༸རྒྱལ་བ་སྐུ་ཕྲེང་གཉིས་པ། དགེ་འདུན་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

༸རྒྱལ་བ་སྐུ་ཕྲེང་གཉིས་པ། དགེ་འདུན་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

ཀ༽ སྐུ་བལྟམས་ཤིང་། ཡབ་ཆོས་རྗེ་ལས་བཀའ་ཆོས་གསན་ཚུལ།

དེ་ཡང་འཁྲུངས་རབས་གསོལ་འདེབས་ལས།

རྟ་ནག་རུས་ཆེན་སྲེག་སྟོན་དར་རིགས་སུ། །
བལྟམས་ནས་གསུམ་ལོར་སྒྲ་དབྱངས་ཐོལ་བྱུང་གསུངས། །
གནས་སྒོ་འབྱེད་ཅིང་མཁས་པའི་དབང་པོ་ཅན། །
མཚུངས་མེད་དགེ་འདུན་རྒྱ་མཚོར་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། ༸རྒྱལ་བ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་མཆོག་ནི། དབུས་གཙང་རུ་བཞིའི་ཁོངས་ནས་གཙང་གི་གཡས་རུའི་ཁོངས་གཏོགས་རྟ་ནག་ཡུལ་གྱི་སོ་ནམ་པའི་ཁྱིམ་དུ་གསང་སྔགས་གསར་རྙིང་གི་བསྟན་པའི་བདག་པོ་རྡོ་རྗེ་འཆང་ཡབ་ཀུན་དགའ་རྒྱལ་མཚན་དང་། ཡུམ་ཀུན་དགའ་དཔལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བརྒྱད་པའི་མེ་སྤྲེལ་ལོ་སྟེ་ཕྱི་ལོ་ ༡༤༧༦ ལོར་སྐུ་འཁྲུངས། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཆོས་སྲིད་མཛད་རྣམ་ལས[1]། ཤིང་ལུག་ཕྱི་ལོ་ ༡༤༧༥ ལོའི་ཟླ་བ་ ༡༢ ཚེས་ ༣ ཉིན་གཙང་གི་རྟ་ནག་ཡོལ་དཀར་རྡོ་རྗེ་གདན་དུ་སྐུ་འཁྲུངས་ཞེས་གསལ། ཡུམ་གྱི་མཚན་བལྟས་ལྟར་ཆུང་ངུའི་མཚན་ལ་སངས་རྒྱས་འཕེལ་ཞེས་གསོལ། དགུང་ལོ་གསུམ་དང་བཞིའི་རིང་ཤོ་མ་ལུང་རི་ཁྲོད་དུ་ཡབ་ཀྱིས་སྐུ་ཡོན་སྒྲོན་པ་ལྟར་ཡབ་ཀྱི་རྗེས་སུ་ཀརྨ་པའི་གསང་སྔགས་ལ་གསན་སྦྱངས་ལེགས་པར་མཛད།

ཁ༽ ཡང་སྲིད་ངོས་འཛིན་དང་། རབ་བྱུང་ཇི་ལྟར་སྒྲུབ་ཚུལ།

 

དེ་ཡང་དུང་དཀར་ཚིག་མཛོད་ཀྱི་༸རྒྱལ་དབང་དགེ་འདུན་རྒྱ་མཚོའི་རྣམ་ཐར་སྐབས[2]། དགུང་ལོ་བདུན་ལ་ཐོས་བསམ་གླིང་གི་ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་གིས་༸རྒྱལ་བ་དགེ་འདུན་གྲུབ་པའི་སྤྲུལ་སྐུར་ངོས་འཛིན་མཛད་ཅེས་དང་། ཡང་དུང་དཀར་ཚིག་མཛོད་ཀྱི་ལོ་ཚིགས་དྭངས་ཤེལ་མེ་ལོང་ལས[3]། ས་ཁྱི་ཕྱི་ལོ་ ༡༤༧༨ ལོར། ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོའི་ཉེ་གནས་དགེ་སློང་སྒྲོལ་མ་དང་། བཀྲ་ཤིས་ལྷུན་པོའི་ཐོས་བསམ་གླིང་གི་ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་རྣམ་གཉིས་ཀྱིས་རྗེ་དགེ་འདུན་རྒྱ་མཚོ་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་ཀྱི་ཡང་སྲིད་དུ་ངོས་འཛིན་ཞུས། ཞེས་ཅུང་ཟད་མི་མཐུན་པ་གཉིས་སྣང་ངོ་།།

དགུང་ལོ་བརྒྱད་ལ་ཕེབས་པ་ཆུ་ཡོས་ཕྱི་ལོ་ ༡༤༨༣ ལོར་གདན་ས་བཀྲ་ཤིས་ལྷུན་པོར་ཕེབས་ནས་པཎ་ཆེན་ལུང་རིགས་རྒྱ་མཚོ་དང་མཇལ་ཞིང་། དགུང་ལོ་བཅུ་ལ་ཕེབས་པ་ཤིང་སྦྲུལ་ཕྱི་ལོ་ ༡༤༨༥ ལོར་པཎ་ཆེན་ལུང་རིགས་རྒྱ་མཚོ་ལས་རབ་ཏུ་བྱུང་ཞེས་དང་། གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད་ལས[4]། དགུང་ལོ་བཅུ་གཅིག་པར་༸རྒྱལ་བ་སྐུ་ཐོག་སྔོན་མ་རྗེ་དགེ་འདུན་གྲུབ་པའི་ཡང་སྤྲུལ་དུ་ངོས་འཛིན་བྱས་ནས་གཙང་བཀྲ་ཤིས་ལྷུན་པོའི་གདན་སར་བཀོད། དགུང་ལོ་བཅུ་གཉིས་པར་གྲྭ་སར་ཞུགས་ཏེ་དགེ་བཤེས་ལུང་རིགས་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་མནོས། དེ་ནས་ཅུང་མ་འགོར་བར་འབྲས་སྤུངས་སུ་ཕེབས་ཏེ་གནས་རྙིང་རིན་པོ་ཆེ་ལས་བསྙེན་པར་རྫོགས་ཤིང་དབུ་ཚད་ཕར་གསུམ་ལ་མཁས་པར་སྦྱངས། ཞེས་གསལ་ལ། གངས་ཅན་མཁས་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་ལས[5]། མེ་རྟ་ (ཕྱི་ལོ་ ༡༤༨༦) ལོར་པཎ་ཆེན་ལུང་རིགས་རྒྱ་མཚོའི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་དགེ་འདུན་རྒྱ་མཚོ་ཞེས་གསོལ། ལོ་དེ་རང་གི་དགུན་ཆོས་སྐབས་གནས་རྙིང་ཀུན་དགའ་བདེ་ལེགས་པས་མཁན་པོ་དང་། པཎ་ཆེན་ལུང་རིགས་རྒྱ་མཚོས་སློབ་དཔོན་མཛད་དེ་དགེ་ཚུལ་གྱི་བསླབ་པ་བཞེས་ཞེས་འཁོད། དུང་དཀར་ཚིག་མཛོད་ཆེན་མོ་ལས[6]། པཎ་ཆེན་རིན་པོ་ཆེའི་དྲུང་དུ་ཚད་མ་རྣམ་འགྲེལ་གྱི་གཞུང་ཡང་རྒྱུགས་འབུལ་མཛད་ནས་གཞུང་ཆེན་པོ་ལ་སློབ་གཉེར་གནང་། ལོ་དེའི་གནས་རྙིང་ཆོས་རྗེ་ཀུན་དགའ་བདེ་ལེགས་པར་དགེ་ཚུལ་བསྒྲུབས། ཞེས་འབྱུང་ངོ་།།

 

ག༽ གསན་བསམ་སློབ་གཉེར་དང་། དབུས་ཕྱོགས་སུ་ཆིབས་སྒྱུར་མཛད་ཚུལ།

 

དེ་རྗེས་པཎ་ཆེན་ཡེ་ཤེས་རྩེ་མོ་བཀྲ་ཤིས་ལྷུན་པོའི་གདན་སར་ཕེབས་པ་ཡོངས་འཛིན་དུ་བསྟེན་ནས་མདོ་སྔགས་ཀྱི་དབང་ལུང་མང་དུ་གསན། དགུང་ལོ་བཅུ་དྲུག་ཙམ་ལ་སྙན་ངག་གི་གཞུང་ལ་སློབ་གཉེར་ལེགས་པར་མཛད་དེ་བློ་གྲོས་ཀྱི་སྣང་བ་ཐོགས་མེད་དུ་རྒྱས་ནས་རྗེ་ཙོང་ཁ་པ་སོགས་ལ་སྙན་ངག་གི་ཚིག་རྒྱན་ལ་བརྟེན་ནས་བསྟོད་པ་བརྩམས་པའི་དབུ་ཚུགས། དགུང་ལོ་བཅུ་བདུན་ལ་ཕེབས་པ་ཆུ་བྱི་ཕྱི་ལོ་ ༡༤༩༢ ལོར་དབུ་ཕར་གྱི་གཞུང་ལ་ཐུགས་གཉེར་མཛད་ཅིང་། དགུང་ལོ་བཅོ་བརྒྱད་པ་ཆུ་གླང་ཕྱི་ལོ་ ༡༤༩༣ ལོར་དབུ་མའི་འཛིན་གྲྭར་ཕེབས།

དེ་ནས་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་སོགས་སུ་ཕེབས་ཤིང་། དེ་སྐབས་སྣར་ཐང་གི་མཁན་པོ་རྒྱལ་བ་གྲགས་པས་དགེ་འདུན་རྒྱ་མཚོའི་ཡབ་ལ་ཧ་ཅང་མི་མཉེས་པའི་དབང་གིས། མི་འདིའི་བུ་ལ་ཐམས་ཅད་མཁྱེན་པའི་སྐུ་སྐྱེ་མི་ཡོང་ཟེར་བ་སོགས་ཀྱིས་བཀྲ་ཤིས་ལྷུན་པོར་བཞུགས་བཟོད་མི་བདེ་བའི་གནས་ཚུལ་བྱུང་ཡོད་ཀྱང་། བཟོད་པའི་གོ་ཆ་སྙིང་པོར་འཛིན་ཏེ་བཞུགས་བཞིན་པའི་སྐབས། དགུང་ལོ་བཅུ་དགུར་ཕེབས་པ་ཤིང་སྟག་ཕྱི་ལོ་ ༡༤༩༤ ལོར་འབྲས་སྤུངས་པའི་གདན་རབས་བརྒྱད་པ་འཇམ་དབྱངས་ལེགས་པ་ཆོས་འབྱོར་སོགས་ཀྱིས་དབུས་སུ་གདན་ཞུས་ལྟར་དཔལ་ལྡན་འབྲས་སྤུངས་སུ་ཕེབས། ལོ་གསུམ་རིང་འཇམ་དབྱངས་ལེགས་པ་ཆོས་འབྱོར་གྱི་དྲུང་ནས་ཕར་ཕྱིན་དང་། ཚད་མ། འདུལ་བ། མངོན་པ་གོང་འོག མདོ་སྡེ་རྒྱན་སོགས་ནང་དོན་རིག་པའི་གཞུང་ལུགས་དུ་མའི་བཀའ་ཁྲིད་དང་། རྗེ་ཡབ་སྲས་ཀྱི་བཀའ་འབུམ་སོགས་དབང་ལུང་མང་པོ་ལེགས་པར་གསན།

 

ང༽ བསྙེན་རྫོགས་སྡོམ་བཞེས་དང་། དབུས་སུ་ཆོས་འཁོར་བསྐོར་ཚུལ།

 

གངས་ཅན་མཁས་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་[7]ལྟར་ན། དགུང་ལོ་ཉི་ཤུར་ཕེབས་པ་ཤིང་ཡོས་ཕྱི་ལོ་ ༡༤༩༥ ལོར་གནས་རྙིང་ཀུན་དགའ་བདེ་ལེགས་ཀྱིས་མཁན་པོ་དང་། འཇམ་དབྱངས་ལེགས་པ་ཆོས་འབྱོར་གྱིས་ལས་སློབ་མཛད་དེ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པར་གསལ་ཞིང་། དུང་དཀར་ཚིག་མཛོད་ཆེན་མོ་[8]ལྟར་ན། དགུང་ལོ་ཉེར་གཅིག་ཏུ་ཕེབས་པ་མེ་འབྲུག་ཕྱི་ལོ་ ༡༤༩༦ ལོར་གནས་རྙིང་ཆོས་རྗེའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པར་གསུངས། དེ་ནས་བྱང་རྭ་སྒྲེང་དུ་བྱོན་ནས་རྟེན་རྣམས་མཇལ། དེ་ནས་བསམ་ཡས་དང་། ལྷོ་ཁ། འཕྱོངས་རྒྱས། རྩེད་ཐང་སོགས་སུ་ཞབས་ཀྱིས་བཅགས་ཏེ་དམ་པའི་ཆོས་ཀྱི་སྦྱིན་པ་ཚད་མེད་སྩལ།

དགུང་ལོ་ཉེར་གསུམ་ལ་ཕེབས་སྐབས་པཎ་ཆེན་མཆོག་ལྷ་འོད་ཟེར་གྱིས་འཕྱོངས་རྒྱས་རི་བོ་བདེ་ཆེན་དུ་གདན་དྲངས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དེར་གནས་པའི་མཁས་པ་རྣམས་ཀྱིས་སྐུ་ན་ཕྲ་མོ་འདི་ལྟ་བུ་ལ་བློ་གྲོས་ཕུལ་དུ་བྱུང་བ་དེ་འདྲ་བ་ནི་༸རྒྱལ་དབང་ཉིད་ཀྱི་འཕྲིན་ལས་གཟུགས་སུ་གྲུབ་པ་གོར་མ་ཆག་ཅེས་དད་གུས་ཕུལ་དུ་བྱུང་བ་མཛད། ཁོང་གིས་ཆོས་འཁོར་བསྐོར་བའི་ཐོག་མ་ནི་དེ་ཡིན་ལ། སྣེ་གདོང་གོང་མ་ངག་དབང་བཀྲ་ཤིས་གྲགས་པ་རྒྱལ་མཚན་ཆེན་པོས་ཀྱང་གཟིགས་སྐྱོང་ཆེན་པོ་གནང་། རྗེ་མཆོག་གིས་རྩེད་ཐང་འཁྱམས་ར་ཆེན་མོའི་གྱང་ལྡེབས་སུ་རྒྱལ་བ་ཙོང་ཁ་པའི་འདྲ་སྐུ་བཞེངས་ཤིང་། དགའ་ལྡན་ལྔ་མཆོད་ཀྱི་མཆོད་པ་བཟང་པོ་ཡང་གསར་དུ་བཙུགས་པའོ།།

 

ཅ༽ གསུང་ལྗགས་རྩོམ་དང་། དབང་ལུང་གསན་བཞེས། གཙང་དུ་ཆིབས་སྒྱུར།

 

དགུང་ལོ་ཉེར་ལྔར་ཕེབས་པ་ལྕགས་སྤྲེལ་ཕྱི་ལོ་ ༡༥༠༠ ལོར་ལྷ་སར་ཕེབས་པ་དང་། གཞན་ཡང་ནང་སོ་བྲག་དཀར་བ་སྲིད་ཆོས་རྒྱལ་པོས་མཐུན་རྐྱེན་སྦྱར་ཏེ་བྲག་ཡེར་པར་དྲང་ངེས་རྣམ་འབྱེད་ཀྱི་དཀའ་འགྲེལ་དང་། གྲུབ་མཐའ་སྤྱིའི་རྣམ་གཞག་བཅས་བཀའ་རྩོམ་མཛད། ལྷོ་ཁ་ཁུལ་རིན་ཆེན་སྒང་དུ་མཁས་གྲུབ་ནོར་བཟང་རྒྱ་མཚོའི་མདུན་ནས་དུས་འཁོར་རྒྱུད་འགྲེལ་གྱི་རྩིས་ཆ་ལག་དང་བཅས་པ་ཡོངས་རྫོགས་དང་། དེ་ཉིད་ཀྱིས་མཛད་པའི་དུས་འཁོར་སྤྱི་དོན་གྱི་བཤད་ལུང་སོགས་དབང་བཀའ་དུ་མ་གསན་བཞེས་མཛད་ཅིང་། རྗེ་དགེ་འདུན་རྒྱ་མཚོ་རང་ཉིད་ཀྱིས་བརྩམས་པའི་དྲང་ངེས་རྣམ་འབྱེད་ཀྱི་དཀའ་འགྲེལ་སོགས་བརྩམས་ཆོས་མང་པོ་སྤྱན་ལམ་དུ་བསྟར་བས་ཐུགས་ཀྱི་བུམ་བཟང་གང་བས་དགྱེས་པ་ཆེན་པོར་གྱུར།

དགུང་ལོ་ཉེར་བརྒྱད་ལ་ཕེབས་པ་ཆུ་ཕག་ཕྱི་ལོ་ ༡༥༠༣ ལོར་འཇམ་དབྱངས་དགའ་བའི་བཤེས་གཉེན་དང་། མཁས་གྲུབ་ནོར་བཟང་རྒྱ་མཚོ་སོགས་བླ་མར་བསྟེན་ནས་མདོ་སྔགས་ཀྱི་གདམས་པ་ཡོངས་རྫོགས་གསན་ཞིང་། འཆད་རྩོམ་རྩོམ་གསུམ་གྱིས་བསྟན་པའི་རྒྱལ་མཚན་བླ་རུ་བསྒྲེངས། དགུང་ལོ་ཉེར་དགུར་ཕེབས་པ་ཤིང་བྱི་ཕྱི་ལོ་ ༡༥༠༤ ལོར་ཡབ་ཀྱིས་གཙང་ཕྱོགས་སུ་གདན་དྲངས། བཀྲས་ལྷུན་དུ་པཎ་ཆེན་ཡེ་ཤེས་རྩེ་མོའི་དྲུང་དུ་ཕྱག་འབུལ་དང་། དགོན་པར་མང་ཇ་གཅིག་ཕུལ་ཆོག་པ་ཞུས་ཀྱང་དོན་སྨིན་མ་བྱུང་བར་ཡབ་ཀྱི་སར་རྟ་ནག་ཏུ་ཕྱིར་ཕེབས། སླར་ཡང་རྭ་སྒྲེང་དུ་ཐེངས་གཉིས་པ་ཕེབས་ཏེ་བཀའ་གདམས་པའི་གནས་རྣམས་མཇལ་བ་བཅས་སོ།།

 

ཆ༽ ཆོས་འཁོར་རྒྱལ་ཕྱག་འདེབས་དང་། ལྷ་མོའི་བླ་མཚོའི་གནས་སྒོ་ཕྱེ་ཚུལ།

 

དགུང་ལོ་སོ་བཞི་པ་རབ་བྱུང་དགུ་པའི་ས་སྦྲུལ་ཕྱི་ལོ་ ༡༥༠༩ ལོར་རྒྱལ་རི་བྱང་ཆུབ་སེམས་དཔའི་ངོས་དེར་ཐེག་ཆེན་ཕོ་བྲང་ཞེས་པའི་གཟིམ་ཁང་ཞིག་བཞེངས་ནས་གཞིས་ཕབ། ལོ་དེར་དྭགས་སྟོད་རྒྱལ་དུ་དཔལ་ལྡན་དམག་ཟོར་རྒྱལ་མོའི་བླ་མཚོ་མཇལ་བར་ཕེབས་ཏེ་ལྷ་མོའི་བླ་མཚོའི་ཉེ་འགྲམ་དུ་ཆོས་རྒྱལ་ཨ་མོ་གྷས་སྦྱིན་བདག་མཛད་ནས་ཆོས་འཁོར་རྒྱལ་གྱི་གཙུག་ལག་ཁང་ཀ་ཆེན་བདུན་ཅུ་དང་། གཙང་ཁང་ཀ་ཆེན་བརྒྱད། མགོན་ཁང་ཀ་བ་བཞི་བཅས་ཁྱོན་ཀ་ཆེན་བརྒྱད་ཅུ་གྱ་བརྒྱད་ཀྱི་ཆོས་འཁོར་རྒྱལ་མེ་ཏོག་ཐང་གི་དགོན་པའི་རྨང་གཞི་བཏིང་ནས་ལོ་གསུམ་ནང་ཕྱག་འདེབས་ལེགས་པར་གྲུབ། རྟེན་གཙོར་བཟོ་བོ་བལ་པོ་ཉི་མ་དཔལ་གྱིས་བཞེངས་པའི་གསེར་ཟངས་ཀྱི་བྱམས་ཆེན་བཞེངས་ཤིང་། ཆོས་འཁོར་རྒྱལ་ཕྱག་བཏབ་པ་ནས་བཟུང་ཁོང་ཉིད་དགུན་དཔྱིད་གཉིས་སུ་དཔལ་ལྡན་འབྲས་སྤུངས་དང༌། དབྱར་སྟོན་གཉིས་ལ་ཆོས་འཁོར་རྒྱལ་དུ་བཞུགས་འཇགས་མཛད། དགུང་ལོ་སོ་བདུན་ལ་ཕེབས་པ་ཆུ་སྤྲེལ་ཕྱི་ལོ་ ༡༥༡༢ ལོར་རྒྱལ་ལྷ་ཐོག་ཏུ་ལྷ་མོའི་བླ་མཚོའི་གནས་སྒོ་ཕྱེ་བར་མཛད་དོ།།

 

ཇ༽ བཀྲས་ལྷུན་གྱི་ཁྲི་པ་དང་། བསམ་ཡས་ཉམས་གསོ། སྨོན་ལམ་བསྐྱར་འཛུགས།

 

དེ་ནས་དཀར་པོ་ཀུན་གྲགས་པས་བསམ་ཡས་ཞིག་གསོ་གྲུབ་པའི་རབ་གནས་སུ་གདན་དྲངས་ཤིང་། ལོ་དེར་པཎ་ཆེན་ཡེ་ཤེས་རྩེ་མོས་གདན་ཞུ་གནང་བ་ལྟར་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་ཁྲི་ཐོག་ལྔ་པ་མཛད། དགུང་ལོ་སོ་བརྒྱད་ལ་ཕེབས་པ་ཆུ་བྱ་ཕྱི་ལོ་ ༡༥༡༣ ལོར་ལྷོ་ཁ་འོལ་དགའ་དང་། ཆོས་འཁོར་རྒྱལ་ཁུལ་དུ་ཀོང་དམག་དང་འབྲི་གུང་པའི་དམག་ལྷགས། དགུང་ལོ་ཞེ་གཉིས་ལ་ཕེབས་པ་མེ་གླང་ཕྱི་ལོ་ ༡༥༡༧ ལོར་ཐོས་བསམ་གླིང་གི་བློ་བཟང་བཤེས་གཉེན་དང་། ཤར་རྩེ་བློ་གྲོས་རྒྱ་མཚོ་གཉིས་ཁྲི་ཚབ་ཏུ་བསྐོས་ནས་འབྲས་སྤུངས་སུ་ཕེབས། དུང་དཀར་ཚིག་མཛོད་ཀྱི་ལོ་ཚིགས་དྭངས་ཤེལ་མེ་ལོང་[9]ནང་། མེ་གླང་ཕྱི་ལོ་ ༡༥༡༧ ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོས་འབྲས་སྤུངས་ཀྱི་མཁན་པོ་ ༼མཁན་ཐོག་དགུ་པ།༽ མཛད་ཅེས་དང་། དུང་དཀར་ཚིག་མཛོད་ཆེན་མོའི་[10]༸རྒྱལ་བའི་རྣམ་ཐར་གྱི་སྐབས་སུ། དགུང་ལོ་ཞེ་གསུམ་ལ་ཕེབས་པ་ས་སྟག་ཕྱི་ལོ་ ༡༥༡༨ ལོར་དཔལ་ལྡན་འབྲས་སྤུངས་ཀྱི་ཁྲི་པ་དགུ་པ་ཡང་མཛད་ཅེས་མི་མཐུན་པ་གཉིས་འབྱུང་ངོ་།།

ལོ་དེར་རྗེ་ཙོང་ཁ་པས་ལྷ་ལྡན་སྨོན་ལམ་ཆེན་མོ་གསར་འཛུགས་གནང་ནས་ལོ་དགུ་བཅུ་གོ་གཅིག་རིང་སྟར་ཆགས་སུ་སྨིན་ཚུགས་གནང་ཡང་སྐྱིད་ཤོད་ཀྱི་ཁ་བདག་རིན་སྤུངས་པས་མཛད་ནས་ལོ་ཉི་ཤུའི་རིང་གསང་ཕུ་བ་དང་། ཀརྨ་པ་སོགས་ཁེར་རྐྱང་གིས་སྨོན་ལམ་ཚུགས་པ་དེ་སྐོར་རྗེ་ཉིད་ཀྱིས་ཕག་གྲུ་གོང་མར་སེ་འབྲས་གཉིས་སྨོན་ལམ་ལ་ཞུགས་ཆོག་པའི་སྙན་སེང་ཞུས་པ་ལྟར་བཀའ་འཁྲོལ་བྱུང་སྟེ་དགུང་ལོ་ཞེ་གསུམ་ལ་ཕེབས་པ་ས་སྟག་ཕྱི་ལོ་ ༡༥༡༨ ལོར་རྗེ་ཉིད་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་པར་མ་ཟད། འདི་ལོ་ནས་སེ་འབྲས་གཉིས་སླར་ཡང་སྔར་རྒྱུན་ལྟར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚུགས་པར་ཕེབས་སྲོལ་བསྐྱར་གསོ་ཐུབ་པ་བྱུང་། སྣེ་གདོང་མི་དབང་གོང་མ་ཆེན་པོ་བཀྲ་ཤིས་གྲགས་པས་འབྲས་སྤུངས་ཀྱི་མཚེར་ཤག་རྡོ་ཁང་སྔོན་མོ་རྗེ་འདི་པར་ཕུལ་རྗེས་རྟེན་འབྲེལ་གྱི་ཁྱད་མིང་ལ་དགོངས་ཏེ། མཚན་ལའང་དགའ་ལྡན་ཕོ་བྲང་དུ་འདོགས་པར་མཛད།

 

ཉ༽ མངའ་རིས་གྲྭ་ཚང་ཕྱག་བཏབ་ཅིང་། སེ་རའི་ཁྲི་པ་མཛད་ཚུལ།

 

དགུང་ལོ་ཞེ་ལྔར་ཕེབས་པ་ལྕགས་འབྲུག་ཕྱི་ལོ་ ༡༥༢༠ ལོར་འོན་མངའ་རིས་གྲྭ་ཚང་ཕྱག་བཏབ་ཚུལ་འགའ་ཞིག་གིས་གསུངས་ཞེས་དུང་དཀར་མཛོད་དུ་གསལ་ལ། དགུང་ལོ་ཞེ་བདུན་དུ་ཕེབས་པ་ཆུ་ལུག་ཕྱི་ལོ་ ༡༥༢༣ ལོར་ཆོས་འཁོར་རྒྱལ་དུ་རྒྱལ་བ་བྱམས་པའི་སྐུ་བརྙན་བཞེངས་འགོ་ཚུགས་ཞེས་དུང་དཀར་ཚིག་མཛོད་ཆེ་མོའི་ལོ་ཚིགས་དྭངས་ཤེལ་མེ་ལོང་[11]དུ་གསལ་མོད། དེ་ཉིད་ཀྱི་རྣམ་ཐར་སྐབས་[12]དགུང་ལོ་ཞེ་དགུ་ལ་ཆོས་འཁོར་རྒྱལ་དུ་གསེར་ཟངས་ཀྱི་རྗེ་བཙུན་མི་ཕམ་མགོན་པོའི་སྐུ་མཐོ་བཅུའི་ཚད་དང་ལྡན་པ་ཞིག་གསར་བཞེངས་མཛད་ཅེས་འཁོད་པ་དང་། ཡང་ལོ་ཚིགས་དྭངས་ཤེལ་མེ་ལོང་ལས[13]། དགུང་ལོ་ལྔ་བཅུར་ཕེབས་པ་ཤིང་བྱ་ཕྱི་ལོ་ ༡༥༢༥ ལོར་སེ་རའི་མཁན་པོ་མཛད་ཅེས་དང་། དུང་དཀར་ཚིག་མཛོད་ཆེན་མོའི་རྣམ་ཐར་སྐབས[14]། དགུང་ལོ་ང་གཉིས་ལ་སྡེ་སྲིད་ངག་དབང་བཀྲ་ཤིས་གྲགས་པ་སོགས་ཀྱིས་གསོལ་བ་བཏབ་པ་བཞིན་སེ་ར་ཐེག་ཆེན་གླིང་གི་ཁྲི་པ་ཡང་མཛད་ཅེས་གསལ། དགུང་ལོ་རེ་དྲུག་ལ་ཕེབས་པ་ལྕགས་གླང་ཕྱི་ལོ་ ༡༥༤༡ ལོར་འོན་མདའ་མངའ་རིས་གྲྭ་ཚང་ཕྱག་བཏབ་པ་བཅས་སོ།།

 

ཏ༽ དགུང་ལོ་དང་གསུང་རྩོམ་ཇི་བཞུགས། སློབ་མ་གང་དག་བྱོན་མིན།

 

དེ་ཡང་དུང་དཀར་ཚིག་མཛོད་ཆེན་མོ་[15]དང་། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཆོས་སྲིད་མཛད་རྣམ་[16]བཅས་སུ་དགུང་ལོ་རེ་བདུན་ལ་ཕེབས་པ་རབ་བྱུང་དགུ་པའི་ཆུ་སྟག་ཕྱི་ལོ་ ༡༥༤༢ ལོའི་བོད་ཟླ་ ༣ ཚེས་ ༨ ཉིན་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་ཞི་བར་གཤེགས་ཚུལ་གསལ་ཞིང་། སྐུ་གདུང་དངུལ་གདུང་ཞིག་བཞེངས་པ་འབྲས་སྤུངས་ཚོགས་ཆེན་དུ་བཞུགས་པ་དེའོ།།

ཞྭ་སྒབ་པས་མཛད་པའི་བོད་ཀྱི་སྲིད་དོན་རྒྱལ་[17]རབས་སུ། དགུང་ལོ་རེ་ལྔའི་སྟེང་སྐུ་གཤེགས་པར་གསུངས་ལ། གཞན་ཡང་གངས་ཅན་མཁས་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་ལས[18]། དགུང་ལོ་དྲུག་ཅུ་རེ་དྲུག་ཏུ་ཕེབས་པ་རབ་བྱུང་དགུ་པའི་ལྕགས་གླང་ཕྱི་ལོ་ ༡༥༤༡ ལོར་འབྲས་སྤུངས་སུ་ཞི་བར་གཤེགས་ཞེས་འཁོད་པ་འདི་དག་ནི། རྗེ་དགེ་འདུན་རྒྱ་མཚོས་མཛད་པའི་ཉིད་ཀྱི་རང་རྣམ་དང་། ཤཱཀྱའི་དགེ་སློང་དཀོན་མཆོག་སྐྱབས་ཀྱིས་མཛད་པའི་རྗེ་དགེ་འདུན་རྒྱ་མཚོའི་རྣམ་ཐར་རྟོགས་བརྗོད་དཔག་བསམ་ལྗོན་ཤིང་། ཨ་ལག་ཚེ་ཏན་ཞབས་དྲུང་གིས་མཛད་པའི་བསྟན་རྩིས་ཀུན་བཏུས་སོགས་དང་མི་མཐུན་པས་ནོར་བར་སེམས་སོ།།

གཞན་ཡང་རྒྱལ་༸དབང་དགེ་འདུན་རྒྱ་མཚོ་མཆོག་གིས་ཡབ་ཀུན་དགའ་རྒྱལ་མཚན་དང་། ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་། པཎ་ཆེན་ལུང་རིགས་རྒྱ་མཚོ། པཎ་ཆེན་ཡེ་ཤེས་རྩེ་མོ། འཇམ་དབྱངས་ལེགས་པ་ཆོས་འབྱོར། གནས་རྙིང་ཀུན་དགའ་ལེགས་པ། མཁས་གྲུབ་ནོར་བཟང་རྒྱ་མཚོ་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་དགེ་བའི་བཤེས་གཉེན་དུ་མ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་པར་མཛད་དེ་མཁས་པའི་ཕུལ་དུ་གྱུར་པས་༸རྒྱལ་དབང་འདི་པར་གསུང་འབུམ་པོད་གསུམ་བཞུགས་ཤིང་། རྒྱ་གར་གྱི་ཆུ་བོ་གངྒཱའི་ཚུན་ཆད་སྙན་ངག་ལ་མཁས་པར་གྲགས།

གསུང་ལས་སྐྱེས་པའི་སློབ་མ་ཡང་ཁྲི་རིན་པོ་ཆེ་བདེ་བ་ཅན་པ་ཆོས་རྗེ་དགེ་ལེགས་དཔལ་བཟང་སོགས་མང་དུ་བྱོན་པ་བཅས་༸རྒྱལ་བ་དགེ་འདུན་རྒྱ་མཚོའི་རྣམ་ཐར་ཞིབ་ཕྲ་མཁྱེན་པར་འདོད་ན། ༸རྒྱལ་བ་རང་ཉིད་ཀྱིས་མཛད་པའི་རང་རྣམ་དང་། སྟོད་ཆ་གཡང་པ་ཆོས་རྗེ་དང་། སྨད་ཆ་ཆོས་རྗེ་དཀོན་མཆོག་སྐྱབས་ཀྱིས་མཛད་པའི་རྣམ་ཐར་དཔག་བསམ་ལྗོན་ཤིང་སོགས་ལ་གཟིགས་པ་འཚལ་ལོ།། །།

 

[1] ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཆོས་སྲིད་མཛད་རྣམ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་ ༣༤

[2] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༦༧༢

[3] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༣༡༤

[4] གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༣༨༣

[5] གངས་ཅན་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༢༢༦

[6] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༦༧༢

[7] གངས་ཅན་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༢༢༧

[8] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༦༧༢

[9] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༣༡༩

[10] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༦༧༣

[11] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༣༢༠

[12] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༦༧༣

[13] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༣༢༠

[14] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༦༧༣

[15] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༣༢༢

[16] ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཆོས་སྲིད་མཛད་རྣམ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་ ༥༩

[17] ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས། སྟོད་ཆ། ལྡི་ལི་ལཀྵྨི་མི་པར་ཁང་། ༡༩༧༦ ལོ། ཤོག་ ༣༦༨༨

[18] ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཆོས་སྲིད་མཛད་རྣམ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་ ༥༩

༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་སྙིང་བསྡུས་གསེར་གྱི་ཕྲེང་བ་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།