱུད་སྡེ་ཀུན་བཏུས་དབང་ལུང་ཁྲིད་རྒྱུད་བཤད་ཡོངས་རྫོགས་སྔ་ཕྱི་ལོ་གསུམ་རིང་གྲུབ་པར་མཛད། ཡང་སྤྱི་ལོ་༡༩༨༠ལོར་༧སྐྱབས་མགོན་བདག་ཁྲི་རིན་པོ་ཆེ་ལས། ལམ་འབྲས་སློབ་བཤད་གསན། སྤྱི་ལོ་༡༩༨༢ལོར་བདག་ཁྲི་རིན་པོ་ཆེ་སྐུ་འཁོར་མི་མང་པ་ཞིག་ལ་ལམ་འབྲས་སློབ་བཤད་སྨར་ཁྲིད་གནང་། ༧གོང་ས་བཅུ་བཞི་ཆེན་པོར་ལམ་འབྲས་སློབ་བཤད་ཚང་མ་དང་། ས་སྐྱ་པའི་ཟབ་ཆོས་དུ་མ་ཕུལ་བས་ཕྱག་ན་པདྨོའི་རིགས་ཀྱི་ཅོད་པཎ་དམ་པར་གྱུར། གཟིམ་འོག་རིན་པོ་ཆེ་དང་ཀརྨ་ཕྲིན་ལས་རིན་པོ་ཆེས་ཞུས་ངོར་སྒྲུབ་ཐབས་ཀུན་བཏུས་གནང་། བལ་ཡུལ་མཆོད་རྟེན་གྱི་བསྐོར་ལམ་ནུབ་ཕྱོགས་སུ་བྱམས་ཆེན་ལྷ་ཁང་ཡིད་དགའ་ཆོས་འཛིན་གླིང་ཕྱག་བཏབ། དགེ་ལུགས་པའི་དབང་བརྒྱ་ནོར་བུའི་ཕྲེང་བ་ཉམས་གསོའི་ཆེད་ཀིརྟི་རིན་པོ་ཆེ་དང་། བཟོད་པ་རིན་པོ་ཆེས་དབུས་སེར་སྐྱ་མང་ཙམ་ལ་རྒྱུད་བཏུས་སུ་བཞུགས་པའི་དབང་ཆེན་མང་པོ་དང་། དེ་ནས་ཀྱང་སྒྲུབ་ཁང་སྙན་བརྒྱུད་བསམ་གཏན་ཆོས་གླིང་དང་། དབང་ཁང་འཆི་མེད་ཕོ་བྲང་བཞེངས། ལམ་འབྲས་ཀྱི་སྒྲུབ་གྲྭ་བཙུགས། མདོར་ན་མཁན་ཆེན་ཨ་པད་རིན་པོ་ཆེས། རྒྱུད་སྡེ་ཀུན་བཏུས་བདག་ཁྲི་རིན་པོ་ཆེར་ཕུལ་བ་དེ་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེའི་རྒྱུད་ལ་བཀའ་དྲིན་དང་མཛད་བྱས་ཀྱང་འདི་ཉིད་ཆེ། མཁན་པོ་ངག་བློ་རིན་པོ་ཆེས་གཟིམ་འོག་རིན་པོ་ཆེ་ལས་གསན་པའི་ས་སྐྱའི་སྙན་བརྒྱུད་ཀྱི་སྐོར་ཆ་ཚང་བ་ཞིག་སྐྱབས་མགོན་བདག་ཁྲི་རིན་པོ་ཆེར་ཕུལ་བས་ས་སྐྱ་པའི་སྙན་བརྒྱུད་མཐའ་དག་འཇིག་རྟེན་དུ་བཞུགས་པ་ནི་ཁོང་གི་བཀའ་དྲིན་ཡིན་པས།  འཇམ་དབྱངས་མཁྱེན་རྩེའི་དབང་པོས་ནཱ་ལེནྡྲ་དེ་རྒྱུད་དང་མན་ངག་ཀུན་གྱི་འབྱུང་ཁུངས་ཡིན་གསུངས་པའང་འབྱུང་གྱུར་ལུང་བསྟན་པ་ལྟ་བུར་སོང་གསུངས་པ་ལྟར་རོ། །དེ་བཞིན་སེངྒ་སྤུར་དང་མ་ལི་ཤི་ཡ། འཇར་མན། ཨོ་སི་ཀྲི་ལི་ཡ། ཨ་མི་རི་ཀ། ཧོང་ཀོང་། ཐེ་ཝན། ཁེ་ཎ་ཌ་རྣམས་སུ་ཕེབས་ནས་གང་ལ་གང་འདུལ་གྱིས་ཆོས་བསྟན་ཅིང་། ཨ་རི་གྲོང་ཁྱེར་ཝ་སི་ཀྲིང་དང་། མ་ལི་ཤི་ཡ་ཀུ་ཅིང་། ཐེ་པའི། ཨི་སི་པན་བཅས་སུ་དུས་འཁོར་དབང་ཆེན་གནང་པ་དང་། ཆོས་ཚོགས་མང་པོ་བཙུགས། ཕ་རན་སིར་ཆེད་དུ་གདན་ཞུས་ཀྱིས་རྒྱལ་དབང་ཀརྨ་པ་བཅུ་བདུན་པ་མཐའ་ཡས་རྡོ་རྗེ་ལ་སྒྲུབ་ཐབས་ཀུན་བཏུས་ནང་གི་རྗེས་གནང་མང་པོ་ཕུལ། ལུམྦཱི་ནིར་ས་སྐྱའི་སྨོན་ལམ་འཛུགས་རྒྱུའི་ཐུགས་འགན་བཞེས་ཏེ་བདག་ཁྲི་རིན་པོ་ཆེས་དབུས་དཔལ་ས་སྐྱའི་དགེ་འདུན་པ་རྣམས་ལོ་ལྟར་སྨོན་ལམ་ཚོགས། གསུང་རྩོམ་ནི། སྙན་ངག་མེ་ལོང་མའི་ལེའུ་གསུམ་དང་། མངོན་པ་མཛོད་ཀྱི་འགྲེལ་པ་རིག་གསར་སྐབས་རླགས། གཞན་དཔལ་ས་སྐྱའི་ཆོས་འབྱུང་མདོར་བསྡུས་བསྐལ་བཟང་ཡིད་ཀྱི་དགའ་སྟོན་སོགས་པོད་གཉིས་བཞུགས། ༢༠༠༧ལོར་སྙན་བརྒྱུད་བསམ་གཏན་ཆོས་གླིང་དུ་དགུང་གྲངས་གྱ་བདུན་པ་བོད་ཟླ་བཅུ་གཉིས་པའི་ཚེས་བཞིའི་ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ། ཉིན་ཞག་བཅུ་དྲུག་ཐུགས་དམ་བཞུགས། ཐུགས་དམ་གྲོལ་ནས་བྱམས་ཆེན་ལྷ་ཁང་དུ་སྐུ་གདུང་རིན་པོ་ཆེ་གདན་དྲངས། དེ་ཉིན་ནམ་མཁའ་ཤིན་ཏུ་དྭངས་ཤིང་སྐུ་གདུང་རིན་པོ་ཆེ་མཆོད་རྟེན་གྱི་སྒོར་ཞུགས་པ་དང་དུས་མཉམ་དུ་ནམ་མཁར་འཇའ་ཡི་གདུགས་དགེ་འདུན་རྣམས་ཀྱི་ཆོས་གོས་སེར་པོར་མདོག་སྒྱུར་བའི་མདངས་ཡོད་པ་ཤར་བས་མི་མང་རྣམས་དད་པ་ལྷག་པར་གཡོས་ཏེ་དགའ་བའི་ཅ་ཅོ་སྒྲོགས་པ་སོགས་བྱེད།ཉིན་ཤས་མེ་ཏོག་ཆར་བབས་པ་སོགས་ཀྱིས་གདུལ་བྱ་རྣམས་ལྷག་པར་དད་པར་གྱུར། ཆོ་འཕྲུལ་དུས་ཆེན་ཉིན་བདག་ཁྲི་རིན་པོ་ཆེ་གཙོ་བོར་གྱུར་པའི་ས་ངོར་ཚར་རྫོང་གི་བླ་སྤྲུལ་རྣམས་ཀྱིས་མེ་མཆོད་ཕུལ་བས་རིང་བསྲེལ་དཔག་ཏུ་མེད་པར་འཁྲུངས་པ་སོགས་ངོ་མཚར་མཐའ་ཡས་སོ།། །།

བརྒྱུད་སྐུལ།

མཆན་སྤེལ།