༸ རྒྱལ་བ་སྐུ་ཕྲེང་ལྔ་པ། བློ་བཟང་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

༸  རྒྱལ་བ་སྐུ་ཕྲེང་ལྔ་པ། བློ་བཟང་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

ཀ༽ གང་དུ་སྐུ་འཁྲུངས་པ་དང་། རིགས་རྒྱུད། མཚན་གྱི་རྣམ་གྲངས།

 

དེ་ཡང་འཁྲུངས་རབ་གསོལ་འདེབས་ལས།

ཟ་ཧོར་རིགས་ལས་འཕྱོངས་རྒྱས་མཚན་དཔེ་བཞད། །

རྩ་གསུམ་ཞལ་གཟིགས་དག་སྣང་ཉེར་ལྔའི་བདག །

ལུགས་བཟུང་དཔལ་གྱི་བོད་ཁམས་གཏན་བདེར་བཀོད། །

ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། ༸རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་ནི། ཇི་སྐད་དུ། འཇམ་དཔལ་རྩ་རྒྱུད་ལས། དུས་མཐར་འཇིག་རྟེན་ཉམས་པ་ན། །སྡོམ་བརྩོན་རྒྱལ་པོའི་ཚུལ་གྱིས་ནི། །འབྱུང་བར་འགྱུར་བ་ཐེ་ཚོམ་མེད། །དཔེར་ན་མ་ཁོལ་ཞེས་བྱ་དང༌། །མེ་ཏོག་ཅེས་བྱར་རྣམ་པར་གྲགས། །ཞེས་དང༌། གཞན་ཡང་བཀའ་གདམས་གླེགས་བམ་དང་། རཏྣའི་སྤྱི་ལུང༌། རྡོ་རྗེ་གླིང་པའི་གཏེར་ལུང༌། བཀའ་ཐང་སྡེ་ལྔ་སོགས་བཀའ་གཏེར་མང་པོ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྤྲུལ་པར་ལན་ཅིག་མིན་པར་གསུངས་པའི་༸རྒྱལ་དབང་ལྔ་པ་ཆེན་པོ་མཚན་ཡོངས་རྫོགས་ལ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེའམ། བྱིས་པའི་མཚན་བདུད་འདུལ་རྡོ་རྗེ་དང༌། སྙན་ངག་གི་མཚན་ཚངས་སྲས་བཞད་པའི་རྡོ་རྗེ། གསང་མཚན་སྔགས་སྨྱོན་ཟིལ་གནོན་བཞད་པ་རྩལ་དང༌། ཟ་ཧོར་གྱི་སྔགས་མཁན་ཆེ་མཆོག་འདུས་པ་རྩལ། རྣལ་འབྱོར་པ་གང་ཤར་རང་གྲོལ། དེ་བཞིན་འཇམ་དབྱངས་དགའ་བའི་བཤེས་གཉེན་ནམ་ཟ་ཧོར་གྱི་བནྡེ་ཞེས་ཀྱང་ཞུའོ།།

རིགས་ནི་དཔལ་ལྡན་ཞི་བ་འཚོ་དང༌། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སྐུ་འཁྲུངས་པའི་རྒྱུད་ཟ་ཧོར་གྱི་རིགས་ལས་ཆད་པ། དཔལ་ཕག་མོ་གྲུ་པའི་བློན་པོའི་གདུང་རྒྱུད་དུ་ཡབ་བདུད་འདུལ་རབ་བརྟན་དང༌། ཡུམ་ཀུན་དགའ་ལྷ་མཛེས་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་པའི་མེ་སྦྲུལ་ལོ་སྟེ་ཕྱི་ལོ་ ༡༦༡༧ ལོར་ལྷོ་ཁ་འཕྱོངས་རྒྱས་འཕྱིང་དབར་སྟག་རྩེར་སྐུ་འཁྲུངས་ཤིང༌། སྐུ་ན་ཆུང་ངུའི་དུས་ནས་དམ་པའི་རང་མདངས་ལྷག་པར་གསལ་ཞིང་བྱིས་པ་ཕལ་པའི་སྤྱོད་ཚུལ་ལས་འདས་པའི་ཁྱད་ཡོན་མངའ་བའོ།།

 

ཁ༽ ཡང་སྲིད་ངོས་འཛིན་དང་། འབྲས་སྤུངས་སུ་གདན་དྲངས་ཚུལ།

 

དགུང་ལོ་གསུམ་ཐོག་དཔོན་སློབ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང༌། གླིང་སྨད་ཞབས་དྲུང་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་རྣམ་གཉིས་ནས་རྭ་སྒྲེང་གི་ཇོ་བོ་འཇམ་དཔལ་རྡོ་རྗེ་དང༌། ལྷ་སའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་དྲུང་དུ་ཟན་རིལ་བརྟག་པ་མཛད་པ་དང༌། ཆོས་སྐྱོང་ཁག་གི་བཀའ་ལུང་རྣམས་གཅིག་མཐུན་བྱུང་བ་ལྟར་༸རྒྱལ་བ་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་ཞུས་ཀྱང་། སྐབས་དེར་གཙང་པ་རྒྱལ་པོའི་དབང་ཤུགས་ལ་བརྟེན་ནས་འབྲས་སྤུངས་ཕོ་བྲང་དུ་གདན་ཞུ་མ་ཐུབ་པར་ལོ་གསུམ་ལུས། པཎ་ཆེན་བློ་བཟང་ཆོས་རྒྱལ་དང༌། ཆོས་རྗེ་སྦྱིན་པ་དར་རྒྱས་སོགས་ནས་གཙང་པ་རྒྱལ་པོར་ཐབས་མཁས་དུ་མའི་སྒོ་ནས་ཞུ་སྐུལ་གནང་བར་བརྟེན་བཀའ་འཁྲོལ་བཞིན་དགུང་ལོ་དྲུག་ཏུ་ཕེབས་པ་ཆུ་ཁྱི་ཕྱི་ལོ་ ༡༦༢༢ ལོར་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་གདན་ཞུ་གནང་།

 

ག༽ རབ་བྱུང་གི་སྡོམ་པ་བཞེས་ཤིང་། ལྷོ་གནས་སུ་ཕེབས་ཚུལ།

 

དགུང་ལོ་བདུན་ལ་ཕེབས་པ་ཆུ་ཕག་ཕྱི་ལོ་ ༡༦༢༣ ལོར་གླིང་སྨད་ཞབས་དྲུང་གི་ཕེབས་རོགས་འོག་ཆོས་འཁོར་རྒྱལ་དུ་ཕེབས། དགུང་ལོ་དགུ་ལ་ཕེབས་པ་ཤིང་གླང་ཕྱི་ལོ་ ༡༦༢༥ ལོར་པཎ་ཆེན་རིན་པོ་ཆེས་མཁན་པོ་དང༌། ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་གྱིས་ལས་སློབ་མཛད་དེ་དགེ་ཚུལ་གྱི་བསླབ་སྡོམ་བཞེས་ཏེ་མཚན་ལ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ་ཞེས་གསོལ། དགུང་ལོ་བཅུ་གཅིག་ཏུ་ཕེབས་པ་རབ་བྱུང་བཅུ་གཅིག་པའི་མེ་ཡོས་ཕྱི་ལོ་ ༡༦༢༧ ལོར་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་༸རྒྱལ་མཆོག་ལྔ་པ་ཆེན་པོའི་ཡོངས་འཛིན་དུ་ཕེབས། དགུང་ལོ་བཅུ་གཉིས་ལ་ཕེབས་པ་ས་འབྲུག་ཕྱི་ལོ་ ༡༦༢༨ ལོར་སྡེ་པས་འཁུར་བླངས་ནས་འབྲས་སྤུངས་ཚོགས་ཆེན་ཉམས་གསོ་གསར་རྒྱག་མཛད། དགུང་ལོ་བཅོ་ལྔ་བཞེས་པ་ལྕགས་ལུག་ཕྱི་ལོ་ ༡༦༣༡ ལོར་དུས་ཟིང་གི་རྐྱེན་པས་ཡར་ལུང་དང་། ཨེ་དྭགས་སོགས་ལྷོ་ཁ་ཁུལ་དུ་གནས་གཟིགས་དང་སྦྲགས་ཕེབས། དགུང་ལོ་བཅུ་བདུན་ལ་ཕེབས་པ་ཆུ་བྱ་ཕྱི་ལོ་ ༡༦༣༣ ལོར་ཞི་འཇགས་མེད་པའི་དབང་གིས་ཕར་ཕྱིན་སྐབས་བཞི་པ་ནས་ཕྱག་དཔེར་ཐུགས་གཉེར་མ་གནང་བའི་རྣམ་པ་བསྟན་པ་གནང་།

 

ང༽ རིས་མེད་ཀྱི་བླ་མ་དམ་པ་བསྟེན་ནས་གསན་བསམ་སློབ་གཉེར་མཛད་ཚུལ།

 

དགུང་ལོ་ཉེར་གཅིག་ཏུ་ཕེབས་པ་མེ་གླང་ཕྱི་ལོ་ ༡༦༣༧ ལོ་ནས་བཟུང་དགེ་ལུགས་ཀྱི་དབང་ལུང་ཁྲིད་སོགས་མན་ངག་མང་དུ་གསན་ཞིང་། ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་གྱི་དྲུང་ནས་གཞུང་ཆེན་བཀའ་པོད་ལྔའི་སློབ་ཁྲིད་ཆ་ཚང་དང་། སྨོན་འགྲོ་འཇམ་དབྱངས་དབང་རྒྱལ་རྡོ་རྗེའི་དྲུང་ནས་སྒྲ་རིག་པ་དང་སྙན་ངག ཁྱབ་བདག་དབང་ཕྱུག་རབ་བརྟན་གྱི་དྲུང་ནས་ས་སྐྱའི་ཆོས་སྐོར། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་དྲུང་ནས་གསང་སྔགས་རྙིང་མའི་ཆོས་སྐོར་སོགས་དང་། དེ་བཞིན་ཟུར་ཆེན་ཆོས་དབྱིངས་རང་གྲོལ། ཞྭ་ལུ་མཁན་ཆེན་རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ། ཉང་སྟོན་ཁྲ་ཚང་པ་ཆེན་པོ་བློ་མཆོག་རྒྱ་མཚོ་སོགས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་གྲུབ་མཐའ་རིས་མེད་དང་། རིག་གནས་སྐོར་ཡོངས་སུ་རྫོགས་པར་གསན་བསམ་མཐར་ཕྱིན་པ་མཛད།

 

ཅ༽ དགེ་སློང་གི་སྡོམ་བཞེས་དང་། བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ཚུལ།

 

དེ་ནས་དགུང་ལོ་ཉེར་གཉིས་པ་ས་ཕོ་སྟག་ཕྱི་ལོ་ ༡༦༣༨ ལོར་ལྷ་ལྡན་ཇོ་ཤཱཀ་ཡིད་བཞིན་ནོར་བུའི་དྲུང་དུ་དཔོན་སློབ་པཎ་ཆེན་བློ་བཟང་ཆོས་རྒྱལ་གྱིས་མཁན་པོ་དང་གསང་སྟོན། ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་གྱིས་ལས་སློབ། བྱེས་པ་རྩེད་ཐང་པ་བྱམས་པ་སྨོན་ལམ་གྱིས་གྲིབ་ཚོད་པ་མཛད་དེ་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་། བསྙེན་རྫོགས་བཞེས་ནས་ལོ་གྲངས་ལྔ་སོང་བ་ནས་སྐུ་ཚེ་མ་རྫོགས་བར་བསྒྲུབ་བྱ་སྟོང་ཕྲག་མང་པོར་དགེ་ཚུལ་སློང་གི་སྡོམ་པ་སྩལ་ཅིང་། བསླབ་ཁྲིམས་གཙང་མར་བསྲུང་བར་མཛད།

ཕྱི་ལོ་ ༡༦༣༩ ལོའི་ཟླ་བ་ ༥ པའི་ནང་གུ་ཤྲིར་ཧན་ནས་སོག་དམག་དང་། ཨ་མདོ་དཔའ་རིས་ཀྱི་དམག་དང་བཅས་མདོ་སྟོད་བེ་རིའི་ཕྱོགས་སུ་དྲངས་ནས་དམག་འཁྲུག་རྒྱ་ཆེ་མ་དགོས་པར་བེ་རིའི་ཕྱོགས་སུ་གཏོགས་པའི་སྡེ་ཤོག་མང་པོ་དགུང་ལོ་ཉེར་ལྔ་བཞེས་པ་ལྕགས་སྦྲུལ་ཕྱི་ལོ་ ༡༦༤༡ ལོར་ཁམས་བེ་རི་རྒྱལ་པོ་དབང་དུ་བསྡུས་ནས་ཤར་དར་རྩེ་མདོ་ནས་འཇང་ས་ཐམ་རྒྱལ་པོའི་ཚུན་ཆད་དང་། མདོ་ཁམས་ཀྱི་ཡུལ་ལྗོངས་ཀུན་ཆབ་འོག་ཏུ་བསྡུས་ནས་བདེ་འཇགས་སུ་མཛད། སོག་དམག་འདམ་གཞུང་དུ་སླེབས་སྐབས་༸རྒྱལ་མཆོག་ལྔ་པ་ཆེན་པོས་མཁྱེན་ནས་དམག་བཤོལ་རྩིས་གནང་འདུག་ཀྱང་། སྡེ་སྲིད་བསོད་ནམས་ཆོས་འཕེལ་གྱིས་མ་གསན་པའི་སྐོར་གསུང་རྣམ་ནང་དུ་གསལ་ཞིང་། སྡེ་སྲིད་བསོད་ནམས་ཆོས་འཕེལ་གྱི་བཀོད་བྱུས་འོག་དམག་དཔུང་དྲངས་ཏེ་གཙང་དམག་ཐོག་དམག་དྲངས་ཏེ་གཡུལ་ལས་རྒྱལ་ཏེ་དགུང་ལོ་ཉེར་དྲུག་ཏུ་ཕེབས་པ་ཆུ་རྟ་ཕྱི་ལོ་ ༡༦༤༢ ལོར་གཙང་པ་རྒྱལ་པོ་ཀརྨ་བསྟན་སྐྱོང་དབང་པོ་ལས་རྣམ་པར་རྒྱལ་ཏེ་ཟླ་བ་ ༣ ཚེས་ ༡༡ ཉིན་༸རྒྱལ་མཆོག་ལྔ་པ་ཆེན་པོ་ལྷ་ས་ནས་ཕེབས་ལམ་དུ་ཕེབས་བསུ་གཟབ་རྒྱས་ཞུས་ཏེ་གཞིས་ཀ་བསམ་གྲུབ་རྩེའི་ཕོ་བྲང་དུ་གདན་དྲངས་དྲངས་ཐོག་དངོས་འབུལ་ཤིན་ཏུ་རྒྱ་ཆེ་བ་དང་བཅས་བོད་ཀྱི་སྲིད་དབང་ཡོངས་རྫོགས་ཕྱག་ཏུ་ཕུལ་བ་ལྟར་གངས་ཅན་འཛིན་མའི་ཁྱོན་ལ་གདུགས་དཀར་ཡུག་གཅིག་གིས་ཁྱབ་པའི་བདག་པོར་མངའ་གསོལ་ཏེ་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་གཞུང་ཐོག་མར་འཛུགས་པ་གནང་ཞིང་། སྡེ་སྲིད་ཀྱི་ཐོག་མར་ཕྱག་མཛོད་བསོད་ནམས་རབ་བརྟན་བསྐོ་གཞག་མཛད།

 

ཆ༽ སོག་པོའི་དཔུང་དམག་དང་། གཞུང་སོག་གི་སྐོར།

 

དེ་ཡང་ས་ལུག་ཕྱི་ལོ་ ༡༦༡༩ ལོར་ཕྱག་མཛོད་བསོད་ནམས་རབ་བརྟན་གྱིས་༸རྒྱལ་དབང་སྐུ་ཕྲེང་གོང་མའི་སྐུ་ཆས་ལེན་པར་འགྲོ་བར་ཁ་གཡར་ནས་གོ་ཤྲི་ཧན་ལ་དམག་རོགས་བཅོལ་བར་བསྐྱོད་ཅིང་། ལྕགས་སྤྲེལ་ཕྱི་ལོ་ ༡༦༢༠ ལོར་ཀརྨ་བསྟན་སྐྱོང་དབང་པོས་བོད་ཡོངས་ཀྱི་སྲིད་དབང་བདག་གིར་བཟུང་། ལྕགས་བྱ་ཕྱི་ལོ་ ༡༦༢༡ ལོར་ཕྱག་མཛོད་བསོད་ནམས་རབ་བརྟན་དང་། སོག་པོ་ལྷ་བཙུན་བློ་བཟང་བསྟན་འཛིན་སོགས་དཔོན་དམག་ཉིས་སྟོང་ལྷག་ཙམ་ལྷ་སར་འབྱོར་ཏེ་རྐྱང་ཐང་སྒང་དུ་གཙང་དམག་དང་གཡུལ་འགྱེད་པས་གཙང་དམག་རྣམས་ཕམ་སྟེ་ལྕོག་པོ་རིར་བྲོས། ཤིང་ཁྱི་ཕྱི་ལོ་ ༡༦༣༧ ལོར་ཕྱག་མཛོད་བསོད་ནམས་རབ་བརྟན་ནམ་བསོད་ནམས་ཆོས་འཕེལ་སོགས་ནས་ལྐོག་ཏུ་ཕོ་ཉ་མངགས་ཏེ་སླར་ཡང་གོ་ཤྲི་ཧན་ལ་དམག་རོགས་བཅོལ། ཤིང་ཕག་ཕྱི་ལོ་ ༡༦༣༥ ལོར་གཙང་པ་རྒྱལ་པོ་ཀརྨ་བསྟན་སྐྱོང་དབང་པོའི་རེ་འདུན་ལ་གཞིགས་ཏེ་ཆ་ཧར་ལེན་ཏན་རྒྱལ་པོའི་བུ་ཨར་ས་ལང་གིས་དམག་མི་ཁྲི་གཅིག་ཁྲིད་ནས་བོད་དུ་འོངས། ཕྱི་ལོ་ ༡༦༣༦ ལོར་ཨར་ས་ལང་ལམ་བར་བློ་ལོག་སྟེ་ཕ་ཡི་བཀའ་ལ་མ་བརྩིས་པར་ཀརྨ་བསྟན་སྐྱོང་དབང་པོར་རྒྱབ་སྐྱོར་བྱེད་རྒྱུ་ལྟ་ཞོག གཙང་དམག་དང་གཡུལ་འཐབ་པས་ཆ་ཧར་ལེན་ཏན་རྒྱལ་པོའི་བཀའ་བཀོད་ལྟར་ཨར་ས་ལང་དང་ལག་རོགས་དམག་དཔོན་གསུམ་ལྐོག་ཏུ་བཀྲོངས།

མེ་གླང་ཕྱི་ལོ་ ༡༦༣༧ ལོར་གོ་ཤྲི་ཧན་དཔུང་དམག་འཁོར་དང་བཅས་པ་དབུས་སུ་འབྱོར། ༸རྒྱལ་མཆོག་ལྔ་པ་ཆེན་པོས་བསུ་བ་དང་སྣེ་ལེན་གཟབ་རྒྱས་གནང་བ་དང་འབྲེལ་གོ་ཤྲི་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ཞེས་བསྟོད་པའི་མཚན་དང་དམ་ཁ་ཕུལ། ས་ཡོས་ཕྱི་ལོ་ ༡༦༣༩ ལོའི་ཟླ་ ༦ པར་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་ཐོག་མར་ཀརྨ་བསྟན་སྐྱོང་དབང་པོའི་དཔུང་རོགས་བེ་རི་རྒྱལ་པོ་དོན་གྲུབ་རྡོ་རྗེ་ཚར་བཅད། ས་རྟ་ཕྱི་ལོ་ ༡༦༤༢ ལོར་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་ཐོག་མར་མདོ་ཁམས་བཟུང་། རིམ་བཞིན་གཙང་པ་སྡེ་སྲིད་རྗེས་འབྲང་དང་བཅས་པ་ཆམ་ལ་ཕབ། བོད་ཀྱི་སྲིད་དབང་༸རྒྱལ་མཆོག་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོར་ཕུལ་ཏེ་གནམ་བསྐོས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་སྲིད་དབང་དངོས་སུ་བཙུགས་པ་བཅས་སོ།།

 

ཇ༽ གསུང་འབུམ་ལྗགས་རྩོམ་དང་། དགོན་གནས་གསར་བཞེངས་མཛད་ཚུལ།

 

དགུང་ལོ་ཉེར་བདུན་བཞེས་པ་ཆུ་ལུག་ཕྱི་ལོ་ ༡༦༤༣ ལོར་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་མཛད་པ་དང་། དགུང་ལོ་ཉེར་བརྒྱད་དུ་ཕེབས་པ་ཤིང་སྤྲེལ་ཕྱི་ལོ་ ༡༦༤༤ ལོར་ཕར་ཕྱིན་བློ་བཟང་དགོངས་རྒྱན་དང་། ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་གྱི་རྣམ་ཐར་མཛད། དགུང་ལོ་ཉེར་དགུར་ཕེབས་པ་ཤིང་བྱ་ཕྱི་ལོ་ ༡༦༤༥ ལོར་པོ་ཏ་ལའི་ཕོ་བྲང་རྙིང་པ་རྒྱ་བསྐྱེད་ཐོག་ཕོ་བྲང་དཀར་པོ་གསར་བཞེངས་མཛད་ཅིང༌། ཕོ་བྲང་དཀར་པོ་གྲུབ་རྗེས་དགའ་ལྡན་ཕོ་བྲང་གི་ཆོས་སྲིད་ཀྱི་བྱེད་སྒོ་གལ་ཆེན་ཁག་ཕོ་བྲང་པོ་ཏ་ལར་སྤེལ་བ་གནང༌ཞིང་། ལོ་དེར་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་ཐར་མཛད། དགུང་ལོ་སོ་གཅིག་བཞེས་པ་མེ་ཕག་ཕྱི་ལོ་ ༡༦༤༧ ལོར་སྙན་ངག་འགྲེལ་པ་དབྱངས་ཅན་དགྱེས་གླུ་བརྩམས། ཡེར་པ་དགོན་དགའ་ལྡན་གསང་སྔགས་ཡང་རྩེ་ཕྱག་བཏབ། དགུང་ལོ་སོ་གསུམ་ལ་ཕེབས་པ་ས་གླང་ཕྱི་ལོ་ ༡༦༤༩ ལོར་ཉི་ཐང་དྲུང་ཆེན་བློ་བཟང་རྒྱ་མཚོ་དགེ་རྒན་དུ་བསྐོས་ནས་གསོ་རིག་འགྲོ་ཕན་གླིང་གསར་དུ་བཙུགས་ཤིང་། ལྷ་རྩེ་དགའ་ལྡན་འོག་མིན་གླིང་དང་། ལྷོ་བྲག་དོན་གཉིས་ཀྱང་གླིང་ཕྱག་བཏབ།

དགུང་ལོ་སོ་བཞི་བཞེས་པ་ལྕགས་སྟག་ཕྱི་ལོ་ ༡༦༥༠ ལོར་རྭ་སྒྲེང་གཙུག་ལག་ཁང་ཉམས་གསོ་གནང་བ་དང་། ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་དགེ་དགོན་དུ་བསྒྱུར་ནས་དགོན་མིང་དགའ་ལྡན་ཕུན་ཚོགས་གླིང་ཞེས་འདོགས་པར་མཛད། དགུང་ལོ་སོ་བཞི་ནས་ལོ་ངོ་བཅུ་གཉིས་རིང་མདོ་སྔགས་རིག་གནས་སོགས་ཀྱི་པར་གཞི་རྒྱ་ཆེ་གསར་བསྐོ་གནང་། དགུང་ལོ་སོ་ལྔར་ཕེབས་པ་ལྕགས་ཡོས་ཕྱི་ལོ་ ༡༦༥༡ ལོར་ཡར་སྟོད་ཐོས་བསམ་དར་རྒྱས་གླིང་དང་། སྟོད་ས་དགའ་འཕེལ་རྒྱས་གླིང་། ཆུ་ཤུལ་གསང་སྔགས་བྱང་ཆུབ་གླིང་རྣམས་ཕྱག་བཏབ། སྐུ་འབུམ་བྱམས་པ་གླིང་དུ་རྒྱུད་པ་གྲྭ་ཚང་བཙུགས།

 

ཉ༽ རྒྱ་ནག་ཏུ་གདན་ཞུས་དང་། གོང་མ་ཤུན་ཙེ་མཇལ་འཕྲད་མཛད་ཚུལ།

 

དེ་ཡང་རྒྱ་ནག་གི་གོང་མ་ཆེན་པོ་ཤུན་ཙིས་༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོ་པེ་ཅིང་གསེར་གྱི་ཕོ་བྲང་དུ་གདན་ཞུ་ཐེངས་མང་ཞུས་པ་ལྟར། དགུང་ལོ་སོ་དྲུག་པ་ཆུ་འབྲུག་ཕྱི་ལོ་ ༡༦༥༢  ལོའི་ཟླ་ ༢ ཚེས་ ༡༥ ཉིན་འཇམ་དབྱངས་གོང་མ་ཆེན་པོའི་བཀའ་ལྟར། ༸རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་དང་། ཆིབས་ཞབས་གསོལ་གཟིམ་ཞབས་འབྲིང་། བོད་སོག་དཔོན་རིགས་དང་བཅས་པ་དཔལ་ལྡན་འབྲས་སྤུངས་ནས་ཆིབས་ཁ་བསྒྱུར་ཏེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕེབས། གོང་མ་ཆེན་པོས་བསུ་བ་ཞབས་ཏོག་གང་ལེགས་གནང་བར་མ་ཟད། གསེར་གྱི་བྱང་བུ་བཅོ་ལྔ་འཕྲུལ་མིག་ཏུ་སྦྲེལ་ཏེ་ལྟེབས་ཆོག་པ་ཞིག་གི་ཐོག ནུབ་ཀྱི་ལྷ་གནས་ཆེས་དགེ་བར་བདེ་བར་གནས་པའི་སངས་རྒྱས་ཀྱི་བཀའ་ལུང་། གནམ་འོག་གི་སྐྱེ་འགྲོ་ཐམས་ཅད་བསྟན་པ་གཅིག་ཏུ་གྱུར་པ་འགྱུར་མེད་འཆང་རྒྱ་མཚོའི་བླ་མ་ཞེས་རྒྱ་བོད་ཧོར་གསུམ་གྱི་ཡི་གེ་ཤན་སྦྱར་འཁོད་པའི་འཇའ་ས་སོགས་སྩལ།

ཆུ་སྦྲུལ་ཕྱི་ལོ་ ༡༦༥༣ ཟླ་ ༣ ཚེས་ ༡༠ ཉིན་༸རྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོ་རྒྱ་ནག་གི་པེ་ཅིང་ནས་ཆིབས་ཁ་བསྒྱུར་ཏེ་ཏའི་ཁར་ཞེས་པའི་ས་གནས་སུ་ཕེབས་འབྱོར་སྐབས་འཇམ་དབྱངས་གོང་མ་ཆེན་པོས་ཕོ་ཉ་ཆེད་དུ་མངགས་ཏེ་གསེར་ཡིག་དང་། ཐམ་ག སྐད་རིགས་བཞིའི་ཡི་གེ་ཤན་སྦྱར་བའི་འབྲུ་དོན་དུ། ནུབ་ཕྱོགས་ཀྱི་ཕུལ་བྱུང་ཞི་བ་སངས་རྒྱས་རྒྱ་ཆེན་ཁྱོན་ལ་སངས་རྒྱས་བསྟན་པ་མངའ་བདག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏཱ་ལའི་བླ་མའི་ཐམ་ག ཞེས་འཁོད་པ་ཞིག་གནང་། དགའ་ལྡན་ལྔ་མཆོད་སྐབས་༸རྒྱལ་དབང་ལྔ་པ་ཆེན་པོའི་ཞབས་འབྲིང་དང་བཅས་པ་ལྷ་སར་ཕེབས་འབྱོར་བྱུང་ཞིང་། དགུང་ལོ་སོ་བརྒྱད་དུ་ཕེབས་པ་ཤིང་རྟ་ཕྱི་ལོ་ ༡༦༥༤ ལོར་བཀྲ་ཤིས་ལྷུན་པོར་པཎ་ཆེན་རིན་པོ་ཆེ་འཇལ་བར་ཕེབས།

 

ཏ༽ གསུང་བཟང་ལྗགས་རྩོམ་དང་། སྡེ་སྲིད་བསྐོ་གཞག་མཛད་ཚུལ།

 

དགུང་ལོ་བཞི་བཅུར་ཕེབས་པ་མེ་སྤྲེལ་ཕྱི་ལོ་ ༡༦༥༦ ལོར་རྩིས་དཀར་ནག་གི་དྲིས་ལན་མཛད། དགུང་ལོ་ཞེ་གཉིས་བཞེས་པ་ས་ཁྱི་ཕྱི་ལོ་ ༡༦༥༨ ལོར་ལམ་རིམ་འཇམ་དཔལ་ཞལ་ལུང་བརྩམས་ཤིང་། ལོ་འདིར་སྡེ་སྲིད་བསོད་ནམས་རབ་བརྟན་འདས་རྗེས་ནས་ལོ་གསུམ་རིང་༸རྒྱལ་དབང་སྐུ་ངོ་མས་ཆབ་སྲིད་བསྐྱངས། དེ་ནས་སྡེ་སྲིད་ཟུར་དུ་བསྐོ་གཞག་གནང་བ་ནི་ཇའི་སང་སྡེ་པ་འཕྲིན་ལས་རྒྱ་མཚོ་དང་། རྣམ་རྒྱལ་གྲྭ་ཚང་གི་མཆོད་དཔོན་བློ་བཟང་མཐུ་སྟོབས། རྣམ་རྒྱལ་གྲྭ་ཚང་གི་གཉེར་པ་བློ་བཟང་སྦྱིན་པ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཅས་ཡིན་ཞིང་། བོད་གཞུང་གི་ལས་དོན་གལ་ཆེའི་རིགས་དགོངས་སྐོར་ཞུ་རྒྱུ་ཙམ་ལས། གཙོ་བོར་ཆོས་ཕྱོགས་ཀྱི་མཛད་སྒོ་འཆད་རྩོད་རྩོམ་གསུམ་གྱི་ངང་དུ་བཞུགས། དགུང་ལོ་ཞེ་གསུམ་ལ་ཕེབས་པ་ས་ཕག་ཕྱི་ལོ་ ༡༦༥༩ ལོར་སྡེ་སྲིད་བསོད་ནམས་རབ་བརྟན་གྱི་འདས་མཆོད་དུ་སེར་ཚོགས་ཆེན་མོ་ཁག་བརྒྱད་འཛུགས་པ་གནང་། དགུང་ལོ་ཞེ་དྲུག་ལ་ཕེབས་པ་ཆུ་སྟག་ཕྱི་ལོ་ ༡༦༦༢ ལོར་འབྲས་སྤུངས་ཀུན་དགའ་ར་བའི་ལྡེབས་རིས་ལྗགས་བཀོད་གནང་། དགུང་ལོ་ཞེ་བདུན་བཞེས་པ་ཆུ་ཡོས་ཕྱི་ལོ་ ༡༦༦༣ ལོར་དགོན་སྡེ་ཁག་གི་ཐོ་བཀོད་མཛད།

 

ཐ༽ དགོན་དང་བཀའ་འགྱུར་བཞེངས་ཤིང་། གསུང་བཟང་ལྗགས་རྩོམ།

 

དགུང་ལོ་ང་གཅིག་ཏུ་ཕེབས་པ་མེ་ལུག་ཕྱི་ལོ་ ༡༦༦༧ ལོར་རང་རྣམ་དུ་ཀཱུ་ལའི་གོས་བཟང་རྩོམ་འགོ་ཚུགས། དགུང་ལོ་ང་གསུམ་དུ་ཕེབས་པ་ས་བྱ་ཕྱི་ལོ་ ༡༦༦༩ ལོར་ཉུག་དགའ་ལྡན་ཆོས་གླིང་ཕྱག་བཏབ་ཅིང་། སྡེ་སྲིད་ཟངས་རི་བའམ་མཆོན་དཔོན་བློ་བཟང་མཐུ་སྟོབས་སྡེ་སྲིད་དུ་བསྐོ་གཞག་གནང་། དགུང་ལོ་ང་བཞིར་ཕེབས་པ་ལྕགས་ཁྱི་ཕྱི་ལོ་ ༡༦༧༠ ལོར་བསམ་ཡས་གཙུག་ལག་ཁང་དང་། ལྷ་ས་གཙུག་ལག་ཁང་བཅས་ཉམས་གསོ་གནང་ཞིང་། གསན་ཡིག་གངྒཱའི་ཆུ་རྒྱུན་ལྗགས་རྩོམ་མཛད། དགུང་ལོ་ང་ལྔ་བཞེས་པ་ལྕགས་ཕག་ཕྱི་ལོ་ ༡༦༧༡ ལོར་༸གོང་ས་ལྔ་པ་ཆེན་པོས་སྡེ་སྲིད་བློ་བཟང་མཐུ་སྟོབས་ལ་བཀའ་བཀོད་གནང་བ་ལྟར་གསེར་བྲིས་ཀྱི་བཀའ་འགྱུར་འཛམ་གླིང་གཡས་བཞག་གསར་བཞེངས་གནང་། དགུང་ལོ་ང་དྲུག་ཏུ་ཕེབས་པ་ཕྱི་ལོ་ ༡༦༧༢ ལོར་རི་ཐང་མཚམས་ཀྱི་ནད་བརྒྱ་འཇོམས་པའི་སྨན་གཅིག་མཛད་ཅིང་། དགུང་ལོ་ང་དྲུག་ནས་ལོ་གསུམ་རིང་རྩེ་ཕོ་བྲང་གི་བསྟན་མ་ལྕོག་དང་། གྲྭ་ཤག ཆོས་འཁོར་རྒྱལ་སོགས་ཉམས་གསོ་གནང་། དགུང་ལོ་ང་བརྒྱད་བཞེས་པ་ཕྱི་ལོ་ ༡༦༧༤ ལོར་ལུགས་ཟུང་བསླབ་བྱ་མུ་ཐི་ལིའི་འཁྲི་ཤིང་མཛད།

 

ད༽ གསུང་རྩོམ་དང་། བོད་ཁམས་བདེ་ལ་བཀོད་པ། མོན་དུ་སྲིད་དབང་འཛུགས་ཚུལ།

 

དགུང་ལོ་རེ་གཅིག་ཏུ་ཕེབས་པ་མེ་སྦྲུལ་ཕྱི་ལོ་ ༡༦༧༧ ལོར་༸རྒྱལ་དབང་ལྔ་པ་ཆེན་པོས་ཞྭ་ལུ་མཁན་ཆེན་བསོད་ནམས་མཆོག་གྲུབ་ཀྱི་དྲུང་ནས་པཎ་ཆེན་ཤཱཀྱ་ཤྲིའི་སྡོམ་རྒྱུན་བཞེས་ཤིང་ཆོས་བཀའ་གསན། དགུང་ལོ་རེ་གསུམ་དུ་ཕེབས་པ་ས་ལུག་ཕྱི་ལོ་ ༡༦༧༩ ལོར་ལས་ཆོག་རྣམ་རྒྱལ་གསེར་མདོག་བརྩམས་ཤིང་། ཕུང་པོ་རི་བོ་ཆེའི་དགོན་པ་ཕྱག་བཏབ་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྡེ་སྲིད་དུ་བསྐོས། རྒྱལ་པོ་དགའ་ལྡན་ཚེ་དབང་གིས་སྣེ་འཁྲིད་པའི་དམག་དཔུང་མངའ་རིས་སུ་མངགས་ཏེ་བོད་ཁམས་ཞི་བདེ་བྱུང་བས་ཆོས་སྲིད་བརྟན་པར་མཛད། དགུང་ལོ་རེ་བཞི་བཞེས་པ་ལྕགས་སྤྲེལ་ཕྱི་ལོ་ ༡༦༨༠ ལོར་མོན་ཁུལ་དུ་སྲིད་དབང་འཛུགས་གནང་ཐོག མོན་རྟ་དབང་དགའ་ལྡན་རྣམ་རྒྱལ་དགོན་པ་ཕྱག་བཏབ་ཅིང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་འཆམ་དབྱངས་རྩ་ཚིག་གསར་རྩོམ་མཛད། འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་ཡོད་པའི་ཕྱག་དཔེ་ཁག་གི་དཀར་ཆག་བཀོད་གནང་མཛད།

 

ན༽ དགོན་དང་པར་ཁང་གསར་བཞེངས་དང་། དཀར་ཆག་གསར་བསྒྲིགས།

 

དེ་ལྟར་ཕོ་བྲང་པོ་ཏ་ལ་དང་། ལྷ་ལྡན་གཙུག་ལག་ཁང་། བསམ་ཡས་གཙུག་ལག་ཁང་། མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་། གདན་ས་གསུམ། ཆོས་འཁོར་རྒྱལ་སོགས་སྔར་ཡོད་རྣམས་ལ་ཉམས་གསོ་གནང་བ་དང་། གཞན་ཡང་རྗེ་འདིས་དགོན་སྡེ་གསར་འདེབས་མཛད་པ་དང༌། དགོན་སྡེ་ཁག་ཏུ་ལྷ་ཁང་དང་རྟེན་མཆོད་གསར་བཞེངས། མཆོད་རྒྱུན་གོང་འཕེལ་གཏོང་བ་གནང་ཞིང་། དགོན་སྡེ་ཁག་གཅིག་ལ་ཆོས་གཞིས་གསར་པ་སྩལ་ཐོག གཞན་ཁག་གཅིག་ལ་ཕོགས་ཐེབས་ཀྱང་སྦྱོར་འཇགས་མཛད། དགའ་ལྡན་ཕོ་བྲང་གི་སྲིད་གཞུང་ལ་ངོ་ལོག་བྱེད་མཁན་གྱི་ཀརྨ་བཀའ་བརྒྱུད་པའི་དགོན་སྡེ་ཁག་གཅིག་ཕུད། དེ་བྱིངས་བོན་པོ་ཚུད་པའི་བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཁག་རིས་མེད་པའི་སྒོ་ནས་སྐྱོང་བར་མཛད་ཅིང་། དགོན་པ་གསར་འདེབས་གྲས་དགེ་ལུགས་དགོན་པ་བཅུ་དང་། རྙིང་པའི་དགོན་པ་གསུམ་བཅས་ཡོད། བསྒྲུབ་བྱ་ཁྲི་ཕྲག་མང་པོར་དགེ་ཚུལ་སློང་གི་སྡོམ་པ་སྩལ་བ། རིས་མེད་གསུང་རབ་པོད་ཁྲི་ལ་ཉེ་བའི་དཀར་ཆག་གསར་བསྒྲིགས་དང་། དེ་བཞིན་དཔེ་རྒྱུན་དཀོན་རིགས་པར་འདེབས་བྱེད་རྒྱུ་ཁྱབ་བརྡལ་གཏོང་སླད་འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་པར་ཁང་དང༌། ཕོ་བྲང་པོ་ཏ་ལའི་ལྟག་སྒོའི་རྒྱབ་ཀྱི་པར་ཁང་བཅས་གསར་འཛུགས་མཛད་པ་སོགས་ཆོས་སྲིད་ཀྱི་མཛད་པ་སྤྱི་དང༌། ལྷག་པར་དགོན་པ་ཁག་གི་ཆོས་ཁྲིམས་དང་། ནང་བསྟན་སློབ་སྦྱོང་གི་བཅའ་ཁྲིམས་མང་པོ་འགྲེམ་སྤེལ་ཐོག་མངོན་གསལ་དོད་པོའི་གྲུབ་འབྲས་ཐོབ་པ་རྣམས་ལ་བྱ་དགའ་གཟེངས་བསྟོད་ཀྱི་ལམ་ལུགས་འཛུགས་གནང་མཛད་པ་སོགས། ཆོས་སྲིད་གང་ཐད་ནས་ཀྱང་སྤྱན་རྒྱང་རིང་བའི་མཛད་ཕྱོགས་ནུས་པ་ཐོན་ངེས་བྱུང་ཡོད།

 

པ༽ མཐའ་མའི་ཞལ་ཆེམས་དང་། མྱང་ལས་འདས་པའི་མཛད་པ།

 

མཐར་སྐུ་ཞི་བར་གཤེགས་ཁར་སྡེ་སྲིད་སངས་རྒྱས་མཚོར་སྐབས་དེའི་རྒྱ་ནག་གཞུང་གི་གནས་བབ་དང་བྱེད་ཕྱོགས། སོག་པོ་ཕྱི་ནང་གི་མཐུན་སྒྲིལ་དང་ཁ་འཐོར་གྱི་ཉེན་ཁ། གསར་དུ་བཙུགས་ནས་ཡུན་རིང་མ་སོང་བའི་བོད་གཞུང་དགའ་ལྡན་ཕོ་བྲང་སྲིད་གཞུང་གི་ཉེན་ཁའི་གནས་ཚུལ་བཅས་རྒྱུ་མཚན་དང་དགོས་པ་མང་པོ་གསུངས་པའི་མཇུག་བསྡོམས་སུ་སྐུ་གཤེགས་ནས་ལོ་ཁ་ཤས་རིང་གསང་བ་ཤིན་ཏུ་དམ་པོ་བྱེད་དགོས་པའི་བཀའ་སློབ་ནན་ཏན་སྩལ་ཏེ་དགུང་གྲངས་རེ་དྲུག་སྟེ་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་ཕྱི་ལོ་ ༡༦༨༢ ལོར་དགོངས་པ་གཞན་དོན་དུ་གཤེགས་ཤིང་། ༸རྒྱལ་དབང་འདི་ཉིད་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་ཆོས་སྲིད་གཉིས་ཀའི་ཐོག་མཛད་རྗེས་དང་མཚན་སྙན་ཤིན་ཏུ་ཆེ་བ་ཞིག་ཡིན་པར་མ་ཟད། གསུང་འབུམ་ལ་མཚོན་ནའང་། སྐུ་ཕྲེང་བཅུ་གསུམ་པ་ཡན་གྱི་གསུང་འབུམ་མང་ཤོས་ཤིག་ཆགས་ཡོད།

 

ཕ༽ རྗེས་འཇུག་གི་སློབ་མ་དང་། གསུང་རྩོམ་དང་དེ་དག་གི་བརྗོད་བྱ།

 

ཁོང་གི་གསུང་ལས་སྐྱེས་པའི་སློབ་མ་གྲགས་ཆེ་བ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་སོགས་ཡིན་ལ། ཡང་སྒོས་གསུང་རྩོམ་ལ་མཚོན་ནའང་། ༸རྒྱལ་དབང་མཆོག་གི་དོན་གྱི་རྣམ་ཐར་གསན་ཡིག་གངྒཱའི་ཆུ་རྒྱུན་དང་། ཕྱིའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་གིས་གཙོས་པའི་རྣམ་ཐར་ཁག གཞུང་ཆེན་ཁག་གི་འགྲེལ་པ་དབུ་མ་ལ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་རྫིངས་དང༌། མཛོད་ལ་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ། འདུལ་བར་ལས་ཆོག་རྣམ་རྒྱལ་གསེར་མདོག རྒྱལ་རབས་ལ་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན། སྨིན་བྱེད་ཀྱི་འཁྲིད་ཡིག་རྣམ་གཉིས་ཏེ་ལམ་རིམ་འཇམ་དཔལ་ཞལ་ལུང་དང༌། རྫོགས་ཆེན་འཁྲིད་ཡིག་རིག་འཛིན་ཞལ་ལུང༌། དེ་བཞིན་རྩིས་སྐར་ནག་དང་། སྙན་ངག་དབྱངས་ཅན་དགྱེས་གླུ། ཚེ་བདག་དྲིས་ལན། དཀར་ཆག ཞལ་གདམས། སྙན་མགུར། སྙན་དར་ཞལ་ཡིག ཆབ་ཤོག བརྟན་བཞུགས། ལམ་ཡིག བསྐོ་འཇའ། གྲྭ་ཚང་འདོན་ཆ། དམ་ཅན་ཆོས་སྲུང་གི་སྒྲུབ་སྐོར། བསྙེན་ཡིག ཁྲིམས་ཡིག དགོན་གནས་མང་པོའི་དཀར་ཆག་སོགས་མདོར་ན་ཕོ་བྲང་པོ་ཏ་ལའི་དགེ་ལུགས་པའི་གསུང་འབུམ་དཀར་ཆག་ནང་གསལ་པོད་ཉེར་བདུན་ཏེ་གསུང་ཕྱི་མ་པོད་ཀ་ནས་ཞ་བར་པོད་ ༢༡ དང་། གསུང་ནང་མར་ཀ་ནས་ང་བར་པོད་ ༤ གསང་བ་རྒྱ་ཅན་པོད་ ༢ བཅས་ཁྱོན་བསྡོམས་པོད་ ༢༧ ལ་ཆོས་ཚན་ ༣༥༧ དང་། དེ་དག་ལ་ཤོག་གྲངས་ ༡༡༠༧༨ ཡོད།

གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད་ལྟར་ན། གསུང་པོད་ ༣༠ ལྷག་དང་།  ཆོས་ཚན་ཉིས་བརྒྱ་དྲུག་ཅུ་རེ་གཉིས་བཞུགས་པར་གསལ་ཞིང་། གསུང་པོད་ ༢༧ ཐོག་༸རྒྱལ་མཆོག་ལྔ་པ་ཆེན་པོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་གི་འཕྲོས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གསུམ་པོ་བསྣན་པ་ཡིན་འདུག་ལ། དཔར་སྐྲུན་མི་ཆོག་པའི་བཀའ་རྒྱ་མ་སྟེ། གསང་བའི་གྲས་རྩ་གསུམ་ལྷ་དང་མངོན་སུམ་མཇལ་ཞིང་བགྲོས་པ་ལ་སོགས་པའི་རྒྱ་ཅན་ཉེར་བཞིའི་བུ་ཡིག་བཀའ་རྩོམ་གྲས་པོད་ ༢ བཅས། ལེགས་པར་བཤད་པ་པོད་ཉི་ཤུ་རྩ་བདུན་བརྩམས་པ་གནང་སྟེ་བསྟན་འགྲོའི་ཕན་བདེ་རྒྱ་ཆེར་སྤེལ་གནང་མཛད། དེ་ལྟར་༸རྒྱལ་དབང་ལྔ་པ་ཆེན་པོའི་ཞིབ་ཕྲའི་རྣམ་ཐར་མཁྱེན་པར་འདོད་ན། རང་རྣམ་དུ་ཀཱུ་ལའི་གོས་བཟང་པོད་གསུམ་དང་། མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཞལ་སྐོང་གནང་བའི་དུ་ཀཱུ་ལའི་གོས་བཟང་པོད་གསུམ་སོགས་ལ་གཟིགས་པར་འཚལ་ལོ།།  །།

༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་སྙིང་བསྡུས་གསེར་གྱི་ཕྲེང་བ་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།