༸ རྒྱལ་བ་སྐུ་ཕྲེང་དྲུག་པ། ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

༸  རྒྱལ་བ་སྐུ་ཕྲེང་དྲུག་པ། ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

ཀ༽ སྐུ་བལྟམས་ཤིང་རིགས་རུས་དང་། སྐུ་ན་ཆུང་དུས་ཀྱི་མཛད་སྤྱོད།

 

དེ་ཡང་༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་ལས།

སྨྱོས་གདུང་མཚོ་སྣའི་ལ་འོག་ཡུལ་དུ་བལྟམས། །

རིག་འཛིན་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། །

རིག་པ་བརྟུལ་ཞུགས་སྤྱོད་པས་གདུལ་བྱ་སྐྱོང༌། །

རིན་ཆེན་ཚངས་དབྱངས་རྒྱ་མཚོར་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། ༸རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་ནི། ལྷོ་མོན་ལ་འོག་ཡུལ་གསུམ་དུ་ཡབ་སྨྱོས་རིགས་གཏེར་སྟོན་པདྨ་གླིང་པའི་དཔོན་རྒྱུད་སྔགས་འཆང་རིག་འཛིན་བཀྲ་ཤིས་བསྟན་འཛིན་དང་། ཡུམ་ནི་བོད་ཀྱི་ཆོས་རྒྱལ་མངའ་བདག་ཁྲི་རལ་པ་ཅན་གྱི་སྐུ་མཆེད་ལྷ་སྲས་གཙང་མ་ལྷོ་བྲག་ཏུ་སྤྱུགས་པའི་རིགས་བརྒྱུད་ལས་མཆེད་པའི་རྒྱལ་རིགས་ཚེ་དབང་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་ཕག་ཕྱི་ལོ་ ༡༦༨༣ ལོའི་ཟླ་ ༣ ཚེས་ ༡ ཉིན་ངོ་མཚར་བའི་བལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས། དགུང་ལོ་གསུམ་ཙམ་ནས་བྱིས་པ་ཕལ་པའི་སྤྱོད་ཚུལ་དང་མི་འདྲ་བའི་ཤིང་ལོ་སོགས་ལ་ཡི་གེ་འབྲི་ཀློག་དང་། ས་རིས། གཏོར་བཟོ། མཆོད་པ་འབུལ་བ། རོལ་མོ་དཀྲོལ་རྡུང་གི་ཚུལ་སོགས་ཀྱིས་དུས་འདའ་ཞིང་། དབུས་གཙང་ཐམས་ཅད་ངའི་ཡིན། ང་ནི་ངག་དབང་བློ་བཟང་རྒྱ་མཚོ་ཡིན། པོ་ཏ་ལར་འགྲོ། ང་ལ་སྡེ་པ་ཡོད་ཅེས་གསུངས་པ་སོགས་ཧ་ཅང་གསལ་ཆ་ཆེ་བའི་མཛད་པ་ངོ་མཚར་དུ་མ་བསྟན་པར་གྲགས་སོ།།

ཁ༽ གཞོན་དུས་སྐུ་ངལ་འཕྲད་ཚུལ་དང་། ཡང་སྲིད་རྩད་གཅོད་གནང་ཚུལ།

 

དེ་ནས་༸རྒྱལ་བའི་ཡང་སྲིད་མོན་ཁུལ་དུ་སྐུ་འཁྲུངས་ཡོད་ལུགས་སྐད་གྲགས་ཆེན་པོ་བྱུང་བར་བརྟེན། ཡང་སྲིད་ཀྱི་སྐུ་ཞང་གིས་ཕྲག་དོག་དང་བཅས་འབྲུག་པའི་ཕྱོགས་ནས་ཀྱང་ཡང་ཡང་མངོན་ཆུང་གིས་རྩད་གཅོད་བྱས་ཏེ། འབྲུག་ཡུལ་དུ་གདན་འདྲེན་ཞུ་རྩིས་ཀྱི་ཉེན་ཁ་བྱུང་བར་དེ་ཁུལ་གྱི་སེར་སྐྱ་བསམ་ཤེས་ཅན་ཚོས་བསྐུལ་བ་ལྟར་མཚོ་སྣ་རྫོང་སྡོད་ཤུན་རྒྱ་ཡག་པ་དང་། འཕྱོངས་རྒྱས་པུ་ཤུད་པ་གཉིས་ཀྱིས་གནས་ཚུལ་རྣམས་སྡེ་སྲིད་སངས་རྒྱས་མཚོར་སྙན་ཞུ་ཕུལ། སྐུ་ཞང་ན་འཛོམས་སྤུན་ནས་ཡང་སྲིད་ཀྱི་ཡབ་རྗེ་འཁོར་བཅས་ལ་སྡང་སེམས་ཆེན་པོ་བྱེད་པས་འབྲུག་པ་དང་ངན་འབྲེལ་བྱས་ཏེ་གནོད་འཚེ་གཏོང་སེམས་འཆང་གི་ཡོད་སྟབས། དེ་ནས་མཚོ་སྣ་རྫོང་སྡོད་ཀྱིས་སྤྲུལ་སྐུ་ཉེན་ཁ་ལས་གཡོལ་ཆེད་ཨོ་རྒྱན་གླིང་ནས་ཤ་འུག་ཏུ་གདན་དྲངས་ནས་བཞུགས།

སྐབས་དེར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གིས་ཡང་སྲིད་རྩད་གཅོད་བྱེད་པར་ཐུགས་བློས་འཁེལ་བའི་མི་སྣ་ཆོས་རྗེ་ཟིལ་གནོན་རྡོ་རྗེ་དང་། དྲོ་བ་བསོད་ནམས་རྒྱལ་མཚན་གཉིས་ལ་མཆོག་སྤྲུལ་ངོས་འཛིན་གྱི་སྐུ་གོང་མའི་ཕྱག་ཕྲེང་ཉེར་སྤྱད། གཡོག་དང་གཞོན་ཁལ་སོགས་མཁོ་ཆས་གྲ་སྒྲིག་གི་བཀོད་འདོམས་གནང་སྟེ། ཕྱི་རུ་གནས་ཆེན་རྣམས་སུ་བོད་ཁམས་བདེ་ཐབས་ཀྱི་སྒྲུབ་པ་བྱེད་དུ་འགྲོ་བར་དྲིལ་བསྒྲགས། དོགས་པ་ཟ་སར་སྐབས་ཐོབ་ཀྱིས་སྡིང་པོ་ཆེ་ངག་དབང་སྙན་གྲགས་དཔལ་བཟང་པོ་དང་། ཤར་ཁང་ནོ་མོན་ཁང་གི་ཡང་སྤྲུལ་རྩད་གཅོད་བྱེད་མཁན་ཡིན་ཁུལ་གྱི་ཡི་གེ་དང་། གསུང་བརྟག་གི་ཚུལ་སོགས་ཕྱི་ནང་གསང་གསུམ་གྱི་བྱེད་ལུགས་མ་ནོར་བར་བསླབས་ཏེ་ཤིང་གླང་ཕྱི་ལོ་ ༡༦༨༥ ལོའི་ཟླ་ ༦ ཚེས་ ༥ ཉིན་ཕོ་བྲང་པོ་ཏ་ལ་ནས་བརྫངས། དེ་ནས་ཤ་འུག་ནས་མཚོ་སྣ་རྫོང་གི་ལྷུན་གྲུབ་ཡང་རྩེར་གདན་ཞུ་གནང་། དེར་ཡང་སྐུ་ངལ་མང་དུ་འཕྲད།

 

ག༽ ཡང་སྲིད་བརྩད་གཅོད་དང་། གསན་བསམ་སློབ་གཉེར་གནང་ཚུལ།

 

མེ་སྟག་ཕྱི་ལོ་ ༡༦༨༦ ལོའི་ཟླ་ ༥ ཚེས་ ༥ ཉིན་ཡང་སྲིད་རྩད་གཅོད་གནང་མི་རྣམས་མཚོ་སྣར་འབྱོར་ཏེ་བརྟག་དཔྱད་གནང་བ་དང་། གཞན་ཡང་ཉིན་རེར་སྐུའི་ཉེར་སྤྱད་ངོ་འདྲ་གཉིས་ཏེ་སྣ་གྲངས་བདུན་ཡོད་པ་ཉིན་རེ་བཞིན་དུ་གཟིགས་ཞིབ་ཏུ་འབུལ་ལམ་ཞུས་ཏེ་ཉིན་བདུན་རིང་བརྟག་དཔྱད་ཞུས་པར་ངོ་འདྲ་མ་ནོར་བར་ངོས་འཛིན་གསལ་པོར་མཛད་དེ་༸རྒྱལ་བའི་ཡང་སྲིད་འཁྲུལ་བྲལ་ངེས་རྙེད་བྱུང་། དེ་ནས་བཟུང་སྟེ་སྐུ་བཅར་དགེ་འདུན་པ་གཉིས་ལྷན་དུ་བཞུགས་ཤིང་། ཕྱག་གཡོག་གཉིས་དང་། ནང་གཟན་གཉིས་རྒྱུན་དུ་འཇོག་གནང་མཛད་དེ་ཡི་གེ་འབྲི་ཀློག་དང་། ཆོས་སྤྱོད་སོགས་ཀྱང་ཐུགས་འཛིན་གནང་འགོ་ཚུགས་ནས་དཀའ་ཚེགས་མེད་པར་མཁྱེན།

དགུང་ལོ་བརྒྱད་ལ་ཕེབས་པ་ལྕགས་རྟ་ཕྱི་ལོ་ ༡༦༩༠ ལོར་གྲུབ་རྒྱལ་གླིང་པ་བཙུན་པ་བློ་བཟང་དངོས་གྲུབ་སྐུ་ཡོན་འབུལ་བར་མངགས་པ་ལྟར་ཡིག་གཟུགས་དང་། བརྡ་དག རྩིས་དཀར་ནག ཆོས་སྤྱོད་སོགས་ཐུགས་འཛིན་དང་། སྙན་ངག་སོགས་ལ་སྦྱངས་པའི་དབུ་བཙུགས། དགུང་ལོ་བཅུ་གཅིག་ཏུ་ཕེབས་པ་ཆུ་བྱ་ཕྱི་ལོ་ ༡༦༩༣ ལོར་འཇིགས་བྱེད་ཀྱི་སྒྲུབ་ཐབས་ཟ་མ་ཏོག་དང་། གསོ་སྦྱོང་། རྣམ་རྒྱལ་མ། རྣམ་འཇོམས། ཆ་གསུམ། མགོན་པོའི་བསྐང་གསོ་རྣམས་ཐུགས་འཛིན་གནང་། སྐུ་གོང་མའི་རྣམ་ཐར་དཱུ་ཀུ་ལའི་ཆོས་བཟང་པོད་ཀ་པ་དང་། རིན་སྤུངས་སྙན་འགྲེལ། གཡའ་སེལ། སྟོན་པའི་རྣམ་ཐར་མཛད་རྒྱ་སོགས་ལྗགས་ཀློག་གནང་། དེ་ནས་ཐོལ་བྱུང་དུ་བཀའ་རྩོམ་ཞིག་ལ། རྟ་མགྲིན་དབང་ཆེན་མཁྱེན་བརྩེ་ནུས་མཐུ་ཡི། །ཞེས་སོགས་རྟ་མགྲིན་ལ་བསྟོད་ཚིག་ཤོ་ལོ་ཀ་ལྔ་སྐོར་ཚིག་དོན་ཕུན་སུམ་ཚོགས་པ་ཞིག་བརྩམས་གནང་མཛད།

དགུང་ལོ་བཅུ་གཉིས་པ་ཕེབས་པ་ཤིང་ཁྱི་ཕྱི་ལོ་ ༡༦༩༤ ལོར་གུར་ཞལ་གྱི་བསྟོད་པ་དང་། ཚོགས་མཆོད། ལྗགས་བསྔོ། ཀླུ་གཏོར། ཕུར་སྲུང་། འཁོར་ལོ་འབར་བ། ཇ་མཆོད། ཤིས་བརྗོད། སྙན་ངག་མེ་ལོང་རྣམས་ཐུགས་སུ་བཟུང་། ༸རྒྱལ་དབང་ལྔ་པ་ཆེན་པོའི་གསན་ཡིག་ཕྱི་མ་པོད་གསུམ་དང་། རྗེ་ཙོང་ཁ་པའི་བླ་མ་ལྔ་བཅུ་པའི་འགྲེལ་པ་སོགས་ལྗགས་ཀློག་གནང་། དེ་ནས་ཟླ་བ་ ༤ ཚེས་ ༨ ཉིན་མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་ནས། ཡང་སྲིད་རིན་པོ་ཉིད་ཀྱི་གསང་བ་བརྟོལ་བའི་དུས་ལ་བབ་ཡོད་མེད་ཆོས་སྐྱོང་ལ་བརྟག་པ་ཞུས་པར། གནས་ཆུང་ཆོས་སྐྱོང་ཆེན་པོས་ད་དུང་དུས་ལ་མ་བབས་ཞེས་བཀའ་ལུང་སྩལ་བ་ནས་ཅུང་ཟད་རིམ་འགྱངས་སུ་བཏང་ངོ་།།

 

ང༽ སྐུའི་གསང་རྒྱ་ཐོག་མར་དཀྲོལ་ཏེ་ཡར་འབྲོག་ཏུ་གདན་ཞུ་གནང་ཚུལ།

 

དགུང་ལོ་བཅུ་བཞིར་ཕེབས་པ་མེ་བྱི་ཕྱི་ལོ་ ༡༦༩༦ ཟླ་བ་ ༥ ཚེས་ ༡༠ ཉིན་གསང་རྒྱ་ཐོག་མར་གྲོལ་ཏེ། འདི་ཉིན་ཡབ་ཡུམ་གཉིས་ལ་སྔ་སོར་སྐུ་གོང་མ་གཞན་དོན་དུ་གཤེགས་གདོང་གི་བཀའ་དང་། རྗེས་སུ་ལྷ་མོར་བརྟག་སྒྲིལ་ཕུལ་བ། གནས་ཆུང་ཆོས་སྐྱོང་ཆེན་པོས་དམ་བསྒྲགས་བཅས་བསྟན་སྲིད་ལ་རྒྱར་གལ་འགངས་ཆེ་བའི་གསང་རྒྱ་གང་དམ་མི་བྱེད་ཐབས་མེད་བྱུང་ཚུལ་དང་། ད་ཆ་གནས་ཆུང་ཆོས་སྐྱོང་གིས་ཀྱང་དུས་ལ་བབ་ཚུལ་གསུངས་པ་དང་། ༸རྒྱལ་དབང་ལྔ་པ་ཆེན་པོ་དགོངས་པ་མྱ་ངན་ལས་འདས་པ་དང་། དགུང་ལོ་བཅོ་ལྔ་བཞེས་པ་མེ་གླང་ཕྱི་ལོ་ ༡༦༩༧ ལོའི་ཟླ་ ༤ ཚེས་ ༡༥ ཉིན་ཡང་སྲིད་རིན་པོ་ཆེ་དང་ཡབ་ཡུམ་བཅས་གསང་རྒྱའི་སྟབས། སྐྱ་དར་སོགས་ཧ་ཅང་རྒྱས་པོ་མ་ཡིན་པར་ཆིབས་རག་རྟ་སྤུངས་ཀྱི་ཚུལ་དུ་མཚོ་སྣ་ནས་སྣ་དཀར་རྩེར་སྐུ་གོང་མའི་སྐུ་ཞང་ཡར་འབྲོག་ཁྲི་དཔོན་གྱི་གཟིམ་ཁང་དུ་གདན་འདྲེན་ཞུས། དེ་ནས་ཟླ་བརྒྱད་པའི་ཡར་ཚེས་ལ་ཡབ་རིག་འཛིན་བཀྲ་ཤིས་བསྟན་འཛིན་སྐུ་གཤེགས། དེ་རྗེས་མཆོག་གི་སྤྲུལ་སྐུ་རིན་པོ་ཆེའི་ཡང་སྲིད་ངེས་རྙེད་བྱུང་བའི་གསང་རྒྱ་བརྟོལ། སྐབས་དེར་ལྷ་སའི་རྒན་པ་ཁ་ཅིག་གིས། ལོ་ངོ་དེ་ཙམ་བར་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མ་བཞུགས་པས། ས་སྟེང་མིའི་སྡུག་བསྔལ་དང་། ཆོས་འཇིག་རྟེན་གྱི་ཐུགས་འཁུར་ཐམས་ཅད་སྡེ་སྲིད་སྐུ་ཞབས་གཅིག་པུས་བཞེས། ངེད་ཚོས་ས་རུབ་པ་མ་ཤེས་པར་ཉི་མ་ཤར་བ་མཐོང་བྱུང་ཞེས་སོགས་བརྗོད་སྐད།

 

ཅ༽ རབ་བྱུང་གི་སྡོམ་པ་འབུལ་བཞེས་དང་། གསེར་ཁྲིར་མངའ་གསོལ་ཞུ་ཚུལ།

 

སྐབས་དེར་པཎ་ཆེན་བློ་བཟང་ཡེ་ཤེས་བཀྲ་ཤིས་ལྷུན་པོ་ནས་སྣ་དཀར་རྩེར་གདན་དྲངས་ཏེ་ཐོག་མར་ཞལ་མཇལ་བྱུང་ཞིང་། པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ཀྱིས་མཁན་སློབ་སྦྲགས་མ་དང་། སྡོམ་བརྩོན་འཇམ་དབྱངས་གྲགས་པས་གྲིབ་ཚོད། ལས་གྲལ་ཁ་སྐོང་ཆོས་རྗེ་མཁའ་རེག་པ་ཟིལ་གནོན་རྡོ་རྗེ། དར་མོ་བ་བློ་བཟང་ཆོས་གྲགས། སྔགས་པ་སློབ་དཔོན་པ་འཇམ་དབྱངས་ཆོས་འཕེལ་རྣམས་ཀྱི་དབུས་སུ་རབ་བྱུང་གི་བསླབ་སྡོམ་བཞེས་ཏེ། མཚན་ལ་ཐམས་ཅད་མཁྱེན་པ་བློ་བཟང་རིན་ཆེན་ ༼དེབ་ཐེར་ལ་ལར་རིག་འཛིན་ཞེས་འཁོད།༽ ཚངས་དབྱངས་རྒྱ་མཚོ་ཞེས་གསོལ། དེ་ནས་པཎ་ཆེན་རིན་པོ་ཆེ་ལས་གདུགས་དཀར་དང་། སྒྲོལ་མ། ཤེར་སྙིང་། འདའ་ཀ་ཡེ་ཤེས། སྨོན་ལམ་རྣམ་གསུམ། རྗེ་ཙོང་ཁ་པའི་གསུང་འབུམ་ཐོར་བུ་སོགས་ཀྱི་ལུང་གསན་པའི་དབུ་ཚུགས། དེ་རྗེས་ཟླ་བ་ ༩ ཚེས་ ༢༡ ཉིན་སྣ་དཀར་རྩེ་ནས་ཕེབས་ཐོན་གནང་སྟེ་སྙེ་ཐང་བཀྲ་ཤིས་སྒང་དུ་སྒར་ཆེན་འཛམ་གླིང་རྒྱན་གཅིག་གི་སྒར་སྒྲིག་རྒྱས་པ་གནང་སྟེ་སྙེ་ཐང་དུ་ཟླ་བ་གཅིག་ལྷག་ཙམ་བཅའ་བཞུགས་མཛད། ཟླ་བ་ ༡༠ ཚེས་ ༢༥ དགའ་ལྡན་ལྔ་མཆོད་ཀྱི་དུས་མཆོད་ཉིན་ཕོ་བྲང་པོ་ཏ་ལའི་ཚོམས་ཆེན་ནུབ་སྲིད་ཞིའི་ཕུན་ཚོགས་སུ་གསེར་ཁྲི་མངའ་གསོལ་མཛད། སྤྱིར་༸རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མཆོག་བོད་འབངས་བསོད་ནམས་ཀྱིས་མ་ཆུན་པར་མཛད་འཕྲིན་མཐའ་འཁྱོངས་མ་བྱུང་བས། སྐུ་ཕྲེང་བདུན་པ་ནས་བཅུ་བཞི་པ་ཆེན་པོའི་བར་ཕོ་བྲང་དཀར་པོའི་ཚོམས་ཆེན་སྲིད་ཞི་ཕུན་ཚོགས་སུ་གསེར་ཁྲི་མངའ་གསོལ་ཞུས་པ་ལས། ཕོ་བྲང་དམར་པོའི་ཚོམས་ཆེན་སྲིད་ཞི་ཕུན་ཚོགས་སུ་གསེར་ཁྲི་མངའ་གསོལ་ཞུ་སྲོལ་མེད་པར་གྱུར།

 

ཆ༽ བཀའ་ཆོས་སྩལ་ཅིང་། གསན་བསམ་སློབ་གཉེར། རྟེན་གསུམ་གསར་བཞེངས།

 

དགུང་ལོ་བཅུ་དྲུག་ལ་ཕེབས་པ་ས་སྟག་ཕྱི་ལོ་ ༡༦༩༨ ལོར་འབྲས་སྤུངས་སུ་ཆོས་འབྲེལ་གྱི་ཐོག་མ་ལམ་རིམ་ཆེན་མོའི་དབུ་ནས་ལྗགས་ལུང་གནང་ཞིང་། ལོ་དེར་རིགས་ལམ་གྱི་གསན་བཞེས་དབུ་ཚུགས་པ་དང་། སྡེ་སྲིད་རང་ཉིད་ནས་སྒྲའི་རི་མོ་སྒྲོན་འབུལ་སོགས་གནང་། སྐུ་ཡོན་གསན་བཞེས་མཛད་རིགས་ཀྱི་ནང་ནས་ཀྱང་ཕྱག་བྲིས་ཀྱི་བརྡ་དག་དང་། བཀའ་རྩོམ་གྱི་རིགས་ལ་༸རྒྱལ་དབང་སྐུ་གོང་མའི་བག་ཆགས་ཁྱད་པར་དུ་སད་པའི་ཤིན་ཏུ་ངོ་མཚར་ཞིང་། དད་པ་འཕེལ་བར་སྣང་། ཞེས་རྣམ་ཐར་དུ་གསལ་ལོ།།

ཡོངས་འཛིན་གཙོ་བོ་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་དང་། ཁྲི་ཆེན་ཅོ་ནེ་ཚུལ་ཁྲིམས་དར་རྒྱས། དགེ་སློང་འཇམ་དབྱངས་གྲགས་པ། མངའ་རིས་དགེ་ལེགས་རྒྱ་མཚོ་སོགས་ཀྱི་ཞལ་སྔ་ནས་སྔགས་ཕྱོགས་ཀྱི་དབང་དང་རྗེས་གནང་། རྒྱུད་ཀྱི་བཤད་པ། སྐྱེད་རྫོགས་ཀྱི་ཁྲིད། མདོ་ཕྱོགས་ཀྱི་ལུང་། ལམ་རིམ་གྱི་ཁྲིད། བཤད་ལུང་སོགས་གསན་བཞེས་མཛད། གཞན་ཡང་ས་དགེ་རྙིང་གསུམ་གྱི་བླ་མ་ཚད་ལྡན་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ཆོས་ཚུལ་མང་པོ་གསན་བཞེས་གནང་། དེ་མིན་རབ་འབྱམས་པ་གྲགས་པ་ཆོས་འཕེལ་སོགས་དགེ་བའི་བཤེས་གཉེན་རྣམས་ལས་མཚན་ཉིད་དང་། སྙན་ངག རྩིས་དཀར་ནག་སོགས་གསན་བསམ་མཛད་ཅིང་། སྡེ་སྲིད་མཆོག་ནས་སྐུ་ཡོན་གསན་སྦྱོང་གི་ཐོག་ཏུ་གཟིགས་རྟོག་ཤུགས་ཆེ་གནང་བར་འབྲས་རྟགས་བཟང་པོ་ཐོན་པ་བྱུང་། དེ་ནས་ཡང་སྲིད་རིན་པོ་ཆེས་གདན་ས་གསུམ་དང་། ཆོས་འཁོར་རྒྱལ་སོགས་གང་སར་བཀའ་ཆོས་སྩལ་བ་དང་། བཀའ་འགྱུར་གྱི་པར་གསར་དུ་བརྐོ་རྒྱུའི་ལས་གཞི་དབུ་འཛུགས་གནང་སྟེ་པོད་ཉི་ཤུ་ལྷག་ཙམ་པར་བརྐོ་ལེགས་གྲུབ་བྱུང་བ་དང་། ལྷ་ལྡན་གཙུག་ལག་ཁང་གི་ཡང་ཐོག་གསེར་ཟངས་ཀྱི་མདའ་ཡབ་དང་། རྟེན་བཞེངས་སོགས་ཀྱང་མང་དུ་མཛད་ཡོད། འོན་ཀྱང་མཆོག་སྤྲུལ་རིན་པོ་ཆེ་སྐུ་ན་འཚར་ལོངས་ཡོང་བའི་དུས་སྐབས་དེ་ནི། བོད་ཀྱི་ཆབ་སྲིད་ཡམ་ཡོམ་དང་། ཕྱི་ནང་གི་འགལ་བ་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་ཐོན་པའི་དུས་བབ་ཟང་ཟང་གི་འགོ་ཚུགས་པའི་སྐབས་དང་ཏག་ཏག་འཁེལ་ཡོད། དེ་ཡང་༸རྒྱལ་མཆོག་ལྔ་པ་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས། བོད་སོག་ཆེ་རྒུ་ཡོངས་ཀྱི་བློ་རྩེ་གཅིག་སྡུད་ཐུབ་པའི་ནུས་མཐུ་མེད་པ་ལྟ་བུར་གྱུར།

 

ཇ༽ ནང་འཁྲུག་གི་བར་ཆད་དང་། གསན་བསམ་ཐུགས་རྒྱུད་ལུགས་ཚུལ།

 

དགུང་ལོ་བཅུ་བདུན་ལ་ཕེབས་པ་ས་ཡོས་ཕྱི་ལོ་ ༡༦༩༩ ལོར་མཚན་ལྟས་མི་ལེགས་ཤིང་། བཀྲ་མི་ཤིས་པ་མང་དུ་བྱུང་བས་ཟློག་ཐབས་སུ་བོད་ཁམས་ནས་ཞབས་བརྟན་མང་དུ་བསྒྲུབས་ཤིང་། ཆོས་སྡེ་གཞན་དང་གཞན་དུ་གདན་ཞུ་གནང་ཡང་ཞལ་བཞེས་མ་གནང་བར་བདུན་ཕྲག་གཅིག་རིང་སྐུ་མཚམས་སུ་བཞུགས་པ་དང་། དགའ་ལྡན་ཁྲི་རིན་པོ་ཆེས་བརྟན་བཞུགས་འབུལ་ལམ་ཞུས་པ་སོགས་མང་དུ་གནང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་ནས་སྙན་ངག་མེ་ལོང་མ་དང་། ༸རྒྱལ་དབང་ལྔ་པ་ཆེན་པོའི་དབྱངས་ཅན་དགྱེས་གླུ་གཞིར་བཟུང་ཆོས་རྒྱལ་དགེ་དབང་ཡབ་སྲས་ཀྱི་དཔག་བསམ་ཁྲི་ཤིང་གཙོ་བོར་བཟུང་བའི་རྒྱ་གཞུང་གི་རིགས་དང་། བོད་འགྲེལ་རིན་སྨོན་དཔལ་གསུམ་སོགས་རྙིང་པ་ཁུངས་ཐུབ་དང་། བོད་མཁས་སྙན་འགྲེལ་བཅས་བསྡུར་ཏེ་ཁྲིད་པའི་དབུ་ཚུགས། དེ་མིན་ཕོ་བྲང་པོ་ཏའི་གཟིམ་ཆུང་ཉི་འོད་རྙིང་པའི་སྦུག་ཏུ་མགོན་ཁང་རྟེན་དང་བརྟེན་པ་མང་དུ་གསར་བཞེངས་གནང་བ་དང་། འབྲས་སྤུངས་སུ་བསྡུས་ཚད་ཀྱི་རིགས་ལུང་བཏང་། དེ་ནས་ཕར་ཕྱིན་གྱི་གཞུང་ལ་སྦྱངས་པའི་དབུ་ཚུགས་ཤིང་། དེ་རྗེས་བློ་གསལ་གླིང་གི་ཆོས་གྲྭར་ཕར་ཕྱིན་གྱི་གཞུང་ལ་བགྲོ་གླེང་ཡང་མཛད།

ལོ་འདིར་དཀོན་མཆོག་བསྟན་འཛིན་ད་ལའི་ཧན་གྱི་སྲས་བགྲེས་པ་བསྟན་འཛིན་དབང་རྒྱལ་དང་། གཞོན་པ་ལྷ་བཟང་ཀླུ་དཔལ་གཉིས་ནང་ཁུལ་མ་མཐུན་པའི་འཁྲུག་གཞི་བྱུང་བ་དང་། དུས་མཚུངས་སུ་མཚོ་སྔོན་དུ་སོག་པོའི་དཔོན་རིགས་རྣམས་ཀྱང་ཕན་ཚུན་མ་འཆམ་པའི་གནས་ཚུལ་བྱུང་། ཨོ་རོད་ནས་ཚེ་དབང་རབ་བརྟན་གྱིས་སྡེ་སྲིད་ཀྱི་མཛད་པ་ཅི་མཛད་སྐྱོན་དུ་མཐོང་བའི་གླེང་གཞི་མང་བའི་ཁར། ༸རྒྱལ་དབང་མཆོག་ལའང་ལོག་མཐོང་སོགས་ཀྱི་གནས་ཚུལ་གྱི་དབང་ལས་༸རྒྱལ་དབང་མཆོག་ཀྱང་ཐུགས་གཞི་ལྷོད་ལ་མ་བབ་པ་ལྟ་བུས་སློབ་གཉེར་མཛད་རྒྱུར་ཐུགས་རྒྱུད་ལུགས་པར་མཛད་པས། སྡེ་སྲིད་རིན་པོ་ཆེ་དང་སྐུ་མདུན་པ་སོགས་ནས་དེ་ལྟར་མི་མཛད་པའི་སྙན་བསྐུལ་ནན་ཞུ་ཞུས་ཀྱང་མ་གསན་པར་བག་གཡེང་སྤྲོ་གསེང་ལ་གཞོལ་བའི་རྣམ་པ་ཇེ་ཆེར་གྱུར།

 

ཉ༽ རབ་བྱུང་གི་སྡོམ་པ་ཕྱིར་འབུལ་དང་། གསེར་ཁྲི་ལས་ཕབ་ཚུལ།

 

དགུང་ལོ་བཅོ་བརྒྱད་ལ་ཕེབས་པ་ལྕགས་འབྲུག་ཕྱི་ལོ་ ༡༧༠༠ ལོར་སེར་འབྲས་ཀྱི་སློབ་དཔོན་དང་། སྤྱི་གཉེར། དགེ་བསྐོས། སྡེ་སྲིད་སོགས་ནས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོར་ཚོགས་མགོན་དུ་ཕེབས་དགོས་པའི་གསོལ་འདེབས་ནན་ཞུ་ཞུས་པར་ཞལ་གྱིས་མ་བཞེས། དེ་རྗེས་པད་གླིང་ལུགས་ཀྱི་དྲག་པོའི་སྐུ་མཚམས་ཤིན་ཏུ་དམ་པོར་བཞུགས་པ་སོགས་གནང་། དགུང་ལོ་བཅུ་དགུར་ཕེབས་པ་ལྕགས་སྦྲུལ་ཕྱི་ལོ་ ༡༧༠༡ ལོར་ཡང་སྨོན་ལམ་ཆེན་མོར་ཐོར་གོད་ཀྱི་འགྲུལ་པ་དང་། ད་ལའི་རྒྱལ་པོའི་དགོངས་རྫོགས་བཅས་ཀྱི་ཕྱིས་ལ་བལྟོས་པའི་གདུལ་བྱ་ཡང་ཤིན་ཏུ་མང་བས། དཔོན་སློབ་རྣམས་ཀྱིས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་དགོས་པའི་གསོལ་བ་ནན་ཞུ་གནང་ཡང་མ་ཕེབས། དེ་ནས་ལོ་འདིར་ཕྱོགས་སོ་སོ་ནས་འོངས་པའི་མགྲོན་པོ་རྣམས་ལ་མཇལ་འཕྲད་དང་། སེ་འབྲས་སུ་ཕེབས་པ་སོགས་ཀྱི་དུས་འདའ་བར་གྱུར།

དགུང་ལོ་ཉི་ཤུ་བཞེས་པ་ཆུ་རྟ་ཕྱི་ལོ་ ༡༧༠༢ ལོར་མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ད་ལྟ་༸རྒྱལ་དབང་མཆོག་དགུང་གྲངས་ཉི་ཤུར་ཕེབས་ཡོད་པས། བསྙེན་རྫོགས་སྒྲུབ་རན་པའི་རྒྱུ་མཚན་དང་བཅས་༸རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མཆོག་ལ་ནན་ཞུ་ཞུས་པར་མ་གསན་ཞིང་། ཉིན་གཅིག་བསླབ་སྡོམ་ཞུ་བའི་ཚུལ་དུ་བཀྲ་ཤིས་ལྷུན་པོར་ཕེབས་ནས་ཞག་བདུན་བཞུགས་ཏེ་པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་ལ་དགེ་ཚུལ་གྱི་སྡོམ་པ་ཡར་ཕུལ་ཏེ་ཁྱིམ་པའི་ཆས་གོས་བཞེས། དེ་ནས་བཟུང་༸རྒྱལ་བ་ཚངས་དབྱངས་རྒྱ་མཚོས་བཞུགས་ཡུལ་པོ་ཏ་ལའི་ཕོ་བྲང་དུ་བཞུགས་ཀྱང་བརྟུལ་བཞུགས་ཀྱི་མཛད་པ་སྐྱོང་བཞིན་དྲིན་ཅན་སྡེ་སྲིད་ཀྱི་ཞལ་ལའང་གསན་དགོངས་མ་གནང་བར་སྤྲོ་སྐྱིད་གནང་བར་ལྷ་ས་དང་ཉེ་བའི་རྫོང་རྒྱབ་དང་། འོལ་དགའ། འཕྱོངས་རྒྱས། གོང་དཀར་ཁུལ་སོགས་གང་བྱུང་ལ་ཐུགས་འདོད་ལྟར་ཕེབས་ཤིང་། ཉིན་མོ་ཕལ་ཆེ་བ་རྫོང་རྒྱབ་ཏུ་ཞབས་འབྲིང་ལོ་གཞོན་དག་འཁྲིད་དེ་ཕྱག་མདར་ཕེབས་པ་དང་། མཚན་མོ་ལྷ་ས་དང་ཞོལ་གྲོང་ཁྱིམ་ནང་བཞུགས་པ་སོགས་ཕྱི་རྒྱར་ཚུལ་མིན་གྱི་སྤྱོད་ལམ་འབའ་ཞིག་བསྐྱངས་ཏེ་བཞུགས།

 

ཏ༽ རྒྱ་ནག་ཏུ་རྒྱང་ཕུད་དང་། མྱ་ངན་ལས་འདས་ཚུལ།

 

དགུང་ལོ་ཉེར་གསུམ་དུ་ཕེབས་པ་ཤིང་བྱ་ཕྱི་ལོ་ ༡༧༠༥ ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་ལྷ་བཟང་ཧན་གཉིས་ཀྱིས་བོད་ཀྱི་སྲིད་དབང་འཕྲོག་ལེན་གྱི་འཐབ་རྩོད་རྣོ་ངར་ཅན་གྱི་ཁྲོད། ལྷ་བཟང་ཧན་གྱི་ཆུང་མས་དམག་དཔུང་གིས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཀྲོངས་ཏེ་བོད་ཀྱི་སྲིད་དབང་ལྷ་བཟང་ཧན་གྱིས་བཟུང་། དེ་རྗེས་དྲག་ཤུགས་ལ་བརྟེན་ནས་བོད་ཀྱི་སྲིད་དབང་ཕྲོགས་རྗེས་མཚོན་ཁ་༸རྒྱལ་དབང་མཆོག་ལ་བསྐོར་ཏེ། ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་དང་། ལྷ་བཟང་ཧན་གཉིས་ཀྱིས་༸རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མཆོག་གི་མཛད་པར་སྐྱོན་འདོགས་སྣ་ཚོགས་བྱས་པར་མ་ཟད། ལྷག་པར་རྒྱ་ནག་ཏུ་མི་སྣ་བཏང་ནས་རྒྱ་ནག་གི་གོང་མ་ཁང་ཤིར་སྡེ་སྲིད་ཀྱིས་ཇུན་གར་དང་ངན་འབྲེལ་གྱིས་ངོ་ལོག་ཇུས་འགོད་བྱས་ཚུལ་དབྱེན་སྦྱོར་ཞུས་པར་མ་ཟད། ༸རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ལྔ་པ་ཆེན་པོའི་ཡང་སྲིད་ངོ་མ་མ་ཡིན་པར། ནག་ཆང་དང་དགའ་རྩེད་ལ་མགོ་འཁོར་ནས་སྡོད་པ་ལས་སྡོམ་ཁྲིམས་མི་སྲུང་བས་ཁྲི་ལས་འབེབས་དགོས་ལུགས་སྙན་ཞུ་ཕུལ་ཏེ་རྒྱལ་པོ་ལྷ་བཟང་དང་། བཀའ་བློན་པཀྵི་སོགས་ཀྱིས་༸རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཕོ་བྲང་པོ་ཏ་ལའི་གསེར་ཁྲི་ནས་ཕབ་སྟེ་རྒྱ་ནག་གི་ཡུལ་དུ་རྒྱང་ཕུད་བཏང་ཞིང་། སྐུ་ཚབ་ཏུ་པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ་ཞུས།

དགུང་ལོ་ཉེར་བཞིར་ཕེབས་པ་མེ་ཁྱི་ཕྱི་ལོ་ ༡༧༠༦ ལོར་ལྷ་ཀླུ་དགའ་ཚལ་ནས་དན་བག་དང་། དེ་ནས་སོག་དམག་དང་བཅས་རྒྱ་ནག་ཏུ་ཕེབས་ཤིང་། སྐུ་བསྙུན་པའི་ཚུལ་བསྟན་པ་དང་། ཕེབས་ལམ་དུ་སྙུན་བབས་རིམ་གྱིས་ཇི་ལྕིར་སོང་སྟེ་མདོ་སྨད་མཚོ་སྔོན་གྱི་ས་ཁུལ་ཀུན་དགའ་ནོར་དུ་དགུང་ལོ་ ༢༤ སྟེང་དགོངས་པ་རྫོགས་ཏེ་སྐུ་ཚེའི་མཐའ་མའི་མཛད་པ་བསྟན། སྐུ་གདུང་ཡང་མཚོ་སྔོན་གསེར་ཁོག་དགོན་དུ་ཡོད་ཅེས་གྲགས།

 

ཐ༽ དགུང་ལོ་ ༦༤ བར་བཞུགས་ཏེ་འགྲོ་དོན་བསྐྱངས་ཚུལ།

 

རབ་བྱུང་བཅུ་གཉིས་པའི་མེ་སྟག་ཕྱི་ལོ་ ༡༧༤༧ ལོར་མདོ་སྨད་དུ་སྐུ་གཤེགས་པ་ནི་གསོལ་དཔོན་བློ་གྲོས་དབང་ཕྱུག་གིས་མཛད་པའི་རྣམ་ཐར་དང་། སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་གྱི་བཞེད་པ་ཡིན་ལ། ལྷ་བཙུན་དར་རྒྱས་ནོ་མོ་ཧན་གྱིས་མཛད་པའི་ཚངས་དབྱངས་རྒྱ་མཚོའི་སྐུ་ཚེ་སྨད་ཀྱི་མཛད་རྣམ་ལྷའི་ཏམྦུ་རའི་སྒྲ་དབྱངས་སོགས་སུ་༸རྒྱལ་དབང་མཆོག་དགུང་ལོ་ ༦༤ བར་བཞུགས་པའི་རྣམ་ཐར་ཞིབ་པར་བཀོད་ཡོད་པ་སྟེ། དགུང་ལོ་ཉེར་བཞིའི་ཐོག་ལྷ་བཟང་གི་ལྐོག་གཤོམ་འོག་༸རྒྱལ་བའི་ཁྲི་ལས་ཕབ་སྟེ་རྒྱ་ནག་ཏུ་གདན་འདྲེན་པའི་ལམ་བར་མཚོ་སྔོན་ཀུན་དགའ་ནོར་ནས་བྲོས་བྱོལ་དུ་ཕེབས་ཏེ་སྦས་པའི་བརྟུལ་ཞུགས་འཛིན་ཕྱིར་བློ་བཟང་རིན་ཆེན་ཆོས་གྲགས་རྒྱ་མཚོ་དང་། ངག་དབང་ཆོས་གྲགས་རྒྱ་མཚོར་མཚན་བརྗེས། ཤིང་རྟ་ཕྱི་ལོ་ ༡༧༡༤ ལོར་དྭགས་པོ་གྲྭ་ཚང་དུ་བཞུགས་སྐབས་དྭགས་པོ་ཞབས་དྲུང་དང་། དྭགས་པོ་བླ་མ་སོགས་སུ་འབོད་ཅིང་། ལོ་བཅུའི་རིང་ལ་མཚོ་སྔོན་ཨ་རིག་ནས་བཟུང་སྟེ་ཚ་བ་རོང་དང་། ཚ་ཁོ། དར་རྩེ་མདོ། གླང་ཆེན་འགྱིང་རི། ཁམས་ཀྱི་འབའ་ཐང་དང་ལི་ཐང་། ལྷོ་ཁ། ཙ་རི། ཀོང་ཡུལ། མོན་ཡུལ། བལ་ཡུལ། རྒྱ་གར་སོགས་ས་གནས་མང་པོར་གསང་སྟབས་ཀྱིས་གནས་མཇལ་དུ་ཕེབས།

དགུང་ལོ་སོ་བརྒྱད་བཞེས་པ་ལྕགས་བྱི་ཕྱི་ལོ་ ༡༧༢༠ ལོར་དཔའ་རིས་གསེར་ཁོག་དགོན་དུ་ཕེབས་སྐབས་བློ་བཟང་དཔལ་ལྡན་ཞྭ་ལུ་ལེགས་པ་རྒྱལ་མཚན་གྱི་སྤྲུལ་སྐུར་ངོས་འཛིན་གནང་། དགུང་ལོ་སོ་དགུར་ཕེབས་པ་ལྕགས་གླང་ཕྱི་ལོ་ ༡༧༢༡ ལོར་རྗེ་ཉིད་ཨ་ལག་ཤ་ནས་དཔའ་རིས་གསེར་ཁོག་དགོན་དུ་ཕེབས་སྐབས་ཇག་རུང་གྲོང་རི་དགོན་གྱིས་ཞུས་པ་ལྟར་དགོན་དེའི་མཁན་ཁྲིའི་མཛད་ཁུར་བཞེས། དགུང་ལོ་ཞེ་ལྔར་ཕེབས་པ་མེ་ལུག་ཕྱི་ལོ་ ༡༧༢༧ ལོར་༸རྒྱལ་དབང་མཆོག་གིས་བོད་སོག་གི་ཡོན་བདག་བཙལ་ནས་བྲག་འགག་གི་གནས་སུ་ཡར་ལུང་དགོན་ཐོས་བསམ་དར་རྒྱས་གླིང་གསར་བཞེངས་གནང་འགོ་བརྩམས་ཏེ་ལོ་ལྔའི་ནང་ལེགས་པར་གྲུབ་ཅིང་། དགེ་འདུན་གྱི་སྡེ་མང་དུ་བཙུགས།

དགུང་ལོ་སོ་དགུའི་སྟེང་ཇག་རུང་དགོན་རྙིང་གི་མཁན་ཁྲིའི་ཐུགས་ཁུར་བཞེས་ནས་དགུང་ལོ་རེ་བཞིའི་བར་ལོ་ཉེར་ལྔའི་རིང་ལ་ཇག་རུང་ཡར་ལུང་དགོན་པའི་དགོན་བདག་དང་མཁན་པོ་གཅིག་ལྕོགས་གནང་། དགུང་ལོ་ང་གཉིས་བཞེས་པ་ཤིང་སྟག་ཕྱི་ལོ་ ༡༧༣༤ ལོར་ཏེ་ཐུང་རྡོ་རྗེ་འཆང་གི་དཀར་ཆག་པད་དཀར་ལྗོན་བཟང་དང་། མ་རུང་སྲིན་པོའི་གཟུགས་ཅན་ཁྲོ་གཏུམ་ཆེ། །ཞེས་པའི་གུར་མགོན་འཕྲིན་བཅོལ་ལྗགས་རྩོམ་མཛད། དགུང་ལོ་རེ་བཞིར་ཕེབས་པ་རབ་བྱུང་བཅུ་གཉིས་པའི་མེ་སྟག་ཕྱི་ལོ་ ༡༧༤༦ ལོར་མདོ་སྨད་དུ་དགོངས་པ་རྫོགས་པར་གསུངས།

དེ་ལྟར་༸རྒྱལ་བ་སྐུ་ཕྲེང་དྲུག་པ་རིན་ཆེན་ཚངས་དབྱངས་རྒྱ་མཚོ་མཆོག་གི་ཆོས་སྲིད་ཀྱི་མཛད་པ་རྒྱས་པ་མཁྱེན་པར་འདོད་ན་༸མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་ཐམས་ཅད་མཁྱེན་པ་དྲུག་པ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་ཐུན་མོང་ཕྱིའི་རྣམ་པར་ཐར་པ་དུ་ཀཱུ་ལའི་འཕྲོ་མཐུད་རབ་གསལ་གསེར་གྱི་སྙེ་མ་དང་། ལྷ་བཙུན་པཎྜི་ཏ་ངག་དབང་རྡོ་རྗེས་མཛད་པའི་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་ཕུལ་དུ་བྱུང་བའི་མཛད་པ་བཟང་པོའི་གཏམ་སྙན་ལྷའི་ཏམྦུ་རའི་རྒྱུད་ཀྱི་སྒྲ་དབྱངས་སྟེ་གསང་བའི་རྣམ་ཐར། གསོལ་དཔོན་བློ་གྲོས་དབང་ཕྱུག་གིས་བཀོད་པའི་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་སོགས་སུ་གཟིགས་པར་འཚལ་ལོ།། །།

༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་སྙིང་བསྡུས་གསེར་གྱི་ཕྲེང་བ་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།