༸ རྒྱལ་བ་སྐུ་ཕྲེང་བརྒྱད་པ། འཇམ་དཔལ་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

༸     རྒྱལ་བ་སྐུ་ཕྲེང་བརྒྱད་པ། འཇམ་དཔལ་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

ཀ༽ སྐུ་བལྟམས་ཤིང་། ཡང་སྲིད་ངོས་འཛིན་མཛད་ཚུལ།

 

དེ་ཡང་༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་ལས།

གེ་སར་ལྷ་སྡེའི་གདུང་ལས་གཙང་ཡུལ་དུ། །

བལྟམས་ཤིང་མཁྱེན་རླབས་བརྟན་པའི་འཁོར་ལོའི་ཟླས། །

འཆད་རྩོད་རྩོམ་ལ་ཆགས་ཐོགས་མི་མངའ་བ། །

བློ་བཟང་འཇམ་དཔལ་རྒྱ་མཚོར་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། ༸རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་མཆོག་ནི། ལྷ་ལས་ཆད་པ་གླིང་གེ་སར་གྱི་སྐུའི་ཚ་བོ་དགྲ་ལྷ་རྩེ་རྒྱལ་ཞེས་པའི་ལྷ་བུ་ལས་ཆད་པའི་ལྷ་སྡེ་དཀར་པོའི་རིགས་ལས་བརྒྱུད་དེ་བོད་ལྗོངས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་ནང་ཚན་གཙང་གཡས་རུའི་སའི་ཆར་གཏོགས་པ་ཐོབ་རྒྱལ་ལྷ་རི་སྒང་དུ། ཡུམ་ཕུན་ཚོགས་དབང་མོ་དང་། ཆོས་མཛད་མ་ཡེ་ཤེས་ཆོས་འཚོ་གཉིས་མེ་ཁང་སྒོ་ང་ཚ་རྟིང་གི་གསོལ་ཇ་མཆོད་སྐབས་འཇའ་མཚོན་སྣ་ལྔ་རིང་ནས་བྱུང་སྟེ་རྒྱལ་ཡུམ་མཆོག་གི་ཕྲག་པར་དལ་གྱིས་ཟུག་པའི་ངོ་མཚར་ལྟས་བཟང་དང་། ཡབ་བསོད་ནམས་དར་རྒྱས་མཆོག་གི་མནལ་ལམ་དུ་བཙུན་པ་ཞིག་གིས་གསེར་གྱི་རྡོ་རྗེ་ཞིག་གཏད་པ་དང་། མི་དཀར་པོ་ཞིག་གིས་བུམ་ཆུས་ཁྲུས་གྱིས་ཤིག་ཅེས་ཉེ་རེག་བྱས་པ་རྨིས་པ་སོགས་ངོ་མཚར་སྣ་ཚོགས་པའི་ལྟས་དང་བཅས་བོད་རབ་བྱུང་བཅུ་གསུམ་པའི་ས་སྟག་ཕྱི་ལོ་ ༡༧༥༨ ལོའི་བོད་ཟླ་ ༦ ཚེས་[1] ༢༥ ཉིན་སྐུ་བལྟམས།[2]

དགུང་ལོ་གཉིས་ལ་ཕེབས་པ་ས་ཡོས་ཕྱི་ལོ་ ༡༧༥༩ ལོར་ལྕང་སྐྱ་རོལ་པའི་རྡོ་རྗེ་དང་། རྒྱལ་ཚབ། བཀའ་བློན་སོགས་ཆོས་སྲིད་ཀྱི་བླ་དཔོན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་དྲུག་པ་པཎ་ཆེན་དཔལ་ལྡན་ཡེ་ཤེས་མཆོག་ལ་༸རྒྱལ་བའི་ཡང་སྲིད་རིན་པོ་ཆེ་འཁྲུལ་བྲལ་ངོས་འཛིན་གྱི་ཐུགས་འགན་བཞེས་གནང་ཡོང་བའི་གསོལ་འདེབས་ཞུས་པ་བཞིན་པཎ་ཆེན་དཔལ་ལྡན་ཡེ་ཤེས་མཆོག་དང་། གདན་ས་གསུམ་གྱི་སྐུ་ཚབ། རྒྱལ་ཚབ་དེ་མོའི་སྐུ་ཚབ་བཅས་ནས་ལྷ་བླའི་ལུང་བརྟག་འཁྲུལ་མེད་བརྒྱུད་ནས་༸རྒྱལ་མཆོག་སྐུ་ཕྲེང་བདུན་པ་ཆེན་པོའི་ཡང་སྤྲུལ་དུ་ངོས་འཛིན་གནང་བའོ།།

ཁ༽ དབུས་སུ་གདན་ཞུ་དང་། སློབ་གཉེར་དབུ་འཛུགས་མཛད་ཚུལ།

 

དགུང་ལོ་བཞི་ལ་ཕེབས་པ་ལྕགས་སྦྲུལ་ཕྱི་ལོ་ ༡༧༦༡ ལོའི་ཟླ་བ་དང་པོར་མཆོག་སྤྲུལ་རིན་པོ་ཆེ་མཆོག་བཀྲ་ཤིས་ལྷུན་པོར་གདན་དྲངས་ཤིང་། ཟླ་བ་ ༣ པའི་ཚེས་ ༡༡ ཉིན་པཎ་ཆེན་དཔལ་ལྡན་ཡེ་ཤེས་མཆོག་གིས་དབུ་སྐྱེས་གཙུག་ཕུད་བཞེས་ཏེ་མཚན་ལ་རྗེ་བཙུན་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་དཔལ་བཟང་པོ་ཞེས་གསོལ། ཟླ་བ་ ༣ པའི་ཚེས་ ༢༢ ཉིན་དབུས་ཕྱོགས་སུ་ཆིབས་ཁ་བསྒྱུར་ཏེ་དེ་ནས་གནས་སྐབས་ར་སྟོད་བདེ་བ་ཅན་དུ་ཕེབས་བསུ་གཟབ་རྒྱས་དང་བཅས་གནས་སྐབས་རིང་བཞུགས་འཇགས་གནང་སྟེ། ཟླ་བ་ ༩ པའི་ཚེས་ ༨ ཉིན་གཟའ་སྐར་འཕྲོད་སྦྱོར་དགེ་བར་ར་སྟོད་གྲྭ་ཚང་གི་ཚོམས་ཆེན་དུ་ཞལ་གྲོའི་དཀར་སྤྲོ་གཟབ་རྒྱས་ཐོག རྒྱལ་ཚབ་དེ་མོ་ཧོ་ཐོག་ཐུ་དང་། བཀའ་བློན་ལྷན་རྒྱས་ཐོག་ཡོངས་འཛིན་ཕུར་ལྕོག་བླ་མ་ངག་དབང་བྱམས་པ་དང་། བྱང་རྩེ་ཆོས་རྗེ་ངག་དབང་ཆོས་གྲགས་སམ་བྱ་ཁྱུང་པ་ངག་དབང་རྣམ་གཉིས་ཡོངས་འཛིན་དུ་བསྐོ་གཞག་སྩལ་ཏེ། ཡོངས་འཛིན་རྣམ་གཉིས་ནས་བྱབས་ཁྲུས་ཕུལ་མཐར། བླ་མ་ཡོངས་འཛིན་ངག་དབང་བྱམས་པ་ནས་ལམ་རིམ་ལྗགས་ལུང་ཟབ་རྒྱས་བཅས་ཕུལ་ཏེ་མཆོག་སྤྲུལ་རིན་པོ་ཆེ་དགུང་ལོ་བཞི་ལ་ཕེབས་ཙམ་ཉིད་ནས་སྐུ་ནའི་བབ་དང་བསྟུན་པའི་སྐུ་ཡོན་འབུལ་བཞེས་ཀྱི་དབུ་ཚུགས།

 

ག༽ གསེར་ཁྲི་མངའ་གསོལ་དང་། རབ་བྱུང་སྡོམ་བཞེས་མཛད་ཚུལ།

 

དགུང་ལོ་ལྔ་ལ་ཕེབས་པ་ཆུ་རྟ་ཕྱི་ལོ་ ༡༧༦༢ ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་སྐུ་མདུན་ནས་དགེ་བསྙེན་གྱི་སྡོམ་པ་འབུལ་བཞེས་བསྐྱངས་ཤིང་། ལོ་དེའི་ཟླ་བ་ ༧ ཚེས་ ༡༠ ཉིན་གྲུ་འཛིན་གཉིས་པ་ཕོ་བྲང་པོ་ཏ་ལའི་མི་འཇིགས་གདོང་ལྔས་བཏེག་པའི་གསེར་ཁྲིར་མངའ་གསོལ་མཛད། པཎ་ཆེན་དཔལ་ལྡན་ཡེ་ཤེས་མཆོག་ནས་འཇིགས་བྱེད་ལྷ་བཅུ་གསུམ་དང་། དཔའ་གཅིག་སོ་སོའི་དབང་ཆེན་གྱི་སྟ་གོན། མགོན་པོ་བར་ཆད་ཀུན་སེལ། འཇམ་དཀར་ཚེ་རྟ་ཟུང་འབྲེལ་སོགས་བཀའ་ཆོས་ཟབ་ཁྱད་ཅན་འབུལ་བར་མཛད།

དགུང་ལོ་བརྒྱད་ལ་ཕེབས་པ་ཤིང་བྱ་ཕྱི་ལོ་ ༡༧༦༥ ལོར་པཎ་ཆེན་རིན་པོ་ཆེ་དབུས་སུ་ཕེབས་ཏེ་ལྷ་ལྡན་གཙུག་ལག་ཁང་གི་རྟེན་གཙོ་ཇོ་བོ་ཤཱཀྱ་མུ་ནེའི་དྲུང་དུ་དགེ་ཚུལ་གྱི་བསླབ་སྡོམ་འབུལ་བཞེས་གནང་ཞིང་། བསྡུས་གྲྭ་ནས་བརྩམས་ཏེ་གཞུང་ཆེན་ཁག་ལ་གསན་བསམ་མཛད། ལོ་དེར་འདུས་པ་ཁྲི་ཕྲག་ཚོགས་པར་ཟབ་ལམ་བླ་མ་མཆོད་པའི་བཤད་ལུང་སྩལ་བས་དེར་འདུས་སྐྱེ་བོ་ཡོངས་ནས་སྐུའི་ན་ཚོད་ཆེས་ཕྲ་ཡང་མདོ་སྔགས་ཟབ་གནད་དག་ཐོགས་མེད་དུ་སྩལ་ཐུབ་པ་འདི་འདྲ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་མི་ཡི་རྣམ་པར་བྱོན་པའི་མཛད་པ་ལས་གཞན་དུ་མེད་པའི་ངེས་ཤེས་ཀྱིས་སྐྱེ་བོ་མང་པོ་དད་པའི་ས་ལ་བཀོད།

 

ང༽ གསན་བསམ་དང་། བསྙེན་པར་རྫོགས་ཤིང་། ཆོས་འཁོར་སྐོར་ཚུལ།

 

དགུང་ལོ་བཅུ་གསུམ་བཞེས་པ་ལྕགས་སྟག་ཕྱི་ལོ་ ༡༧༧༠ ལོར་པཎ་ཆེན་དཔལ་ལྡན་ཡེ་ཤེས་མཆོག་དང་རྩེ་ཕོ་བྲང་དུ་མཇལ་འཛོམས་ཀྱི་ཉིན་ལྔའི་རིང་འཇམ་དབྱངས་ཆོས་སྐོར་གསན་བཞེས་མཛད། དགུང་ལོ་བཅུ་བཞི་བཞེས་པ་ལྕགས་ཡོས་ཕྱི་ལོ་ ༡༧༧༡ ལོར་གདན་ས་དཔལ་ལྡན་འབྲས་སྤུངས་སུ་སྙན་ངག་དང་། མཚན་ཉིད་ཀྱི་བརྩི་བཞག་གསན་ནས་རྩོད་གྲྭ་གནང་བཞིན་དགོངས་པའི་ཀློང་མངོན་དུ་གྱུར་པ་དང་། དེ་རྗེས་དེ་མོ་རྒྱལ་ཚབ་ལ་༸རྒྱལ་དབང་མཆོག་ནས་བཀའ་མངགས་མཛད་དོན་བཞིན་བསམ་ཡས་གཙུག་ལག་ཁང་ཞིག་གསོ་གསར་སྐྲུན་དང་། མཆོད་རྫས། དཀར་མེ་སོགས་ཉམས་པ་སོར་ཆུད་ཕྱག་བཞེས་བསྟར། དགུང་ལོ་བཅུ་བདུན་ལ་ཕེབས་པ་ཤིང་རྟ་ཕྱི་ལོ་ ༡༧༧༤ ལོར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་སྐུ་མདུན་ནས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་བྱང་ཆུབ་ལམ་རིམ་ཆེན་མོའི་རྣམ་བཤད་གསན།

དགུང་ལོ་ཉི་ཤུ་བཞེས་པ་མེ་བྱ་ཕྱི་ལོ་ ༡༧༧༧ ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་མཁན་པོ་དང་། ཁྲི་ཟུར་ངག་དབང་ཆོས་གྲགས་ཀྱིས་ལས་སློབ། ཡོངས་འཛིན་བློ་བཟང་ཆོས་འཕེལ་གྱིས་གསང་སྟོན་སློབ་དཔོན་མཛད་ནས་དགེ་འདུན་ཞལ་གྲངས་ཚང་བའི་དབུས་སུ་བསྟན་པ་ཡོངས་སུ་རྫོགས་པའི་དགེ་སློང་གི་སྡོམ་པ་ལེགས་པར་བཞེས་ཏེ་བཅས་རང་གི་ལྟུང་བ་ཕྲ་མོ་ཙམ་གྱིས་ཀྱང་མ་གོས་པའི་གངས་རིའི་ཁྲོད་ཀྱི་འདུལ་བ་འཛིན་པ་ཆེན་པོར་གྱུར། སྐབས་དེར་པཎ་ཆེན་རིན་པོ་ཆེའི་སྐུ་མདུན་ནས་ཁྱུང་ནག་གི་རྗེས་གནང་སོགས་མདོ་སྔགས་ཀྱི་ཟབ་ཆོས་ཀྱང་མང་དུ་ནོས། དེ་ནས་ལྷོ་གནས་དང་། རྭ་སྒྲེང་། ཡངས་པ་ཅན་སོགས་ལ་གནས་གཟིགས་སུ་ཕེབས། དེ་ལྟར་མདོ་སྔགས་གཞུང་ལ་གསན་བསམ་ལེགས་པར་མཛད་རྗེས་བོད་ཀྱི་ཡུལ་གྲུ་ཀུན་ཏུ་ཞབས་ཀྱིས་བཅགས་ཤིང་། ཕྱོགས་སོ་སོའི་སྐྱེ་བོ་དག་ལ་ལུགས་གཉིས་བླང་དོར་གྱི་བསླབ་བྱ་མང་དུ་གནང༌།

དགུང་ལོ་ཉི་ཤུ་རྩ་གཅིག་ཏུ་ཕེབས་པ་ས་ཁྱི་ཕྱི་ལོ་ ༡༧༧༨ ལོར་དགའ་ལྡན་དུ་ཆིབས་བསྐྱོད་ཀྱིས་འདུས་ཚོགས་དབུས་སུ་དྲང་ངེས་རྣམ་འབྱེད་ཀྱི་དཀའ་བའི་གནད་ལ་བགྲོ་གླེང་ཡུན་རིང་མཛད། དེ་ནས་ཆོས་འཁོར་རྒྱལ་དང་། འོལ་དགའ། ཁྲ་འབྲུག བསམ་ཡས། གོང་དཀར་སོགས་སུ་གནས་གཟིགས་ཀྱིས་ས་གནས་སོ་སོའི་གདུལ་བྱ་རྣམས་ནས་ཞལ་མཇལ་གསུང་ཐོས་ཀྱིས་སྨིན་པར་མཛད།

དགུང་ལོ་ཉེར་གཉིས་བཞེས་པ་ས་ཕག་ཕྱི་ལོ་ ༡༧༧༩ ལོར་ཚོགས་མཆོད་ཆེན་མོའི་སེར་སྦྲེངས་ཀྱི་ན་བཟའ་དང་། མཆོད་རྫས་ལོ་རྒྱུན་མང་སོང་གི་བགྲེས་ཟད་ཆེ་བས་རྒྱལ་ཚབ་དེ་མོ་ནོ་མིན་ཧན་ལ་གསར་བཟོའི་བཀའ་འདོམས་གནང་། པཎ་ཆེན་མཆོག་རྒྱ་ཕེབས་མཛད་རྒྱུར་ཡངས་ཅན་དུ་མཇལ་ཞུར་ཕེབས་ནས་བཀའ་གདམས་བུ་ཆོས་ཀྱི་ལྗགས་ལུང་གསན། རྭ་སྒྲེང་དུ་གནས་གཟིགས་སུ་ཕེབས་ནས་ཆོས་རྭའི་བཞུགས་ཁྲིར་༸ཞབས་འཁོད་ཀྱི་འདུས་ཚོགས་སུ་ཆོས་འབྲེལ་སྩལ།

 

ཅ༽ ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཤིང་། རྟེན་གསུམ་བཞེངས་སྐྲུན།

 

དགུང་ལོ་ཉེར་བཞི་པ་ལྕགས་གླང་ཕྱི་ལོ་ ༡༧༨༡ ལོའི་བོད་ཟླ་ ༦ ཚེས་ ༡ ཉིན་[3]༸རྒྱལ་མཆོག་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་མཆོག་གིས་ལུགས་གཉིས་ཀྱི་ཐུགས་འགན་ཡོངས་རྫོགས་བཞེས་པ་གནང་། འོན་ཀྱང་རྒྱུན་དུ་ཆོས་ཕྱོགས་ཁོ་ནར་ཉམས་བཞེས་ཐུགས་གཞོལ་ཆེ་བས། སྲིད་སྐྱོང་ཁྲི་ཆེན་ནོ་མིན་ཕྱག་རོགས་ཞབས་ཞུར་སྔར་རྒྱུན་ལྟར་བཞུགས་པ་དང་། ལོ་དེར་ཚོགས་མཆོད་ཀྱི་མཆོད་རྫས་གསར་བཟོ་ཟིན་པར་རབ་གནས་ཀྱང་མཛད།

དགུང་ལོ་ཉེར་ལྔར་ཕེབས་པ་ཆུ་སྟག་ཕྱི་ལོ་ ༡༧༨༢ ལོར་ཡོངས་འཛིན་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་༸རྒྱལ་མཆོག་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་དུ་བསྐོ་གཞག་གནང་ཞིང་། ༸རྒྱལ་བ་འཇམ་དཔལ་རྒྱ་མཚོ་མཆོག་གིས་ཕོ་བྲང་པོ་ཏ་ལར་ཚེ་དཔག་མེད་ཀྱི་སྟོང་སྐུ་བཞེངས་སྐྲུན་མཛད་པར་མ་ཟད། ལོ་དེར་དགུང་སྐེག་འཁེལ་བས་རྒྱ་ཁྱབ་ཁག་གི་རྫོང་གཞིས་སུ་ནག་ཅན་དོང་བཅུག་དང་། མཐའ་འབུད་གཏོང་བའི་ཉེས་ཅན་མཐའ་དག་མི་འཇིགས་སྲོག་གི་སྦྱིན་པ་སྩལ།

དགུང་ལོ་ཉེར་དྲུག་བཞེས་པ་ཆུ་ཡོས་ཕྱི་ལོ་ ༡༧༨༣ ལོར་༸རྒྱལ་དབང་འཇམ་དཔལ་རྒྱ་མཚོ་མཆོག་གིས་ལྷ་ས་གཙུག་ལག་ཁང་ལ་ཉམས་གསོ་དང་། བར་སྐོར་ཁ་ནང་ལྟའི་དཔག་བསམ་འཁྲི་ཤིང་གི་ལྡེབས་བྲིས་གསར་བྲིས་མཛད། དགུང་ལོ་ཉེར་བདུན་བཞེས་པ་ཤིང་འབྲུག་ཕྱི་ལོ་ ༡༧༨༤ ལོར་ནོར་གླིང་བསྐལ་བཟང་ཕོ་བྲང་གསར་བཞེངས་ཀྱིས་ཆབ་བཞུགས་མཛད་སྒོ་རྒྱ་ཆེ་གནང་བ་དེ་ནས་བཟུང་སྐུ་ཕྲེང་རྗེས་མ་རིམ་བྱོན་ནས་དབྱར་ཐོག་ཕལ་ཆེར་རྒྱུན་བཞུགས་མཛད་དེ་རྒྱ་བསྐྱེད་གནང་།

 

ཆ༽ ཚེ་མཆོག་གླིང་ཕྱག་བཏབ་ཅིང་། བོད་ཊམ་གསར་འགྲེམས་མཛད་ཚུལ།

 

དགུང་ལོ་ཉེར་བརྒྱད་དུ་ཕེབས་པ་ཤིང་སྦྲུལ་ཕྱི་ལོ་ ༡༧༨༥ ལོར་བཀྲ་ཤིས་ལྷུན་པོར་ཆིབས་བསྒྱུར་གྱིས་པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེའི་དབུ་སྐྱེས་གཙུག་ཕུད་བཞེས་ནས་མཚན་ལ་རྗེ་བཙུན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་ཞེས་མཚན་གསོལ་མཛད་ཅིང་། མཆོག་སྤྲུལ་རིན་པོ་ཆེར་དགེ་བསྙེན་གྱི་བསླབ་སྡོམ་ཡང་སྩལ། དགུང་ལོ་སུམ་ཅུར་ཕེབས་པ་མེ་ལུག་ཕྱི་ལོ་ ༡༧༨༧ ལོའི་ཟླ་བ་དྲུག་པའི་ནང་ཞྭ་དམར་བའི་གཡོག་གྲས་ཀརྨ་མཆོག་སྦྱིན་སོགས་ཁ་ཤས་ཀྱིས་ས་སྣེ་ལམ་རྒྱུས་བྱས་ཏེ་བོད་ཁོངས་གཉའ་ནང་དང་། རོང་ཤར། སྐྱིད་གྲོང་བཅས་ས་མཚམས་ཁག་གསུམ་ལ་གོར་ཥའི་དམག་གིས་གློ་བུར་དུ་བཙན་འཛུལ་བྱས།

དགུང་ལོ་སོ་གཅིག་ཏུ་ཕེབས་པ་ས་སྤྲེལ་ཕྱི་ལོ་ ༡༧༨༨ ལོར་ལྷ་སའི་གཙུག་ལག་ཁང་ལྟེ་བའི་བར་སྐོར་ཞལ་ཕྱིར་བསྟན་དང་། ཁྱམས་ར་ཆེན་མོ། སྒོ་མཆོར་མདོ་སྦུག གསུང་རྭ། དཀྱིལ་འཁོར་སྡིངས། བར་ཁང་རྩེ་མོ་བཅས་ཀྱི་ལྡེབས་བྲིས་རྣམས་རྙིང་སོང་གྱུར་པ་སྔར་བཞིན་གསར་བྲིས་གནང་། ལོ་དེར་གོར་བོད་སྡེ་གཟར་སྐབས་གོར་ཥས་སྐྱིད་གྲོང་བསམ་གཏན་གླིང་དང་། ཤེལ་དཀར་ཆོས་སྡེ་སོགས་དམག་གིས་བཅོམ་པར་བརྟེན། བསམ་གཏན་གླིང་གི་དགེ་འདུན་འདུས་ཚོགས་ཀྱི་བཞུགས་གནས་སོགས་ཁྱད་པར་ཅན་གྱིས་དགོས་པ་མང་དུ་གཟིགས་ནས་༸རྒྱལ་བ་འཇམ་དཔལ་རྒྱ་མཚོ་མཆོག་དགུང་ལོ་སོ་གསུམ་བཞེས་པ་ལྕགས་ཁྱི་ཕྱི་ལོ་ ༡༧༩༠ ལོར་གྲིབ་ཏུ་ཚེ་མཆོག་གླིང་གི་གཙུག་ལག་ཁང་རྟེན་དང་བཅས་པ་ཕྱག་བཏབ།[4]

དགུང་ལོ་སོ་བཞིར་ཕེབས་པ་ལྕགས་ཕག་ཕྱི་ལོ་ ༡༧༩༠ ལོར་ས་སྐྱ་ཁྲི་ཆེན་རིན་པོ་ཆེ་ནས་༸གོང་ས་ཆེན་པོ་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་སྤྱན་འདྲེན་གྱིས་བརྟན་བཞུགས་འབུལ་བར་མཛད། འཕགས་མཆོག་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྒོ་ནས་བོད་འབངས་སེར་སྐྱ་ཡོངས་ལ་དབང་ཆེན་ཡང་བཀའ་དྲིན་སྩལ། དགུང་ལོ་སོ་ལྔར་ཕེབས་པ་ཆུ་བྱི་ཕྱི་ལོ་ ༡༧༩༢ ལོར་དངུལ་ཞོ་གང་སྐར་ལྔའི་རིན་ཐང་ཅན་གྱི་བོད་ཊམ་གསར་འགྲེམས་གནང༌། ལོ་འདིར་རྒྱ་བོད་ཀྱི་དཔུང་བཤམས་ཏེ་གོར་དམག་རྣམས་ཕམ་ཉེས་མཐར་སྐྲོད་བཏང་། དགུང་ལོ་སོ་དྲུག་བཞེས་པ་ཆུ་གླང་ཕྱི་ལོ་ ༡༧༩༣ ལོར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དགུང་ལོ་མཐོ་བས་རེ་ཞིག་དགོངས་ཞུ་མཛད།

 

ཇ༽ རྣམ་ཐར་ལྗགས་རྩོམ་དང་། པཎ་ཆེན་རིན་པོ་ཆེར་བསྙེན་རྫོགས་སྒྲུབ་ཚུལ།

 

དགུང་ལོ་སོ་བདུན་ལ་ཕེབས་པ་ཕྱི་ལོ་ ༡༧༩༤ ལོར་༸རྒྱལ་བ་འཇམ་དཔལ་རྒྱ་མཚོ་མཆོག་གིས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་ཐུབ་བསྟན་པདྨོ་འབྱེད་པའི་ཉིན་བྱེད་ཅེས་པ་ལྗགས་རྩོམ་མཛད། དགུང་ལོ་སོ་བདུན་ཐོག་གོར་བོད་སྡེ་གཟར་སྐབས་སྐྱིད་གྲོང་འཕགས་པ་རིན་པོ་ཆེ་ཕོ་བྲང་པོ་ཏ་ལར་གདན་འདྲེན་མཛད་པ་ད་ཆ་བདེ་ཞོད་འཇགས་པས་ས་མཚམས་ཀྱི་རྟེན་སྐལ་སྐྱིད་གྲོང་དུ་སྩལ་བའི་སྐུ་ཚབ་གསར་བཞེངས་མཛད།

དགུང་གྲངས་སོ་དགུ་བཞེས་པ་མེ་འབྲུག་ཕྱི་ལོ་ ༡༧༩༦ ལོར་རྩེ་ཕོ་བྲང་དུ་བཞུགས་པའི་སྐུ་འདྲ་ཆེ་ཆུང་བཞི་སྟོང་ལ་ཉེ་བར་ཞལ་གསེར་སྤྱན་འབྱེད་ཀྱི་སྲི་ཞུ་མཛད། དགུང་ལོ་ཞེ་གཉིས་བཞེས་པ་ས་ལུག་ཕྱི་ལོ་ ༡༧༩༩ ལོར་མཆོད་དཔོན་ལྡུམ་ར་ཁང་གསར་ཡེ་ཤེས་འབྱུང་གནས་ནས་སྨོན་ལམ་ཆེན་མོའི་ཚོགས་དབུས་སུ་སྤྱན་དྲངས། ཀུན་གཟིགས་ལྔ་པ་ཆེན་པོའི་སྐུ་བརྙན་ང་འདྲ་མ་གསར་བསྐྲུན་གྱིས་རབ་གནས་མཛད་པ་དང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་མཆོག་སྤྲུལ་ངོས་འཛིན་མཛད།

དགུང་ལོ་ཞེ་གསུམ་དུ་ཕེབས་པ་ཆུ་ཁྱི་ཕྱི་ལོ་ ༡༨༠༠ ལོར་༸རྒྱལ་བ་འཇམ་དཔལ་རྒྱ་མཚོས་བཀའ་འགྱུར་གསེར་ཆོས་དང་། རིན་ཆེན་སྣ་བདུན་གྱི་བསྟན་འགྱུར་བཞེངས་པའི་དབུ་ཚུགས། དགུང་ལོ་ཞེ་བཞིར་ཕེབས་པ་ལྕགས་བྱ་ཕྱི་ལོ་ ༡༨༠༡ ལོར་༸རྒྱལ་དབང་མཆོག་ནས་མཁན་པོ་མཛད་དེ་ཀུན་གཟིགས་པཎ་ཆེན་བསྟན་པའི་ཉི་མ་མཆོག་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཕུལ། ཕོ་བྲང་པོ་ཏ་ལའི་དགའ་ལྡན་འཁྱིལ་བ་སྟེ་བྱམས་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་གནང་།

 

ཉ༽ དགེ་བའི་བཤེས་གཉེན་གང་དག་བསྟེན་པ་དང་། སྐུ་ཞི་བར་གཤེགས་ཚུལ།

 

དགུང་ལོ་ཞེ་དྲུག་ཏུ་ཕེབས་པ་ཆུ་ཕག་ཕྱི་ལོ་ ༡༨༠༣ ལོར་ཧལ་ཧ་རྗེ་བཙུན་དམ་པ་ཧོ་ཐོག་ཐུ་བོད་ཕེབས་ཀྱིས་༸རྒྱལ་དབང་མཆོག་ལ་བསྙེན་རྫོགས་དང་། གལ་ཆེའི་དབང་བཀའ་རྗེས་གནང་སོགས་ཟབ་ཆོས་འགའ་ཤས་གསན། ཐོག་མཐའ་བར་གསུམ་དུ་༸རྒྱལ་དབང་མཆོག་གིས་དགེ་བའི་བཤེས་གཉེན་ཡོངས་འཛིན་པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་། ཕུར་ལྕོག་ངག་དབང་བྱམས་པ། བྱང་རྩེ་ངག་དབང་ཆོས་གྲགས། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་སོགས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཐོག་ཐུགས་རུས་ཆེན་པོས་གསན་བསམ་མཐར་ཕྱིན་མཛད། བསྟན་པའི་བྱ་བ་རླབས་ཆེན་གྱིས་རིས་མེད་སྡེ་དང་གདུལ་བྱ་རྣམས་དགེ་བའི་ལམ་ཡངས་པོར་བཀོད།

དེ་ལྟར་བསྟན་འགྲོའི་མཛད་པ་མཐར་ཕྱིན་ཏེ་དགུང་ལོ་ཞེ་བདུན་བཞེས་པ་རབ་བྱུང་བཅུ་གསུམ་པའི་ཤིང་བྱི་ཕྱི་ལོ་ ༡༨༠༤ ལོའི་བོད་ཟླ་ ༡༢ པའི་ཚེས་ ༡༨ ཉིན་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་ཕོ་བྲང་ཆེན་པོ་པོ་ཏ་ལར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པར་མཛད། གདན་ས་གསུམ་དང་། རྒྱུད་གྲྭ་སྟོད་སྨད། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་སོགས་ཀྱི་དགེ་འདུན་ཁྲི་ཕྲག་མང་པོས་དགོངས་རྫོགས་སྨོན་ལམ་དང་། མཆོད་སྤྲིན་བསམ་གྱིས་མི་ཁྱབ་པས་ཕྱོགས་བཅུའི་རྒྱལ་ཚོགས་ཀྱི་ཐུགས་བསྐུལ་ཏེ་སྐུ་གཞོན་ནུའི་ཆ་བྱད་དུ་སླར་ཡང་ཕེབས་པའི་དགེ་ཚོགས་བསྒྲུབས། སྐུ་གདུང་ནི་རིལ་པོ་གཅིག་ཏུ་དེང་གི་དུས་སུ་ཡང་དད་ལྡན་རྣམས་ཀྱི་མཆོད་པའི་རྟེན་དུ་གྲུ་འཛིན་ཆེན་པོ་ཕོ་བྲང་པོ་ཏ་ལའི་གསེར་སྡོང་དགེ་ལེགས་གཟི་འབར་དུ་བཞུགས་སོ།།

 

ཏ༽ སློབ་མ་གྲགས་ཅན་དང་། གསུང་རྩོམ་ཇི་ཙམ་བཞུགས་མིན།

 

གསུང་ལས་སྐྱེས་པའི་སློབ་མ་ཡང་པཎ་ཆེན་བསྟན་པའི་ཉི་མ་སོགས་བསྟན་པ་ཆོས་བཞིན་དུ་སྐྱོང་བའི་སློབ་མ་མང་དུ་བསྐྱངས། ཕྱིས་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱི་ཆེད་དུ་མཛད་པའི་གསུང་རྩོམ་ཀྱང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་ཐུབ་བསྟན་པདྨོ་རྒྱས་པའི་ཉིན་བྱེད་དང༌། བླ་མའི་རྣལ་འབྱོར་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་དབྱར་སྐྱེས་སྤྲིན་གྱི་སྒྲ་དབྱངས། མཁའ་འགྲོ་མ་སྒྱུ་མ་ཆེན་མོ་ལྷ་ལྔའི་དཀྱིལ་ཆོག་བདེ་ཆེན་འཇུག་ངོགས་སོགས་བཀའ་རྩོམ་མང་དུ་མཛད། དེ་ཡང་གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད་ལས། ཁོང་གི་གསུང་རྩོམ་ནི་བླ་མའི་རྣལ་འབྱོར་དང་། སྒྲུབ་ཐབས། བློ་སྦྱོང་། ཆོ་ག དཀར་ཆག གསོལ་འདེབས། དྲིས་ལན། བཅའ་ཡིག་བཅས་ཆོས་ཚན་བཅུ་བཞིར་བཞུགས་སོ་ཞེས་གསལ་ལ། ཕོ་བྲང་པོ་ཏ་ལའི་དགེ་ལུགས་པའི་གསུང་འབུམ་དཀར་ཆག་ལྟར་ན། གསུང་འབུམ་པོད་གཅིག་བཞུགས་པ་ལ་ཆོས་ཚན་ ༡༣ དང་ཤོག་གྲངས་ ༢༧༨ བཞུགས་པ་བཅས་སོ།།

དེ་ལྟར་༸རྒྱལ་བ་འཇམ་དཔལ་རྒྱ་མཚོའི་རྣམ་ཐར་ཞིབ་པ་དེ་མོ་ཐུབ་བསྟན་འཇིགས་མེད་ཀྱིས་མཛད་པའི་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་རྣམ་ཐར་རྗེ་བཙུན་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་དཔལ་བཟང་པའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པ་འཛམ་གླིང་ཐ་གྲུ་ཡངས་པའི་རྒྱན་ཞེས་བྱ་བར་གཟིགས་པར་འཚལ་ལོ།།  །།

[1] ལོ་རྒྱུས་དང་རྣམ་ཐར་ལ་ལར་ཚེས་ ༢ དང་། འགའ་ཞིག་ཏུ་ཚེས་ ༨ གསལ།

[2] འཁྲུངས་ཁང་དེ་པཎ་ཆེན་སྐུ་ཕྲེང་དྲུག་པའི་ཡབ་གཞིས་དང་གཉེན་ཚན་གྱི་འབྲེལ་བ་ཡོད་པ་དང་། ༸རྒྱལ་བ་སྐུ་ཕྲེང་དེ་འཁྲུངས་རྗེས་གུང་གི་གོ་གནས་དང་། གཞིས་ཀ་མང་པོ་ཐོབ་སྟེ་བོད་ཀྱི་མི་དྲག་ཆེ་གྲས་སུ་གྱུར་ནས་དེང་སྐབས་ལྷ་ཀླུ་ཞེས་གྲགས་པ་དེ་ཡིན།

[3] རྣམ་ཐར་ལ་ལར་དགུང་ལོ་ཉེར་གསུམ་པ་ལྕགས་བྱི་ཕྱི་ལོ་ ༡༧༨༠ ལོ་ཞེས་གསལ།

[4] དུང་དཀར་རིན་པོ་ཆེའི་ལོ་ཚིགས་དྭངས་ཤེལ་མེ་ལོང་ལྟར་ན། ས་བྱ་ཕྱི་ལོ་ ༡༧༨༩ ལོར་༸རྒྱལ་བ་འཇམ་དཔལ་རྒྱ་མཚོས་གྲིབ་ཚེ་མཆོག་གླིང་གི་དགོན་པ་ཕྱག་བཏབ་ཅེས་གསལ།

༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་སྙིང་བསྡུས་གསེར་གྱི་ཕྲེང་བ་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།