༸ རྒྱལ་བ་སྐུ་ཕྲེང་བཅུ་པ། ཚུལ་ཁྲིམས་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

༸      རྒྱལ་བ་སྐུ་ཕྲེང་བཅུ་པ། ཚུལ་ཁྲིམས་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

 

ཆུ་དབར་བུ།

ཀ༽ གང་དུ་སྐུ་འཁྲུངས་པ་དང་། ཡང་སྲིད་ངོས་འཛིན་མཛད་ཚུལ།

 

དེ་ཡང་འཁྲུངས་རབས་གསོལ་འདེབས་ལས།

བཟང་པོའི་རིགས་ལས་སྤོམ་སྒང་གཤོག་དྲུག་འགྲོ།།

མདོངས་སུ་སྐུ་བལྟམས་མངའ་འབངས་ཁྲལ་ཁྲིམས་སྙོམས།།
མཁས་བཙུན་བཟང་པོའི་བསྟན་འཛིན་གཙུག་གི་རྒྱན།།
མཚུངས་མེད་ཚུལ་ཁྲིམས་རྒྱ་མཚོར་གསོལ་བ་འདེབས།།

ཞེས་གསུངས་པ་ལྟར་༸རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་བཞི་པའི་མེ་བྱི་ལོ་སྟེ་ཕྱི་ལོ་ ༡༨༡༦ ལོའི་ཟླ་ ༣ ཚེས་ ༢༩ ཉིན་མདོ་ཁམས་སྒང་དྲུག་ཏུ་གྲགས་པའི་ནང་ཚན་སྤོམ་འབོར་སྒང་གི་ཁོངས་གཏོགས་ཡོངས་གྲགས་ཁམས་ལི་ཐང་ཤོག་དྲུག་སྒྲོ་མདོངས་སུ་འབོད་པའི་གྲོང་སྟོད་ནོར་བུ་ཚང་ཞེས་པའི་ཁྱིམ་ཚང་དུ་ཡབ་བློ་བཟང་སྙན་གྲགས་དང༌། ཡུམ་རྣམ་རྒྱལ་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཆུང་ངུའི་མཚན་ལ་སྐལ་བཟང་རྒྱལ་མཚན་ཞེས་ཞུ།

མེ་བྱི་ཕྱི་ལོ་ ༡༨༡༦ ལོར་སྐབས་དེར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བྱེད་པོ་རྒྱལ་ཚབ་དེ་མོ་ནོ་མིན་ཧན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་མཆོག་ནས་ཐུགས་འགན་གཙོ་བཞེས་ཀྱིས་༸རྒྱལ་བའི་ཡང་སྤྲུལ་འཁྲུལ་མེད་ངེས་རྙེད་ཡོང་སླད་ལྷ་བླའི་ལུང་བརྟག་ཕེབས་དགོངས་བཞིན་བོད་ལྗོངས་ཀྱི་ཤར་ཕྱོགས་སུ་སྐུ་འཁྲུངས་ཡོད་ཚུལ་རྩེ་མཐུན་བྱུང་བས། བོད་གཞུང་གིས་ཡང་སྲིད་བརྩད་གཅོད་མི་སྣ་བསྐོ་གཏོང་གནང་སྟེ་མདོ་ཁམས་ལྕགས་ལ་རྒྱལ་པོ་དང་། ཤར་དར་རྩེ་མདོ་ཡན་གྱི་རྫོང་གཞིས། ལྷ་སྡེ་མི་སྡེ་གཙོ་དྲག་རྣམས་དང་། ཀོང་པོ་རྫོང་ཁག་བཞི་བཅས་ལ་སོ་སོའི་ས་གནས་གང་སར་༸རྒྱལ་དབང་མཆོག་གི་སྐུ་གསུང་ཐུགས་ཀྱི་སྤྲུལ་པར་དོགས་པའི་ཁྱེའུ་རྟགས་མཚན་བཟང་བ་མངོན་དོད་རིགས་ཇི་འདྲ་བྱུང་རུང་། སྣེ་མོ་བ་སོ་སོ་ནས་སྦ་གསང་མེད་པར་དངོས་གནས་འདི་འདུག་གི་གནས་ཚུལ་ངེས་པར་འབུལ་དགོས་པའི་བཀའ་རྒྱ་བཙན་བརྗིད་ཆེ་བ་གནང་། དེ་ནས་ལི་ཐང་ནས་གཅིག་དང་། ཆབ་མདོ་ཨ་ཐང་གན་གྲོང་ནས་གཅིག ཆབ་མདོ་ས་སྒང་ནས་གཅིག ཁྱུང་པོ་དཀར་རུ་ནས་གཅིག ཀོང་པོ་ལྕང་གྲོང་ནས་གཅིག རོང་རིན་སྤུངས་ནས་གཅིག་བཅས་བྱུང་བ་རྣམས་ལ་བརྟག་དཔྱད་ཞུ་ཆེད་མི་སྣ་ཆེད་གཏོང་གནང་བར། ལྷ་བླ་དང་བརྟག་དཔྱད་བྱེད་མི་ཚང་མས་ངོས་འཛིན་བཟང་ཤོས་ལི་ཐང་ཤོག་དྲུག་སྒྲོ་གདོང་གྲོང་སྟོད་ནོར་བུ་ཚང་ལ་སྐུ་བལྟམས་པའི་ཁྱེའུ་དེ་ལ་རྩེ་མཐུན་བཟང་ཤོས་བྱུང་བར་བརྟེན། རྒྱལ་ཚབ་དེ་མོ་ནོ་མིན་ཧན་མཆོག་གིས་གཙོས་བཀའ་བློན་ལྷན་རྒྱས་དང་། གདན་སའི་མཁན་སློབ། གཞུང་ཞབས་སེར་སྐྱ་བཅས་ནས་ལི་ཐང་གི་ཆུང་སྲིད་དེ་རང་ལ་གཏན་འཁེལ་གྲོས་ཆོད་ཚིག་ཐོ་མཛད་ཐོག ཀུན་གཟིགས་པཎ་ཆེན་བསྟན་པའི་ཉི་མ་མཆོག་ལ་ཐུགས་བརྟག་ཞུས་པར། ལི་ཐང་གི་ཆུང་སྲིད་དེ་ཉིད་ཡིན་ངོ་ཆེ་ཚུལ་བཀའ་ཕེབས་ཀྱིས་ཡང་སྲིད་ངོས་འཛིན་མཛད།

 

ཁ༽ དགེ་བསྙེན་དང་རབ་བྱུང་གི་བསླབ་སྡོམ་བཞེས་མཛད་ཚུལ།

 

༸རྒྱལ་བའི་ཡང་སྲིད་མཆོག་སྤྲུལ་ཐུགས་གཏན་མ་འཁེལ་བའི་བར་དེར་རྒྱལ་ཚབ་དེ་མོ་ཧོ་ཐོག་ཐུ་མཆོག་རྡོ་རྗེ་ཚེར་མའི་ནད་ཡམས་ཀྱི་སྙུན་གཞི་བབ་ལྕི་ཞིག་ཕོག་པའི་རྐྱེན་གྱིས་ས་ཡོས་ཕྱི་ལོ་ ༡༨༡༩ ཟླ་བ་ ༣ ཚེས་ ༣ ཉིན་གློ་བུར་དུ་སྐུ་གཤེགས་པ་དང་། དེ་འཕྲལ་བཀའ་བློན་རྣམས་པ་ཚོགས་འདུ་འཚོགས་ཏེ་སྲིད་འཛིན་ལ་སུ་འོས་བཀའ་གྲོས་གནང་བར་སྤྱི་མོས་ཀྱིས་སྲིད་སྐྱོང་ཚབ་ཏུ་ཁྲི་ཆེན་ཨེར་ཏི་ནི་ནོ་མིན་ཧན་ (ཚེ་སྨོན་གླིང་།) གྱི་སྤྲུལ་སྐུ་མཆོག་བསྐོ་གཞག་གནང་སྟེ་ཚེས་ ༥ ནས་མཛད་ཁུར་བཞེས་ཤིང་། བོད་ཟླ་ ༨ ཚེས་ ༡༢ ཉིན་ཚེ་སྨོན་གླིང་སྤྲུལ་སྐུ་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ་སྲིད་ཁྲིར་མངའ་གསོལ་ཞུས།

གཞན་ཡང་དེ་ནས་ཟླ་བ་ ༡ ཚེས་ ༡༨ ཉིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་སྙེ་ཐང་བདེ་བ་ཅན་དུ་ཡང་སྲིད་མཆོག་སྤྲུལ་གྱི་དབུ་སྐྲ་གཙུག་ཕུད་བཞེས་ནས་ཡོངས་རྫོགས་དགེ་བསྙེན་གྱི་བསླབ་སྡོམ་སྩལ་ཏེ། མཚན་ལ་ངག་དབང་བློ་བཟང་འཇམ་དཔལ་བསྟན་འཛིན་ཚུལ་ཁྲིམས་རྒྱ་མཚོ་ཞེས་གསོལ་བ་དང་། ཟླ་བ་ ༢ ཚེས་ ༡༣ ཉིན་རབ་ཏུ་བྱུང་བའི་བསླབ་སྡོམ་ཡང་འབུལ་བཞེས་གནང་། ཟླ་བ་ ༥ པའི་ནང་ཡོངས་འཛིན་བགྲེས་པར་དགའ་ལྡན་ཤྲི་གེ་ཐུ་སུ་མ་ཏི་པཀྵི་མཆོག་དང་། དགའ་ལྡན་ཁྲི་ཟུར་ངག་དབང་སྙན་གྲགས་མཆོག་དང་། སྤྲུལ་སྐུ་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱ་མཚོ་རྣམ་གཉིས་ཡོངས་འཛིན་ཆུང་བར་བསྐོ་གཞག་གནང་སྟེ། ཆོས་ཕྱོགས་ཀྱི་སྐུ་ཡོན་སྒྲོན་འབུལ་གྱི་ཐོག་མའི་རྟེན་འབྲེལ་སྒྲིག་པ་གནང་།

 

ག༽ ཕོ་བྲང་པོ་ཏ་ལ་ཆིབས་བསྒྱུར་དང་། གསེར་ཁྲི་མངའ་གསོལ་མཛད་ཚུལ།

 

དགུང་ལོ་བརྒྱད་ལ་ཕེབས་པ་ཆུ་ལུག་ཕྱི་ལོ་ ༡༨༢༢ ལོར་ཡང་སྲིད་ཁྲི་འདོན་གྱི་མཛད་སྒོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་། སྲིད་སྐྱོང་ནོ་མིན་ཧན། བོད་བཞུགས་ཨམ་བན་སོགས་རྒྱ་བོད་ཀྱི་ཆེ་རྒུ་རྣམས་ར་སྟོད་བདེ་བ་ཅན་དུ་ཕེབས་འཛོམས་ཀྱི་འདུ་ཁང་ནང་ཟླ་བ་ ༧ ཚེས་ ༡༤ ཉིན་ལྕང་སྐྱ་ཧོ་ཐོག་ཐུ་མཆོག་སྤྲུལ་རིན་པོ་ཆེ་མཇལ་ཕྱག་ཞུ་བར་སྙེ་ཐང་དུ་ཕེབས་པ་དང་། ཟླ་ ༨ ཚེས་ ༥ ཉིན་སྙེ་ཐང་བདེ་བ་ཅན་གྱི་ཆོས་ར་ནས་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུ་ཞྭ་ཐང་ཞུ་གསོལ་ཏེ་ཕེབས་འབྱམས་སུ་བཞུགས། སྔར་སྲོལ་ཆིབས་བསྒྱུར་ཆེན་མོའི་གྲལ་བཀོད་ལྟར་ཕེབས་བསུ་གཟབ་རྒྱས་དང་བཅས་ཆིབས་ཞལ་བསྒྱུར་ཏེ་མཚན་ཉིད་གླིང་ཁར་ཕྱིང་གུར་ནང་བཞུགས་བཞག་མཛད།

ཟླ་ ༨ ཚེས་ ༦ ཉིན་ཕེབས་ལམ་དུ་མང་ཚོགས་ལ་མཇལ་ཁ་དང་། སེར་སྐྱ་མང་ཚོགས་དང་། གཞུང་དམངས་གཉིས་ནས་ཕེབས་བསུ་གཟབ་རྒྱས་དང་བཅས་ཏེ་ཕོ་བྲང་པོ་ཏ་ལར་ཕེབས་ཤིང་། ཐོག་མའི་རྟེན་འབྲེལ་ཁྱད་པར་ཅན་ལ་དགོངས་ནས་ཕོ་བྲང་པོ་ཏ་ལའི་རྟེན་གཙོ་འཕགས་པ་ལོ་ཀེ་ཤྭ་རའི་སྣང་བརྙན་ལ་གནས་གཟིགས་སྙན་ཤལ་ཕུལ། དེ་ནས་གཟིམ་ཆུང་ས་གསུམ་རྣམ་རྒྱལ་དང་། གསེར་གདུང་འཛམ་གླིང་རྒྱན་གཅིག ཤོད་ལྷ་མོ་གསུང་བྱོན་པའི་སྐུ་བརྙན་ལ་སྙན་ཤ་ཐུགས་སྨོན་བསྐྱངས་ནས་གཟིམ་ཆུང་ཉི་འོད་འཁྱིལ་གྱི་འཇིགས་བྲལ་གྱི་ཆོས་ཀྱི་ཁྲི་འཕང་མཐོན་པོར་ཞབས་སོར་བཀོད་འཕྲལ་གཞུང་ནས་ཐོག་མའི་ཕེབས་སྟོན་དཀར་སྤྲོ་འབུལ་གཤོམ་སོགས་མཛད་སྒོ་གཟབ་རྒྱས་གནང་། དེ་རྗེས་བོད་ཟླ་ ༨ ཚེས་ ༨ ཉིན་གཟིམ་ཆུང་ཉི་འོད་ནས་ཚོམས་ཆེན་རྙིང་པ་སྲིད་ཞིའི་ཕུན་ཚོགས་སུ་གདན་ཞུས་ཀྱིས་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་རྒྱས་པར་མཛད་དོ།།

 

ང༽ ཡོངས་འཛིན་བསྐོ་གཞག་དང་། གསན་བསམ་སློབ་གཉེར་དབུ་འཛུགས།

 

དགུང་ལོ་བརྒྱད་ལ་ཕེབས་པ་ཆུ་ལུག་ཕྱི་ལོ་ ༡༨༢༢ ལོའི་གནམ་ལོ་གསར་ཚེས་ཀྱི་ཐོ་རེངས་ལ་ལྷ་མོ་གསུང་བྱོན་མར་མཆོད་གཏོར་དང་མངའ་གསོལ་སོགས་གསུངས། དེ་ནས་ཕྱོགས་སོ་སོའི་ལོ་གསར་གྱི་འཚམས་རྟགས་འབུལ་མི་རྣམས་ལ་མཇལ་ཕྱག་སྩལ། དེ་ནས་ལོ་འདིར་སློབ་གཉེར་ལ་བརྩོན་པར་གྱུར། དགུང་ལོ་དགུ་ལ་ཕེབས་པ་ཤིང་སྤྲེལ་ཕྱི་ལོ་ ༡༨༢༤ ལོའི་ཟླ་བ་ ༣ ཚེས་ ༡༥ ཉིན་རྭ་སྒྲེང་ཁྲི་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་མཛད་པ་དང་། ཟླ་བ་ ༥ ཚེས་ ༡༣ ཉིན་དེ་མོ་སྲིད་སྐྱོང་གི་ཆུང་སྲིད་ངོས་འཛིན་མཛད་པར་མ་ཟད། ༸རྒྱལ་དབང་མཆོག་གི་ཡོངས་འཛིན་ཁྲི་ཆེན་ངག་དབང་སྙན་གྲགས་སྐུ་ན་སྨིན་ཅིང་། ཡུན་རིང་བསྙུན་བཞེས་མཐར་དགོངས་པ་རྫོགས་པའི་སྐུ་ཚབ་ཏུ་དགའ་ལྡན་ཁྲི་པ་ངག་དབང་ཆོས་འཕེལ་བསྐོ་གཞག་གནང་། ཟླ་བ་ ༩ པའི་ཚེས་ ༢༢ ཉིན་༸རྒྱལ་དབང་མཆོག་གི་ཡབ་བློ་བཟང་སྙན་གྲགས་སྐུ་གཤེགས་པར་གྱུར།

ཟླ་བ་ ༤ པའི་ནང་གདན་ས་དཔལ་ལྡན་འབྲས་སྤུངས་སུ་གསན་བསམ་སླད་ཕེབས་ཏེ་ཡོངས་འཛིན་སྒོ་མང་རབ་འབྱམས་པ་བློ་བཟང་འཇམ་དབྱངས་དང་། བློ་གླིང་དགེ་བཤེས་ཏྲེ་བོ་ཚེ་དབང་བསམ་གྲུབ། བདེ་ཡང་དགེ་བཤེས་ཤཱཀྱ་རབ་བརྟན། སེར་བྱེས་ལ་ཝ་དགེ་བཤེས་བློ་བཟང་ཆོས་འཕེལ། སེར་སྨད་རྒྱལ་རོང་དགེ་བཤེས་གྲགས་པ་བསྟན་དར། དགའ་ཤར་དགེ་བཤེས་སོག་སྤྲུལ་བློ་བཟང་ནོར་བུ། དགའ་བྱང་དགེ་བཤེས་འཇམ་དབྱངས་སྦྱིན་པ་སྟེ་གདན་ས་གསུམ་གྱི་གྲྭ་ཚང་དྲུག་གི་གཞུང་ལུགས་རབ་འབྱམས་སྨྲ་བ་རྣམས་ཀྱིས་མཚན་ཉིད་ཀྱི་ཞབས་ཞུ་མཛད་དེ། ཡོངས་འཛིན་སྲིད་སྐྱོང་ནོ་མིན་ཧན་དང་། ཡོངས་འཛིན་ཆུང་བ་རྣམ་གཉིས་ནས་ཐོག་མར་མཚན་ཉིད་ཀྱི་གཞུང་ལ་སྦྱངས་པའི་དབུ་བསྡུས་གྲྭའི་ཁ་དོག་དཀར་ནས་དབུ་འཛུགས་མཛད། སྐུ་གཞོན་ནུའི་སྐབས་གཙོ་བོ་མདོ་སྔགས་གཞུང་ལུགས་རྒྱ་མཚོའི་གསན་བསམ་ལ་རྩེ་གཅིག་ཏུ་གཞོལ་ཞིང་། སེ་ར་ཐེག་ཆེན་གླིང་དུའང་ཐོས་བསམ་སླད་ཆེད་ཕེབས་མཛད།

 

ཅ༽ ཕོ་བྲང་ཉམས་གསོ་དང་། བསྙེན་རྫོགས་ཀྱི་བསླབ་སྡོམ་འབུལ་བཞེས།

 

དགུང་ལོ་བཅོ་ལྔ་ཕེབས་པ་ལྕགས་སྟག་ཕྱི་ལོ་ ༡༨༣༠ ལོར་སྤྱི་སྒེར་ཡོངས་ཀྱི་ཁྲལ་རིགས་མོས་སྙོམས་ཞིབ་གཅོད་ཀྱིས་ལྕགས་སྟག་ཞིབ་གཞུང་ཞེས་པའི་རྩ་འཛིན་དེབ་གཞི་གསར་སྒྲིག་གཏན་འབེབས་མཛད་པ་དང་། དགུང་ལོ་བཅུ་དྲུག་ཏུ་ཕེབས་པ་ལྕགས་ཡོས་ཕྱི་ལོ་ ༡༨༣༡ ལོའི་ཟླ་བ་ ༣ ནང་ཕོ་བྲང་དམར་པོའི་ལྷོ་བརྒྱུད་གཟིམ་ཆུང་ས་གསུམ་རྣམ་རྒྱལ་སོགས་ཉམས་གསོ་མཛད། ཟླ་བ་ ༧ པའི་ནང་རྩེའི་ཕོ་བྲང་གི་ཉམས་གསོ་བྱིངས་དང་། ཉི་འོད་ཀྱི་ཡང་སྟེང་དུ་གཟིམ་ཆུང་གསར་རྒྱག་མཛད་པ་རྣམས་ཚང་མ་གྲུབ། དགུང་ལོ་བཅུ་དགུར་ཕེབས་པ་ཤིང་རྟ་ཕྱི་ལོ་ ༡༨༣༤ ལོའི་ཟླ་བ་ ༤ ཚེས་ ༧ ཉིན་རྩེ་ནུབ་རྒྱུད་ཚོམས་ཆེན་གསར་པའི་འཁྲུངས་རབས་ལྷ་ཁང་གི་རྟེན་གཙོ་ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་པཎ་ཆེན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་མཁན་པོ་དང་། ཡོངས་འཛིན་སྲིད་སྐྱོང་ནོ་མིན་ཧན་ངག་དབང་འཇམ་དཔལ་ཚུལ་ཁྲིམས་མཆོག་གིས་ལས་སློབ། དགའ་ལྡན་ཁྲི་རིན་པོ་ཆེ་འཇམ་དཔལ་ཚུལ་ཁྲིམས་ནས་དུས་གོ་བབ། ཡོངས་འཛིན་ཚེ་མཆོག་གླིང་སྤྲུལ་སྐུ་རིན་པོ་ཆེས་ལས་གྲོགས་མཛད་པ་སོགས་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་དུ་བསྒྲུབས།

ལོ་དེར་ཐོར་རྒོད་རྒྱལ་པོའི་རེ་འདུན་ལྟར་ཐོར་རྒོད་གྲྭ་ཚང་གྲྭ་རིགས་ཆེད་གཏོང་མཛད་དེ་བསྟན་འགྲོའི་མཛད་བཟང་བསྐྱངས། སྤྱིར་༸རྒྱལ་མཆོག་རྒྱུན་དུ་སྐུ་གཟུགས་སྙུན་མནར་ཐོག བོད་ཀྱི་ས་ཁུལ་མང་པོ་ཞིག་ལ་དམག་ཟིང་དང༌། ལྷག་པར་གཞུང་ཞབས་བླ་དཔོན་ནང་ཁུལ་དམ་ཚིག་ཉམས་དམས་ཆེ་བས། བོད་བསྟན་སྲིད་ཀྱི་གནས་སྟངས་ཉམས་ཞན་དུ་གྱུར་པ་སོགས་འགལ་རྐྱེན་དུ་མའི་དབང་གིས་ཁོང་གི་སྐུ་ཚེ་གང་པོར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་གཙོ་འགན་བཞེས་ཁོམ་མ་བྱུང་ངོ་།།

 

ཆ༽ སྐུ་ཞི་བར་གཤེགས་ཤིང་། སྐུ་གདུང་གསར་བཞེངས།

 

དགུང་ལོ་ཉེར་གཉིས་བཞེས་པ་མེ་བྱ་ཕྱི་ལོ་ ༡༨༣༧ ལོའི་ཟླ་བ་ ༧ ཚེས་ ༢༠ ཙམ་ནས་༸རྒྱལ་དབང་ཚུལ་ཁྲིམས་རྒྱ་མཚོ་མཆོག་སྐུ་ཁམས་ཅུང་ཟད་མི་བདེ་བའི་ཚུལ་བཞེས་ཤིང་། དངོས་སུ་སྙུན་ཟུག་ཆེར་མེད་ཀྱང་། གསོལ་ཆས་བཞེས་འདོད་མེད་པ་དང་། ཞབས་ཆག་གནང་བའི་ཚེ་ཞལ་དབུགས་ཅུང་ཟད་འཚང་ཉམས་བྱུང་སྟབས་དེ་འཕྲལ་བླ་སྨན་ནས་ཕྱག་རྩ་ཞུས་ཏེ་གསོལ་སྨན་ཕུལ་ཡང་དྭངས་སྐྱེད་མ་བཞེས་ཤིང་། གཞུང་གནས་ནས་ཀྱང་བླ་ལྷར་ལུང་བརྟག་ཞུས་ཏེ་ཞབས་རིམ་རྒྱ་ཆེ་སྨིན་སྒྲུབ་དང་། བླ་སྨན་མཁན་པོ་འབྲུག་གྲགས་སོགས་སྔོན་ཡོད་ཐོག གཞུང་གི་སྨན་སྦྱིན་པ་དང་། བསྟན་རྒྱས་གླིང་གི་སྨན་པ་དཔལ་རྒྱལ། གཡུ་ཐོག་གི་སྨན་པ་སོགས་འདེམས་སྒྲུག་གིས་ཕྱག་རྩ་དང་། སྐུ་ཆབ་ལ་ཞིབ་འཇུག་གོ་བསྡུར་ཐོག་གསོལ་སྨན་ཕུལ་ཞིང་། སྐུ་ཚེ་ཞབས་པད་བརྟན་དགོས་ཚུལ་སྐུ་བཅར་རྣམས་ནས་གསོལ་འདེབས་ཞུས་ཀྱང་ཞལ་བཞེས་མ་གནང་།

དེ་ནས་དགུང་གྲངས་ ༢༢ ལ་ཕེབས་པ་མེ་བྱ་ཕྱི་ལོ་ ༡༨༣༧ ཟླ་བ་ ༩ ཚེས་ ༡ ཉིན་ཕོ་བྲང་པོ་ཏ་ལའི་གཟིམ་ཆུང་ཕུན་ཚོགས་འདོད་འཁྱིལ་དུ་ཁྲིའུ་ཤིང་གི་ཁར་བྱམས་པའི་བཞུགས་སྟངས་ཀྱིས་བཞུགས་ཏེ། བཞད་མོའི་རྣམ་པ་བཅས་མཛད་བཞིན་པའི་ངང་མཛད་པའི་མཐའ་མ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནོ། །གདུང་རྟེན་གསེར་སྡོང་ཁམས་གསུམ་རྒྱན་མཆོག་བཞེངས་པ་མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་གཡོན་ངོས་སུ་བཞུགས་པ་འདི་ལགས་སོ།།

 

ཇ༽ རྒྱལ་ཡབ་ལ་ཏོག་གནས་དང་། ཡབ་གཞིས་གཡུ་ཐོག་གི་བྱུང་རབས།

 

༸རྒྱལ་དབང་ཚུལ་ཁྲིམས་རྒྱ་མཚོ་གསེར་ཁྲི་མངའ་གསོལ་གྱི་སྐབས་སུ། རྒྱལ་ཡབ་བློ་བཟང་སྙན་གྲགས་ལ་རིམ་པ་དང་པོའི་ཐའི་ཇིའི་ཏོག་གནས་དང་། བཀའ་ཤག་ནས་སྒོས་གཞིས་སོགས་འབོར་ཆེན་གནང་ཞིང་། ཕྱིས་སུ་ཡབ་གཞིས་གཡུ་ཐོག་ཅེས་པ་དེ་ཉིད་ཡིན། དེ་ཡང་ཡབ་གཞིས་གཡུ་ཐོག་ནི། དེ་སྔ་གནའ་རབས་བོད་སྨན་གྱི་སྲོལ་འབྱེད་ཆེན་པོ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་མཆོག་གི་འཁྲུངས་གཞིས་སྟོད་ལུང་ཁུལ་དུ་གཡུ་ཐོག་སྐྱིད་ཚལ་བ་ཞེས་པ་ཡོད་ཅིང་། དེ་རྗེས་དགའ་ལྡན་ཕོ་བྲང་བའི་གཞུང་ཞབས་དྲུང་དྲག་གི་ཁོངས་སུ་བཞུགས་པ་ལྟར། ༸རྒྱལ་དབང་སྐུ་ཕྲེང་བརྒྱད་པ་དང་དགུ་པ་སོ་སོའི་སྐབས་བཀའ་བློན་ཡང་མི་ཐོག་གཉིས་ཙམ་བྱུང་བ་རྣམ་ཐར་དུ་གསལ་ལ། སྐབས་འདིར་༸རྒྱལ་དབང་སྐུ་ཕྲེང་བཅུ་པའི་སྐུའི་ཉེ་རིགས་དང་གཉེན་སྒྲིག་མཛད་པའམ་གང་ལྟར་གཡུ་ཐོག་དང་ཟླ་སྒྲིལ་ཐོག་འཁྱོངས་ཐེབས་སྙེ་མོ་བདེ་ལེགས་གླིང་གཙོ་བོར་གྱུར་པའི་གཞིས་ཁ་རྒྱ་ཆེ་ཙམ་སྦྱོར་འཇགས་དང་འབྲེལ་དུས་ཕྱིས་ཡབ་གཞིས་གཡུ་ཐོག་པ་ཞེས་གྲགས་པ་དེ་བྱུང་བར་སྣང་ངོ་།།

དེ་ལྟར་༸རྒྱལ་དབང་ཚུལ་ཁྲིམས་རྒྱ་མཚོའི་ཞིབ་ཕྲའི་རྣམ་ཐར་མཁྱེན་པར་འདོད་ན། དར་ཧན་མཁན་པོ་སྤྲུལ་སྐུ་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་གཟིགས་བཅུ་པ་ཆེན་པོ་ངག་དབང་བློ་བཟང་འཇམ་དཔལ་བསྟན་འཛིན་ཚུལ་ཁྲིམས་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ནོར་བུའི་ཕྲེང་བ་ཞེས་བྱ་བར་གཟིགས་པར་འཚལ་ཞེས་ཞུའོ།།  །།

༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་སྙིང་བསྡུས་གསེར་གྱི་ཕྲེང་བ་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།