༸ རྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ། མཁས་གྲུབ་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

༸     རྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ། མཁས་གྲུབ་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

ཆུ་དབར་བུ།

 

ཀ༽ གང་དུ་སྐུ་འཁྲུངས་པ་དང་། མགར་ཐར་དུ་གདན་ཞུ་གནང་ཚུལ།

 

དེ་ཡང་འཁྲུངས་རབས་གསོལ་འདེབས་ལས།

བྱང་སེམས་རིགས་ལས་མགར་ཐང་ས་ཕྱོགས་འཁྲུངས།།
འདོད་ཁམས་བདག་མོ་བླ་མཚོར་མངོན་སུམ་གཟིགས།།
ལུང་དང་བསླབ་གསུམ་རྟོགས་པའི་དཔལ་ཡོན་ཕུལ།།
ངག་དབང་མཁས་གྲུབ་རྒྱ་མཚོར་གསོལ་བ་འདེབས།།

ཞེས་གསུངས་པ་ལྟར་༸རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་བཞི་པའི་ས་ཁྱི་ལོ་སྟེ་ཕྱི་ལོ་ ༡༨༣༨ ལོའི་ཟླ་ ༩ ཚེས་ ༡ ཉིན་མདོ་ཁམས་མི་ཉག་མགར་ཐང་དགོན་པའི་ཉེ་འདབས་སུ། མན་ཆོད་དཀོན་བརྩེགས་གཤིས་ཚང་དུ་ཡབ་ཚེ་བརྟན་ནམ་ཚེ་དབང་དོན་གྲུབ་དང༌། ཡུམ་གཡུང་དྲུང་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།

ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་སོགས་ལྷ་དང་བླ་མར་ཞུས་པའི་ལུང་བསྟན་རྣམས་རྩེ་མཐུན་གྱིས་ཁམས་ཕྱོགས་སུ་བཟང་བར་ཕེབས་པར་བརྟེན། ཆེ་རྒུ་རྣམས་བཀའ་འགྲོས་ཀྱིས་ཡང་སྲིད་འཁྲུལ་མེད་བརྩད་གཅོད་དུ་མངགས་པའི་མི་སྣ་དཔལ་ལྡན་འབྲས་སྤུངས་ཀྱི་འདུལ་བ་མཁན་པོ་བློ་གྲོས་བརྟན་པ་མཆོག་དང་། རྩེའི་གཟིམ་འགག་སངས་རྒྱས་དཔལ་བཟང་། རུ་དཔོན་སྣང་དཀར་སྲས་རྣམས་བཀའ་རྒྱ་སྔོན་བཏང་གིས་རིམ་གྱིས་ཏྲེ་ཧོར་ཁང་གསར་བརྒྱུད་མཆོག་སྤྲུལ་བརྩད་གཅོད་གནང་བར་ཕེབས་ཏེ། ལྕགས་བྱི་ཕྱི་ལོ་ ༡༨༤༠ ལོའི་ཟླ་བ་ ༩ ཚེས་ ༡༣ ཉིན་གཟིམ་ཁང་དུ་ཕེབས་ནས་བརྟག་ཞིབ་ཀྱིས་འོས་སྤྲུལ་གྱི་གྲས་སུ་བྱས་ནས་མགར་ཐར་རྣམ་རྒྱལ་གླིང་དུ་ཕེབས་ནས་རེ་ཞིག་དེར་བཞུགས།

ཁ༽ དབུས་ཕྱོགས་སུ་གདན་ཞུ་དང་། ཡང་སྲིད་ངོས་འཛིན་མཛད་ཚུལ།

 

དགུང་ལོ་བཞི་ལ་ཕེབས་པ་ལྕགས་གླང་ཕྱི་ལོ་ ༡༨༤༡ ལོར་སྐབས་དེར་༸རྒྱལ་བའི་ཡང་སྲིད་འོས་སྤྲུལ་གསུམ་བྱུང་བའི་ནང་ནས་འདི་ཉིད་ཁོ་ན་འཁྲུངས་ལྟས་སོགས་གང་ཐད་ནས་ངོ་མཚར་དང་སྙན་གྲགས་ཆེ་བར་གྲགས་པས་ཟླ་བ་ ༢ པའི་ནང་མགར་ཐར་ནས་ཆིབས་བཏེགས་ཏེ་རིམ་གྱིས་ཕེབས་ནས་ཟླ་བ་ ༥ ནང་སྟག་རྩེ་རྫོང་གི་བདེ་ཆེན་གསང་སྔགས་མཁར་དུ་ཕེབས། དེ་གར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་མཆོག་དང་། རྒྱལ་ཚབ་ནོ་མིན་ཧན། བོད་བཞུགས་ཨམ་བན་གཉིས། གདན་ས་གསུམ་གྱི་བླ་སྤྲུལ་ལས་སྣེ། བཀའི་གུང་བློན་སོགས་ཆེ་རྒུ་རྣམས་ཕེབས་ནས་སྐུ་གོང་མ་ན་རིམ་གྱིས་ཐུགས་དམ་རྟེན་མཆོག་དང་། སྐུའི་ཉེར་སྤྱད་སོགས་ངོ་འདྲ་སྤྱན་བསྟར་བརྟག་ཞིབ་གནང་བར་ངོས་འཛིན་འཁྲུལ་མེད་མཛད།

ལོ་དེའི་ཟླ་བ་ ༦ པའི་ཚེས་འགོར་བདེ་ཆེན་གསང་སྔགས་མཁར་ནས་གུང་ཐང་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཤིང་། ཟླ་བ་ ༦ ཚེས་ ༤ ཆོས་འཁོར་དུས་ཆེན་ཉིན་ཀུན་གཟིགས་པཎ་ཆེན་བསྟན་པའི་ཉི་མ་མཆོག་གིས་ཡང་སྲིད་རིན་པོ་ཆེ་དབུ་སྐྲ་གཙུག་ཕུད་བཞེས་ནས། མཚན་ལ་ངག་དབང་སྐལ་བཟང་བསྟན་པའི་སྒྲོན་མེ་མཁས་གྲུབ་རྒྱ་མཚོ་དཔལ་བཟང་པོ་ཞེས་གསོལ་ཞིང་། ཉིན་དེ་རང་ལ་གུང་ཐང་གཙུག་ལག་ཁང་ནས་རི་རྒྱ་བསམ་གཏན་གླིང་དུ་གདན་འདྲེན་ཞུས་ཏེ་དེར་ཟླ་བ་བཅུ་ཙམ་བཞུགས།

 

ག༽ ༸རྒྱལ་མཆོག་རིམ་བྱོན་དང་། གསེར་བུམ་དཀྲུགས་འདོན[1]

 

སྙིགས་མའི་རྒུད་ཚོགས་བདོ་བ་དང་མཉམ་དུ་ཡང་སྲིད་ངོས་འཛིན་བྱས་པའི་བླ་ཆེན་ཇེ་མང་དུ་གྱུར་ཐོག འགའ་ཤས་སྲིད་དོན་དང་འབྲེལ་ཞིང༌། ཚུལ་མིན་གཡོ་སྒྱུས་ངོས་འཛིན་རྫུན་མ་ཇེ་མང་དུ་སོང་བ་བཅས་ཀྱིས་བསྟན་སྲིད་ལ་གནོད་ཚབས་ཅི་ཆེ་འབྱུང་བཞིན་པའི་ཐོག ཕྱི་ལོ་ ༡༧༩༡ ནས་ ༡༧༩༣ བར་བོད་དང་གོར་ཁ་དམག་འཁྲུག་སྐབས་བོད་གཞུང་གིས་མན་ཇུའི་དམག་རོགས་གཉེར་དགོས་བྱུང་བ་དང༌། གོར་དམག་མཐར་སྐྲོད་རྗེས་མན་ཇུའི་དཔོན་རིགས་རྣམས་ཀྱིས་བོད་གཞུང་གི་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས་ལ་བསྙད་པའི་གྲོས་འདེབས་དོན་ཚན་ཉེར་དགུ་ཡོད་པ་ཞིག་བཏོན་པའི་ནང་ཏཱ་ལའི་བླ་མ་དང༌། པཎ་ཆེན་བླ་མ། གཞན་ཡང་ཧོ་ཐོག་ཐུ་རྣམས་ཀྱི་ཡང་སྲིད་གསེར་བུམ་དཀྲུགས་ཏེ་ཐག་གཅོད་དགོས་པའི་འདུན་གྲོས་བཏོན་ཡོད། དེར་བརྟེན་༸རྒྱལ་དབང་དང་པཎ་ཆེན་སྐུ་ཕྲེང་རེ་ཟུང༌། བླ་ཆེན་གཞན་གང་འཚམས་བཅས་གསེར་བུམ་དཀྲུགས་འདོན་བྱས་པ་མ་ཟད། གསེར་བུམ་དཀྲུགས་འདོན་གྱི་ཆོ་ག་ཡང་༸རྒྱལ་བ་འཇམ་དཔལ་རྒྱ་མཚོས་ལྗགས་རྩོམ་མཛད། དེ་འདྲའི་ལམ་སྲོལ་གཏོད་པའི་རྗེས་སུའང་༸རྒྱལ་དབང་སྐུ་ཕྲེང་དགུ་པ་དང༌། བཅུ་གསུམ་པ། ངོས་རང་བཅུ་བཞི་པ་བཅས་གསེར་བུམ་དཀྲུགས་འདོན་བྱས་མེད་ཅིང༌། ༸རྒྱལ་དབང་སྐུ་ཕྲེང་བཅུ་པའང་ཡང་སྲིད་ངེས་རྙེད་ཟིན་སྟབས་དངོས་དོན་དུ་གསེར་བུམ་དཀྲུགས་མེད་ཀྱང༌། མན་ཇུའི་གཡར་ངོ་མ་ལྡོག་པར་གསེར་བུམ་དཀྲུགས་ཚུལ་གསལ་བསྒྲགས་ཙམ་བྱས། དངོས་སུ་གསེར་བུམ་དཀྲུགས་འདོན་བྱས་པ་༸རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་དང་བཅུ་གཉིས་པ་གཉིས་ལས་བྱུང་མེད་ཁར། བཅུ་གཉིས་པའང་གསེར་བུམ་མ་དཀྲུག་གོང་གཏན་འཁེལ་ཟིན་པས་གསེར་བུམ་གྱི་ལམ་ནས་ངོས་འཛིན་བྱས་པ་གཅིག་ལས་མ་བྱུང༌། དེ་བཞིན་པཎ་ཆེན་སྐུ་ཕྲེང་རིམ་བྱོན་ནང་བརྒྱད་པ་དང་དགུ་པ་གཉིས་ལས་གསེར་བུམ་དཀྲུགས་འདོན་བྱས་པ་བྱུང་མེད། ལམ་སྲོལ་འདི་མན་ཇུའི་བཙན་ཤུགས་ཙམ་ལས་བོད་མིས་ཡིད་ཆེས་བྱ་ཡུལ་དང་ཆོས་ལུགས་ཀྱི་བྱེད་ཐབས་ཤིག་མིན་ཡང༌། དྲང་བདེན་གྱིས་ལག་བསྟར་བྱས་ན་ཟན་རིལ་བསྒྲིལ་བའི་ཐབས་ལམ་དང་མཚུངས་པ་ལྟ་བུར་བརྩིས་ཆོག་པར་སྣང༌།

ཕྱི་ལོ་ ༡༨༨༠ ལོར་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་སྐབས་བོད་དང་མན་ཇུའི་མཆོད་ཡོན་གྱི་འབྲེལ་བ་མ་ཆད་ཅིང༌། མན་ཇུའི་གནོན་ཤུགས་ཕྲན་བུ་ཡོད་སྐབས་ཡིན་ཡང་པཎ་ཆེན་སྐུ་ཕྲེང་བརྒྱད་པ་དང༌། གནས་ཆུང་དང་བསམ་ཡས་ཆོས་སྐྱོང་བཅས་ཀྱི་ལུང་བསྟན། ལྷ་མོའི་བླ་མཚོའི་མཚོ་མཇལ་བཅས་སྒོ་གང་ས་ནས་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་བྱུང་སྟབས་གསེར་བུམ་དཀྲུགས་འདོན་མ་དགོས་པར་ངོས་འཛིན་བྱུང་སྐོར་༸གོང་ས་མཆོག་རང་གིས་ཆུ་སྤྲེལ་ཞལ་གདམས་སུ། ངོས་ཐོག་མར་སྔར་སྲོལ་གསེར་བུམ་དཀྲུགས་འདོན་མ་དགོས་པར་ལུང་བརྟག་དོན་གསལ་སྲིད་ཞིའི་འདྲེན་མཆོག་༸རྒྱལ་དབང་གི་སྐྱེ་གྲལ་དུ་བརྟག་དཔྱད་ངོས་འཛིན་གྱིས་གདན་ཁྲིར་འཁོད་ནས་བཟུང་། ཞེས་གསུངས་པ་ལས་གསལ་བར་རྟོགས་ནུས།

ཕྱི་ལོ་ ༡༩༣༩ ལོར་ངོས་རང་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པར་ངོས་འཛིན་བྱེད་སྐབས་བོད་རྒྱ་མཆོད་ཡོན་གྱི་འབྲེལ་བ་ཆད་ཟིན་པས། གསེར་བུམ་དཀྲུགས་འདོན་དགོས་མིན་གླེང་གཞི་བྱུང་མེད་ཅིང༌། ལྷ་བླའི་ལུང་དོན་དང༌། ལྷ་མོའི་བླ་མཚོའི་མཚོ་གཟིགས་སོགས་རྩེ་མཐུན་གྱིས་ངོས་འཛིན་བྱ་སྒོ་རྣམས་བོད་ཀྱི་རྒྱལ་ཚབ་དང༌། བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་བཅས་ནས་ཐག་གཅོད་བྱས་པ་ལས་རྒྱ་ཕྱོགས་ནས་ཐེ་བྱུས་གང་ཡང་བྱས་མེད་པ་ཡོངས་གྲགས་ཀྱང༌། རྗེས་སུ་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགས་བསམ་བཏང་དྲན་སྐྱེས་ཀྱིས་གསེར་བུམ་དཀྲུགས་མི་དགོས་པའི་བཀའ་འཁྲོལ་སྤྲད་ཚུལ་དང༌། ཨུའུ་ཀྲུང་ཞིང་གིས་ངོས་ཀྱི་ཁྲི་འདོན་མཛད་སྒོའི་གཙོ་སྐྱོང་བྱེད་ཚུལ་སོགས་རྫུན་གཏམ་གསར་ཤོག་ཐོག་སྤེལ་བ་དེ་དག་བདེན་པ་མིན་སྐོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རླབས་ཆེན་ཡར་ཐོན་ཅན་དུ་བརྩིས་པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཀྱི་ཚོགས་གཞོན་ང་ཕོད་ངག་དབང་འཇིགས་མེད་ཀྱིས་ཕྱི་ལོ་ ༡༩༨༩ ཟླ་ ༧ ཚེས་ ༣༡ ཉིན་བོད་རང་སྐྱོང་ལྗོངས་ཀྱི་སྐབས་ལྔ་པའི་མི་དམངས་འཐུས་མི་ཚོགས་འདུ་ཐེངས་གཉིས་པའི་ཐོག་ཡིག་ཆའི་བདེན་དཔང་གི་ལུང་འདྲེན་དང་བཅས་ཏེ་ཞིབ་ཕྲ་འགྲེལ་བརྗོད་བྱས་མཐར། “གོང་མིན་ཏང་གིས་སྐྱག་རྫུན་བཤད་པ་དེ་ལྟར་ང་ཚོ་གུང་ཁྲན་ཏང་གིས་དེའི་རྗེས་སུ་རྒྱུགས་ནས་མུ་མཐུད་སྐྱག་རྫུན་བཤད་དགོས་དོན་ག་རེ་ཡོད་དམ། ཞེས་ནན་བཤད་བྱས་འདུག་པ་ལས་གསལ་པོ་ར་འཕྲོད་ཐུབ། ཅེས་གསལ་བ་ལྟར་རོ།།

 

ང༽ པོ་ཏ་ལར་གསེར་ཁྲི་མངའ་གསོལ་དང་། སྲིད་སྐྱོང་འཕོ་འགྱུར།

 

དགུང་ལོ་ལྔ་ལ་ཕེབས་པ་ཆུ་སྟག་ཕྱི་ལོ་ ༡༨༤༢ ལོའི་ཟླ་བ་ ༤ ཚེས་ ༡༤ ཉིན་རི་རྒྱ་བསམ་གཏན་གླིང་ནས་ཆིབས་བསྒྱུར་ཆེན་མོའི་ཆིབས་རགས་དང་། ཕེབས་བསུ་གཟབ་རྒྱས་བཅས་འདོད་རྒུ་ཐང་གི་བཞུགས་སྒར་དུ་བཞུགས་ཞག་དང་། དེའི་སང་ཉིན་ཚེས་ ༡༥ ཉིན་ས་ག་ཟླ་བའི་དུས་ཆེན་གསུམ་འཛོམས་ཉིན་ཕོ་བྲང་པོ་ཏ་ལར་ཞབས་སོར་འཁོད། སྐྱབས་མགོན་རྒྱལ་ཚབ་ཁྲི་ཆེན་མཆོག་དང་། བོད་བཞུགས་ཨམ་བན་རྣམ་གཉིས། སྐྱབས་རྗེ་ལྕང་སྐྱ་རིན་པོ་ཆེ། དཔོན་ཁག་སོགས་ཕེབས་འཛོམས་ཐོག་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་ཀྱི་གསེར་ཁྲི་ཆེན་མོར་ཞབས་སོར་འཁོད་བསྟུན་རྒྱལ་ཚབ་ནོ་མིན་ཧན་དང་། ལྕང་སྐྱ་རིན་པོ་ཆེ་རྣམ་གཉིས་ནས་མཇལ་དར་འབུལ་བཞེས་གནང་། དེ་ནས་བླ་སྤྲུལ་དཔོན་རིགས་སོགས་ཀྱི་མཇལ་ཕྱག་དང་། དཀར་སྤྲོ་སྟོན་ཆེན་སོགས་སྔར་ལམ་གྱི་མཛད་སྒོ་མཐའ་དག་གཟབ་རྒྱས་ཐོག་༸རྒྱལ་དབང་མཁས་གྲུབ་རྒྱ་མཚོ་ཕོ་བྲང་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ་ཞུས།

ཡང་སྐབས་དེར་ལ་དྭགས་དང་དམག་འཁྲུག་བྱུང་བ་དང་། ༸རྒྱལ་དབང་མཆོག་དགུང་ལོ་བདུན་ལ་ཕེབས་པ་ཤིང་འབྲུག་ཕྱི་ལོ་ ༡༨༤༤ ལོའི་ཟླ་བ་ ༧ པའི་ནང་སྲིད་སྐྱོང་ཚེ་སྨོན་གླིང་ནོ་མིན་ཧན་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ་སྲིད་སྐྱོང་གི་ལས་འགན་ལོ་ ༢༥ ཙམ་གནང་རྗེས་ཁྲི་ལས་ཕབ་སྟེ་རྒྱ་ནག་ཏུ་རྒྱང་འབུད་བཏང་། བླ་བྲང་གི་འཛིན་དབང་རྒྱུ་ནོར་གཞུང་བཞེས་སོགས་ཉེས་ཆད་ཚབས་ཆེན་ཞིག་ཕོག་འདུག་ཀྱང་ཉེས་པ་གང་བྱས་སྐོར་ཁ་གསལ་མི་འདུག དེ་འཕྲལ་ཤིང་འབྲུག་ཕྱི་ལོ་ ༡༨༤༤ ལོའི་ཟླ་བ་ ༨ ཚེས་ ༦ ནས་ཤིང་སྦྲུལ་ཕྱི་ལོ་ ༡༨༤༥ ལོའི་ཟླ་བ་ ༤ ཚེས་ ༢༦ བར་ཀུན་གཟིགས་པཎ་ཆེན་བསྟན་པའི་ཉི་མ་མཆོག་གིས་གནས་སྐབས་རིང་བོད་ཀྱི་སྲིད་སྐྱོང་གི་ཐུགས་འགན་བཞེས། དེ་རྗེས་ཤིང་སྦྲུལ་ཕྱི་ལོ་ ༡༨༤༥ ཟླ་བ་ ༤ ཚེས་ ༢༦ ཉིན་རྭ་སྒྲེང་ཨ་ཆི་ཐུ་ནོ་མིན་ཧན་ཆེན་པོ་སྲིད་སྐྱོང་གི་ལས་དམ་འབུལ་བཞེས་ཀྱི་མཛད་སྒོ་བསྐྱངས་པ་བཅས་སོ།།

 

ཅ༽ དགེ་ཚུལ་གྱི་སྡོམ་བཞེས་དང་། མེ་ལུག་ཞིབ་གཞུང་གསར་འགོད།

 

དགུང་ལོ་དགུ་ལ་ཕེབས་པ་མེ་རྟ་ཕྱི་ལོ་ ༡༨༤༦ ལོར་ཀུན་གཟིགས་པཎ་ཆེན་བསྟན་པའི་ཉི་མ་མཆོག་ནས་མཁན་པོ་མཛད་དེ་༸རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་མཆོག་ལྷ་ལྡན་གཙུག་ལག་ཁང་གི་རྟེན་གཙོ་ཇོ་བོ་ཤཱཀྱ་མུ་ནེའི་སྤྱན་སྔར་བོད་ཟླ་ ༤ ཚེས་ ༧ ཉིན་སོ་ཐར་རབ་བྱུང་གི་བསླབ་སྡོམ་འབུལ་བཞེས་ཀྱི་མཛད་སྒོ་སྔར་ལམ་ལྟར་གཟབ་རྒྱས་བསྐྱངས།

བོད་ཀྱི་སྲིད་དོན་རྒྱལ་རབས་ལས[2]། ལོ་འདིར་རྒྱལ་རྩེ་དང་། པ་རྣམ་ཁུལ་ས་མི་ཞིབ་གཅོད་བསྐོ་སྩལ་གྱིས་གཞུང་རྒྱུགས་ཁྲལ་འཚོ་མ་ཟིན་པའི་ཉམ་ཐག་དངོས་འབྲེལ་རྣམས་སྒེར་ཆོས་ཁག་ལ་གླང་སྐེ་བེལ་འདོགས་ལྟ་བུར་རྩིས་སྤྲོད་དང་། ས་ཞིང་རྒྱ་ཆེ་བར་མ་དོར་འཕྲོལ་འཁྱོལ་བསྡད་པ་རྣམས་རྐང་གཞུང་གསར་བཀོད་སོགས་གནང་སྟེ་མེ་ལུག་ཞིབ་གཞུང་ཞེས་རྩིས་ཁང་ལས་ཁུངས་ཀྱི་རྩ་འཛིན་མ་དེབ་དེ་བཞིན་གཏན་འབེབས་གནང་། དེའི་ལོ་ཕྱི་མར་ཞབས་པད་བཤད་སྒྲ་བ་ངོ་ལས་བྲག་གཡབ་བླ་མ་ཆེ་ཆུང་ཟློས་པའི་ཞིབ་གཅོད་དང་། རྨར་ཁམས། ས་ངན། གོ་ཇོ་སོགས་ལ་ས་མི་ཞིབ་གཅོད་དང་། ཞབས་པད་གསར་བྱུང་པ་མངའ་རིས་ཕྱོགས་སུ་ལ་སིང་དཔུང་འཇུག་སྐབས་མི་སེར་འཐོར་རྐྱེན་སོང་རིགས་རྣམས་ལ་ཁྲལ་བཟོ་ཁུངས་འཇུག་སོགས་ཞིབ་གཅོད་དུ་ཐོན། ཞེས་གསལ་བ་ལྟར་མེ་ལུག་ཞིབ་འཇུག་གསར་འགོད་ཀྱིས་ཕྱི་ལོ་ ༡༩༥༩ ལོར་དུས་འགྱུར་མ་བྱུང་བར་ས་མི་ཁྲལ་རིགས་གང་མེ་ལུག་ཞིབ་གཞུང་ལ་རྩ་འཛིན་ཞུ་བཞིན་ཡོད།

 

ཆ༽ གསན་བསམ་དབུ་འཛུགས་དང་། ལྷོ་གནས། ཆོས་འཁོར་སྐོར་ཚུལ།

 

དགུང་ལོ་བཅུ་གཅིག་ཏུ་ཕེབས་པ་ས་སྤྲེལ་ཕྱི་ལོ་ ༡༨༤༨ ལོའི་ཟླ་བ་ ༨ ཚེས་ ༡༣ ཉིན་རྒྱལ་ཡབ་སྐུ་ཞབས་སུ་པདྨ་ར་གའི་ཏོག་དང་། སྒྲོ་མདོངས་མིག་གཉིས་མ་བཅས་སྩལ་བ་དང་། དགུང་ལོ་བཅུ་གཉིས་ལ་ཕེབས་པ་ས་བྱ་ཕྱི་ལོ་ ༡༨༤༩ ལོར་སྤྱི་ཁྱབ་མཁན་པོ་རྙིང་པ་རྒྱལ་རོང་བློ་བཟང་རྒྱ་མཚོ་སྐུ་ཚེ་མ་ཟིན་པར། གསར་པ་སྐུ་བཅར་གཟིམ་དཔོན་བློ་བཟང་རབ་རྒྱས་ལ་བསྐོ་གཞག་གནང་། དགུང་ལོ་བཅུ་བཞིར་ཕེབས་པ་ལྕགས་ཕག་ཕྱི་ལོ་ ༡༨༥༡ ལོ་ནས་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་རྣམས་དབྱར་ཁའི་རིང་ནོར་བུ་གླིང་ཁར་བཞུགས་ཏེ། གཞུང་དོན་ཞབས་གྲས་ཁག་གཅིག་གཏན་འཇགས་ནོར་གླིང་དུ་བཞུགས་སྲོལ་དབུ་ཚུགས།

དགུང་ལོ་བཅོ་ལྔར་ཕེབས་པ་ཆུ་བྱི་ཕྱི་ལོ་ ༡༨༥༢ དང་། དེའི་ཕྱི་ལོ་དགུང་ལོ་བཅུ་དྲུག་ལ་ཕེབས་པ་ཆུ་གླང་ཕྱི་ལོ་ ༡༨༥༣ ལོ་བཅས་བསྟུད་མར་༸རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་མཆོག་སེ་འབྲས་དགའ་གསུམ་བཅས་གདན་ས་ཆེན་པོ་སོ་སོར་གསན་བསམ་དབུ་འཛུགས་ཀྱི་སྔར་ལམ་གྲྭ་སྐོར་དུ་ཆིབས་བསྒྱུར་གྱི་མཛད་སྒོ་གཟབ་རྒྱས་བསྐྱངས་པ་དང་། དད་འདུས་ཀྱི་སེར་སྐྱ་ཁྲི་སྟོང་མང་པོར་མཇལ་ཁ་དང་བཀའ་ཆོས་གནང་ཞིང་། གདན་ས་ཆེན་པོ་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་ཆོས་འཁོར་རྒྱལ་གྱི་གཙུག་ལག་ཁ་དང་། བསམ་ཡས་གཙུག་ལག་ཁང་སོགས་ལྷོ་ཁ་ཁུལ་གྱི་གནས་གཟིགས་དང་འབྲེལ་དད་ལྡན་སེར་སྐྱ་ཡོངས་ཀྱི་འདོད་མོས་ཡིན་བཞིན་དུ་སྐོང་བར་མཛད། གཞན་ཡང་དགུང་ལོ་བཅུ་དྲུག་ཏུ་ཕེབས་པ་ཆུ་གླང་ཕྱི་ལོ་ ༡༨༥༣ ལོར་ཀུན་གཟིགས་པཎ་ཆེན་བསྟན་པའི་ཉི་མ་མཆོག་དགུང་ལོ་ ༧༠ ཐོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པར་དགོངས་རྫོགས་ཀྱི་ཐུགས་སྨོན་རྒྱ་ཆེ་དང་སྦྲགས་མཆོད་སྤྲིན་གནད་སྨིན་མཛད།

 

ཇ༽ སྤྱི་ཁྱབ་མཁན་པོ་གསར་བསྐོ་དང་། ལུགས་གཉིས་ཀྱི་ཐུགས་འགན་བཞེས་པ།

 

དགུང་ལོ་བཅུ་བདུན་དུ་ཕེབས་པ་ཤིང་སྟག་ཕྱི་ལོ་ ༡༨༥༤ ལོའི་ཟླ་བ་ ༨ པའི་ནང་སྤྱི་ཁྱབ་མཁན་པོ་གསར་པའི་འོས་འཆར་སྐུ་བཅར་གསོལ་དཔོན་ཆེན་མོ་དང་། སྐུ་བཅར་ལྕགས་ལ་མཁན་པོ་གཉིས་མི་བབ་སྤྱན་ཞུ་གནང་། ཚེས་ ༡༧ ཉིན་གསོལ་དཔོན་ཆེན་མོ་ངག་དབང་བསྟན་དར་ལ་སྤྱི་ཁྱབ་མཁན་པོའི་ལས་ཚབ་བསྐོ་གཞག་གནང་བ་དང་། ལོ་འདིར་ཁྲི་ཆེན་མཁྱེན་རབ་དབང་ཕྱུག་༸རྒྱལ་བ་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་དུ་བསྐོ་གཞག་གནང་།

དགུང་ལོ་བཅོ་བརྒྱད་ལ་ཕེབས་པ་ཤིང་ཡོས་ཕྱི་ལོ་ ༡༨༥༥ ལོར་༸རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་མཆོག་ནས་བོད་ལྗོངས་ལྷ་མི་ཡོངས་ཀྱི་རེ་འདོད་ལྟར་བོད་ཀྱི་ཆོས་སྲིད་གཉིས་ཀའི་ཐུགས་འགན་བཞེས་རྒྱུར་ཟླ་བ་ ༡ ཚེས་ ༡༣ ཉིན་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་༸གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་མཆོག་ལ་གངས་ལྗོངས་ཆོས་སྲིད་ཟུང་དུ་འབྲེལ་བའི་འཕྲིན་ལས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་གང་གི་ཕྱག་མཚན་དུ་འབུལ་བཞེས་གནང་སྟེ། ཁམས་གསུམ་འགྲོ་བའི་བླ་མ་ཆོས་ཀྱི་ཉི་མ་ཆེན་པོར་དབང་བསྐུར་ཏེ། ནོར་བུའི་འཇའ་ས་དང་ཐམ་ཀ་སྔར་ཡོད་ཆོས་སྲིད་ཀྱི་ལས་དོན་ལ་འབེབས་ཆོག་པའི་གསེར་གྱི་བཀའ་བཟང་ཕེབས་པའི་མཛད་སྒོ་གཟབ་རྒྱས་བསྐྱངས།

གཞན་ཡང་ལོ་འདིར་པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་སྐུ་བལྟམས་པ་དང་། ལོ་འདིར་གོར་ཁས་ཆིངས་དོན་ལ་བརྩིས་མེད་ཀྱིས་སླར་ཡང་བོད་ཀྱི་སྟོད་ཕྱོགས་སུ་བཙན་འཛུལ་དམག་འཁྲུག་བསླངས་པའི་གནས་ཚུལ་བྱུང་ཞིང་། ༸རྒྱལ་དབང་མཆོག་ནས་ལུགས་གཉིས་ཀྱི་ཐུགས་འགན་ཟླ་བ་དྲུག་ཙམ་བསྐྱངས་པ་གནང་།

 

ཉ༽ ཞི་བར་གཤེགས་ཤིང་། སྐུ་གདུང་གསར་བཞེངས་དང་། ཡབ་གཞིས་ཀྱི་སྐོར།

 

དགུང་ལོ་བཅོ་བརྒྱད་ལ་ཕེབས་པ་ཤིང་ཡོས་ཕྱི་ལོ་ ༡༨༥༥ ལོ་འདིའི་ནང་༸རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་མཆོག་སྐུ་ཁམས་མི་བདེ་བའི་རྣམ་པ་བསྟན་ཞིང་། ཟླ་བ་ ༨ པའི་ནང་ད་དུང་རེ་ཞིག་སྐུ་ཁམས་འཚོ་གཞེས་བརྟན་པ་དང་། བླ་སྨན་པ་རྣམས་ནས་གསོལ་སྨན་སོགས་ཀྱི་འཕྲོད་བཞེས་ཕུལ་བ་རྣམས་ཀྱང་ཐུགས་འདོད་ལྟར་བཞེས་ཆ་མཛད། འོན་ཀྱང་ཟླ་བ ༡༠ པའི་ནང་སྐུ་ཁམས་དྭངས་བསྐྱེད་མ་བཞེས་པས་བོད་འབངས་རྣམས་བློ་གཡེང་ཇེ་ཆེར་གྱུར་པས། སླར་ཡང་ཡོངས་འཛིན་ཁྲི་རིན་པོ་ཆེ་བརྒྱུད་དངོས་འབུལ་དང་བཅས་༸ཞབས་པད་བརྟན་པའི་གསོལ་འདེབས་ཞུས་པ་དང་། སྤྱི་སྒེར་ཚང་མ་ནས་མཎྜལ་རྟེན་གསུམ་དང་བཅས་པ་ལན་གཅིག་གཉིས་མ་ཡིན་པའི་གསོལ་འདེབས་ལན་མང་ཞུས་པ་སོགས་སྒོ་ཐམས་ཅད་ནས་རྩལ་གང་ཡོད་ཀྱིས་༸ཞབས་པད་ཡུན་བརྟན་གྱི་ཐབས་ལ་འབད་ན་ཡང་། དུས་ངན་གྱི་འགྱུར་བ་སོགས་ཀྱིས་ཐུགས་ཡིད་འབྱུང་བས། རེ་ཞིག་ཞིང་ཁམས་གཞན་བྱོན་གྱི་དགོངས་བཞེད་གཏད་ཟིན་པའི་དབང་གིས་ཟླ་བ་ ༡༢ པའི་ནང་ནས་གསོལ་ཆས་སོགས་ཆེར་མི་གསོལ་ཞིང་། སྙུན་བབ་རིམ་ལྕིར་ཕེབས། དེ་ལྟར་༸རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་མཆོག་དགུང་གྲངས་ ༡༨ ལ་ཕེབས་པ་བོད་ཤིང་ཡོས་ཕྱི་ལོ་ ༡༨༥༥ ལོའི་ཟླ་བ་ ༡༢ ཚེས་ ༢༥ ཉིན་ཐོ་རེངས་ཙམ་ལ་ཕོ་བྲང་ཆེན་པོ་པོ་ཏ་ལར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།

བོད་ཟླ་ ༡༢ ཚེས་ ༢༦ ནས་སླར་ཡང་རྭ་སྒྲེང་ཨ་ཆི་ཧོ་ཐོག་ཐུ་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན་མཆོག་ནས་སྲིད་སྐྱོང་གི་ཐུགས་འགན་ཐེངས་གཉིས་པ་བཞེས་ཆབ་སྲིད་མུ་མཐུད་བསྐྱངས་ནས་དགོངས་རྫོགས་མཆོད་སྤྲིན་གྱི་ཞུ་སྒོ་དང་། མཆོག་སྤྲུལ་མྱུར་བྱོན་གྱི་གསོལ་འདེབས་ལྗགས་རྩོམ། སྐུ་གདུང་བཞུགས་ཡུལ་དང་། གསེར་སྡོང་ཕན་བདེའི་འོད་འབར་གསར་བཞེངས་ཀྱི་ལས་གྲྭ་འཛུགས་རྒྱུ་སོགས་རིམ་བཞིན་སྔར་སྲོལ་ལྟར་མཛད། གཞན་ཡང་༸རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པའི་མཁས་གྲུབ་རྒྱ་མཚོའི་ཡབ་ཚང་ལ་བོད་གཞུང་ནས་རྒྱལ་རྩེ་ལྕང་ལོ་ཅན་སོགས་འཁྱོངས་ཐེབས་གཞིས་ཀ་རྒྱ་ཆེ་དང་། ལྷ་སར་ཡབ་གཞིས་གསར་སྐྲུན་ལ་ཕུན་ཚོགས་ཁང་གསར་དུ་གྲགས་པས་ཡབ་གཞིས་ཕུན་ཁང་པ་ཞེས་པ་དེའོ། །དེ་ལྟར་༸རྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོའི་རྣམ་ཐར་ཞིབ་ཕྲ་མཁྱེན་པར་འདོད་ན། ༸རྒྱལ་དབང་འཕྲིན་ལས་རྣམ་རྒྱལ་གྱིས་མཛད་པའི་རྣམ་ཐར་ངོ་མཚར་ལྷའི་རོལ་མོར་གཟིགས་པར་འཚལ་ལོ།། །།

[1] ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་གཞིས་བྱེས་བོད་མིས་མཚོན་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་སེར་སྐྱ་ཀུན་དང༌། བོད་དང་བོད་མིར་འབྲེལ་ཆགས་ཀྱི་སྐྱེ་འགྲོ་ཡོངས་ལ་སྩལ་བའི་གལ་ཆེའི་བཀའ་ཡིག་ལས་ཟུར་འདོན་ཞུས་པ།

[2] ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས། སྨད་ཆ། ལྡི་ལི་ལཀྵྨི་མི་པར་ཁང་། ༡༩༧༦ ལོ། ཤོག་ ༡༤

༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་སྙིང་བསྡུས་གསེར་གྱི་ཕྲེང་བ་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།