༸ རྒྱལ་བ་སྐུ་ཕྲེང་གསུམ་པ། བསོད་ནམས་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

༸  རྒྱལ་བ་སྐུ་ཕྲེང་གསུམ་པ། བསོད་ནམས་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

ཀ༽ གང་དུ་སྐུ་བལྟམས་པ་དང་། གདུང་རྒྱུད་ཀྱི་སྐོར།

 

དེ་ཡང་འཁྲུངས་རབས་གསོལ་འདེབས་ལས།

ལོ་ཙཱ་རྨ་རིན་གདུང་ལས་སྟོད་ལུང་མདར། །

ཨོ་རྒྱན་བཀའ་བཞིན་བསམ་བཞིན་སྲིད་པ་བཟུང༌། །

མཐའ་འཁོབ་འདུལ་མཛད་གཙུག་ལག་གཞུང་བརྒྱ་གཟིགས། །

མཁས་གྲུབ་བསོད་ནམས་རྒྱ་མཚོར་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར་༸རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་ནི། ལྷ་ས་སྐྱིད་ཤོད་སྨད་སྟོད་ལུང་མདའ་སྐྱར་པོ་རྩེ་ཁང་གསར་གོང་གི་ཁྱིམ་གཞིས་ཕྱུག་པོ་ཞིག་ཏུ་སྐུ་འཁྲུངས། རིགས་རུས་ནི་སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ། ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཀྱི་ནང་ནས་གཙོ་བོར་གྱུར་པ་ཞིང་། སད་མི་མི་བདུན་གྱི་ནང་ཚན། རྨ་རིན་ཆེན་མཆོག་གི་གདུང་ལས་བྱུང་བའི་ཡབ་སྡེ་པ་རྣམ་རྒྱལ་གྲགས་པ་དང་། ཡུམ་དཔལ་འཛོམས་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་དགུ་པའི་ཆུ་ཡོས་ཕྱི་ལོ་ ༡༥༤༣ ལོའི་བོད་ཟླ་ ༡ ཚེས་ ༡༥ ཉིན་སྐུ་འཁྲུངས། འཁྲུངས་མ་ཐག་བཟའ་བཏུང་གི་ཐོག་མར་ར་མ་དཀར་མོའི་འོ་མ་ཞལ་དུ་གསོལ་བ་དང་། སྲི་ཐར་ཞེས་པའི་བུད་མེད་ནུ་ཞོ་ཡོད་པ་ཞིག་མ་མར་བསྐོས་པར་བརྟེན་མཚན་ལའང་ར་ནུ་སྲིད་ཆོད་དཔལ་བཟང་ཞེས་གསོལ།

ཁ༽ ཆུང་སྲིད་སྐབས་ཀྱི་མཛད་སྤྱོད་དང་། ཡང་སྲིད་ངོ་འཛིན་གནང་ཚུལ།

 

སྐུ་འཁྲུངས་ནས་ཟླ་བ་གསུམ་ལོན་པ་ནས་བཟུང་ནངས་པར་ཐོ་རངས་རྟག་ཏུ་སྔ་པོར་སྐུ་བཞེངས་ཀྱིས་སྐུ་ཙོག་པུའི་ཚུལ་དུ་བཞུགས་ཤིང་། མ་མ་ཡང་གཉིད་ལས་སློང་བར་མཛད་དེ། ཕྱག་གིས་སྐྲ་ནས་འཐེན་ཞིང་མ་ཎི་གསུངས་ནས་ཙོག་པུར་སྡོད་དུ་འཇུག་པར་མཛད། དགུང་ལོ་གསུམ་ནས་རྟ་ཁ་ཟིན་པ་ཡིན་ཞེས་གསུངས་ལ། དགུང་ལོ་གསུམ་ནས་༸རྒྱལ་བ་དགེ་འདུན་རྒྱ་མཚོའི་སྐུ་དུས་ཀྱི་མཛད་པ་རྣམ་ཐར་རྗེས་སུ་དྲན་ཏེ་དེ་དང་དེའི་ངང་ཚུལ་ཁོ་ན་མཛད་ཅིང་། ཞལ་ནས་ཀྱང་དེ་བཞིན་དུ་གསུངས་པ་ཞིག་བྱུང་བས་༸རྒྱལ་བ་དགེ་འདུན་རྒྱ་མཚོའི་སྙན་གྲགས་ཁྱབ་པ་བཞིན། དགུང་ལོ་གསུམ་ལ་ཕེབས་པ་ཤིང་སྦྲུལ་ཕྱི་ལོ་ ༡༥༤༥ ལོར་སྐྱོར་མོ་ལུང་དགོན་གྱི་གནས་བརྟན་ཟླ་བ་དང་། ཞབས་དྲུང་གདུང་རྒྱུད་རིན་པོ་ཆེ་མི་དབང་བསོད་ནམས་གྲགས་པ་རྒྱལ་མཚན་སོགས་ནས་༸རྒྱལ་བ་དགེ་འདུན་རྒྱ་མཚོའི་སྤྲུལ་སྐུར་ངོས་འཛིན་ཞུས། དུང་དཀར་ཚིག་མཛོད་ཆེན་མོ་[1]དང་། གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད་ལས[2]། དགུང་ལོ་བཞི་པ་མེ་རྟ་ཕྱི་ལོ་ ༡༥༤༦ ལོར་མི་དབང་བསོད་ནམས་གྲགས་པ་རྒྱལ་མཚན་དང་། པཎ་ཆེན་བསོད་ནམས་གྲགས་པ་བཅས་ནས་༸རྒྱལ་བ་དགེ་འདུན་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་འབྲས་སྤུངས་སུ་གདན་སར་བཀོད་ཅེས་གསལ།

 

ག༽ དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་། མཚན་ཐོགས་ཚུལ།

 

དགུང་ལོ་བཞི་ལ་ཕེབས་སྐབས་ཕྱག་བྲིས་འབྲི་ཀློག་སོགས་ལ་བརྩོན་པར་མཛད་པས་དཀའ་ཚེགས་མེད་པར་མཁྱེན། དགུང་ལོ་ལྔར་ཕེབས་པ་མེ་ལུག་ཕྱི་ལོ་ ༡༥༤༧ ལོར་འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་གསེར་ཁྲིར་ཕེབས་ཤིང་། པཎ་ཆེན་བསོད་ནམས་གྲགས་པའི་དྲུང་ནས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བསོད་ནམས་རྒྱ་མཚོ་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་ཞེས་གསོལ་བ་དང་། ལོ་དེར་ཆོས་འཁོར་རྒྱལ་དུ་ཕེབས།

དགུང་ལོ་བདུན་ལ་ཕེབས་པ་ས་བྱ་ཕྱི་ལོ་ ༡༥༤༩ ལོའི་ཐོག་པཎ་ཆེན་བསོད་ནམས་གྲགས་པས་མཁན་པོ་དང་། གསང་ཕུ་ཆོས་རྗེ་ལེགས་པ་དོན་གྲུབ་ཀྱིས་ལས་སློབ། ཤར་རྩེ་ལེགས་པ་དོན་གྲུབ་པས་དུས་གོ་བ་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ནས་པཎ་ཆེན་བསོད་ནམས་གྲགས་པ་དང་། གླང་སྟོད་ཆོས་རྗེ་ལེགས་པ་དོན་གྲུབ་དང་། ཤར་རྩེ་ལེགས་པ་དོན་གྲུབ་བཅས་ཀྱི་དྲུང་ནས་མདོ་སྔགས་ཀྱི་བཀའ་ཆོས་མང་དུ་གསན་པར་མཛད་པ་སྟེ། པཎ་ཆེན་མཆོག་ལས་ཚེ་དབང་གྲུབ་རྒྱལ་མ་དང་། རྣམ་སྲས་སེར་ཆེན། འདོད་ཁམས་དབང་མོ་སོགས་ཀྱི་རྗེས་གནང་དང་དབང་། ཆོས་རྗེ་ལེགས་པ་དོན་གྲུབ་ཀྱི་དྲུང་ནས་འཇིགས་བྱེད་ཀྱི་སྔགས་བཏུ། ཤར་རྩེ་ལེགས་པ་དོན་གྲུབ་ནས་འཇམ་དཀར་སོགས་མདོ་དང་སྔགས་ཀྱི་ཟབ་ཆོས་མང་པོ་གསན་པ་དང་། ཆོས་སྡེ་རྣམས་སུ་གསུང་ཆོས་ཀྱང་སྩལ། དགུང་ལོ་བདུན་ཡན་ལ་ཚེ་དཔག་མེད་ཀྱི་སྔགས་འབུམ་ཕྲག་བཅུ་གསུམ་དང་། གཞན་ཡང་དབྱངས་ཅན་མའི་བསྙེན་པ་ས་ཡ་ལྔ། སྐྱབས་འགྲོ་འབུམ་ཕྲག་བཞི་བཅས་གསོག་སྒྲུབ་ཉམས་བཞེས་མང་དུ་མཛད།

 

ང༽ འབྲས་སྤུངས་ཀྱི་ཁྲིར་ཕེབས་ཤིང་། ནང་འཁྲུག་ལ་བར་འདུམ་མཛད་ཚུལ།

 

དགུང་ལོ་བཅུ་བཞེས་པ་ཆུ་བྱི་ཕྱི་ལོ་ ༡༥༥༢ ལོར་འབྲས་སྤུངས་ཀྱི་ཁྲིར་ཕེབས་ཏེ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཁྲི་ཐོག་བཅུ་གཉིས་པའི་མཛད་འཁུར་བཞེས། དགུང་ལོ་བཅུ་གཅིག་པ་ཆུ་གླང་ཕྱི་ལོ་ ༡༥༥༣ ལོར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་ཏེ་སྐྱེ་རབས་སོ་བཞི་པའི་བཀའ་ཆོས་དང་། སྨོན་ལམ་སོགས་ཕྱག་ལེན་ལྟར་གནང་། སྐབས་དེར་སྐྱིད་ཤོད་དགའ་ལྡན་པ་དང་ནང་སོ་དོན་གྲུབ་རྒྱལ་པོས་སྐྱོར་མོ་ལུང་དུ་དམག་དྲངས་པས་༸རྒྱལ་དབང་མཆོག་གིས་བར་ཆིངས་གནང་། དགུང་ལོ་བཅུ་གཅིག་ཡན་ལ་གུར་དྲག་གི་སྔགས་འབུམ་ཕྲག་ཉིས་བརྒྱ་གྲངས་གསོག་སྨིན་སྒྲུབ་མཛད།

དགུང་ལོ་བཅུ་གསུམ་ལ་ཕེབས་པ་ཤིང་ཡོས་ཕྱི་ལོ་ ༡༥༥༥ ལོར་ཆོས་འཁོར་རྒྱལ་དུ་ཕེབས་ཏེ་ཡེ་ཤེས་ཁྱུང་ནག་གི་སྔགས་འབུམ་གཅིག་གྲངས་གསོག་སྨིན་སྒྲུབ་མཛད་ཅིང་། དེ་ལོ་ཡང་འབྲས་སྤུངས་སུ་དམིགས་བརྩེ་མ་འབུམ་ཕྲག་བཞི་བཅས་མཛད། དགུང་ལོ་བཅུ་བཞིར་ཕེབས་པ་མེ་འབྲུག་ཕྱི་ལོ་ ༡༥༥༦ ལོར་ཡར་ལུང་སྣེ་གདོང་པ་དང་། འཕྱོངས་རྒྱས་ནང་སོ་མ་མཐུན་པར་སྡེ་གཟར་ཆེ་བ་ལངས་པས་དུས་ཟིང་སྐབས་རྗེ་ཉིད་ནས་བར་འདུམ་དུ་ཕེབས་ཏེ་ཆིངས་བསྡམས་ཏེ་དུས་ཟིང་རྣམས་ཞི་འཇགས་བྱུང་བ་སོགས་ཀུན་གྱིས་སྤྱི་མོས་ཆེ་བར་གྱུར།

 

ཅ༽ སེ་རའི་ཁྲི་ལ་ཕེབས་པ་དང་། དགོན་སྡེ་ཕྱག་འདེབས་ཚུལ།

 

དགུང་ལོ་བཅོ་ལྔར་ཕེབས་པ་མེ་སྦྲུལ་ཕྱི་ལོ་ ༡༥༥༧ ལོར་ཆོས་འཁོར་རྒྱལ་དུ་དབང་དྲག་རོལ་པའི་དགའ་ཚལ་ཕྱག་བཏབ་པ་དང་། དགུང་ལོ་བཅུ་དྲུག་ལ་ཕེབས་པ་ས་རྟ་ཕྱི་ལོ་ ༡༥༥༨ ལོར་སེ་ར་ཐེག་ཆེན་གླིང་གི་མཁན་ཐོག་བཅོ་ལྔ་པར་ཕེབས་ཏེ་གླེགས་བམ་རིན་པོ་ཆེ་ཚོགས་ཆོས་གནང་། དགུང་ལོ་བཅུ་བདུན་ལ་ཕེབས་པ་ས་ལུག་ཕྱི་ལོ་ ༡༥༥༩ ལོར་སྣེའུ་གདོང་པའི་དབུ་བླར་གྱུར་ཅིང་། སྣེ་གདོང་གོང་མ་ཆེན་མོ་ངག་གི་དབང་ཕྱུག་བཀྲ་ཤིས་གྲགས་པ་རྒྱལ་མཚན་ནས་སྣེ་གདོང་དུ་གདན་དྲངས་ནས་ཕྱག་ཐམ་དམར་པོ་ཕུལ། དགུང་ལོ་བཅོ་བརྒྱད་ལ་ཕེབས་པ་ཕྱི་ལོ་ ༡༥༦༠ ལོར་རིན་པོ་ཆེ་ཀུན་བཟང་རྩེ་པའི་དྲུང་ནས་གསང་སྔགས་སྔ་འགྱུར་རྙིང་མའི་དབང་ལུང་མན་ངག་ཆོ་ག་ཕྱག་ལེན་མཐའ་ཡས་པ་གསན་བཞེས་གནང་།

དགུང་ལོ་བཅུ་དགུར་ཕེབས་པ་ལྕགས་བྱ་ཕྱི་ལོ་ ༡༥༦༡ ལོར་སྣེ་གདོང་དུ་ཞབས་དྲུང་ངག་དབང་གྲགས་པའི་ཕྱོགས་ནས་ནང་འཁྲུག་བསླངས་པར་བར་འདུམ་མཛད། དགུང་ལོ་ཉེར་གཅིག་པ་ཆུ་ཕག་ཕྱི་ལོ་ ༡༥༦༣ ལོར་ཆར་ཤུགས་རྒྱས་པས་ལྷ་སར་ཆུ་ཉེན་ཆེན་པོ་བྱུང་རྐྱེན་དེའི་ཕྱི་ལོར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་རྗེས་འབྲེལ་དགེ་འདུན་པ་རྣམས་ནས་ཇོ་བོ་རགས་རྡོ་སྐྱེལ་བའི་སྲོལ་བཟང་འཛུགས་པར་མཛད་དེ་དབྱར་ཆུ་ཇི་ཙམ་རྒྱས་ཀྱང་ཆུ་ཀླུང་གི་འཇིགས་པ་དང་བྲལ་བར་མཛད། སྨོན་ལམ་ཆེན་མོ་གྲུབ་པའི་དགུང་མོར་མཚན་ལམ་དུ་གུར་གྱི་མགོན་པོ་བསྟེན་གསོལ་གནང་དགོས་པའི་མཚན་ལྟས་བྱུང་བ་ལྟར་དེ་ལ་བརྟེན་ནས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དུ་ཕྱག་ལེན་གསར་འཛུགས་མཛད་དེ་བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་སྐབས་སུ་བརྒྱད་གཏོར་ཞེས་གཞུང་འབྲེལ་མཛད་སྒོ་གནང་སྲོལ་ཡང་དེ་ནས་བྱུང་།

 

ཆ༽ བསྙེན་པར་རྫོགས་པ་དང་། གནས་རྙིང་གི་ཁྲི་པ་མཛད་ཚུལ།

 

དགུང་ལོ་ཉི་ཤུ་རྩ་གཅིག་ལ་དགའ་ལྡན་ཁྲི་ཟུར་མཁས་གྲུབ་དགེ་ལེགས་དཔལ་བཟང་པོས་མཁན་པོ་དང་། ཁྲི་པ་ལས་ཐོག་པ་དགེ་འདུན་དར་རྒྱས་ཀྱིས་ལས་སློབ། ཤངས་དགེ་འཕེལ་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་བས་གསང་སྟོན། ལྷ་བཙུན་བསོད་ནམས་དཔལ་བཟང་གིས་དུས་གོ་བ་མཛད་དེ་དགེ་སློང་གི་སྡོམ་པ་བཞེས། གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད་ལས[3]། དགུང་ལོ་ཉེར་གཉིས་པར་ཁྲི་དགེ་ལེགས་དཔལ་བཟང་ལས་བསྙེན་རྫོགས་བསྒྲུབས། ཅེས་གསུངས། དེ་ནས་དགེ་བའི་བཤེས་གཉེན་ཀུན་བཟང་རྩེ་པ་དང་། དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ཆེན་པོ་ཚར་ཆེན་བློ་གསལ་རྒྱ་མཚོ། རྗེ་བདེ་བ་ཅན་པ་སོགས་མཁས་གྲུབ་དུ་མ་ལས་ཆོས་བཀའ་མང་པོ་དང་གཞུང་ཆེན་ཁག་ལ་གསན་བསམ་མཛད།

དགུང་ལོ་ཉེར་གསུམ་དུ་ཕེབས་པ་ཤིང་གླང་ཕྱི་ལོ་ ༡༥༦༥ ནས་ལོ་ཤས་རིང་སྨོན་ལམ་ཆེན་མོའི་ཚོགས་མགོན་སྔ་རྟིང་ཐོག་ཏུ་སྲོད་ལ་ཐུགས་རུས་ཆེན་པོས་ཞབས་སྐོར་འབུམ་ཐེར་ཞབས་གསོག་མཛད། དགུང་ལོ་ཉེར་ལྔར་ཕེབས་པ་རབ་བྱུང་བཅུ་པའི་མེ་ཡོས་ཕྱི་ལོ་ ༡༥༦༧ ལོར་གཙང་དུ་ཕེབས་ནས་སེར་སྐྱ་རྣམས་ལ་ཆོས་འཁོར་རྒྱ་ཆེར་བསྐོར། འཕགས་པ་འཇིག་རྟེན་དབང་ཕྱུག་གི་རྣམ་སྤྲུལ་གནས་རྙིང་ཆོས་ཀྱི་རྒྱལ་མཚན་ཁྲི་ཐོག་ཏུ་བསྐོས་ཏེ་ཕྱག་ནས་གཏོར་བར་མཛད། ལོ་དེར་ནང་སོ་བྱ་བ་དབོན་བློན་གྱིས་གཉལ་དུ་གདན་དྲངས། ཡར་ཀླུང་བརྒྱུད་རིམ་གྱིས་ལྷོ་བརྒྱུད་དུ་ཕེབས་ཏེ་བཀའ་དབང་དང་། བཀའ་ཆོས་སྩལ་བ་དང་། རབ་བྱུང་བསྙེན་རྫོགས་སྟོང་ཕྲག་ལྷག་བསྒྲུབས། དེ་ནས་ཟངས་མོ་ཆེ་དང་། མཚོ་སྣ། ལྷོ་བྲག སེ་གྲོང་གཞིས་ཀ ནམ་སྟེང་། སྨྲ་བོ་ལྕོག་སོགས་ལྷོ་ཁའི་ཡུལ་ལུང་ཁག་ཏུ་ཕེབས་ཏེ་འགྲོ་དོན་རྒྱ་ཆེར་བསྐྱངས།

 

ཇ༽ རྣམ་རྒྱལ་གྲྭ་ཚང་ཕྱག་བཏབ་ཅིང་། དུས་ཟིང་ཞི་འཇགས་མཛད་ཚུལ།

 

དེ་ཡང་ཕོ་བྲང་པོ་ཏ་ལར་བཞུགས་པའི་དགེ་ལུགས་པའི་གསུང་འབུམ་དཀར་ཆག་[4]ལས། དགུང་ལོ་ཉེར་དྲུག་ (ས་འབྲུག་ཕྱི་ལོ་ ༡༥༦༨ ལོར།) ཐོག་འབྲས་སྤུངས་སུ་ཕན་བདེ་ལེགས་བཤད་གླིང་གསར་འཛུགས་གནང་ཞེས་དང་། དུང་དཀར་ཚིག་མཛོད་ཆེན་མོ་ལས[5]། དགུང་ལོ་ཉེར་དྲུག་ཐོག་འབྲས་སྤུངས་སུ་ཕན་བདེ་ལེགས་བཤད་གླིང་གསར་འཛུགས་གནང་། ཞེས་དང་། ཡང་དེ་ཉིད་ལས། དགུང་ལོ་སོ་གཅིག་པ་རྣམ་རྒྱལ་གྲྭ་ཚང་ཕྱག་བཏབ་ཅེས་དང་། དུང་དཀར་ཚིག་མཛོད་ཀྱི་ལོ་ཚིགས་དྭངས་ཤེལ་མེ་ལོང་ལས[6]། ཤིང་ཁྱི་ཕྱི་ལོ་ ༡༥༧༤ ལོར། ཏཱ་ལའི་བླ་མ་བསོད་ནམས་རྒྱ་མཚོས་རྣམ་རྒྱལ་གྲྭ་ཚང་གསར་འཛུགས་གནང་ཞེས་འཁོད་ལ། སེ་འབྲས་དང་། ཆོས་འཁོར་རྒྱལ་སོགས་ཀྱི་གདན་ས་རྗེ་དགེ་འདུན་རྒྱ་མཚོའི་སྐུ་དུས་བཞིན་བསྐྱངས།

དགུང་ལོ་ཉེར་བརྒྱད་དུ་ཕེབས་པ་ལྕགས་རྟ་ཕྱི་ལོ་ ༡༥༧༠ ལོར་ཆོས་འཁོར་རྒྱལ་གྱི་གདན་སའི་ཆོས་སྲུང་ཕྱི་ནང་གསང་གསུམ་གྱི་རྟེན་རྣམས་གསར་དུ་བཞེངས། དེ་རྗེས་རིམ་བཞིན་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཕེབས། དེ་ནས་རི་བོ་དགེ་འཕེལ་དང་། སྣར་ཐང་། ཁྲོ་ཕུ། དཔལ་ལྡན་ས་སྐྱ་སོགས་སུ་ཕེབས། དགུང་ལོ་སོ་གསུམ་ལ་ཕེབས་པ་ཤིང་ཕག་ཕྱི་ལོ་ ༡༥༧༥ ལོར་སྡེ་པ་རིན་སྤུངས་པས་གཙང་རོང་གི་དམག་ཁྲི་ཕྲག་ལ་ཉེ་བ་སྟོད་ལུང་སྒལ་པོ་ན་ཁར་ཕབ། སྒལ་བྱང་སྨོན་གསུམ་སོགས་བཅོམ། རིམ་བཞིན་སྐྱིད་ཤོད་དུ་འོངས་ནས་གཡུལ་འགྱེད་བྱེད་རྩིས་སྐབས་རྗེ་ཉིད་ཀྱིས་ཟློག་པར་མཛད་པ་དང་། དེ་བཞིན་ཡར་ལུང་དུ་དུས་ཟིང་སྐབས་རྗེ་ཉིད་ཀྱིས་བར་ཆིངས་མཛད་དེ་ཞི་བར་གྱུར།

 

ཉ༽ སོག་ཡུལ་དུ་ཆིབས་སྒྱུར་དང་། གསེར་ཐམ་འབུལ་བཞེས་མཛད་ཚུལ།

 

དགུང་ལོ་སོ་ལྔར་ཕེབས་པའི་མེ་གླང་ཕྱི་ལོ་ ༡༥༧༧ ལོར་ཨལ་ཐན་ཆོས་ཀྱི་རྒྱལ་པོས་སྤྱན་འདྲེན་སྔ་ཕྱིར་ཞུས་པ་བཞིན་བྱང་ཕྱོགས་སུ་རིས་མེད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་སྤེལ་བར་ཆིབས་ཁ་བསྒྱུར། རྭ་སྒྲེང་ནས་ཆིབས་ཐོག་ཏུ་འཁྱོལ་ཁར། ས་སྐྱོང་བཀྲ་ཤིས་རབ་བརྟན་པས་ཆིབས་ཡོབ་ལ་འཇུས་ནས།

བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །

བསྟན་འཛིན་སྐྱེས་བུ་ས་སྟེང་ཡོངས་ལ་ཁྱབ། །

ཅེས་ཚིག་རྐང་གཉིས་འཕྲལ་རྩོམ་མཛད་ཐོག མགྲིན་པ་མཆི་མས་བརྣངས་ཏེ་གསུང་རྒྱུ་མ་བྱུང་བས།

བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །

བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །

ཅེས་ཆིབས་ཐོག་ནས་གནང་བས་ཚིག་དོན་ཟབ་ཅིང་བྱིན་རླབས་ཆེ་བར་གྲགས། དགུང་ལོ་སོ་དྲུག་ལ་ཕེབས་པ་ས་སྟག་ཕྱི་ལོ་ ༡༥༧༨ ལོར་ཨལ་ཐན་རྒྱལ་པོ་དང་མཇལ་ནས་རྒྱལ་པོའི་དབུ་བླར་འགྱུར་ཏེ་རྗེ་ཉིད་ལ་མི་རིགས་མི་གཅིག་པ་དུ་མའི་དབུས་སུ་གསེར་ལས་གྲུབ་པའི་དབུ་རྒྱན་དང་། བུམ་པ། རིགས་ལྔའི་ཕྱག་མཚན། གསེར་སྲང་བརྒྱ་ལས་གྲུབ་པའི་ཐམ་ག་ཁ་རིས་ལ། རྡོ་རྗེ་འཆང་ཏཱ་ལའི་བླ་མའི་ཐམ་ག ཞེས་པ་ཞིག་དང་། ཏཱ་ལའི་བླ་མ་བཛྲ་དྷ་ར། ཞེས་ཁྱབ་བདག་རྡོ་རྗེ་འཆང་གི་མཚན་བསྟོད་གསར་དུ་ཕུལ། དེ་ནས་བཟུང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ལ་ཏཱ་ལའི་བླ་མ་སྟེ་རྒྱ་མཚོའི་བླ་མ་ཞེས་པའི་མཚན་སྙན་ཡོངས་སུ་གྲགས།

༸རྒྱལ་དབང་མཆོག་ནས་ཨལ་ཐན་ལ་ཆོས་ཀྱི་རྒྱལ་པོ་ལྷའི་ཚངས་པ་ཞེས་པའི་མཚན་གནང་། སོག་ཡུལ་ལ་དམ་པའི་ཆོས་རྒྱ་ཆེར་བསྐོར་ཞིང་། སོག་པོ་བརྒྱ་ཕྲག་མང་པོ་རབ་ཏུ་བྱུང་། ཕྱུགས་ཟོག་བསད་ནས་དམར་མཆོད་བྱེད་སྲོལ་བཅོས་པར་མཛད། ཨལ་ཐན་དམ་ཆོས་ལ་མོས་པས་དགུང་ལོ་སོ་བདུན་དུ་ཕེབས་པ་ས་ཡོས་ཕྱི་ལོ་ ༡༥༧༩ ཐོག་སོག་ཡུལ་བྱང་ཆེན་ཆོས་འཁོར་གླིང་ཕྱག་བཏབ་བོ།།

 

ཏ༽ འཇང་ཡུལ་དུ་ཕེབས་ཤིང་། ལི་ཐང་དགོན་ཆེན་སོགས་ཕྱག་འདེབས་ཚུལ།

 

དགུང་ལོ་སོ་བདུན་པར་ས་ཐམ་རྒྱལ་པོས་གདན་འདྲེན་ཞུས་པ་ལྟར་འཇང་ཡུལ་དུ་ཕེབས། དགུང་ལོ་སོ་བརྒྱད་དུ་ཕེབས་པ་ལྕགས་འབྲུག་ཕྱི་ལོ་ ༡༥༨༠ ལོར་ལི་ཐང་དུ་ཕེབས་ནས་དགའ་ལྡན་ཐུབ་བསྟན་ཆོས་འཁོར་གླིང་ཕྱག་བཏབ་སྟེ་ཐུབ་ཆེན་འགྲན་ཟླ་དང་བྲལ་བ་སོགས་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་གནང་། དགུང་ལོ་སོ་དགུར་ཕེབས་པ་ལྕགས་སྦྲུལ་ཕྱི་ལོ་ ༡༥༨༡ ལོར་༸རྒྱལ་དབང་མཆོག་ཆབ་མདོ་བྱམས་པ་གླིང་དགོན་གྱི་བྱང་སེམས་ཆོས་རྗེའི་ཁྲིར་ཕེབས་ཏེ་སེར་སྐྱ་ཡོངས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད། རྗེ་སྐུ་འབུམ་བྱམས་པ་གླིང་གི་རྒྱས་འདེབས་ཕྱོགས་སུ་ཕེབས་ནས་བཀའ་ཆོས་མང་དུ་གནང་། དགུང་ལོ་ཞེ་གཅིག་ཏུ་ཕེབས་པ་ཆུ་ལུག་ཕྱི་ལོ་ ༡༥༨༣ ལོར་རྒྱལ་བ་ཙོང་ཁ་པ་སྐུ་བལྟམས་པའི་གནས་ཆེན་སྐུ་འབུམ་དུ་ཕེབས། དེར་བཤད་གྲྭ་གསར་དུ་བཙུགས་ཤིང་། བསྟན་པ་རྒྱས་པའི་ཆོས་སྲུང་རྣམས་ལ་གཉེར་གཏད་མཛད།

 

ཐ༽ བསྐྱར་དུ་སོག་ཡུལ་དུ་ཕེབས་ཤིང་། ནང་འཁྲུག་འདུམ་པར་མཛད་པ།

 

དགུང་ལོ་ཞེ་གཉིས་ལ་ཕེབས་པ་ཤིང་སྤྲེལ་ཕྱི་ལོ་ ༡༥༨༤ ལོར་སོག་ཡུལ་དུ་བསྐྱར་ཕེབས་གནང་སྟེ་སོག་པོའི་ནང་འཁྲུག་འདུམ་འགྲིག་མཛད་པས་འགྲོ་ཀུན་བདེ་བར་འཁོད། དགུང་ལོ་ཞེ་གསུམ་ཤིང་བྱ་ཕྱི་ལོ་ ༡༥༨༥ ལོར་སེ་ཆེན་ཏའི་ཆིང་གི་སྡེ་ཐོག་ཏུ་ཕེབས་ཏེ་ཕུན་ཚོགས་དར་རྒྱས་གླིང་གི་དགོན་པ་ཕྱག་བཏབ། དེ་ལྟར་ཁོང་གི་སྐུ་ཚེ་གང་པོར་ཆོས་ཀྱི་མཛད་པ་འབའ་ཞིག་དོན་དུ་གཉེར་ཏེ་ཞྭ་སེར་བསྟན་པ་སོག་ཡུལ་དུ་སྤེལ་ནས་རྒྱལ་པོའི་དགོངས་པ་ལྟར་ཆ་ཧར་རྒྱལ་པོ་མཚོ་སྔོན་ནས་ནང་སོག་ཏུ་ཕྱིར་ལོག་ཕེབས་ཐུབ་པ་བྱུང་།

 

ད༽ མྱ་ངན་ལས་འདས་ཤིང་། ཆོས་སྲིད་ཀྱི་མཛད་པའི་སྙིང་པོ།

 

དགུང་ལོ་ཞེ་དྲུག་སྟེ་ས་བྱི་ཕྱི་ལོ་ ༡༥༨༨ ལོའི་བོད་ཟླ་ ༣ ཚེས་ ༢༧ ཉིན་སོག་ཡུལ་ཁ་ར་ཆིན་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་གཤེགས་ཏེ་སྐུའི་གདུང་ཐལ་དཔལ་ལྡན་འབྲས་སྤུངས་སུ་གདན་དྲངས་ཏེ་དངུལ་སྡོང་རིན་པོ་ཆེར་བཞུགས། ༸རྒྱལ་དབང་འདི་པར་གསུང་འབུམ་པོད་འབྲིང་གཅིག་ཙམ་བཞུགས་པ་བཅས་སོ།།

༸རྒྱལ་བ་བསོད་ནམས་རྒྱ་མཚོའི་རྣམ་ཐར་སྙིང་པོ་གཙོ་གལ་ཆེ་ཤོས་ནི། ཆོས་ལུགས་ཀྱི་ཐད་ནས་རི་བོ་དགེ་ལྡན་པའི་བསྟན་པ་ཐོག་མར་ནང་སོག་ཏུ་དར་སྤེལ་ནས་སོག་པོ་ཡོངས་རྫོགས་རི་བོ་དགེ་ལུགས་པའི་བསྟན་པ་ལ་དད་མོས་བྱེད་མཁན་ཞིག་ཏུ་བསྒྱུར་གནང་བ་དང་། འབྲས་སྤུངས་དགོན་པའི་ཁྲི་ཐོག་བཅུ་གཉིས་པ་དང་། སེ་ར་དགོན་པའི་ཁྲི་ཐོག་བཅོ་ལྔ་པ། དེ་བཞིན་གནས་རྙིང་དགོན་གྱི་ཁྲི་ལ་ཕེབས་པ་དང་། དབུས་གཙང་། མདོ་སྟོད་སྨད་སོག་ཡུལ་དང་བཅས་པ་དགོན་སྡེ་མང་པོ་ཕྱག་འདེབས་མཛད་པ། དགེ་ཚུལ་སློང་ཁྲི་ཕྲག་བསྒྲུབས་གནང་མཛད་པ་སོགས་ཡིན།

སྲིད་ཕྱོགས་ནས་༸རྒྱལ་བ་བསོད་ནམས་རྒྱ་མཚོས་སོག་ཡུལ་དུ་ཕེབས་པའི་སྐབས་སུ་སོག་པོ་མང་ཆེ་བ་ས་མན་ཆོས་ལུགས་ལ་དད་མོས་བྱེད་བཞིན་ཡོད་པས། སོག་པོ་རྣམས་བུད་མེད་ཀྱི་ཁྱོ་ག་འདས་རྗེས་ཁྱོ་གའི་བེམ་པོ་དང་མཉམ་དུ་བུད་མེད་ཀྱང་གསོན་པོར་ས་འོག་ཏུ་དུར་སྦས་གཏོང་བའི་ལུགས་སྲོལ་ཡོད་པར་མ་ཟད། ད་དུང་རྔ་མོང་དང་། རྟ་མང་པོ་བསད་ནས་གཤིན་པོར་འདས་མཆོད་བྱེད་པའི་ལུགས་སྲོལ་ངན་པ་ཞིག་ཡོད་པ་དེ་དག་ཐམས་ཅད་རྦད་དེ་མཚམས་བཅད་པ། དེ་དག་ལ་བརྟེན་ནས་སོག་པོའི་དཔལ་འབྱོར་གོང་འཕེལ་དང་། འཚོ་བ་ཡར་རྒྱས་ཡོང་བ་བཅས་ལ་མཛད་རྗེས་བླ་ན་མེད་པ་ཞིག་འཇོག་གནང་མཛད་ཡོད།

ཡུལ་ལུང་ཞི་བདེ་ལྷིང་འཇགས་ཀྱི་ཐད་ནས་སོག་པོའི་ཧལ་ཧ་བ་རྣམས་ཀྱིས་རྒྱའི་ལྕགས་རིའི་ནང་ཁོངས་ཀྱི་སྡེ་ལ་གནོད་འཚེ་བྱེད་པ་རྣམས་བཀག་པ་དང་། སོག་པོ་ཨོ་རོད་ནང་འཁྲུག་བྱུང་བ་གཉིས་ཀྱི་བར་འདུམ་མཛད་པར་མ་ཟད། ལྷག་པར་འཕྱོངས་རྒྱས་ནང་གསོ་གཉིས་མ་མཐུན་པར་གཡུལ་འཁྲུག་བྱུང་བ་དང་། སྐྱིད་ཤོད་དགའ་ལྡན་པ་དང་ནང་སོ་དོན་གྲུབ་རྒྱལ་པོས་སྐྱོར་མོ་ལུང་དུ་དམག་འཁྲུག་སོགས་བོད་ཀྱི་ནང་འཁྲུག་མང་པོ་ཞིག་བར་འདུམ་གནང་སྟེ་ཞི་བར་མཛད།

 

ན༽ བླ་མ་གང་དག་བསྟེན་གནང་མཛད་པ་དང་། གསུང་འབུམ་སྐོར།

 

སྐྱོར་མོ་ལུང་དགོན་གྱི་གནས་བརྟན་ཟླ་བ་དང་། མངའ་རིས་ལྷ་བཙུན་བསོད་ནམས་དཔལ་བཟང་། པཎ་ཆེན་བསོད་ནམས་གྲགས་པ། ཤར་རྩེ་ལེགས་པ་དོན་གྲུབ། ཆོས་རྗེ་ལེགས་པ་དོན་གྲུབ། གཞན་ཡང་དགེ་བའི་བཤེས་གཉེན་ཀུན་བཟང་རྩེ་པ་དང་། དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ཆེན་པོ་ཚར་ཆེན་བློ་གསལ་རྒྱ་མཚོ། རྗེ་བདེ་བ་ཅན་པ་སོགས་མཁས་གྲུབ་དུ་མ་དགེ་བའི་བཤེས་གཉེན་དུ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་ལ་མཁས་པའི་དབང་པོར་གྱུར་པ་དང་། གསུང་འབུམ་ལ་ཆོས་ཚན་ཁག་ ༤༡ ལ་ལྡེབ་རིང་ཤོག་གྲངས་ ༢༨༦ ཡོད་པའི་གསུང་པོད་གཅིག་བཞུགས་སོ།།

དེ་ལྟར་༸རྒྱལ་དབང་སྐུ་ཕྲེང་གསུམ་པ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་མཆོག་ཉིད་ཀྱི་སྐུ་ཚེ་ཧྲིལ་པོའི་རྒྱལ་བསྟན་རིན་པོ་ཆེ་མི་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་ཀྱི་མཛད་པ་སྤྱི་ནི་༸རྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་རྣམ་ཐར་རྗེ་བཙུན་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དངོས་གྲུབ་རྒྱ་མཚོའི་ཤིང་རྟ་སོགས་སུ་གསལ་བས་དེ་དག་ཏུ་གཟིགས་པར་འཚལ་ལོ།།  །།

[1] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༣༢༢

[2] གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༤༠༢

[3] གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༤༠༢

[4] གསུང་འབུམ་དཀར་ཆག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༥

[5] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༧༦༤

[6] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༣༢༥

༸རྒྱལ་དབང་སྐུ་པྲེང་རིམ་བྱོན་གྱི་རྣམ་ཐར་སྙིང་བསྡུས་གསེར་གྱི་ཕྲེང་བ་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།