ྋ རྒྱལ་བ་སྐུ་ཕྲེང་དགུ་པ། ལུང་རྟོགས་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

ྋ      རྒྱལ་བ་སྐུ་ཕྲེང་དགུ་པ། ལུང་རྟོགས་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

ཆུ་དབར་བུ།

ཀ༽ གང་དུ་སྐུ་བལྟམས་པ་དང་། རིགས་རྒྱུད་ཀྱི་སྐོར།

 

དེ་ཡང་འཁྲུངས་རབས་གསོལ་འདེབས་ལས།

ཇོ་བོ་སྒྱོགས་ཆེན་བྱིན་རླབས་ལྷ་རིགས་ལས།།

ལྡན་ཡུལ་སྐུ་འཁྲུངས་མངོན་གནས་རྗེས་སུ་དྲན།།

ལྷག་པའི་ལྷ་ཡི་ཞལ་གཟིགས་བསྟན་པ་འཛིན།།

ངག་དབང་ལུང་རྟོགས་རྒྱ་མཚོར་གསོལ་བ་འདེབས།།

ཞེས་གསུངས་པ་ལྟར། ༸རྒྱལ་བ་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ་མཆོག་ནི། མདོ་སྟོད་སྡེ་དགེའི་མངའ་ཁོངས་ལྡན་ཁོག་ཐུབ་བསྟན་ཆོས་འཁོར་དགོན་ཞེས་པའི་ཆོས་སྡེ་ཆེན་པོའི་ཉེ་འགྲམ་[1]དུ་དཔོན་ཚང་གི་ཁྱིམ་དུ་ཡབ་ཐུ་སི་བསྟན་འཛིན་ཆོས་སྐྱོང་དང༌། ཡུམ་དོན་གྲུབ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཤིང་གླང་ཕྱི་ལོ་ ༡༨༠༥ བོད་ཟླ་ ༡༢ པའི་ཚེས་ ༡ ཉིན་ངོ་མཚར་བའི་ལྟས་བཟང་པོ་དང་བཅས་སྐུ་འཁྲུངས། ཡབ་བསྟན་འཛིན་ཆོས་སྐྱོང་ནི། སྲས་མ་འཁྲུངས་པའི་གོང་ཙམ་དུ་སྐུ་གཤེགས་པས། སྐུའི་ཁུ་བོ་མི་འགྱུར་རྡོ་རྗེས་ཡབ་ཀྱི་མཚན་བཞེས་ནས་གསོ་སྐྱོང་གནང་།

ཁ༽ དབུས་སུ་གདན་དྲངས་ཤིང་། ཡང་སྲིད་ངོས་འཛིན་མཛད་ཚུལ།

 

དེ་ཡང་༸རྒྱལ་མཆོག་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ཡང་སྲིད་འོས་སྤྲུལ་ས་གནས་གང་སར་བརྩད་གཅོད་གནང་སྐབས། སྤྲུལ་སྐུ་གང་དེ་ངོ་མཚར་བའི་མཚན་ལྟས་བཟང་པོ་དང་ལྡན་པའི་གནས་ཚུལ་རིམ་བཞིན་ལྷ་སར་ཁྱབ་པར་བརྟེན་རྒྱལ་ཚབ་རྟ་ཚག་ནོ་མིན་ཧན་མཆོག་དང་། བཀའ་བློན་རྣམ་པ་བཞི་སོགས་ཆེ་རྒུ་ཐམས་ཅད་བཀའ་བགྲོས་ཏེ་རབ་བྱུང་བཅུ་བཞི་པའི་མེ་ཡོས་ཕྱི་ལོ་ ༡༨༠༧ ལོར་༸རྒྱལ་དབང་སྐུ་གོང་མའི་སྤྱན་བསལ་གཟིམ་འགག་རབ་བརྟན་རྒྱ་མཚོ་ཆེད་དུ་མངགས་ནས་འོས་སྤྲུལ་རིན་པོ་ཆེར་བརྟག་ཞིབ་གནང་ཞིང་། སྔོན་གནས་རྗེས་དྲན་དང༌། སྐུ་གོང་མའི་ན་བཟའ་ཉེར་ཆས་ངོས་འཛིན་གསལ་པོ་གནང་བ་སོགས་རྟགས་མཚན་དུ་མར་བརྟེན་དགུང་ལོ་གསུམ་ལ་ཕེབས་པ་མེ་ཡོས་ཕྱི་ལོ་ ༡༨༠༧ ལོའི་བོད་ཟླ་ ༩ པའི་ནང་འོས་སྤྲུལ་རིན་པོ་ཆེའི་ཡབ་ཚང་སྐུ་འཁོར་དང་བཅས་པ་དབུས་ཕྱོགས་སུ་རིམ་བཞིན་ཕེབས་མཐར། ཚལ་གུང་ཐང་གི་གཙུག་ལག་ཁང་དུ་གདན་དྲངས་ནས་བཞུགས་འཇགས་མཛད།

སྐབས་དེར་ད་དུང་དེ་མིན་གྱི་འོས་སྤྲུལ་གཞན་དག་ཀྱང་ཡོད་པ་རྣམས་ཟླ་བ་ ༡༠ པའི་ཚེས་འགོར་གཟིམ་ཆུང་ཉི་འོད་འཁྱིལ་བར་མཐུན་རྫས་རྒྱས་པར་བསྟར་ཏེ་ཆོས་སྐྱོང་ཆེན་པོ་སྤྱན་དྲངས། སྐྱབས་མགོན་རྒྱལ་ཚབ་རིན་པོ་ཆེས་གཙོ་མཛད་དེ་བཀའ་དགུང་བློན་རྣམ་པ་དང་། གསོལ་གཟིམ་མཆོད་གསུམ། དྲུང་ཡིག་རྣམ་པ་བཞི་སོགས་རྩེ་ཤོད་ཀྱི་ལས་ཚན་པ་ཐམས་ཅད་ནས་མགྲིན་དབྱངས་གཅིག་གྱུར་ཐོག་༸གོང་ས་༸སྐྱབས་ཆེན་པོ་ཆེན་པོ་མཆོག་གི་ཡང་སྲིད་མཆོག་གི་སྤྲུལ་པའི་སྐུ་དོགས་གནས་བྱུང་བ་འདི་རྣམས་ལས་གང་ཡིན་གྱི་གསལ་ཆའི་བཀའ་ལུང་ནན་ཆགས་ཞུ་བ་གནང་བར། བསྟན་སྲུང་དགྲ་ལྷའི་རྒྱལ་པོ་ཉིད་ཀྱིས་རྡོ་རྗེའི་བཀའ་ལུང་ཕེབས་པ་ནི་འདི་སྐད་ཅེས། མ་ཡི་དོན་གྲུབ་སྒྲོལ་མའི་པང་དུ་ནོར་བུའི་འོད་ཟེར་སྨིན། ཞེས་གསལ་བར་གསུངས། པཎ་ཆེན་རིན་པོ་ཆེ་ནས་ལ་མོ་ཚངས་པར་ལུང་ཞུ་གནང་བའི་ལན་དུའང་དེ་དང་མཐུན་པར་གསུངས།

འོན་ཀྱང་ད་དུང་བསྲེག་བཅད་བརྡར་བའི་གསེར་བཞིན་དུ་ལེགས་པར་བརྟག་པའི་ཕྱིར། བོད་ཟླ་ ༡༡ པའི་ཚེས་ ༢༠ ཉིན་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་གུང་ཐང་གཙུག་ལག་ཁང་དུ་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་མཆོག་དང་། རྒྱལ་ཚབ་ནོ་མིན་ཧན་ས་མ་ཏི་པཀྵི་རིན་པོ་ཆེ། དེ་མོ་ཧོ་ཐོག་ཐུ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། རྭ་སྒྲེང་རིན་པོ་ཆེ། བཤད་སྒྲུབ་གླིང་སྤྲུལ་པའི་སྐུ། ཚེ་མཆོག་གླིང་སྤྲུལ་པའི་སྐུ་སོགས་ཧོ་ཐོག་ཐུ་ཆེ་དྲག་རྣམས་དང་། བཀའ་བློན། མདའ་དཔོན། དྲུང་ཡིག་རྣམ་པ་སོགས་ཚང་འཛོམས་ཀྱི་ཐོག་ངོས་འཛིན་བརྟག་དཔྱད་ཞུ་སྐབས། དང་པོར་༸རྒྱལ་བ་སྐུ་ཕྲེང་གོང་མ་རྣམས་ཀྱི་ཐུགས་དམ་རྟེན་གྲས་མཉམ་མེད་ཇོ་བོ་ཨ་ཏི་ཤ་ཆེན་པོའི་འབྲལ་སྤང་དུ་གྲགས་པའི་སྒྲོལ་སྐུ་ལུང་བསྟན་མ་དང་། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་སྣང་བརྙན་བཀྲ་ཤིས་དོ་ཁ་མ། ཕྱག་དྲིལ། ཕྱག་ཌམ། སྐུ་བེར་རྣམས་དངོས་བཏགས་གཉིས་རེ་ཕྱག་ཏུ་ཕུལ་བར་སྐུ་དང་ཉེར་སྤྱད་ངོ་མ་གང་ཡིན་ལ་འདི་ངའི་ཡིན་ཞེས་གཅིག་ཀྱང་མ་འཁྲུལ་བར་ངོས་འཛིན་གསལ་བར་མཛད།

 

ག༽ དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་གསོལ་དང་། གསེར་ཁྲི་མངའ་གསོལ།

 

དེ་རྗེས་མི་རིང་བར་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་མཆོག་གིས་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་ལ་བློ་བཟང་བསྟན་པའི་འབྱུང་གནས་ངག་དབང་ལུང་རྟོགས་རྒྱ་མཚོ་ཞེས་གསོལ་བར་མཛད། དགུང་ལོ་བཞི་ལ་ཕེབས་པ་ས་འབྲུག་ཕྱི་ལོ་ ༡༨༠༨ ལོའི་བོད་ཟླ་ ༢ པའི་ཚེས་ ༡༣ ཉིན་རྒྱལ་ཚབ་ནོ་མིན་ཧན་རིན་པོ་ཆེས་དབུས་གཞུང་སའི་མི་དྲག་རྣམས་དང་བཅས་ཚལ་གུང་ཐང་གི་ཤོད་ཚོམས་ཆེན་གྱི་བཞུགས་ཁྲི་ཆེན་མོར་མཆོག་སྤྲུལ་རིན་པོ་ཆེ་སྤྱན་དྲངས་ཏེ་ཐོག་མའི་མཛད་སྒོ་གནང་།

བོད་ཟླ་ ༥ ཚེས་ ༥ ཉིན་ཆོས་ཕྱོགས་ཀྱི་སྐུ་ཡོན་འབུལ་ཆེད་ཡོངས་འཛིན་དུ་འོན་རྒྱལ་སྲས་སྤྲུལ་པའི་སྐུ་དང་། དེ་མོ་ཧོ་ཐོག་ཐུ་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་རྣམ་གཉིས་བསྐོ་གཞག་གནང་བས་གསན་བསམ་ལ་རྩེ་གཅིག་ཏུ་གཞོལ་བར་མཛད། བོད་ཟླ་ ༩ ཚེས་ ༡༠ ཉིན་༸རྒྱལ་བ་ལུང་རྟོགས་རྒྱ་མཚོ་མཆོག་ཆིབས་བསུ་གཟབ་རྒྱས་དང་བཅས་གུང་ཐང་ནས་ཕེབས་ཐོན་གྱིས་སྐྱིད་ཆུ་བརྒལ་ནས་དཔལ་བརྩེགས་ཐང་དུ་ཕེབས་ཤིང་། དེ་གར་ཉིན་གཉིས་རིང་བཞུགས་འཇགས་མཛད། བོད་ཚེས་ ༡༢ ཉིན་སྔར་སྲོལ་ཆིབས་བསྒྱུར་ཆེན་མོ་དང་མཚུངས་པར་ཕེབས་བསུ་གཟབ་རྒྱས་དང་བཅས་ཏེ་༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་གནས་ཕོ་བྲང་པོ་ཏ་ལའི་ཚོམས་ཆེན་ཤར་སྲིད་ཞི་ཕུན་ཚོགས་ཀྱི་གསེར་ཁྲིར་མངའ་གསོལ་གཟབ་རྒྱས་མཛད།

 

ང༽ ཕོ་བྲང་པོ་ཏ་ལ་ཉམས་གསོ་དང་། ཡོངས་འཛིན་བསྐོ་གཞག་མཛད་ཚུལ།

 

དགུང་ལོ་དྲུག་ལ་ཕེབས་པ་ལྕགས་རྟ་ཕྱི་ལོ་ ༡༨༡༠ ལོར་རྩེ་ཕོ་བྲང་པོ་ཏ་ལའི་ཞབས་བརྟན་ཁང་སྟེང་ཤོད་དང་། ཤར་རྒྱུད་སྐོར། གསོལ་ཐབ་སྟེང་ཤོད། ན་བཟའ་ཁང་སྟེང་ཤོད། གཟིམ་ཆུང་འགག་སོགས་ཀྱིས་མཚོན་ཕོ་བྲང་ཆེན་པོ་པོ་ཏ་ལའི་ཤར་ནུབ་དང་། ལྷོ་བྱང་བཅས་གཞི་རྒྱ་ཤིན་ཏུ་ཆེ་བ་དང་། ཉེ་སྐོར་གྱི་གཞུང་ཁང་གཙོ་བོ་ཕོ་བྲང་པོ་ཏ་ལའི་ཤར་རྒྱུད་དུ་ཞིག་གསོ་དགོས་རིགས་ཉམས་གསོ་རྒྱ་ཆེ་མཛད།

དེ་ལྟར་ཉམས་གསོ་གནང་ནས་རིང་པོར་མ་ལོན་པར་རྒྱལ་ཚབ་རྟ་ཚག་ནོ་མིན་ཧན་བསྟན་པའི་མགོན་པོ་མཆོག་བསྙུན་གཞིས་རྐྱེན་པས་ལྕགས་རྟ་ཕྱི་ལོ་ ༡༨༡༠ ལོའི་བོད་ཟླ་ ༡༢ ཚེས་ ༣༠ ཉིན་བླ་བྲང་ཀུན་བདེ་གླིང་དུ་སྐུ་གཤེགས་པ་དང་། དགུང་ལོ་བདུན་ལ་ཕེབས་པ་ལྕགས་ལུག་ཕྱི་ལོ་ ༡༨༡༡ ལོར་ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་མཆོག་[2]༸རྒྱལ་དབང་ལུང་རྟོགས་རྒྱ་མཚོའི་ཡོངས་འཛིན་དུ་བསྐོ་གཞག་གནང་། ལོ་དེའི་བོད་ཟླ་ ༣ པར་ཡོངས་འཛིན་དེ་མོ་ཧོ་ཐོག་ཐུ་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་སྲིད་སྐྱོང་དུ་བསྐོ་གཞག་གནང་བར་མ་ཟད། ས་མི་ཞིབ་དཔྱོད་ཀྱི་མཛད་བཟང་ཡང་བསྐྱངས།

 

ཅ༽ དགེ་ཚུལ་གྱི་བསླབ་སྡོམ་འབུལ་བཞེས་མཛད་ཚུལ།

 

དགུང་ལོ་དགུ་ལ་ཕེབས་པ་ཆུ་བྱ་ཕྱི་ལོ་ ༡༨༡༣ ལོར་པཎ་ཆེན་རིན་པོ་ཆེ་གཙང་ནས་གདན་ཞུ་དང་འབྲེལ་བོད་ཟླ་ ༩ ཚེས་ ༢༢ སྟོན་པ་ལྷ་ལས་བབས་པའི་དུས་ཆེན་གཟའ་སྐར་འཕྲོད་སྦྱོར་བཟང་པོའི་ཉིན། ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་སྤྱན་སྔར་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་མཆོག་གིས་མཁན་པོ་དང་། ཡོངས་འཛིན་ཁྲི་ཆེན་ངག་དབང་སྙན་གྲགས་མཆོག་གིས་སློབ་དཔོན། ཡོངས་འཛིན་ཤར་པ་ཆོས་རྗེ་བྱང་ཆུབ་ཆོས་འཕེལ་མཆོག་གིས་དུས་འགོ་བ་བཅས་མཛད་ཅིང་། ཚེ་སྨོན་གླིང་སྤྲུལ་སྐུ་ངག་དབང་འཇམ་དཔལ་ཚུལ་ཁྲིམས་དང་། ཚེ་མཆོག་གླིང་སྤྲུལ་སྐུ་བློ་བཟང་བྱམས་པའི་དཔལ། སྒྲུབ་ཐང་སྤྲུལ་སྐུ་བློ་བཟང་དགེ་ལེགས་རྒྱལ་མཚན་ལ་སོགས་པ་དད་པའི་དགེ་འདུན་བཅུ་ཕྲག་ལྷག་པའི་དབུས་སུ། ༸རྒྱལ་མཆོག་ལུང་རྟོགས་རྒྱ་མཚོ་མཆོག་གིས་དགེ་ཚུལ་གྱི་སྡོམ་པ་རྣམ་པར་དག་པ་བཞེས་ཏེ་ངུར་སྨྲིག་རྒྱལ་མཚན་སྒྲེང་བ་རྣམས་ཀྱི་གཙུག་རྒྱན་དུ་གྱུར་པའི་མཛད་སྒོ་རྣམས་གཟབ་རྒྱས་ཕུན་སུམ་ཚོགས་པ་སྒྲུབ་པར་མཛད།

 

ཆ༽ མདོ་སྔགས་རིག་གནས་བཅས་ལ་གསན་བསམ་སློབ་གཉེར་མཛད་ཚུལ།

 

གསན་བསམ་སློབ་གཉེར་གྱི་སྐོར་ལ། ༸རྒྱལ་མཆོག་ལུང་རྟོགས་རྒྱ་མཚོ་མཆོག་ཉིད་སྐུ་ན་ཕྲ་ཡང་། སྐུ་ཡོན་གསན་བཞེས་ཀྱི་མཛད་སྒོར་གུས་རྟག་སྦྱོར་བའི་ཐུགས་བརྩོན་ལྷག་པར་ཆེ་བས་དབུས་འགྱུར་གདན་སའི་ཆོས་སྤྱོད་ཕལ་མོ་ཆེ་ཐུགས་འཛིན་གྲུབ་པར་མ་ཟད། རིགས་གསུམ་མགོན་པོའི་རྣམ་འཕྲུལ་བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་གྱི་ཡ་གྱལ། འོན་རྒྱལ་སྲས་རིན་པོ་ཆེ་ཡོངས་འཛིན་དུ་བསྟེན་ནས་ཡི་གེ་འབྲི་ཀློག་དང༌། རྒྱན་འཇུག་གཉིས། མཛོད་རྩ་སོགས་གཞུང་ཆེན་ཁག་གི་རྩ་བ་མང་པོ་ཐུགས་ལ་བཞུགས་པ་དང་། གཞན་ཡང་ཡོངས་འཛིན་རྣམ་གཉིས་ཀྱི་དྲུང་ནས་དབང་དང་མན་ངག་རྗེས་གནང་སོགས་རྒྱ་ཆེར་གསན་བཞེས་གནང་ཞིང་། ཚད་མ་གསུམ་གྱི་གཞལ་བྱའི་གནད་ཀུན་གཏན་ལ་འབེབས་པའི་བསྡུས་གཞུང་གི་བརྩི་བཞག་ལེགས་པར་བཞེས་ནས་བདག་ཉིད་ཀྱི་དམ་བཅའ་འཛིན་ལ་མཁས་པ་དང་། གཞན་གྱི་དམ་བཅའ་ཡང་མི་དག་པར་བསུན་འབྱིན་པ་ལ་མཁས་པའི་ཚུལ་བཞེས་པ་སོགས་བསྟན་འགྲོར་སྨན་པའི་གཙུག་རྒྱན་དམ་པར་འགྱུར་བའི་རེ་བ་ཆེ་བའི་སྐབས་སོ།།

 

ཇ༽ ཞི་བར་གཤེགས་ཤིང་། གསེར་གདུང་གསར་བཞེངས།

 

དགུང་ལོ་བཅུ་གཅིག་ཏུ་ཕེབས་པ་རབ་བྱུང་བཅུ་བཞི་པའི་ཤིང་ཕག་ཕྱི་ལོ་ ༡༨༡༥ ལོའི་བོད་ཟླ་ ༡ པོའི་ནང་ཐོག་མར་མགུལ་འཆམ་གྱི་བསྙུན་གཞི་བཞེས་པ་སྨན་དཔྱད་རིམ་གྲོས་དྲག་སྐྱེད་བྱུང་ཡང་། སླར་ཡང་བོད་ཟླ་ ༢ པའི་ཚེས་འགོར་བསྙུན་ལོག་བབ་ལྕིར་གྱུར་ནའང་། རྒྱུན་ལྡན་ལྟར་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་ཏེ་བསྙུན་གཞི་གང་ཡང་མེད་པ་ལྟར་བཞུགས། འོན་ཀྱང་སྨན་དཔྱད་རིམ་གྲོ་དང་། ཟས་སྤྱོད་ཇི་ལྟར་གནང་ཡང་དྲག་སྐྱེད་ཆེར་མ་བྱུང་བར་སྟར་ཆགས་སུ་གནས། དེ་རྗེས་བོད་ཟླ་ ༢  ཚེས་ ༡༦ ཉིན་གངས་ཅན་འགྲོ་བའི་བསོད་ནམས་ཀྱི་ཡོལ་གོ་རུ་མ་ཆུད་པར་མགུལ་ཆམ་གྱི་བསྙུན་གཞི་ལྟ་བུ་ཞིག་གིས་རྐྱེན་བྱས་ཏེ་དགུང་ལོ་བཅུ་གཅིག་ཐོག་སྐུ་གཤེགས་ཚུལ་བསྟན། དེ་ནས་སྲིད་སྐྱོང་དེ་མོ་ནོ་མིན་ཧན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་མཆོག་གི་རྒྱལ་ཚབ་ཀྱི་ཐུགས་འགན་བཞེས་ཤིང་། ༸རྒྱལ་བའི་དགོངས་རྫོགས་རྣམས་བསྒྲུབས་པ་དང་། སྐུ་གདུང་ས་གསུམ་མངོན་དགའ་གསར་བཞེངས་ཀྱིས་ཕོ་བྲང་པོ་ཏ་ལར་བཞུགས་པ་བཅས་དང་། རྣམ་ཐར་རྒྱས་པ་སྲིད་སྐྱོང་དེ་མོ་འཇིགས་མེད་རྒྱ་མཚོས་མཛད་པའི་རྣམ་ཐར་དད་པའི་ཡིད་འཕྲོག་ནང་གསལ་བས་དེར་གཟིགས་པར་འཚལ་ལོ།།  །།

[1] སྐུ་རུས་ནི་བོད་འདིར་མིའུ་གདུང་དྲུག་དང་། རུས་ཆེན་བཅོ་བརྒྱད་སོགས་རིགས་རུས་ཀྱི་བྲེ་བྲག་མང་དུ་ཡོད་པ་ལས། རུས་ཆེན་གང་དུ་གཏོགས་མིན་ཞིབ་པར་རྩད་མ་ཆོད་ཀྱང་། གང་ལྟར་གཉེན་ཆོས་འཁོར་གྱི་རིགས་བརྒྱུད་ནི། དང་པོར་གླིང་གེ་སར་གྱི་རིགས་བརྒྱུད་ཁུངས་མ་ཞིག་ཡིན་འདུག་ཀྱང་། བར་དུ་མི་བརྒྱུད་ཇེ་ཕྲ་ཇེ་ཕྲར་སོང་སྟེ། ལྷས་བྱིན་གྱིས་བརླབས་པའམ། ལྷས་ས་བོན་བཞག་པ་ལས་བྱུང་བས་ཇོ་བོ་སྒྱོགས་ཆེན་ལྷ་ཡི་རིགས་རྒྱུད་ལས་བྱུང་བར་གསུངས་ཤིང་། ད་ལྟའི་ཟི་ཁྲོན་ཞིང་ཆེན་ཁོངས་མདོ་ཁམས་སྨད་ཀྱི་སའི་ཆ་འབྲི་ཆུའི་ཉེ་འགྲམ་དུ་ཡིན།

[2] ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་མཆོག་ནི། དགའ་ལྡན་ཁྲི་ཐོག་རེ་དགུ་པ་དང་། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་སྐུ་ཕྲེང་དང་པོ་ཡིན།

༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་སྙིང་བསྡུས་གསེར་གྱི་ཕྲེང་བ་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།