༸ རྒྱལ་བ་སྐུ་ཕྲེང་བདུན་པ། བསྐལ་བཟང་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

༸  རྒྱལ་བ་སྐུ་ཕྲེང་བདུན་པ། བསྐལ་བཟང་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

ཀ༽ སྐུ་འཁྲུངས་ཤིང་རིགས་རྒྱུད་དང་། མཚན་གསོལ་ཚུལ།

 

དེ་ཡང་འཁྲུངས་རབས་གསོལ་འདེབས་ལས།

འབྲོམ་རིགས་ལི་ཐང་ལྷ་ཞོལ་གཟུགས་སྐུ་བརྟས། །

རྒྱལ་བ་རྒྱ་མཚོའི་སྐུ་རུ་དུ་མས་མཇལ། །

དགེ་ལྡན་བསྟན་སྐྱོང་དུས་ཀྱི་འཁོར་ལོའི་བདག །

༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། ༸རྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་གཉིས་པའི་ས་བྱི་ལོ་སྟེ་ཕྱི་ལོ་ ༡༧༠༨ ལོར་མདོ་ཁམས་སྒང་དྲུག་གི་ནང་ཚན་སྤོམ་སྦོར་སྒང་གི་ཆར་གཏོགས་པའི་ལི་ཐང་བྱམས་པ་གླིང་གི་ལྷ་ཞོལ་དུ། རུས་ཆེན་བཅོ་བརྒྱད་ཀྱི་ནང་ཚན་འབྲོམ་གྱི་རིགས་སུ་ཡབ་བསོད་ནམས་དར་རྒྱས་དང་། ཡུམ་བློ་བཟང་ཆོས་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་སྐབས་སྐུ་ཞང་ཨ་དགེ་བཀྲ་ཤིས་བླ་མ་མཁྱེན་རབ་བྱམས་པའི་སྐུ་དྲུང་དུ་བཏང་བར། དེས་ལུང་བསྟན་པ་ལྟར་མཚན་རྟགས་བཟང་བས་མཚན་ལ་བསྐལ་བཟང་རྒྱ་མཚོ་ཞེས་གསོལ། ལི་ཐང་ཆོས་སྡེའི་ཆོས་སྐྱོང་ལྷ་ཆེན་འོད་ལྡན་དཀར་པོས། སློབ་དཔོན་མཐོང་བ་དོན་ལྡན་གྱི་སྐུའི་ཡང་སྲིད་འཁྲུལ་མེད་འདི་ཡིན་ནོ། །ཐམས་ཅད་ཀྱི་བག་ཡོད་པ་དགོས། མཐོང་བ་དོན་ལྡན་ཁྱིམ་དུ་བཞུགས་ན་མི་རུང་། དགོན་པར་སྤྱན་དྲོངས། ཞེས་༸རྒྱལ་བའི་ཡང་སྲིད་འཁྲུལ་མེད་ཡིན་པའི་ལུང་བསྟན་གནང་བ་སོགས་ཀྱིས་གཅིག་ལ་གཉིས་བརྒྱུད་ཀྱིས་དབུས་གཙང་བར་དུ་ཁྱབ་པར་གྱུར།

ཁ༽ དགེ་བསྙེན་གྱི་སྡོམ་བཞེས་དང་། རྣམ་རྒྱལ་གྲྭ་ཚང་བསྐྱར་འཛུགས།

 

དགུང་ལོ་གཉིས་ལ་ཕེབས་པ་ས་གླང་ཕྱི་ལོ་ ༡༧༠༩ ལོར་མཚོ་སྔོན་གྱི་དཔོན་རིགས་རྣམས་ནས་༸རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་ཡང་སྲིད་ལི་ཐང་དུ་སྐུ་འཁྲུངས་པའི་བསྐལ་བཟང་རྒྱ་མཚོར་ངོས་འཛིན་ཆོག་པའི་སྙན་ཞུ་ཕུལ་བ་དང་། དགུང་ལོ་བདུན་ལ་ཕེབས་པ་ཤིང་རྟ་ཕྱི་ལོ་ ༡༧༡༤ ལོར་རྒྱལ་པོ་ལྷ་བཟང་གིས་མངགས་པ་དགེ་འདུན་དང་། དར་རྒྱས་སྐྱབས་ཟེར་བའི་མི་གཉིས་ཡོང་གིན་འདུག་ཟེར་བའི་གཏམ་ཡབ་ཡུམ་གྱིས་གསན་པས། ཁོང་ཚོ་ཡོང་ན་ལེགས་ཉེས་གང་ཡོང་མི་ཤེས་པས་རེ་ཞིག་གཞན་དུ་བྱོལ་དགོས་དགོངས་ཏེ། ཁམས་སྡེའི་དགེའི་ས་ཕྱོགས་སུ་གདན་ཞུས་ལྟར་སྡེ་དགེའི་ཆོས་རྒྱལ་བསྟན་པ་ཚེ་རིང་ནས་ཕེབས་བསུའི་བཀོད་པ་གཟབ་རྒྱས་ཀྱིས་ལྷ་ལུང་ཁུང་དུ་སྤྱན་དྲངས། དེ་ནས་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་འགྲམ་ནས་བོད་སོག་གི་སྦྱིན་བདག་སྟོབས་འབྱོར་ཆེ་བ་རྣམས་ཀྱིས་གདན་ཞུ་བྱས་པ་ལྟར་སྡེ་དགེ་ནས་རིམ་གྱིས་ཕེབས་ཏེ་ཕེབས་བསུའི་རིམ་པ་དང་བཅས་ཏེ་མཚོ་སྔོན་ཀུན་དགའ་ནོར་དུ་བཞུགས།

དགུང་ལོ་བརྒྱད་ལ་ཕེབས་པ་ཤིང་ལུག་ཕྱི་ལོ་ ༡༧༡༥ ལོར་སྐུ་འབུམ་དུ་ཕེབས་ནས་གསེར་ཁྲིར་བཞུགས་ཤིང་། ནོ་མིན་ཧན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་ཐོག་མར་དགེ་བསྙེན་གྱི་སྡོམ་པ་བཞེས། ལོ་དེའི་ཟླ་བ་ ༨ ཚེས་ ༢༠ གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་གཙོ་ཆེ་ཡབ་རྗེ་ཉིད་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་སེ་འབྲས་དགེ་གསུམ་སོགས་བོད་གངས་ཅན་དང་། ཕྱོགས་མཐའ་དག་ནས་དད་པས་ལྷགས་པའི་དགེ་འདུན་རྣམས་བསྡུས་ནས། གྲྭ་ཚང་གསར་འཛུགས་གནང་བར་རྗེ་བླ་མ་ཉིད་ནས་རྣམ་རྒྱལ་གྲྭ་ཚང་ཞེས་པའི་མིང་སྩལ། ཞེས་གསལ་བ་སྔོན་ཆད་༸རྒྱལ་དབང་ལྔ་པ་ཆེན་པོའི་སྐབས་ཀྱི་རྩེ་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་རྣམས་སོག་པོ་ཇུན་གར་བས་ལྷ་སར་བཙན་འཛུལ་སྐབས་ཚང་མ་གྲྭ་ཆས་བཤུས་ནས་སྐྱ་ཆས་གཡོགས་ཏེ་སོ་སོའི་ཡུལ་དུ་ཕྱིར་སློག་བྱས་པར་གྲགས་ཤིང་། དུས་ཕྱིས་ཀྱི་རྩེ་རྣམ་རྒྱལ་གྲྭ་ཚང་གི་ཐོག་མ་སྐབས་འདི་ནས་དབུ་ཚུགས་པ་ཡིན་ནོ།།

 

ག༽ རབ་བྱུང་གི་སྡོམ་བཞེས་དང་། སྐུ་འབུམ་དུ་སློབ་གཉེར་མཛད་ཚུལ།

 

དགུང་ལོ་དགུ་ལ་ཕེབས་པ་མེ་སྤྲེལ་ཕྱི་ལོ་ ༡༧༡༦ ལོའི་ཟླ་བ་ ༡༠ ཚེས་ ༥ ཉིན་ཡོངས་འཛིན་དམ་པ་ཆུ་བཟང་ཧུ་ཐོག་ཐུ་རིན་པོ་ཆེའི་དྲུང་ནས་ཐོག་མར་བསླབ་གཞི་ལྔ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་། དེའི་མཇུག་ཐོག་དེ་མ་ཐག་ཏུ་རབ་བྱུང་གི་སྡོམ་པ་འབུལ་བཞེས་གནང་སྟེ། མཚན་ལ་ངག་གི་དབང་ཕྱུག་ཆོས་ཀྱི་གྲགས་པ་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། དེ་ནས་སྐུ་ཡོན་གསན་བསམ་ལ་རྩེ་གཅིག་ཏུ་གཞོལ་བ་དང་། སྐུ་འབུམ་དུ་ཕེབས་ནས་ཀྱང་དབང་ལུང་མན་ངག་གི་རྒྱུན་སོགས་མདོ་སྔགས་ཀྱི་ཆོས་བཀའ་མང་པོ་གསན་པར་མཛད། དགུང་ལོ་བཅུ་ལ་ཕེབས་པ་མེ་བྱ་ཕྱི་ལོ་ ༡༧༡༧ ལོར་མང་ཚོགས་ཁྲི་ཕྲག་བརྒལ་བར་མཇལ་ཁ་དང་། སྐུ་འབུམ་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་ཤིང་། ཡོངས་འཛིན་ཆུ་བཟང་རིན་པོ་ཆེ་ནས་གཞུང་ཆེན་བཀའ་པོད་ལྔའི་བརྩི་བཞག་གནང་རྒྱུ་རྟེན་འབྲེལ་བསྒྲིགས་པ་གནང་།

 

ང༽ དབུས་སུ་གདན་ཞུས་ཀྱིས་ཁྲི་གསོལ་དང་། གསན་བསམ་སློབ་གཉེར།

 

དགུང་ལོ་བཅུ་གཅིག་ཏུ་ཕེབས་པ་ས་ཁྱི་ཕྱི་ལོ་ ༡༧༡༨ ལོའི་ལོ་གསར་སྐབས་སེར་སྐྱ་ཁྲི་ཕྲག་བརྒལ་བར་མཇལ་ཁ་དང་། སྐུ་འབུམ་ཆོས་སྡེ་ཆེན་པོར་འཆམ་ཆས་དང་། ཞལ་འབག་སོགས་སྦྱོར་འཇགས་གནང་། དགུང་ལོ་བཅུ་གཉིས་ལ་ཕེབས་པ་ས་ཕག་ཕྱི་ལོ་ ༡༧༡༩ ལོར་སྐུ་འབུམ་སྨོན་ལམ་ཆེན་མོ་གསར་འཛུགས་ཀྱི་ཚོགས་མགོན་དུ་ཕེབས་ཤིང་། ཟླ་བ་གསུམ་པའི་ནང་ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཤིའི་རིགས་སྲས་བཅུ་བཞི་པ་ཅང་ཇུན་ཝང་དང་མཇལ་འཕྲད་ཐོག་མར་བྱུང་།

དགུང་ལོ་བཅུ་གསུམ་དུ་ཕེབས་པ་ལྕགས་བྱི་ཕྱི་ལོ་ ༡༧༢༠ ལོར་དབུས་སུ་ཕེབས་ཏེ་ཟླ་བ་ ༩ ཚེས་ ༡༥ ཉིན་རི་བོ་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཕོ་བྲང་ཆེན་པོ་པོ་ཏ་ལའི་གསེར་ཁྲིར་༸ཞབས་སོར་འཁོད། གསུང་ཆོས་ར་བའི་མདུན་དུ་བསྐལ་བཟང་དར་ཆེན་ཡང་བཙུགས། ཟླ་བ་ ༡༡ པའི་ཚེས་ ༥ ཉིན་ཕོ་བྲང་པོ་ཏ་ལར་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ཀྱིས་མཁན་སློབ་སྦྲགས་མ་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་བློ་བཟང་བསྐལ་བཟང་རྒྱ་མཚོ་ཞེས་གསོལ། ཁྲི་ཟུར་བློ་བཟང་དར་རྒྱས་༸རྒྱལ་བའི་ཡོངས་འཛིན་དུ་བསྟེན་ཏེ་མཚན་ཉིད་ཀྱི་གཞུང་ཆེན་ཁག་ལ་གསན་བསམ་རྒྱ་ཆེར་མཛད།

དགུང་ལོ་བཅུ་བཞིར་ཕེབས་པ་ལྕགས་གླང་ཕྱི་ལོ་ ༡༧༢༡ ལོར་དཱ་ཆིང་པཱ་དུར་ཁང་ཆེན་པ་བསོད་ནམས་རྒྱལ་པོ་བཀའ་བློན་གྱི་གཙོ་བོ་དང་། ང་ཕོད་པ་རྡོ་རྗེ་རྒྱལ་པོ་དང་། ལུམ་པ་བཀྲ་ཤིས་རྒྱལ་པོ། སྦྱར་ར་བ་བློ་གྲོས་རྒྱལ་པོ། ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་བཅས་བཀའ་བློན་དུ་བསྐོས། དགུང་ལོ་བཅོ་ལྔར་ཕེབས་པ་ཆུ་སྟག་ཕྱི་ལོ་ ༡༧༢༢ ལོ་གསར་ལ་སེར་སྐྱ་མཆོག་དམན་རྣམས་ལ་མཇལ་ཁ་དང་། གསུང་ཆོས་སྐབས་དགེ་འདུན་ཁྲི་ཕྲག་བརྒལ་བར་སྐྱེས་རབས་ཀྱི་བཀའ་ཆོས་ཐོག་མར་གནང་། དགུང་ལོ་བཅུ་དྲུག་ལ་ཕེབས་པ་ཆུ་ཡོས་ཕྱི་ལོ་ ༡༧༢༣ ལོར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོར་དགའ་ལྡན་གྱི་དགེ་འདུན་པ་རྣམས་ཀྱང་ཕེབས་རྒྱུའི་སྲོལ་བཟང་གསར་འཛུགས་གཏན་འབེབས་གནང་བར་མ་ཟད། སྨོན་ལམ་ཆེན་མོའི་བཅའ་ཡིག་ཀྱང་གསར་དུ་སྩལ།

 

ཅ༽ བསྙེན་རྫོགས་ཀྱི་བསླབ་སྡོམ་བཞེས་ཤིང་། མདོ་ཁམས་སུ་ཕེབས་ཚུལ།

 

དགུང་ལོ་བཅུ་བདུན་དུ་ཕེབས་པ་ཤིང་འབྲུག་ཕྱི་ལོ་ ༡༧༢༤ ལོར་ཁྲི་ཆེན་དཔལ་ལྡན་གྲགས་པ་ཡོངས་འཛིན་དུ་བསྐོ་གཞག་གནང་སྟེ་དབུ་མའི་གཞུང་མཐའ་དག་ལ་སྦྱངས་པའི་དབུ་བརྩམས། དགའ་ལྡན་དང་བསམ་ཡས་སོགས་སུ་གནས་གཟིགས་ཀྱང་ཕེབས། དགུང་ལོ་བཅོ་བརྒྱད་དུ་ཕེབས་པ་ཤིང་སྦྲུལ་ཕྱི་ལོ་ ༡༧༢༥ ལོར་དམ་ཆོས་འདུལ་བའི་གཞུང་ལ་གསན་བསམ་དབུ་འཛུགས་གནང་ཞིང་། ལྷོ་གནས་ལ་ཕེབས་ཏེ་རབ་གནས་དང་། གསུང་ཆོས། མང་ཚོགས་ལ་མཇལ་ཁ་སོགས་གཏོང་བ་གནང་། དགུང་ལོ་བཅུ་དགུར་ཕེབས་པ་མེ་རྟ་ཕྱི་ལོ་ ༡༧༢༦ ལོར་སྐུ་འབུམ་བྱམས་པ་གླིང་གི་བཅའ་ཡིག་ལྗགས་རྩོམ་མཛད།

དགུང་ལོ་ཉི་ཤུར་ཕེབས་པ་མེ་ལུག་ཕྱི་ལོ་ ༡༧༢༧ ལོའི་ཟླ་བ་ ༤ ཚེས་ ༡༥ ཉིན་ལྷ་ལྡན་གཙུག་ལག་ཁང་གི་རྟེན་གཙོ་ཇོ་བོ་ཤཱཀྱ་མུ་ནེའི་མདུན་དུ་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་དཔལ་བཟང་པོས་མཁན་པོ་དང་། དགའ་ལྡན་ཁྲི་རིན་པོ་ཆེ་དཔལ་ལྡན་སྙན་གྲགས་མཆོག་གིས་ལས་སློབ། རྒྱུད་སྨད་སློབ་དཔོན་ཁྲི་ཆེན་ངག་དབང་མཆོག་ལྡན་མཆོག་གིས་གསང་སྟོན། དཀའ་ཆེན་བློ་བཟང་སྨོན་ལམ་རྒྱ་མཚོས་དུས་གོ་བ་མཛད་དེ་དགེ་བའི་བཤེས་གཉེན་བཅུ་ཕྲག་གསུམ་གྱི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་། དེ་ནས་བཟུང་པཎ་ཆེན་རིན་པོ་ཆེའི་དྲུང་ནས་དཔལ་གསང་བ་འདུས་པའི་དབང་བཀའ་ཡང་དུ་མ་གསན།

དགུང་ལོ་ཉེར་གཅིག་བཞེས་པ་ས་སྤྲེལ་ཕྱི་ལོ་ ༡༧༢༨ ལོར་འབྲས་སྤུངས་སུ་རྡོ་རམས་པའི་གྲྭ་སྐོར་མཚན་བཏགས་བཞེས་ཤིང་། ལོ་དེར་བཀའ་བློན་ནང་ཁུལ་མ་འཆམ་པར་བརྟེན་སྐུའི་བདེ་འཇགས་ལ་དགོངས་ནས་ལི་ཐང་དུ་ཕེབས་དགོས་བྱུང་བས་ལྷོ་ལམ་བརྒྱུད་ཀོང་པོ་རྒྱ་མདའ་དང་། ལྷ་རི་འགོ ཤོ་པ་མདོ། འབའ་ཐང་སོགས་ནས་ལི་ཐང་ཐུབ་ཆེན་བྱམས་པ་གླིང་དུ་ཕེབས་ཤིང་། མགར་ཐར་དགོན་པ་ཕྱག་བཏབ་ནས་དེར་དགེ་འདུན་ལྔ་བཅུ་ཐམ་པ་འཛུགས་གནང་ཐོག་སྐུ་སྐྱེ་བློ་བཟང་དགེ་ལེགས་མཁན་པོར་བསྐོ་གཞག་གནང་སྟེ། སྐྱེ་འགྲོ་གྲངས་མེད་པར་ཆོས་ཡང་ཡང་གསུངས། དེ་མུར་ལོ་ངོ་ལྔ་ཙམ་བཞུགས་རིང་རྒྱུད་སྨད་མཁན་པོ་ངག་དབང་མཆོག་ལྡན་གྱི་དྲུང་ནས་དབང་ལུང་མན་ངག་སོགས་ཀྱི་ཆོས་བཀའ་མང་པོ་གསན།

 

ཆ༽ དབུས་གཙང་དུ་ཕེབས་ཏེ་གསན་བསམ་དང་། རྟེན་གསུམ་བཞེངས་ཚུལ།

 

དགུང་ལོ་ཉེར་བརྒྱད་དུ་ཕེབས་པ་ཤིང་ཡོས་ཕྱི་ལོ་ ༡༧༣༥ ལོར༸རྒྱལ་བ་བསྐལ་བཟང་རྒྱ་མཚོ་མགར་ཐར་ནས་དབུས་གཙང་དུ་ཕྱིར་ཕེབས་མཛད་ནས་ཕོ་བྲང་ཆེན་པོར་༸ཞབས་སོར་འཁོད། དེའི་ལོར་པཎ་ཆེན་བློ་བཟང་ཡེ་ཤེས་མཇལ་བར་ཕེབས་ཤིང་། དེ་ནས་ལོ་ངོ་བཅོ་ལྔའི་རིང་དུ་པཎ་ཆེན་བློ་བཟང་ཡེ་ཤེས་དང་། ཞྭ་ལུ་མཁན་པོ་ངག་དབང་ཡོན་ཏན་འབྱུང་གནས་བཅས་ཡོངས་འཛིན་དུ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་ལེགས་པར་སྦྱངས་པས་མཁས་པའི་དབང་པོར་གྱུར།

དགུང་ལོ་ཉེར་དགུར་ཕེབས་པ་མེ་འབྲུག་ཕྱི་ལོ་ ༡༧༣༦ ལོར་འབྲུག་སྡེ་སྲིད་༸རྒྱལ་དབང་མཇལ་ཕྱག་ཏུ་བཅར་ཏེ་འབུལ་བ་གྱ་ནོམ་པ་འབུལ་བཞེས་གནང་བ་དང་། ༸རྒྱལ་དབང་མཆོག་ནས་འབྲུག་སྡེ་སྲིད་མཆོག་ལ་གོས་སྐུ་ཆེན་མོ་སྤུས་ལེགས་ཤིག་ཕྱག་རྟགས་སུ་སྩལ་བ་ལྟར་དུས་ཕྱིས་སུའང་འབྲུག་གི་མཛད་སྒོ་ཁག་ཏུ་ཞལ་འགྲེམས་ཞུ་བཞིན་ཡོད།

དགུང་ལོ་སུམ་ཅུར་ཕེབས་པ་མེ་སྦྲུལ་ཕྱི་ལོ་ ༡༧༣༧ ལོར་ལྷ་ལྡན་གཙུག་ལག་ཁང་གི་རྟེན་རྣམས་གསར་བཞེངས་དང་ཉམས་གསོ་མཛད། དགུང་ལོ་སོ་གཅིག་བཞེས་པ་ས་རྟ་ཕྱི་ལོ་ ༡༧༣༨ ཐོག་ཁྲ་འབྲུག་གཙུག་ལག་ཁང་ཞིག་གསོའི་བཀའ་ཁྱབ་གནང་། གོས་སྐུ་མཐོང་བ་དོན་ལྡན་གསར་བཞེངས་ཀྱི་དཀར་ཆག་སྨོན་ཚིག་མཛད། དགུང་ལོ་སོ་གསུམ་ལ་ཚོགས་མཆོད་སེར་སྦྲེངས་ཀྱི་མཆོད་རྫས་ཧྲུལ་སྐྱོན་རྣམས་གསར་བཟོ་བཀོད་པས་མཛེས་པར་བསྒྲུབས། དགུང་ལོ་སུམ་ཅུར་ཕེབས་པ་མེ་སྦྲུལ་ཕྱི་ལོ་ ༡༧༣༧ ལོར་དགེ་ཚུལ་སློང་མང་དུ་བསྒྲུབས་གནང་དང་། སེ་ར་དང་། དགའ་ལྡན། བསམ་ཡས་དང་། ཆོས་འཁོར་རྒྱལ་སོགས་སུ་གནས་གཟིགས་སུ་ཕེབས་ཤིང་། ལོ་དེའི་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་དགོངས་པ་རྫོགས།

 

ཇ༽ པཎ་ཆེན་མཆོག་སྤྲུལ་ངོས་འཛིན་དང་། གསོ་རིག་སློབ་གཉེར་ཡར་རྒྱས།

 

དགུང་ལོ་སོ་བཞིར་ཕེབས་པ་ལྕགས་བྱ་ཕྱི་ལོ་ ༡༧༤༡ ལོར་འབྲུག་སྡེ་སྲིད་དགོངས་ཞུས་ཚབ་བློན་པོ་ངག་དབང་རྒྱལ་མཚན་བསྐོ་གཞག་གནང་བ་དང་། ལྕགས་པོ་རི་འགྲོ་ཕན་གླིང་གི་གསོ་བ་རིག་པའི་སློབ་སྦྱོང་ཅུང་ཟད་ཉམས་པར་བརྟེན་གདན་ས་མཐིལ་གྱི་མཁན་པོ་རྒྱུགས་ལེན་གཏོང་བ་གནང་སྟེ་བསྡམ་ར་མཛད། པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ཀྱི་མཆོག་སྤྲུལ་ཡང་སྲིད་ངོས་འཛིན་གནང་སྟེ་མཚན་ལ་བློ་བཟང་དཔལ་ལྡན་ཡེ་ཤེས་ཞེས་གསོལ།

དགུང་ལོ་སོ་དགུར་ཕེབས་པ་མེ་སྟག་ཕྱི་ལོ་ ༡༧༤༦ ལོར་སྒྲ་གཞུང་ཙནྡྲ་པའི་རི་མོའི་སློབ་རྒྱུན་སྤེལ། དགུང་ལོ་བཞི་བཅུ་བཞེས་པ་མེ་ཡོས་ཕྱི་ལོ་ ༡༧༤༧ ལོར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ལྷ་ཕེབས་ཀྱིས་འཇམ་དབྱངས་སྨྲ་སེང་དང་། སྒྲོལ་དཀར་སོགས་ཀྱི་རྗེས་གནང་སྩལ། དགུང་ལོ་ཞེ་གཉིས་ལ་ཕེབས་པ་ས་སྦྲུལ་ཕྱི་ལོ་ ༡༧༤༩ ལོར་ཕོ་བྲང་པོ་ཏ་ལའི་གསང་བདེ་འཇིགས་གསུམ་གྱི་བློས་བསླངས་དཀྱིལ་འཁོར་བཞེངས་འགོ་ཚུགས་པ་དང་། རྩེ་རྣམ་རྒྱལ་གྲྭ་ཚང་དུ་དུས་འཁོར་སྒྲུབ་མཆོད་གསར་འཛུགས་གནང་། གོང་མ་ཆན་ལུང་གིས་༸རྒྱལ་བ་བསྐལ་བཟང་རྒྱ་མཚོས་བཞེངས་གནང་བའི་བློས་བསླངས་གསུམ་གྱི་རྟ་བབས་ཆ་ཚང་གསུམ་ཕུལ་བ་བློས་བསླངས་སོ་སོར་བསྒྲིགས་པ་གནང་།

 

ཉ༽ ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཤིང་། བཀའ་ཤག་གསར་འཛུགས།

 

དགུང་ལོ་ཞེ་བཞིར་ཕེབས་པ་ལྕགས་ལུག་ཕྱི་ལོ་ ༡༧༥༡ ལོར་༸རྒྱལ་བ་བསྐལ་བཟང་རྒྱ་མཚོ་མཆོག་ནས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཏེ་སྲིད་དོན་གྱི་ཞབས་ཞུར་བཀའ་བློན་བཞི་བསྐོ་གཞག་གནང་ཞིང་། བཀའ་ཤག་ཐོག་མར་བཙུགས་ཏེ་བཀའ་བློན་གྱི་གཙོ་བོ་དགའ་བཞི་གུང་པཎྜི་ཏ་དང་། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། ཐོན་པ་སྲི་ཆོས་ཚེ་བརྟན། སེར་མོ་བ་དར་ཧན་ཉི་མ་རྒྱལ་མཚན་བཅས་སེར་སྐྱ་ཟུང་འབྲེལ་བསྐོས་ཏེ་བཀའ་བློན་རྣམས་བཀའ་ཤག་ཏུ་ངོ་ཕེབས་ཀྱིས་ལས་དོན་སྒྲུབ་སྲོལ་ཐོག་མར་བཙུགས། དེ་བཞིན་བཀའ་དྲུང་དང་། བཀའ་མགྲོན་བཅས་ཀྱང་བསྐོ་གཞག་སྩལ་ཏེ་བཀའ་ཤག་གི་དམ་ཕྲུག་བདེ་སྐྱིད་མར་ཐུགས་སྨོན་དང་བཅས་བཀའ་བློན་གུང་ཐུན་མོང་གི་ཕྱག་ཏུ་གསོལ་རས་སྩལ། ལོ་རེར་རྩེ་རྣམ་རྒྱལ་གྲྭ་ཚང་ལ་སྔར་ཡོད་གྲྭ་གྲངས་ ༡༡༠ ཐོག་ ༦༥ སྤར་ཆ་གནང་སྟེ་རྩེ་ཤོད་དྲུང་ཆེ་དང་མཉམ་པར་ཞལ་གྲངས་ ༡༧༥ གྲངས་བཅད་གནང་།

 

ཏ༽ རྩེ་ཡིག་ཚང་དང་རྩེ་སློབ་གྲྭ་གསར་འཛུགས་དང་། རྟེན་གསུམ་གསར་བཞེངས།

 

དགུང་ལོ་ཞེ་ལྔར་ཕེབས་པ་ཆུ་སྤྲེལ་ཕྱི་ལོ་ ༡༧༥༢ ལོར་འབྲས་ལྗོངས་རྒྱལ་པོ་གསར་བསྐོས་གནང་བ་དང་། རིས་མེད་ཀྱི་དགོན་སྡེ་རྣམས་འཐོར་ཞིག་གིས་ཉམས་ཆག་ཤིན་ཏུ་ཆེ་བའི་བོད་ཁམས་ཀྱི་བདེ་ཐབས་སུ་ཉམས་གསོ་མཛད། དེ་བཞིན་རྩེ་པོ་ཏ་ལའི་ཕོ་བྲང་དུ་རྩེ་ཡིག་ཚང་ལས་ཁུངས་གསར་དུ་བཙུགས། ཡང་སྒོས་སྒྲ་དང་། སྙན་ངག སུམ་རྟགས། སྐར་རྩིས། ཡིག་སྣ་ཁག་མང་སྦྱོང་ཁྲིད་བྱེད་པའི་རྩེ་སེར་མོ་བའི་སློབ་གྲྭ་རྩེ་རིག་གནས་སློབ་གྲྭ་གསར་དུ་བཙུགས།

དགུང་ལོ་ཞེ་དྲུག་བཞེས་པ་ཆུ་བྱ་ཕྱི་ལོ་ ༡༧༥༣ ལོར་གསུང་འབུམ་དཀར་ཆག་ལྟར་ན། རྩེའི་བློས་བསླངས་ཁང་གིས་ལྡེབས་བྲིས་གསར་བཞེངས་ལེགས་བསྒྲུབས་ཀྱིས་རབ་གནས་མཛད་པ་དང་། རྣམ་རྒྱལ་གྲྭ་ཚང་དུ་དུས་འཁོར་ས་གར་དང་མཆོད་གར་གསར་འཛུགས་གནང་ཞིང་། དཔག་བསམ་འཁྲི་ཤིང་དང་། ཙོང་ཁ་བརྒྱད་ཅུ། གནས་བརྟན་བཅུ་དྲུག ༸རྒྱལ་བའི་འཁྲུངས་རབས་བཅས་ཀྱི་སྐུ་ཐང་ལྔ་བརྒྱ་ལྷག་གསར་བཞེངས་གནང་ཞིང་། ཕོ་བྲང་ཆེན་པོའི་ཞོལ་དུ་བཟོ་གྲྭ་འདོད་འཇོ་དཔལ་འཁྱིལ་གསར་འཛུགས་མཛད། དགུང་ལོ་ཞེ་བརྒྱད་བཞེས་པ་ཤིང་ཕག་ཕྱི་ལོ་ ༡༧༥༥ ལོར་ནོར་བུ་གླིང་ཁའི་བསྐལ་བཟང་ཕོ་བྲང་གསར་འདེབས་མཛད། ལོ་རྒྱུས་ལ་ལར་དགུང་ལོ་ཞེ་དགུར་ཕེབས་པ་མེ་བྱི་ཕྱི་ལོ་ ༡༧༥༦ ལོར་རྩེ་པོ་ཏ་ལའི་བློས་བསླངས་ཁང་དུ་བོད་ཀྱི་གནས་ཆེན་ཁག་གི་ལྡེབས་བྲིས་གནང་མཛད་ཚུལ་གསལ་བ་བཅས་སོ།།

 

ཐ༽ མྱ་ངན་ལས་འདས་ཤིང་། སྐུ་གདུང་གསར་བཞེངས་གནང་ཚུལ།

 

དགུང་ལོ་ལྔ་བཅུ་བཞེས་པ་མེ་གླང་ཕྱི་ལོ་ ༡༧༥༧ ལོའི་ཟླ་ ༢ ཚེས་ ༣ ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པས། གང་གི་གསེར་སྡོང་བཞེངས་ཡུལ་མ་གཅིག་དཔལ་ལྡན་ལྷ་མོའི་ཐུགས་དམ་དགོངས་དོན་ལྟར་འཕགས་པ་ལོ་ཀེ་ཤྭ་རའི་སྐུའི་གཡས་ཕྱོགས་སྔར་ཡོད་༸རྒྱལ་བའི་གཟིམ་ཆུང་བཀྲ་ཤིས་འཁྱིལ་བར་བཞེངས་ཏེ་གསེར་སྡོང་བཀྲ་ཤིས་འོད་འབར་ཞེས་བཞུགས་སུ་གསོལ་ཡོད།

དེ་ལྟར་༸རྒྱལ་བའི་དབང་པོ་འདི་ཉིད་ནས་སྐུ་གཞོན་ནུའི་དུས་སྐབས་ནས་སྐུའི་ཡོངས་འཛིན་ཆ་གན་ནོ་མིན་ཧན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དང་། པཎ་ཆེན་བློ་བཟང་ཡེ་ཤེས། མཁན་ཆེན་རྡོ་རྗེ་འཆང་ངག་དབང་མཆོག་ལྡན། ཆུ་བཟང་ནོ་མིན་ཧན། ཁྲི་བློ་བཟང་དར་རྒྱས། ཁྲི་ཆེན་དཔལ་ལྡན་གྲགས་པ་སོགས་ཚུལ་བཞིན་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་སོགས་མདོ་སྔགས་རིག་གནས་རྒྱ་མཚོ་ལྟ་བུར་གསན་སྦྱོང་དང་། ཉམས་ལེན་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་མཛད། གཞན་ཡང་པཎ་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཡེ་ཤེས་དང་། ལྕང་སྐྱ་ཧོ་ཐོག་ཐུ་རོལ་པའི་རྡོ་རྗེ་སོགས་དངོས་སློབ་གྲངས་ལས་འདས་པར་རབ་བྱུང་དང་། བསྙེན་རྫོགས་ཀྱི་སྡོམ་པ་གནང་བ་སོགས་དང་། བྱང་ཆུབ་ལམ་གྱི་རིམ་པའི་བཤད་ཁྲིད་ཀྱིས་མཚོན་མདོ་རྒྱུད་མན་ངག་དུ་མས་ལི་ཐང་དང་། མདོ་སྟོད་སྨད། དབུས་གཙང་སོགས་སུ་སྣོད་ལྡན་གྱི་གདུལ་བྱ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བཟང་པོར་འགོད་པར་མཛད་དོ།།

 

ད༽  གསུང་འབུམ་པོད་ཇི་ཙམ་ཡོད་པ་དང་། བརྗོད་བྱ་གཙོ་བོ་གང་དག་ཡིན་མིན།

 

དེ་ལྟར་༸རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ནི། མདོ་སྔགས་རིག་གནས་དང་བཅས་པར་མཁས་པའི་ཕུལ་དུ་ཕྱིན་པ་དང་། སྡོམ་པ་གསུམ་གྱི་བསླབ་ཁྲིམས་གཙང་མར་སྲུང་བ། ཐུགས་རྒྱུད་བཟང་ཞིང་ཉམས་ཐག་པའི་འགྲོ་བ་རྣམས་ལ་སྙིང་རྗེ་ཆེ་བ། དགེ་ལུགས་པའི་བསྟན་པའི་བདག་པོར་བཞུགས་ཀྱང་ཆོས་ལུགས་གྲུབ་མཐའི་ཕྱོགས་རིས་མེད་པ། དཔལ་འབྱོར་རྒྱ་ཆེན་པོར་མངའ་དབང་བརྙེས་ཀྱང་རྒྱས་སྤྲོས་གཏན་ནས་མི་མཛད་པ། མན་ཆིང་གོང་མ་སོགས་མཆོག་དམན་ཀུན་གྱིས་གུས་བཀུར་ཞུས་ཀྱང་ཁེངས་དྲེགས་རྣམ་འགྱུར་གཏན་ནས་མི་མངའ་བ་བཅས་མཛད་བཟང་རྒྱུན་དུ་གནང་སྟབས། རྒྱ་སོག་བོད་གསུམ་གྱི་ས་གནས་ཡོངས་ལ་མཚན་སྙན་གྱི་ཡོངས་སུ་ཁྱབ་པ་ཞིག་ཡིན།

༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་གསུམ་རྩོམ་ནི། རྣམ་ཐར་དང་། ཐོབ་ཡིག ཆོ་གའི་རྣམ་བཤད། འཁྲིད་ཡིག བརྒྱུད་འདེབས། སྒྲུབ་ཐབས། དབང་བཤད། ཤིས་བརྗོད་སོགས་གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད་ལྟར་ན། ཆོས་ཚན་ལྔ་བཅུ་ང་བཞིར་བཞུགས་ཞེས་གསལ་ལ། དུང་དཀར་ཚིག་མཛོད་ཆེན་མོ་ལས། གསུང་རྩོམ་གྲས་དཔར་དུ་འཁོད་པ་བདུན་ཡོད་ཅེས་གསུངས་ཤིང་། ཕོ་བྲང་པོ་ཏ་ལའི་གསུང་འབུམ་དཀར་ཆག་ལྟར་ན། གསུང་འབུམ་པོད་བརྒྱད་ལ་ཆོས་ཚན་ ༡༨༤ དང་། དེ་དག་ལ་ཤོག་གྲངས་ ༣༤༨༧ ཡོད་པ་བཅས་སོ། །དེ་ལྟར་༸རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གི་ཞིབ་ཕྲའི་རྣམ་ཐར་མཁྱེན་པར་འདོད་ཚེ། ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་༸རྒྱལ་དབང་བདུན་པའི་རྣམ་ཐར་དཔག་བསམ་རིན་པོ་ཆེ་སྙེ་མར་གཟིགས་པར་འཚལ་ལོ།།  །།

༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་སྙིང་བསྡུས་གསེར་གྱི་ཕྲེང་བ་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།