༸ རྒྱལ་བ་སྐུ་ཕྲེང་བཞི་པ། ཡོན་ཏན་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

༸   རྒྱལ་བ་སྐུ་ཕྲེང་བཞི་པ། ཡོན་ཏན་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

ཀ༽ གང་དུ་སྐུ་འཁྲུངས་པ་དང་། སྐུ་ན་ཆུང་དུས་ཀྱི་མཛད་སྤྱོད།

དེ་ཡང་འཁྲུངས་རབས་གསོལ་འདེབས་ལས།

ཇིང་གིར་རྗེ་རིགས་ཧོར་སོག་ཡུལ་དུ་འཁྲུངས།།
རྒྱ་ནག་མོང་གོལ་ཁ་བ་རི་པ་སོགས།།
གདུལ་དཀའ་འདུལ་མཛད་ཕྱག་ན་པདྨོ་རུ།།
ཞལ་བཞེས་ཡོན་ཏན་རྒྱ་མཚོར་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར་༸རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་མཆོག་ནི། རབ་བྱུང་དགུ་པའི་ས་གླང་ཕྱི་ལོ་ ༡༥༨༩ ལོའི་བོད་ཟླ་ ༡ ཚེས་ ༡ ཉིན་ཆེན་པོ་ཧོར་གྱི་ཡུལ་དུ་ཇིང་གིར་གྱི་རྒྱལ་རྒྱུད་ཨལ་ཐན་རྒྱལ་པོའི་ཚ་བོ། ཡབ་སེ་ཆེན་ཆོས་ཁུར་དང་། ཡུམ་བཱ་ཁེན་སྒྲུ་ལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཟླ་བ་དེ་གའི་ནང་དུ་ཡབ་ཀྱི་མཚན་ནས་འབོད་པ་དང་། གཞན་ཡང་གསུང་གླེང་མང་དུ་གནང་བས་ཐམས་ཅད་ཡ་མཚན་པར་གྱུར། ཉིན་གཅིག་ཡུམ་ལ་ལྷ་ཁང་ནས་བཀའ་འགྱུར་གྱི་མ་དུམ་སྤྱན་དྲོངས་ཤིག་གསུངས་པ་ལྟར་བླངས་པས། གླེགས་བམ་ལ་གཟིགས་ཏེ་འདི་ནི་ངའི་རྣམ་ཐར་ཡིན་ཞེས་གསུངས། གླེགས་བམ་ཁ་ཕྱེ་བས་དམ་ཆོས་པད་དཀར་གྱི་ནང་གི་དོན་ཡོད་ཞགས་པའི་རྣམ་ཐར་བྱུང་བས། སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པར་གོར་མ་ཆག་ཅེས་ཀུན་གྱིས་གླེང་བ་དང་། གནས་ཆུང་དགྲ་ལྷ་འོད་ལྡན་དཀར་པོ་དང་། ཚེར་གསེབ་ཆོས་སྐྱོང་གཉིས་ཀས་སོག་ཡུལ་རང་དུ་ཕེབས་པར་ལུང་བསྟན་པ་དང་། མདོར་ན་བླ་ལྷའི་ལུང་བསྟན་དང་འཁྲུངས་ལྟས་ཀྱི་མཛད་སྤྱོད་སོགས་ལ་བརྟེན་ནས་༸རྒྱལ་དབང་བསོད་ནམས་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་གནང་།

ཁ༽ སྔོན་གནས་རྗེས་དྲན་གྱི་མཛད་པ་དང་། གསན་བསམ་གནང་ཚུལ།

དགུང་ལོ་གསུམ་ལ་ཕེབས་པ་ལྕགས་ཡོས་ཕྱི་ལོ་ ༡༥༩༡ ལོར་ཐུ་མེད་ཀྱི་རྒྱལ་པོ་མཇལ་བར་ཕེབས་པས། ན་ཚོད་ཕྲ་ཡང་ཞུམ་པ་དང་བག་ཚ་བ་མེད་པར་ཞལ་འཛུམ་པ་དང་བཅས་རྒྱལ་པོ་འཁོར་བཅས་བདེ་བར་གནས་སམ་ཞེས་གསུངས་པས། རྗེ་གོང་མ་དྲན་པའི་གདུང་ཤུགས་ཀྱིས་མིག་ནས་མཆི་མ་འཁྲུག་ཅིང་ལུས་ཀྱི་བ་སྤུ་ལྡང་བར་གྱུར། རྒྱལ་པོའི་ཕྱག་ཕྱིར་ལི་ཐང་གི་ལྷ་ཆེན་བཞེངས་པའི་བལ་པོའི་ལྷ་བཟོ་བ་ཡང་ཡོད་པར་མིང་ནས་བོས་ཏེ་ངོས་འཛིན་གནང་། དེ་ནས་རྗེ་གོང་མའི་སྐུ་ཞང་རིག་སྔགས་འཆང་བ་ཀུན་བཟང་རྩེ་པ་བྱོན། ༸རྒྱལ་དབང་གོང་མའི་ཐང་ཞུ་དང་ཕྱག་དྲིལ་གཟིགས་འབུལ་ཞུས་པས་ཇི་ལྟ་བ་བཞིན་དུ་མཁྱེན་པར་གྱུར། དེ་ནས་ཁོང་གི་མཛད་སྤྱོད་ཀྱི་སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ་པ་ལ་བརྟེན་ནས་རྒྱ་བོད་སོག་གསུམ་སོགས་ཀྱི་སྐྱེ་བོ་ཧ་ཅང་མང་པོ་མཇལ་བར་འོངས།

དེ་ནས་སྐུ་ཞང་རིན་པོ་ཆེ་ཀུན་བཟང་རྩེ་པ་དང་། མཉྫུ་ཆོས་རྗེས་གཙོས་པའི་བོད་སོག་གི་དགེ་འདུན་པ་མང་པོ་དང་། རྒྱལ་པོ་རྒྱལ་མོ་ཧོང་ཐའི་ཇི་སོགས་སྐྱེ་བོའི་ཚོགས་གྲངས་མེད་པ་གདན་འདྲེན་ཞུ་བར་འབྱོར། ཚེས་ ༡༥ ཉིན་ཆིབས་པ་ལ་བཅིབས་ཏེ། གདན་འདྲེན་པ་རྣམས་དང་ཆིབས་སྐྱེལ་བ་ཡབ་ཀྱིས་གཙོས་པའི་རྟ་པ་སྟོང་ཕྲག་གིས་བསྐོར་ཏེ་ཕེབས། དེའི་ཚེ་ཆ་དཀར་རྒྱལ་པོས་དབོན་པོ་ཕུན་ཚོགས་ཀྱིས་གཙོས་པའི་རྟ་པ་ལྔ་བརྒྱ་ཙམ་མངགས་པ་འབྱོར། དེ་ནས་རྗེ་གོང་མ་ཉིད་ཀྱི་བཞུགས་ཡུལ་སུ་གདན་དྲངས་ཏེ་གནས་སྐབས་རིང་ཡི་གེ་འབྲི་ཀློག་དང་། ཕྱག་དཔེ་ཐུགས་འཛིན་གནང་རྒྱུ་སོགས་རིན་པོ་ཆེ་ཀུན་བཟང་རྩེ་པ་ནས་ཀྱིས་སྐུ་ཡོན་སྒྲོན་འབུལ་ཞུས་པས་གསན་བསམ་སློབ་གཉེར་གྱི་རིམ་པ་རྣམས་འབད་བརྩོན་ལ་བལྟོས་མི་དགོས་པར་བདེ་བླག་ངང་མཁྱེན་པར་བརྟེན། སྐུའི་ཡོངས་འཛིན་ཐོག་མ་ཀུན་བཟང་རྩེ་པ་ཐུགས་ཤིན་ཏུ་མགུ་པོ་བྱུང་བས་སྐུ་གོང་མ་དང་ཁྱད་པར་མི་འདུག་ཅེས་བསྔགས་པ་ཆེས་ཆེར་མཛད་དོ།།

ག༽ ཡང་སྤྲུལ་ངོས་འཛིན་དང་། ཡོན་ཏན་རྒྱ་མཚོ་ཞེས་མཚན་གསོལ་ཚུལ།

དགུང་ལོ་བཞི་ལ་ཕེབས་པ་ཆུ་འབྲུག་ཕྱི་ལོ་ ༡༥༩༢ ལོར་བོད་ནས་ཕྱག་མཛོད་ཆེན་མོ་དཔལ་ལྡན་རྒྱ་མཚོ་དང་། ཕོ་བྲང་ཆེན་པོ་སྣེའུ་གདོང་རྩེ་ནས་མིའི་དབང་ཕྱུག་མི་ཕམ་དབང་གྱུར་རྒྱལ་པོ་དང་། ཕོ་བྲང་ཆེན་པོ་གོང་རི་དཀར་པོ་ནས། གངས་ཅན་མགོན་པོ་རླངས་སྟོན་ཆོས་ཀྱི་རྒྱལ་པོ་ལྷ་གཟིགས་ངག་དབང་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་དང་། ཤུན་ནས་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེ་གསུམ་གྱིས་མི་སྣས་གཙོས་ས་སྐྱོང་རྒྱ་རི་བ་དང་། ས་སྐྱོང་དགའ་ལྡན་པ་སོགས་སྡེ་དཔོན་ཆེ་ཕྲ་མང་པོ་དང་། གདན་ས་སེ་འབྲས་དགའ་གསུམ་གྱིས་ཐོག་དྲངས་པའི་ཆོས་སྡེ་ཁག་གི་གདན་འདྲེན་ཞུ་མི་དང་བཅས་མཁར་སྔོན་པོར་འབྱོར་ཏེ་སྤྲུལ་སྐུ་དགུང་ལོ་གསུམ་བཞེས་པའི་སྐབས་༸རྒྱལ་བ་བསོད་ནམས་རྒྱ་མཚོའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་ཞིང་། བོད་ཀྱི་མཁས་པ་ཆེན་པོ་དགའ་ལྡན་ཁྲི་པ་གསར་པ་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ་མཆོག་གིས་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་དཔལ་བཟང་པོ་ཞེས་མཚན་གསོལ་ཞིང་། ཡབ་ཡུམ་རྣམས་སྲས་ལ་ཧ་ཅང་གཅེས་པས་ཐག་རིང་དུ་ཕེབས་རྒྱུ་ཐུགས་ཀྱིས་མ་བཟོད་པར་བརྟེན། བོད་ལ་ཕེབས་རྒྱུའི་དུས་ཚོད་རིམ་པར་ནར་འགྱངས་གནང་སྟེ་དགུང་ལོ་ ༡༤ མ་ཕེབས་བར་སོག་ཡུལ་དུ་བཞུགས་དགོས་བྱུང་།

ང༽ བོད་དུ་གདན་ཞུ་གནང་སྟེ་གསེར་ཁྲི་མངའ་གསོལ་ཞུ་ཚུལ།

དགུང་ལོ་བཅུ་བཞིར་ཕེབས་པ་ཆུ་ཡོས་ཕྱི་ལོ་ ༡༦༠༣ ལོར་བོད་ཕྱོགས་ཀྱི་གདན་འདྲེན་སྒར་དམངས་དང་སོག་པོའི་ཕེབས་སྐྱེལ་དང་བཅས་མཁར་སྔོན་པོ་ནས་ཞལ་གྱེས་ཏེ་བོད་དུ་ཆིབས་ཞལ་བསྒྱུར། དེ་ནས་རིམ་བཞིན་མཚོ་སྔོན་དུ་ཕེབས་ཏེ་མཚོ་སྔོན་དུ་ཟླ་བ་གཉིས་ལྷག་ཙམ་བཞུགས་རིང་རྗེ་སྐུ་འབུམ་དུ་བཞུགས་གདན་འཇགས་ཏེ། འདུལ་བ་ཆོས་རྗེ་ཕྱི་མ་འོད་ཟེར་རྒྱ་མཚོ་རྗེ་སྐུ་འབུམ་གྱི་གདན་སར་བསྐོ་གཞག་གནང་བ་དང་། སྒྲིག་ལམ་ཀུན་སྤྱོད་སོགས་ལ་དག་ཐེར་དང་། འཆད་ཉན་ཚུགས་དགོས་པའི་བཀའ་ཐམ་ཞིབ་རྒྱས་སྩལ།

དེ་རྗེས་རྗེ་སྐུ་འབུམ་བརྒྱུད་དེ་དབུས་ཕྱོགས་སུ་ཕེབས་ཤིང་། ཐོག་མར་བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་སུ་ཕེབས། དེར་དགའ་ལྡན་ཁྲི་ཟུར་སངས་རྒྱས་རིན་ཆེན་གདན་འདྲེན་ཞུ་བར་ཕེབས། ཐོག་མར་རྭ་སྒྲེང་དུ་ཆིབས་སྒྱུར་གནང་སྐབས་བཀའ་གདམས་གླེགས་བམ་གྱི་བཀའ་ཆོས་ཀྱང་འཁོན་ཐོགས་མེད་པར་གནང་ཐུབ་པ་དང་། ད་དུང་བོད་ཀྱི་ཆེ་རྒུ་རྣམས་དང་བོད་སྐད་ཀྱི་ཐོག་ནས་ཆོས་དང་འཇིག་རྟེན་གཉིས་ཀའི་སྐོར་གསུང་གླེང་གནང་ཐུབ་པ་སོགས་ཀྱི་སྐུ་ཡོན་ལ་ངོ་མཚར་སྐྱེ་འོས་ཀྱི་གནས་སུ་གྱུར།

དེ་ནས་སྟག་ལུང་དུ་སེར་སྦྲེངས་དང་བཅས་ཕེབས་བཞུགས་མཛད་ཅིང་། དེའི་ཚེ་ས་སྐྱོང་དགའ་ལྡན་པ་མི་དབང་གཡུལ་རྒྱལ་ནོར་བུ་ཡབ་སྲས་དང་། དགའ་ལྡན་ཕོ་བྲང་ནས་དབོན་གཉེར་སྐུ་མདུན་རིན་པོ་ཆེ་ཆོས་བཟང་འཕྲིན་ལས་སོགས་གདན་འདྲེན་ཞུ་མཁན་ཕལ་མོ་ཆེ་འབྱོར། དེ་ནས་འཕན་ཡུལ་དུ་ཕེབས་པ་དང་། དགའ་ལྡན་ཁྲི་པ་ལས་ཐོག་དགེ་འདུན་རྒྱལ་མཚན་མཆོག་ཕེབས་བསུར་བཅར་ཏེ་གསོལ་འདེབས་ཞུས་པ་ལྟར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས། དགའ་ལྡན་གྱི་ལྷ་ཁང་ལ་རྣམས་ལ་ཞིབ་གཟིགས་གནང་། ཁྱད་པར་རྗེ་བདག་ཉིད་ཆེན་པོའི་གསེར་གདུང་རིན་པོ་ཆེ་མཇལ་སྐབས་རྗེ་རིན་པོ་ཆེས་དངོས་སུ་ཞལ་གཟིགས་བྱུང་། དེ་ནས་བོད་གངས་ཅན་ལྗོངས་ཀྱི་ལྟེ་བ་ལྷ་ལྡན་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་ཕེབས་པར་ཉེ་བ་ན། སྐྱ་སེར་གདན་འདྲེན་ཆིབས་རྟ་ཁྲི་ཕྲག་ལས་བརྒལ་བས་མདུན་བསུས་ཏེ་གཞིས་ཀ་དགའ་ལྡན་ཁང་གསར་དུ་སྤྱན་དྲངས། དེ་ནས་ཟླ་ ༨ ཚེས་ ༡༥ ཉིན་སེར་འབྲས་དང་། དགའ་སྐྱོར་སོགས་ཉེ་འཁོར་གྱི་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་འདུས་ཏེ། སེར་སྦྲེངས་གཟབ་རྒྱས་ཐོག་འབྲས་སྤུངས་ཀྱི་གདན་སར་༸ཞབས་སོར་འཁོད་པ་དང་། གདན་ས་དཔལ་ལྡན་འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་གསེར་ཁྲིར་མངའ་གསོལ་གྱི་རྟེན་འབྲེལ་མཛད་སྒོ་གཉིས་དུས་གཅིག་ལ་གནང་།

ཅ༽ དགེ་ཚུལ་སྡོམ་པ་འབུལ་བཞེས་དང་། གསན་བསམ་སློབ་གཉེར་གནང་ཚུལ།

དེ་ནས་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པར་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་ཇོ་བོ་ཤཱཀྱ་མུ་ནེའི་སྤྱན་སྔར་དགའ་ལྡན་ཁྲི་ཟུར་སངས་རྒྱས་རིན་ཆེན་གྱིས་མཁན་པོ་དང་། དགའ་ལྡན་ཁྲི་པ་དགེ་འདུན་རྒྱལ་མཚན་མཆོག་གིས་སློབ་དཔོན་གནང་སྟེ་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་རྗེས་བཀྲ་ཤིས་ལྷུན་པོ་ནས་མཁན་སློབ་ཚང་མ་མཇལ་བར་ཕེབས་པའི་ལམ་དུ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གཟིགས་སྣང་ལ། མིག་འཕྲུལ་ལྟ་བུའི་ཁྱེའུ་དཀར་པོ་སོགས་ཡ་མཚན་པའི་ལྟས་བཟང་བྱུང་བ་པཎ་ཆེན་རིན་པོ་ཆེའི་རྣམ་ཐར་དུ་གསལ་ཞིང་། ཁྲི་རིན་པོ་ཆེ་དགེ་འདུན་རྒྱལ་མཚན་གྱི་འཆར་སྟོན་ལྟར། ཞབས་དྲུང་རིན་པོ་ཆེ་དང་ཕྱག་མཛོད་རྣམ་གཉིས་བཀའ་བགྲོས་མཐུན་ནས་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན་མཆོག་ལ་བཀའ་ཆོས་ཀྱི་སྙན་གསལ་ཕུལ་བ་ཞལ་བཞེས་གནང་སྟེ། དཔོན་སློབ་རྣམས་རེ་ཞིག་འབྲས་སྤུངས་སུ་གཞི་ཕབ་ནས་བཞུགས་ཏེ། ལོ་ཤས་རིང་ལ་གསུང་ཆོས་ཀྱི་རིམ་པ་མང་པོ་འབུལ་བཞེས་མཛད།

ཆ༽ ལྷོ་ཁར་ཆིབས་སྒྱུར་དང་། དབང་ལུང་གསན་བཞེས་མཛད་ཚུལ།

དགུང་ལོ་བཅུ་དྲུག་ལ་ཕེབས་པ་ཤིང་འབྲུག་ཕྱི་ལོ་ ༡༦༠༤ ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་ཤིང་། དེ་ནི་བོད་དུ་ཕེབས་རྗེས་ཀྱི་སྨོན་ལམ་དང་པོ་ཡིན། སྨོན་ལམ་གྱི་གྲལ་དབུར་ཕེབས་སྐབས་བགྲང་བར་དཀའ་བའི་འདུས་ཚོགས་ཁྲི་སྟོང་གི་དབུས་སུ་ཞུམ་པ་སྤུ་ཙམ་མེད་པར་སྨོན་ལམ་གྱི་མཚམས་སྦྱོར་དང་། སྟོན་པའི་སྐྱེས་རབས་སོ་བཞི་པའི་བཀའ་ཆོས་ཀྱང་སྒྲ་དག་གསལ་གསུམ་གྱི་ངང་ནས་གནང་བར། དེར་འདུས་སྐྱེ་བོ་ཀུན་ཧ་ལས་པའི་ཚུལ་རྣམས་༸རྒྱལ་དབང་ལྔ་པ་ཆེན་པོས་མཛད་པའི་རྣམ་ཐར་ནོར་བུའི་ཕྲེང་བར་གསལ་ཡོད།

དེ་ནས་གོང་དཀར་ཞབས་དྲུང་དང་། གྱེ་རེ་ལྷ་པ་སོགས་ཀྱིས་རང་རང་གི་གཞིས་སུ་གདན་འདྲེན་ཞུས་པ་ལྟར་འོལ་ཁ་རྫིང་ཕྱི་དང་། དེ་ནས་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཆོས་འཁོར་རྒྱལ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་ཕེབས། པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀྱང་བཀའ་ཆོས་འབུལ་ཆེད་ཞབས་ཕྱིར་ཕེབས་ཏེ་བཞུགས་ཞག་མང་བར། དཔོན་སློབ་པཎ་ཆེན་རིན་པོ་ཆེས་ལྗགས་ལུང་གཙོར་བོར་གྱུར་པའི་བཀའ་ཆོས་འབུལ་བ་གནང་།

དེ་བཞིན་མལ་གྲོ་བརྒྱུད་རིན་ཆེན་གླིང་ཆོས་སྡེས་བསྙེན་བཀུར་ཞུས་ཤིང་། འདུས་ཚོགས་སུ་བཀའ་ཆོས་སྩལ། དེ་ནས་རྫིང་ཕྱི་དང་། འོལ་ཁ་རྩེ། ཆོས་འཁོར་རྒྱལ། སྐྱིད་ཤོད་བརྒྱུད་སེ་ར་ཐེག་ཆེན་གླིང་དུ་ཕེབས། དེ་ནས་འབྲས་སྤུངས་སུ་ཕེབས། དེ་ནས་སླར་ཡང་མེ་རྟ་ལོར་ཡར་ཀླུང་གི་ཕྱོགས་སུ་ཆིབས་ཁ་བསྒྱུར་ཏེ་ལྷོ་ཁ་འཕྱོངས་རྒྱས་འཕྱིང་བ་སྟག་རྩེར་ངག་དབང་བསོད་ནམས་གྲགས་པ་སྐུ་མཆེད་ཀྱིས་གདན་འདྲེན་ཞུས་པ་ལྟར་འཕྱོངས་རྒྱས་རི་བོ་བདེ་ཆེན་དང་། སྤྱན་གཡས་པ། ཕག་སྡེ་པ། དཔལ་རི་སྒྲུབ་སྡེ། བཀྲ་ཤིས་བདེ་ཆེན། ཆོས་ལམ་རིམ་པ། བདེ་སྟེར་བ་སོགས་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་ཆེ་ཆུང་རྣམས་སུ་ཕེབས། དེ་ནས་ཕོ་བྲང་ཆེན་པོ་སྣེའུ་གདོང་རྩེར་ཕེབས་ཏེ་བསྟན་འགྲོའི་མཛད་པ་རྒྱ་ཆེར་བསྐྱངས། དེ་ནས་རིམ་བཞིན་འབྲས་སྤུངས་སུ་ཕེབས།

ཇ༽ གཙང་ཕྱོགས་སུ་ཆིབས་བསྒྱུར་དང་། བསྟན་འགྲོའི་མཛད་པ་བསྐྱངས་ཚུལ།

དགུང་ལོ་བཅུ་དགུར་ཕེབས་པ་ཕྱི་ལོ་ ༡༦༠༧ ལོར་གཙང་ཕྱོགས་ཀྱི་དགེ་འདུན་པ་དང་། དད་ལྡན་སྦྱིན་བདག་རྣམས་ཀྱིས་གདན་ཞུའི་གསོལ་བ་བཏབ་པ་ལྟར་ཞལ་བཞེས་གནང་སྟེ། བཀྲ་ཤིས་ལྷུན་པོ་ནས་གདན་འདྲེན་ཞུ་བར་ཤར་རྩེ་དཔོན་སློབ་དགྲ་འདུལ་ཕེབས་འབྱོར་བྱུང་ཞིང་། འབྲས་སྤུངས་ནས་ཆིབས་ཞལ་བསྒྱུར་ནས་སྙུག་ལའི་ཐད་དུ་ཕེབས་སྐབས་ཀརྨ་པའི་ཕྱོགས་དང་། རི་བོ་དགེ་ལུགས་པའི་བར་མི་མཐུན་པའི་འགལ་བ་ཛ་དྲག་ཡོད་པའི་རྐྱེན་གྱིས་ཕེབས་ལམ་བཀག་པའི་གནས་ཚུལ་ཡང་བྱུང་ཡོད། དེ་ནས་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་བློ་བཟང་ཆོས་རྒྱལ་གྱི་སྐུ་མདུན་ནས་དབང་ལུང་མན་ངག་མང་དུ་གསན་བཞེས་གནང་། སྡེ་སྲིད་གཙང་པ་ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱིས་གཟན་ཤིང་གི་མཐུན་རྐྱེན་ཕུལ་བ་དང་། གཙང་ཁུལ་གྱི་སྐྱ་སེར་ཀུན་ལ་མཇལ་ཕྱག་གནང་། དེ་ནས་སྣར་ཐང་དང་། གངས་ཅན་ཆོས་འཕེལ། ཁྲོ་ཕུ། ལྷུན་པོ་རྩེ་སོགས་ལ་ཕེབས་ཏེ་བསྟན་འགྲོའི་འགྲོ་དོན་བསྐྱངས་རྗེས་སླར་ཡང་དབུས་སུ་ཆིབས་བསྒྱུར་སྐབས་མར་ལམ་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་དང་། གནས་རྙིང་སོགས་སུ་གནས་གཟིགས་གནང་།

ཉ༽ སེ་འབྲས་སུ་ཕེབས་ཏེ་བསྟན་འགྲོའི་འགྲོ་དོན་རྒྱ་ཆེ་མཛད་ཚུལ།

དེ་ནས་རིང་པོར་མ་ལོན་པར་སེ་ར་ཐེག་ཆེན་གླིང་དུ་ཕེབས་ཏེ་ཡུན་རིང་བཞུགས། དེ་སྐབས་ལམ་པ་རབ་འབྱམས་པ་བསོད་ནམས་གྲགས་པས། དཔོན་སློབ་པཎ་ཆེན་རིན་པོ་ཆེར་འཇིགས་བྱེད་ཀྱི་འཁྲུལ་འཁོར་སོགས་ཕྱག་ལེན་མང་དུ་ཞུས། བཀའ་བརྒྱུད་པ་དང་དགེ་ལུགས་པ་མ་མཐུན་པ་ལ་བརྟེན་ནས་གཙང་དམག་སྐྱིད་ཤོད་དུ་དྲངས་པ་སོགས་དགེ་ལུགས་པའི་སྦྱིན་བདག་དང་བཅས་པར་བསུན་གཙེར་ཅི་ཆེ་བྱུང་བར། ༸རྒྱལ་བ་ཡོན་ཏན་རྒྱ་མཚོས་དྲག་པོ་མངོན་སྤྱོད་ཀྱི་ལས་སྦྱོར་གནང་བར་རྟགས་མཚན་འཕྲལ་དུ་གསལ་པོ་ཐོན་པར་བརྟེན་མཚན་ཡང་མཐུ་སྟོབས་རྒྱ་མཚོ་ཞེས་སུ་གྲགས་སོ།།

དགུང་ལོ་ཉེར་གསུམ་ལ་ཕེབས་པ་ལྕགས་ཕག་ཕྱི་ལོ་ ༡༦༡༡ ལོར་འབྲས་སྤུངས་སུ་ཕེབས་ཏེ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དྲུང་ནས་རྡོ་རྗེ་ཕྲེང་བའི་བཀའ་དབང་གསན་བཞེས་གནང་ཞིང་། ལོ་དེར་གཙང་པ་དཔོན་ཞང་ཐུགས་འདོད་མ་མཉམ་པར་བརྟེན། གཙང་གི་དམག་དཔུང་གཏོས་ཆེ་ཡར་རྒྱབ་ཏུ་འབྱོར། ཡར་རྒྱབ་པ་དཔོན་བློན་གསོལ་སྐལ་གྱི་སྟེང་དུ་བཞུགས་དགོས་པའི་གནས་ཤིག་ལ་བརྟེན། མཚན་མཐུ་སྟོབས་རྒྱ་མཚོ་ཞེས་བསྒྱུར། འབྲས་སྤུངས་སུ་གཞུང་ལུགས་སྣ་ཚོགས་ལ་གསན་སྦྱོང་ལེགས་པར་མཛད། བསྟན་པ་སྤྱི་སྒེར་དང༌། བོད་འབངས་བདེ་ཐབས་སུ་ཞྭ་དམར་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཆོས་ཀྱི་དབང་ཕྱུག་དང༌། གཙང་པ་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་སོགས་ཀྱི་སྐབས་དེའི་བླ་མ་དང༌། དཔོན་ཆེན་ཁག་ལ་ཆོས་དང་ཟང་ཟིང་གི་འབྲེལ་བ་བཟང་པོ་གཏོད་ཐབས་ཀྱི་དགོངས་བཞེས་རྒྱ་ཆེ་མཛད་ཀྱང་དགོངས་གཞི་ལྟར་གྲུབ་པ་མ་བྱུང་།

ཏ༽ བསྙེན་པར་རྫོགས་ཤིང་། མདོ་སྔགས་ཀྱི་ཆོས་ཚུལ་གསན་བཞེས་གནང་ཚུལ།

དགུང་ལོ་ཉེར་དྲུག་ལ་ཕེབས་པ་ཤིང་སྟག་ཕྱི་ལོ་ ༡༦༡༤ ལོའི་ཟླ་བ་གཉིས་པའི་དུས་ཚེས་དགེ་བར་དཔལ་ལྡན་འབྲས་སུ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཁན་པོ་དང་། སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གིས་ལས་སློབ་གནང་སྟེ། དགེ་འདུན་གྲངས་བའི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་ནས་ཁྲི་རིན་པོ་ཆེ་སངས་རྒྱས་རིན་ཆེན་དང་། ཁྲི་རིན་པོ་ཆེ་དགེ་འདུན་རྒྱལ་མཚན། ཆོས་གཉེར་གྲགས་པ། དཔོན་སློབ་པཎ་ཆེན་བློ་བཟང་ཆོས་རྒྱན་མཆོག གཟིམ་ཁང་གོང་གི་སྤྲུལ་སྐུ། འོལ་ཁ་ནས་དྲུང་པ་མཁས་བཙུན་པ། རྗེ་ནོར་བུ་བ་སོགས་བླ་མ་མང་པོར་མདོ་སྔགས་ཀྱི་ཆོས་ཚུལ་ཇི་སྙེད་ཅིག་གསན་བཞེས་གནང་།

ཐ༽ རྡོ་རྗེ་འཆང་གི་མཚན་བསྟོད་ཕུལ་ཞིང་། དམག་འཁྲུག་ཞི་འཇགས་མཛད་ཚུལ།

དགུང་ལོ་ཉེར་བརྒྱད་ལ་ཕེབས་མེ་འབྲུག་ཕྱི་ལོ་ ༡༦༡༦ ལོའི་ཟླ་བ་གསུམ་པའི་ནང་རྒྱ་ནག་ཏཱ་མིང་རྒྱལ་པོས་ཁྱབ་བདག་རྡོ་རྗེ་འཆང་ཞེས་པའི་མཚན་བསྟོད་དང་བཅས་པ་ཕུལ་ཏེ། རྒྱ་ནག་ཏུ་ཕེབས་དགོས་པའི་སྙན་གསན་ཕུལ་བར་རྟེན་འབྲེལ་གྱི་སྒོ་ནས་ཞལ་བཞེས་མཛད་ཀྱང་། སྟབས་མི་ལེགས་པར་ལོ་དེ་གའི་ལོ་མཇུག་ཏུ་དགོངས་པ་རྫོགས་སྟབས་ཐུགས་འདུན་མ་འགྲུབ། གཞན་ཡང་བླ་མ་བསོད་ནམས་བློ་གྲོས་ཀྱིས་རྒྱ་ཡུལ་དུ་ལྷ་ཁང་གསར་བཞེངས་ཤིག་ལ་རབ་གནས་ཞུས་པར་འབྲས་སྤུངས་དགའ་ལྡན་ཕོ་བྲང་ནས་རབ་གནས་གནང་བས། དེ་ཉིན་རྒྱ་ཡུལ་གྱི་ལྷ་ཁང་དེའི་ནང་ཕྱག་ནས་འཕྱག་རྒྱུ་ཡོད་པ་མངོན་སུམ་དུ་བྱུང༌བ་དང་། རྟེན་འགའ་ཞིག་གི་ཐུགས་ཀར་མེ་ཏོག་དངོས་སུ་བཟུང་བ་སོགས་བློ་ཡི་ར་བ་ལས་འདས་པའི་རྫུ་འཕྲུལ་གྱི་བཀོད་པ་རྒྱ་ཆེར་བསྟན།

དེ་མིན་༸རྒྱལ་མཆོག་ཡོན་ཏན་རྒྱ་མཚོ་མཆོག་སྐུ་ཚེ་༸ཞབས་པད་བརྟན་པའི་རིང་། དཔོན་པོ་ཁོ་ལོ་ཆེའི་སྲས་ཆེ་ཆུང་གཉིས་ཀྱིས་དམག་དཔུང་ལན་གྲངས་མང་པོ་ལྷགས་ཏེ། སྡེ་སྲིད་གཙང་པ་ལ་གཡུལ་འགྱེད་རྩིས་ཀྱི་བོད་དང་ཁད་ཉེ་སར་འབྱོར་པ་ན། ཆེད་གཏད་མི་སྣ་མངགས་ཏེ་དུས་ཟིང་ཉེ་བར་ཞི་བར་མཛད་དེ་འབོད་འབངས་དང་བཅས་པ་ཞི་བདེའི་དཔལ་ལ་འགོད་པར་མཛད།

ད༽ དགོངས་པ་ཆོས་དབྱིངས་སུ་ཐིམ་ཞིང་། སྐུ་གདུང་བཞེངས་ཚུལ།

༸རྒྱལ་བ་ཡོན་ཏན་རྒྱ་མཚོ་བོད་དུ་ཕེབས་རྗེས་སེམས་ཅན་གྱི་འགྲོ་དོན་ཆེད་ཐུགས་བྲེལ་ཁོ་ནས་དུས་འདའ་བ་དང་། ཐ་ན་སྐུ་གཟུགས་བདེ་མིན་གྱི་སྐབས་སུའང་དོ་གལ་ཆེ་རིགས་ཚང་མ་སྐུ་ངོ་མས་དོ་འཁུར་ཐག་གཅོད་མཛད་དགོས་པ་སོགས་ཀྱིས་རྐྱེན་སྐུ་གཟུགས་ལ་དགོས་ངེས་ཀྱི་སྨན་བཅོས་འཕྲོད་བསྟེན་གནང་རྒྱུར་ལྷོད་གཡེང་ཤོར་ནས་མཐར་ཞབས་འབམ་དང་། སྐུ་སྙིང་གི་སྙུན་གཞི་གཉིས་འདོམས་ཀྱིས་སྐུ་བསྙུང་བའི་ཚུལ་བསྟན་ཏེ་དགུང་གྲངས་ ༢༨ ལ་ཕེབས་པ་མེ་འབྲུག་ལོ་སྟེ་ཕྱི་ལོ་ ༡༦༡༦ ལོའི་ཟླ་བ་ ༡༢ ཚེས་ ༡༥ ཉིན་འབྲས་སྤུངས་དགོན་དུ་སྐུ་ངན་ལས་འདས།

དེ་ནས་དགུང་ཞག་ཞེ་དགུའི་བར་དུ་དཔལ་ལྡན་རྒྱུད་གྲྭ་སྟོད་སྨད་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་། གྲྭ་ས་སོ་སོའི་དགེ་འདུན་གྱི་སྡེ་རྣམས་ཀྱིས་དགོངས་རྫོགས་རྒྱ་ཆེན་པོ་བསྒྲུབས། དེ་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་སྐུ་གདུང་ཞུགས་སུ་ཕུལ་བར་དབུ་ཐོད་དང་། ཐུགས་ལྗགས་སྤྱན་གསུམ་དང་སྐུ་གདུང་རིང་ལས་བསྲེལ་མང་དུ་ཕེབས་ཤིང་། ཁལ་ཁ་དཔོན་པོ་ཆུ་ཁུར་གྱིས་དད་རྟེན་དུ་དབུ་ཐོད་དང་། ཐུ་མེད་ཐའི་ཇིས་ཐུགས་སོགས་རང་རང་གི་ཡུལ་དུ་སྤྱན་དྲངས་ཤིང་། ཁལ་ཁ་ཆོ་ཁུར་གྱིས་སྦྱིན་བདག་དང་། ཕྱག་མཛོད་བསོད་ནམས་རབ་བརྟན་གྱིས་ཐུགས་འཁུར་བཞེས་ཏེ་རིང་བསྲེལ་སོགས་གཟུངས་སུ་ཕུལ་བའི་དངུལ་གྱི་གདུང་རྟེན་བཞེངས་པ་འབྲས་སྤུངས་སུ་བཞུགས་སུ་གསོལ་བ་བཅས་སོ།།

ན༽ གསུང་རྩོམ་དང་། ཡང་སྲིད་ངོས་འཛིན་མི་ཆོག་པ་བཟོས་ཚུལ།

༸རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་མཆོག་གི་སྐུ་ཚེ་ཧྲིལ་པོའི་རྣམ་ཐར་གྱི་མཛད་པ་གཙོ་བོ་ནི། དམ་པའི་ཆོས་ཀྱི་སྒྲུབ་པ་ཉམས་བཞེས་གནང་བ་ལས། འཆད་རྩོད་རྩོམ་གསུམ་གྱི་བྱ་བ་རླབས་ཆེན་མ་གནང་བར་བརྟེན། གསུང་རྩོམ་གྱི་སྐོར་ལ་འདི་དང་འདི་ཞེས་བྱ་བ་མཇལ་རྒྱུ་མི་སྣང་ཞིང་། ༸རྒྱལ་བ་ཡོན་ཏན་རྒྱ་མཚོ་མཆོག་སྐུ་འཚོ་བཞུགས་རིང་བོད་ཀྱི་ཆབ་སྲིད་གནས་བབ་རྙོག་རྫིང་ཤིན་ཏུ་ཆེ་བའི་དུས་སྐབས་དང་འཁེལ་ནས་གང་ཅིར་མཛད་དཀའ་དང་། སྐུ་ཚེ་ཐུང་ངུ་ཞིག་ལས་བཞུགས་མེད་ཀྱང་། བོད་ཀྱི་ལོ་རྒྱུས་ཐོག་ངོ་མཚར་ཆེ་བའི་མཛད་རྗེས་ཆེན་པོ་འཇོག་གནང་མཛད་ཡོད།

ཕྱི་ལོ་ ༡༥༦༥ ནས་ ༡༦༤༢ བར་ལོ་ངོ་ ༧༧ རིང་གཙང་པ་རྒྱལ་པོ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་དང་། ཀརྨ་བསྟན་སྲུང་དབང་པོ། ཀརྨ་ཕུན་ཚོགས་རྣམ་རྒྱལ། ཀརྨ་བསྟན་སྐྱོང་དབང་པོ་བཅས་ཀྱིས་ཆབ་སྲིད་བསྐྱངས་ཤིང་། ལྷག་པར་ཕྱི་ལོ་ ༡༦༡༢ དང་ཕྱི་ལོ་ ༡༦༡༣ ལོ་གཉིས་ཀར་གཙང་པ་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་གྱི་དམག་གིས་འཕན་པོ་དང་། གཞིས་ཀ་སྣེའུ་སོགས་བླངས་ཏེ་བོད་ཡོངས་ལ་དབང་སྒྱུར་བྱས་པར། ༸རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་མཆོག་གིས་གཙང་པར་དྲག་པོ་མངོན་སྤྱོད་ཀྱི་ལས་སྦྱོར་གནང་བས། ༸རྒྱལ་བ་ཡོན་ཏན་རྒྱ་མཚོའི་ཡང་སྲིད་ངོས་འཛིན་ཞུ་མི་ཆོག་པའི་བཀའ་ཕབ་ཅིང་། ཕྱིས་སུ་པཎ་ཆེན་བློ་བཟང་ཆོས་རྒྱལ་གྱིས་ཞུ་བ་ཡང་ཡང་ཕུལ་བར་བརྟེན་གཞི་ནས་༸རྒྱལ་བ་ཡོན་ཏན་རྒྱ་མཚོའི་ཡང་སྲིད་རྩད་གཅོད་ཞུ་ཆོག་པར་ཁས་བླངས་པ་བཅས་༸རྒྱལ་བ་ཡོན་ཏན་རྒྱ་མཚོའི་ཞིབ་ཕྲའི་རྣམ་ཐར་མཁྱེན་པར་འདོད་ན། ༸རྒྱལ་དབང་ལྔ་པ་ཆེན་པོས་མཛད་པའི་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་རྣམ་པར་ཐར་པ་ནོར་བུའི་ཕྲེང་བ་སོགས་སུ་གཟིགས་པར་འཚལ་ལོ།།  །།

༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་སྙིང་བསྡུས་གསེར་གྱི་ཕྲེང་བ་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།