༸ རྒྱལ་བ་སྐུ་ཕྲེང་བཅུ་གཉིས་པ། འཕྲིན་ལས་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

༸    རྒྱལ་བ་སྐུ་ཕྲེང་བཅུ་གཉིས་པ། འཕྲིན་ལས་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

 

ཆུ་དབར་བུ།

ཀ༽ གང་དུ་སྐུ་འཁྲུངས་པ་དང་། རིགས་རུས། ཡབ་ཡུམ་ལུང་བསྟན་ཚུལ།

 

དེ་ཡང་འཁྲུངས་རབས་གསོལ་འདེབས་ལས།

གཙང་མའི་རིགས་ལས་དབུ་རུ་འོལ་དགའ་རུ། །
བལྟམས་ཚེ་རྡོར་དཀྱིལ་མཉམ་གཞག་ཞབས་རྗེས་སོགས། །
ཇི་སྙེད་ངོ་མཚར་མཁྱེན་རླབས་འགྲན་ཟླ་བྲལ། །
རྗེ་བཙུན་འཕྲིན་ལས་རྒྱ་མཚོར་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། ༸རྒྱལ་བ་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་བཞི་པའི་མེ་འབྲུག་ཕྱི་ལོ་ ༡༨༥༦ ལོའི་ཟླ་བ་ ༡༢ ཚེས་ ༡ ཉིན་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་ཁོངས་གཏོགས་འོལ་དགའ་རྫིང་ཕྱིའི་ཉེ་འདབས། འབག་འབྲོག་ཉང་ཚང་པ་ཞེས་པའི་ཁྱིམ་དུ་ཡབ་ཕུན་ཚོགས་ཚེ་དབང་དང༌། ཡུམ་ཚེ་རིང་ངམ་ཚེ་དབང་གཡུ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རིགས་ནི་ཕ་སྤྲེལ་རྒན་དང་། མ་སྲིན་མོ་བྲག་སྲིན་གཉིས་འདུས་ཏེ་སྤྲུལ་ཕྲུག་དྲུག་བཙས་པ་ལས་བོད་ཀྱི་འགྲོ་བ་མིའི་ཐོག་མའི་རིགས་རྒྱུད་མིའུ་གདུང་དྲུག་དང་། རུས་ཆེན་བཅོ་བརྒྱད་ཀྱི་དབྱེ་བ་སོགས་རིམ་གྱིས་དར་ཏེ། གདུང་རུས་ཀྱི་བྱེ་བྲག་མི་འདྲ་བ་མཐའ་ཡས་པ་བྱུང་བ་ལས། ༸རྒྱལ་དབང་འཕྲིན་ལས་རྒྱ་མཚོ་མཆོག་གི་རིགས་རུས་ནི། འབག་ཅེས་བྱ་བ་རིགས་གཙང་མཐོན་པོར་གྲགས་པའི་རིགས་རུས་ཕུན་སུམ་ཚོགས་པར་སྐུ་འཁྲུངས་པ་ཡིན། ཡང་སྲིད་བརྩད་འཚོལ་གནང་སྐབས། ལྷ་ཆེན་ཚངས་པ་ཆེན་པོས། ཡབ་ཡུམ་བཀྲ་དང་གཡུ་ཡི་མིང་ཅན་ལ། །ཇི་ལྟར་སྐལ་བ་ལྡན་པའི་ལོ་འབྲས་འབྱུང་། །ཞེས་པའི་བཀྲ་ནི་ཡབ་ཀྱི་མིང་ཟུར་ཕུན་ཚོགས་ཀྱི་དོན་དང་། གཡུ་ཞེས་ཡུམ་ཚེ་རིང་གཡུ་སྒྲོན་གྱི་མིང་དངོས་གསལ་བར་ལུང་བསྟན་པར་མ་ཟད། ད་དུང་ས་སྐྱའི་བདག་ཆེན་ཟུར་པ་རྡོ་རྗེ་རིན་ཆེན་མཆོག་ལ་ཐུགས་བརྟག་ཞུས་པར་ཡང་། རྫིང་ཕྱི་བ་མ་ཚེ་རིང་གཡུ་སྒྲོན་གྱི་བུ་དེ་བཞིན་༸རྒྱལ་དབང་མཆོག་གི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་འཁྲུལ་མེད་ཡིན་ཞེས་ཕེབས་ཡོད།

ཁ༽ དངོས་གཞི་ཡང་སྲིད་འཚོལ་ཞིབ་དང་། འོས་སྤྲུལ་གདན་ཞུ་གནང་ཚུལ།

 

མེ་འབྲུག་ཕྱི་ལོ་ ༡༨༥༦ ལོའི་ཟླ་བ་ ༩ པའི་ནང་དུ་རྭ་སྒྲེང་ཨ་ཆི་ཐུ་ཧོ་ཐོག་ཐུ་ཆེན་པོ་མཆོག་གིས། བོད་ཁོངས་དབུས་གཙང་དྭགས་ཀོང་དང་། སྟོད་མངའ་རིས་སྐོར་གསུམ། བྱང་རིགས་སྡེ་བཞི། ཁམས་བཅས་ཀྱི་རྫོང་གཞིས་ཁག་དང་། གཞན་ཡང་འབའ་ལི་ཐང་། རྒྱལ་ཐང་། སྡེ་དགེ། ཧོར་སེར་ཁག ཁྱུང་པོ་དཀར་ནག་གསེར་གསུམ། ལྕགས་ལ་སོགས་ཡུལ་ཁག་ཚང་མར་ཁྱེའུ་ངོ་མཚར་ཆེ་ཞིང་། རྟགས་མཚན་བཟང་བ་ཅི་འདྲ་ཞིག་བལྟམས་ཡོད་ཀྱང་གབ་སྦས་དང་། ཧེ་བག་མེད་པའི་སྙན་ཞུ་འཕྲལ་འཕྲལ་དུ་འབུལ་དགོས་པའི་བཀའ་རྒྱ་སྔ་ཕྱིར་གནང་བ་ལྟར། ལྷོ་ཁའི་ཕྱོགས་ནས་ཟངས་རི་དང་། འོལ་དགའ། ཆོས་འཁོར་རྒྱལ་ཁུལ། དྭགས་པོ་ལྷ་གསོལ། བྱང་ཤར་མཚམས་ཡུན་ནན་ཁོངས། རྒྱལ་ཐང་སྟོང་རོ་བཅས་ནས་ཁྱེའུ་ངོ་མཚན་ཅན་བྱུང་ཚུལ་གྱི་སྙན་ཞུ་རིམ་འབྱོར་བྱུང་བ་ནས་དོགས་གནས་ཆེ་རིགས་དང་། ཀུན་ལ་གྲགས་ཆེ་བ་རྣམས་ལྷ་བླ་དུ་མར་ལུང་ཞུ་མཛད་པར་ཟངས་རི་དང་། འོལ་དགའ། དྭགས་པོ་ལྷ་གསོལ་བཅས་ཀྱི་ཁྱེའུ་རྣམས་བཟང་བར་ཕེབས་ཤིང་། དེ་དག་ལ་ཐོག་མའི་བརྟག་དཔྱད་ཞུ་མི་བདམས་བསྒྲུགས་ཀྱིས། སྐུ་གོང་མའི་མཚན་ཞབས་སྒོ་མང་དགེ་བཤེས་ངག་དབང་ནོར་བུ་མཆོག་དང་། སེར་སྨད་ཀོང་པོ་དགེ་བཤེས་ངག་དབང་ཚུལ་ཁྲིམས་རྣམ་གཉིས་གོང་གསལ་ཁྱེའུ་གསུམ་གྱི་འཁྲུངས་གནས་སོ་སོར་ཆེད་རྫོངས་གནང་ནས། ཁྱེའུ་སོ་སོ་དངོས་མཇལ་གྱིས་སྐུའི་བྱད་དབྱིབས་མཛད་སྤྱོད་སོགས་ལ་བརྟག་དཔྱད་དང་། ངོ་མཚར་ཆེ་བའི་མཚན་ལྟས་རྣམས་དངོས་ཤུགས་ཅི་རིགས་ནས་བརྩད་ཞིབ་ནན་ཏན་དགོས་པའི་བཀའ་མངགས་མཛད་པ་ལྟར། འོལ་དགའི་ཆུང་སྲིད་དེ་གཞན་ལས་ཁྱད་དུ་འཕགས་པ་བྱུང་བར་གྲགས་ཤིང་། ཁྱེའུ་གསུམ་གྱི་གནས་ཚུལ་ཡབ་ཡུམ་དང་། ཉེ་འཁོར་ཡུལ་མི་སོགས་ཀྱི་ཞུ་བ་རྟགས་འབྱར་རྣམས་སྙན་སེང་ཞུས།

སྲིད་སྐྱོང་རྭ་སྒྲེང་རིན་པོ་ཆེ་དང་། བཀའ་བློན། སྤྱི་ཁྱབ་མཁན་པོ་བཅས་བཀའ་བགྲོས་ཐོག་སླར་ཡང་ཡོངས་འཛིན་བློ་བཟང་མཁྱེན་རབ་དབང་ཕྱུག་མཆོག་དང་། ཆུ་བཟང་ཡེ་ཤེས་རྒྱ་མཚོ། དཔལ་འབར་སྤྲུལ་སྐུ་བཅས་ལ་ཐུགས་བརྟག་དང་། ལ་མོ་ཚངས་པ། བསམ་ཡས་ཆོས་སྐྱོང་། ཁྲ་འབྲུག་ཚངས་པ་བཅས་ཆོས་སྐྱོང་གསུམ་ལ་ལུང་ཞུ་བཅས་གནང་བའི་གྲུབ་དོན་ཁག་སེ་འབྲས་དགའ་གསུམ་གྱིས་མཚོན་པའི་དགོན་སྡེ་ཆེ་ཁག་གི་བླ་མ་ལས་སྣེ་དང་། གཞུང་ཞབས་གསེར་སྐྱ་དྲག་འབྲིང་དཀྱུས་གསུམ་སྐོང་འཚོགས་གནང་བའི་ཐོག་ཏུ་སྒྲོག་སྦྱངས་མཛད།

 

ག༽ འོས་སྤྲུལ་ལྷ་སར་གདན་ཞུ་དང་། སྐུའི་ཉེར་སྤྱད་ངོས་འཛིན་མཛད་ཚུལ།

 

དེ་ནས་ཆུང་སྲིད་གསུམ་པོ་ལྷ་སར་གདན་ཞུའི་མི་སྣ་སོ་སོར་ཆེད་རྫོངས་གནང་བ་ལྟར། བོད་མེ་སྦྲུལ་ཕྱི་ལོ་ ༡༨༥༧ ལོའི་ཟླ་བ་ ༡༠ པའི་ནང་ཆུང་སྲིད་གསུམ་ག་ལྷ་སར་ཕེབས་ཤིང་། ཟླ་བ་ ༡༠ ཚེས་ ༧ ཉིན་ནོར་གླིང་བསྐལ་བཟང་ཕོ་བྲང་དུ་གདན་ཞུ་གནང་སྟེ། བླ་དཔོན་ཆེ་རྒུ་ལྷན་འཛོམས་སར་༸རྒྱལ་མཆོག་སྐུ་ཕྲེང་ན་རིམ་གྱི་ཐུགས་དམ་རྟེན་རྗེ་ཙོང་ཁ་པའི་སྣང་བརྙན་བཀྲ་ཤིས་དོ་ཁ་མ་དང་། སྐུ་གོང་མའི་ཕྱག་ཕྲེང་། ཕྱག་བཞེས་རྡོར་དྲིལ་རྣམས་སོ་སོར་ངོ་འདྲ་རེ་དང་བཅས་བཤམས་ནས་ངོས་འཛིན་མཛད་བཅུག་པར། འོལ་དགའི་ཆུང་སྲིད་དེ་བག་འཁུམས་པའི་རྣམ་པ་སོགས་མེད་པར་དགྱེས་ཉམས་ཀྱིས་ཕྱག་གཡས་དལ་བུས་བརྐྱངས་ཏེ་རྗེའི་སྣང་བརྙན་བཀྲ་ཤིས་དོ་ཁ་མ་སྐུ་པང་དུ་བཞག་སྟེ། དེར་དབུ་ཅུང་ཟད་འདུད་པ་དང་བཅས་གུས་ཉམས་མཛད། དེ་ནས་བྱུ་རུའི་ཕྱག་ཕྲེང་འདྲ་མཚུངས་གཉིས་སྔར་ལྟར་ངོས་འཛིན་བྱེད་དུ་བཅུག་པར། རྗེ་གོང་མའི་ཕྱག་ཕྲེང་ངོ་མར་ཕྱག་གིས་རེག་ཙམ་མཛད། དེ་བཞིན་ཕྱག་བཞེས་རྡོར་དྲིལ་བཅས་ངོས་འཛིན་བྱེད་དུ་བཅུག་པར། ཕྱག་རྡོར་ངོ་མ་ཕྱག་གཡས་ཀྱིས་བཞེས་ཏེ་སྐུ་པང་དུ་བླངས་པ་སོགས་ཚང་མ་མ་ནོར་བར་ངོ་མ་ཁོ་ན་བཞེས། ཆུང་སྲིད་གཞན་གཉིས་ཀྱིས་འགའ་ཞིག་འདྲ་མཚུངས་གཉིས་ཀ་ལག་ཏུ་བླངས་ཤིང་། འགའ་ཞིག་ངོ་མ་ལག་ཏུ་བླངས་ཙམ་ནས་སྐྱུར་བ་སོགས་བྱུང་།

 

ང༽ གསེར་བུམ་དཀྲུག་འདོན་དང་། མཚན་གསོལ་མཛད་ཚུལ།

 

ས་རྟ་ཕྱི་ལོ་ ༡༨༥༨ ལོའི་ཟླ་བ་ ༡ ཚེས་ ༢ ཉིན་གསེར་བུམ་རིན་པོ་ཆེ་ལྷ་ས་གཙུག་ལག་ཁང་ནས་ཕོ་བྲང་པོ་ཏ་ལའི་གཟིམ་ཆུང་ས་གསུམ་རྣམ་རྒྱལ་དུ་གདན་དྲངས་ཤིང་། ཡོངས་ཛིན་ཕུར་ལྕོག་སྤྲུལ་སྐུ་སོགས་བླ་སྤྲུ་གཙོ་ཆེ་བ་རྣམས་དང་། རྣམ་རྒྱལ་གྲྭ་ཚང་བཅས་ནས་མཆོད་འབུལ་གནང་ཐོག་བུམ་སྒྲུབ་ཀྱི་ཆོ་ག་ཉིན་བཅུ་གཅིག་རིང་གནང་། ཟླ་བ་དེ་གའི་ཚེས་ ༡༣ ཉིན་རྭ་སྒྲེང་ཧོ་ཐོག་ཐུ་དང་། བོད་བཞུགས་ཨམ་བན་ལྷན་རྒྱས་ཐོག ཚང་མས་འཕགས་མཆོག་ཐུགས་རྗེའི་རང་གཟུགས་དང་མཆོག་གསུམ་རྒྱལ་བ་རྒྱ་མཚོར་ཐུགས་རྗེ་བསྐུལ་བའི་བདེན་ཚིག་དང་སྨོན་ལམ་ཤུགས་དྲག་དང་བཅས་ཏེ་གསེར་བུམ་དཀྲུག་པར་འོལ་དགའ་བློ་བཟང་བསྟན་འཛིན་འགྱུར་མེད་ཅེས་མཚན་གྱི་སྙན་པ་ཀུན་ལ་བསྒྲགས་པ་ཙམ་ལས་ཡང་སྲིད་སྔོན་ནས་ཐུགས་གཏན་འཁེལ་ཟིན་པ་ཡིན།

སྐབས་དེར་པཎ་ཆེན་སྐུ་ཕྲེང་བརྒྱད་པ་དགུང་ལོ་ལྔ་ཙམ་ལས་ཕེབས་མེད་པས་སྐུ་ན་ཆུང་བའི་དབང་གིས། ཟླ་བ་ ༡ ཚེས་ ༡༥ ཉིན་སྲིད་སྐྱོང་རྭ་སྒྲེང་རིན་པོ་ཆེ་མཆོག་གིས་མཆོག་སྤྲུལ་རིན་པོ་ཆེའི་དབུ་སྐྱེས་གཙུག་ཕུད་བཞེས་ནས་མཚན་ལ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་མཁྱེན་རབ་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོ་ཞེས་གསོལ། གཞན་ཡང་ཟླ་བ་ ༨ ཚེས་ ༧ ཉིན་རྒྱལ་ཡབ་ལ་རིམ་པ་དང་པོའི་ཏོག་གནས་གཟིགས་གསོས་གནང་། ལོ་འདིར་༸རྒྱལ་དབང་འཕྲིན་ལས་རྣམ་རྒྱལ་སྤྱི་ཁྱབ་མཁན་པོར་བསྐོ་གཞག་གིས་ཐུགས་འགན་བཞེས།

 

ཅ༽ གསེར་ཁྲི་མངའ་གསོལ་དང་། སྤྱི་ཚོགས་དང་ཆབ་སྲིད་གནས་ཚུལ།

 

དགུང་ལོ་ལྔ་ལ་ཕེབས་པ་ལྕགས་སྤྲེལ་ཕྱི་ལོ་ ༡༨༦༠ ལོའི་བོད་ཟླ་ ༧ ཚེས་ ༣ ཉིན་མཆོག་སྤྲུལ་རིན་པོ་ཆེ་ཕོ་བྲང་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་སྔར་ལམ་བཞིན་གཟབ་རྒྱས་གནང་བ་དང་། སྐབས་འདིར་བོད་ཀྱི་མཐའ་མཚམས་རྒྱལ་ཁབ་ཁག་དབར་འབྲེལ་བ་རྙོག་འཛིང་ཆེ་བ་སྟེ། དབྱིན་ཇིས་བོད་དུ་ལྐོག་གཡོའི་དཔུང་འཇུག་བཙན་འཛུལ་བྱེད་པའི་ཧམ་སེམས་ཆེས་ཆེར་ཕྱིན། བོད་ཀྱི་ཆབ་སྲིད་དབང་བསྒྱུར་མཁན་ནང་ཁུལ་ལའང་སྲིད་དབང་འཕྲོག་རེས་བྱེད་པའི་འཐབ་རྩོད་ཉིན་བཞིན་ཛ་དྲག་དང་། རྣོ་ངར། རྙོང་འཛིང་ཇེ་ཆེར་གྱུར། སྐབས་དེར་༸རྒྱལ་བ་འཕྲིན་ལས་རྒྱ་མཚོ་སྐུ་ན་ཆུང་བས། བོད་ཀྱི་སྲིད་དབང་རྭ་སྒྲེང་རྒྱལ་ཚབ་ཀྱིས་ཁ་ལོ་བསྒྱུར། བཀའ་བློན་བཤད་སྒྲ་སོགས་དང་། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེའི་བར་འགལ་བ་བྱུང་སྟེ། མཐར་སྲིད་སྐྱོང་རྭ་སྒྲེང་ཧོ་ཐོག་ཏུ་རྒྱ་ནག་ཏུ་བྲོས་བྲོལ་ལ་ཕེབས་ཏེ་པེ་ཅིན་དུ་སྐུ་གཤེགས་པས། བཤད་སྒྲ་བཀའ་ཟུར་སྡེ་སྲིད་དུ་བསྐོས་ཏེ་སྲིད་དབང་བཟུང་།

རྣམ་ཐར་དྭངས་ཤེལ་མེ་ལོང་ནང་དུ་དགུང་ལོ་བདུན་ལ་ཕེབས་པ་ཆུ་ཁྱི་ཕྱི་ལོ་ ༡༨༦༢ ལོའི་ཟླ་བ་ ༢ པའི་ནང་། འདི་སྐབས་སྲིད་སྐྱོང་རྭ་སྒྲེང་ཧོ་ཐོག་ཐུ་ཆེན་པོ་དང་། དགའ་འབྲས་ཀྱི་འཐུས་མིའི་བར་དམ་སྲི་འབྱུང་པོ་ཁ་རྒྱས་པའི་འཕྲུལ་གྱིས་ཐུགས་ཁ་དན་མིན་བྱུང་བར་ཟིང་གཞི་ཆེ་ལངས་ལ་ས་སྐྱ་བདག་ཆེན་དང་། བཀྲས་ལྷུན་སྐུ་ཚབ་གསོལ་མགྲོན་སྔགས་ཆེན་སོགས་ཀྱིས་བར་འདུམ་ནན་ཆེས་བྱས་ཀྱང་མ་འདུམ་པར་བརྟེན། རྭ་སྒྲེང་ཧོ་ཐོག་ཐུ་ནས་སྲིད་ཀྱི་ལས་དོན་བསྐྱངས་མ་ཐུབ་པས་༸གོང་ས་ལྷ་མིའི་རྣམ་འདྲེན་༸རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་ཆོས་སྲིད་ལུགས་གཉིས་ཀྱི་འགན་བཞེས་གནང་དགོས་བྱུང་བར། ཟླ་བ་ ༣ ཚེས་ ༡༢ ཉིན་ནོར་བུའི་འཇའ་ས་དང་དེ་འབྲེལ་ཐམ་ག་བཅས་ཕྱག་བཞེས་བསྐྱངས་ཏེ། ལོ་དེའི་ཟླ་ ༦ པའི་ནང་༸གོང་ས་ལྷ་མིའི་རྣམ་འདྲེན་མཆོག་ནས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བསྐྱངས་པར་མཛད་ཀྱང་། དེ་སྐབས་སྐུ་ན་ཕྲ་བའི་སྟབས་ཀྱིས་འཕྲིན་ལས་ཞབས་སྟེགས་ཀྱི་གཙོ་བོ་ཞིག་བསྐོ་གཞག་མཛད་རྒྱུར་དགའ་འབྲས་དྲུང་གསུམ་བཅས་ནས། བཀའ་ཟུར་བཤད་སྒྲ་བ་གཞུང་ས་མཆོག་དང་ཐུགས་འདོད་གཅིག་སྒྲིལ་མཛད་རྒྱུར་མོས་མཐུན་བྱུང་བ་ལྟར། ལོ་དེའི་ཟླ་ ༩ པའི་ཚེས་ ༧ ཉིན་༸གོང་ས་ལྷ་མིའི་རྣམ་འདྲེན་ལུགས་གཉིས་ཀྱི་བདག་པོར་མངའ་གསོལ་བ་དང་། བཀའ་ཟུར་བཤད་སྒྲ་དབང་ཕྱུག་རྒྱལ་པོ་ལ་ནོ་མིན་ཧན་གྱི་ཆོ་ལོ་སྩལ་ཏེ་སྲིད་སྐྱོང་ལ་བསྐོ་གཞག་གནང་།

 

ཆ༽ སློབ་གཉེར་དབུ་འཛུགས་དང་། ཉག་རོང་དབང་དུ་བསྡུས་ཚུལ།

 

འདི་སྐབས་༸རྒྱལ་དབང་འཕྲིན་ལས་རྒྱ་མཚོ་མཆོག་ནས་སློབ་གཉེར་གསན་སྦྱོང་གི་དབུ་ཚུགས་ཏེ། ཡོངས་འཛིན་ཁྲི་ཟུར་རིན་པོ་ཆེ་བློ་བཟང་མཁྱེན་རབ་དབང་ཕྱུག་མཆོག་ནས་སྔོན་འགྲོའི་ཆོས་བཤད་ཀྱིས་དྲངས་པའི་སྐྱབས་སེམས་དང་། དགའ་ལྡན་ལྷ་བརྒྱ་མ། དམིགས་བརྩེ་མ་བཅས་ཀྱི་ལྗགས་ལུང་ཕུལ་བ་དང་། ཡོངས་འཛིན་ཕུར་ལྕོག་པ་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ་མཆོག་གིས་ཡོན་ཏན་གཞི་གྱུར་མའི་ལུང་དང་། པྲ་ཏི་དཀའ་ཆེན་རིན་ཆེན་དོན་གྲུབ་ཀྱིས་བསྒྲིགས་པའི་ཀ་དཔེའི་སྟེང་ནས་ལྗགས་ཀློག་ངོ་ཤོག་གཅིག་ཙམ་སྙན་ལམ་དུ་ཕུལ་བར་ཐུགས་སུ་ཆུད་པར་གྱུར།

སྐབས་དེའི་ལོ་ཤས་ཀྱི་སྔོན་ནས། མདོ་སྟོད་ཁམས་ཕྱོགས་རི་ནང་དཔའ་མགོན་གྱི་བུ་རྒྱུད་མགོན་པོ་རྣམ་རྒྱལ་དང་། མགོན་པོ་ཚེ་བརྟན་ཕ་བུ་རྣམས་ནས་རྒྱ་བོད་གཉིས་སུ་དུས་བདེ་མེད་པའི་གོ་སྐབས་དེ་བེད་སྤྱད་ནས། བཙན་ཤེད་དཔུང་ངོམས་ཀྱིས་ཉག་རོང་སྟོད་སྨད་བར་གསུམ་ལ་དབང་བསྒྱུར་བྱས་པར་མ་ཟད། ཧོར་མ་ཟུ། བྲག་མགོ ཁང་གསར། ཏྲེ་ཧོར། སྟོང་འཁོར། བེ་རི། གླིང་ཚང་བཅས་ཀྱི་ས་སྡེ་མང་པོ་རིམ་པས་བཙན་འཕྲོག་དང་། ཆུ་ཕག་ཕྱི་ལོ་ ༡༨༦༣ ལོར་ཉག་རོང་མགོན་པོ་རྣམ་རྒྱལ་གྱི་བུ་མགོན་པོ་ཚེ་བརྟན་གྱིས་ཇག་དཔུང་བསྡུ་རུབ་བྱས་ཏེ་ལིང་ཐང་གི་ཐུ་སིའི་མཁར་རྫོང་དང་། ལམ་གཞུང་གི་ཟམ་པ་གཏོར་བར་མ་ཟད། གདན་ས་གསུམ་གྱི་མང་ཇའི་མཐུན་རྐྱེན་མཛོད་ཇ་སོགས་ཚང་མ་འཕྲོག་བཅོམ་གྱིས་རྒྱ་བོད་ཀྱི་ཚོང་ལམ་བཀག་པ་དང་། གཞུང་ཡིག་འཕྲོག་ནས་ཁ་ཕྱེ་བ་སོགས་ཟིང་སློང་གི་གནས་ཚུལ་བྱུང་བར་དབུས་མདའ་དཔོན་མདོ་མཁར་བ་ཚེ་དབང་ནོར་བུ་དམག་དཔུང་དང་བཅས་པ་བཏང་སྟེ་ཚར་བཅད།

 

ཇ༽ རབ་བྱུང་སྡོམ་བཞེས་དང་། སྲིད་སྐྱོང་འཕོ་འགྱུར་སྐོར།

 

དགུང་ལོ་དགུ་ལ་ཕེབས་པ་ཤིང་བྱི་ཕྱི་ལོ་ ༡༨༦༤ ལོའི་ཟླ་བ་ ༤ ཚེས་ ༡༣ ཉིན་ལྷ་ལྡན་གཙུག་ལག་ཁང་གི་རྟེན་གཙོ་ཇོ་བོ་རིན་པོ་ཆེའི་སྤྱན་སྔར། ཡོངས་འཛིན་ཁྲི་ཟུར་སྡེ་དྲུག་བློ་བཟང་མཁྱེན་རབ་དབང་ཕྱུག་མཆོག་གིས་མཁན་པོ་མཛད་དེ་༸རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ་མཆོག་རབ་བྱུང་གི་བསླབ་སྡོམ་སྩལ་ཏེ། མཚན་ལ་མཁན་པོ་རིན་པོ་ཆེའི་མཚན་ཟུར་མཁྱེན་རབ་ཅེས་པ་ལས་དྲངས་ཏེ། རྗེ་བཙུན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་མཁྱེན་རབ་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོ་ཞེས་གསོལ།

གཞན་ཡང་ལོ་དེའི་བོད་ཟླ་ ༨ ཚེས་ ༢༥ ཉིན་སྡེ་སྲིད་བཤད་སྒྲ་ནོ་མིན་ཧན་དབང་ཕྱུག་རྒྱལ་པོ་སྲིད་ཀྱི་འགན་འཁུར་ལོ་འཁོར་གཉིས་ཙམ་གནང་མཐར། སྙུན་མནར་གྱིས་ནོར་བུ་གླིང་ཁའི་གཟིམ་ཆུང་ལྷུན་གྲུབ་དགའ་ཚལ་དུ་སྐུ་ཁམས་མ་འཚོ་བའི་སྙན་སེང་ཞུས་པ་དང་སྦྲགས། ༸རྒྱལ་དབང་མཆོག་ལ་ལྗགས་བསྔོའི་སྐྱབས་ཞུ་འབུལ་འབྱོར་བྱུང་བ་ལྟར་ཐུགས་སྨོན་བཀའ་དྲིན་བསྐྱངས། དེ་ནས་ཟླ་བ་ ༩ པའི་ཚེས་ ༢ ཉིན་སྲིད་ཀྱི་འཚོ་འཛིན་གསར་བསྐོའི་སྐོར་ལ། གནས་ཆུང་ཆོས་རྒྱལ་ཆེན་པོར་ལུང་ཞུ་ཕུལ་བར། ཡོངས་འཛིན་ཁྲི་ཟུར་སྡེ་དྲུག་ཧོ་ཐོག་ཐུ་བློ་བཟང་མཁྱེན་རབ་དབང་ཕྱུག་མཆོག་ནས་འཕྲིན་ལས་ཀྱི་གཙོ་འགན་གནང་རྒྱུའི་བཀའ་སྩལ་བར། བཤོལ་ཟླ་ ༩ ཚེས་ ༢༣ ཉིན་བོད་གཞུང་ནས་རྟེན་གསུམ་མཇལ་དར་སོགས་ཕུལ་ནས། དེ་རྗེས་གཟིམ་ཆུང་ཉི་འོད་དུ་༸རྒྱལ་དབང་འཕྲིན་ལས་རྒྱ་མཚོ་མཆོག་ལ་གསར་མཇལ་རྟེན་གསུམ་འབུལ་གནང་མཛད་དེ་སྲིད་སྐྱོང་གི་ཁྲི་ལ་ཕེབས་པའི་མངའ་གསོལ་ཞུས།

 

ཉ༽ གསེར་ཡིག་དང་། སྒོ་པན་འབུལ་བཞེས་གནང་ཚུལ།

 

དེ་ཡང་དགུང་ལོ་བཅུ་གཅིག་ཏུ་ཕེབས་པ་མེ་སྟག་ཕྱི་ལོ་ ༡༨༦༦ ལོའི་ཟླ་བ་ ༡ ཚེས་ ༢༥ མགོན་པོ་གང་གི་སྐུའི་གཅེན་པོ་ཡེ་ཤེས་ནོར་བུ་དབང་ཕྱུག་ལ་གུང་གི་ཆོ་ལོ་དང་། རིམ་པ་དང་པོའི་ཏོག་བཅས་གཟིགས་གསོལ་གནང་། དེ་རྗེས་ཟླ་བ་ ༩ ཚེས་ ༡༡ ཉིན་༸གོང་ས་མཆོག་ལ་གསེར་ཡིག་དང་། ཡོངས་འཛིན་ནོ་མིན་ཧན་ལ་ཧོ་ཐོག་ཐུའི་ཆོ་ལོ་སོགས་གནང་།

དགུང་ལོ་བཅུ་གཉིས་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་མེ་ཡོས་ཕྱི་ལོ་ ༡༨༦༧ ལོའི་ཟླ་བ་ ༡ ཚེས་ ༡༣ ཉིན་ཉག་སྐེད་དམག་ཐག་ལེགས་པར་ཆོད་པར་གོང་མ་ཆེན་པོས་༸རྒྱལ་དབང་འཕྲིན་ལས་རྒྱ་མཚོ་མཆོག་ལ། འདྲེན་མཆོག་འཕྲིན་ལས་འོད་ཀྱིས་ཕྱོགས་ཀུན་ཁྱབ། །ཅེས་པའི་བཀའ་བཟང་གི་པན་ཞིག་ཕྱག་རྟགས་སུ་འབུལ་བཞེས་གནང་ཞིང་། པན་དེ་ཕོ་བྲང་པོ་ཏ་ལའི་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་ཀྱི་དབུས་སུ་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་ཁྲི་ཆེན་པོའི་ཐོད་དུ་བཞུགས་པ་ད་ལྟའང་མཇལ་རྒྱུ་ཡོད།

 

ཏ༽ གསན་བསམ་རྒྱུན་བསྐྱངས་ཤིང་། ཁལ་ཁའི་ཡང་སྤྲུལ་ངོས་འཛིན།

 

དགུང་ལོ་བཅུ་གསུམ་ལ་ཕེབས་པ་ས་འབྲུག་ཕྱི་ལོ་ ༡༨༦༨ ལོར་༸རྒྱལ་དབང་འཕྲིན་ལས་རྒྱ་མཚོ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་དབུར་ཐེངས་དང་པོ་ཕེབས་པ་དང་། དགུང་ལོ་བཅོ་ལྔར་ཕེབས་པ་ལྕགས་རྟ་ཕྱི་ལོ་ ༡༨༧༠ ལོར་སྨོན་ལམ་ཆེན་མོའི་མཛད་སྒོ་རྣམས་སྔར་ལྟར་བསྐྱངས་ཤིང་། ཟླ་བ་ ༣ པའི་ནང་ས་བཅུད་བུམ་སྒྲུབ་ཚུགས། དེ་ནས་སེ་འབྲས་གཉིས་ལ་ཕེབས་ཏེ་གསན་བསམ་སློབ་གཉེར་གྱི་རྒྱུན་བསྐྱངས་པ་དང་། ལོ་འདི་ནང་བསྡུས་གྲྭའི་རིགས་ལམ་ཆུང་འབྲིང་ཆེ་གསུམ་དང་། བློ་རྟགས། དོན་བདུན་ཅུ་བཅས་གསན་བཞེས་ལེགས་པར་གྲུབ། དེ་ནས་ཕར་ཕྱིན་གྱི་གཞུང་ལ་སྦྱངས་པ་མཛད་ཆེད་ཟླ་བ་ ༧ པར་སེ་འབྲས་གཉིས་ལ་ཕེབས་ཏེ་པཎ་ཆེན་བསོད་ནམས་གྲགས་པའི་ཕར་ཕྱིན་སྤྱི་དོན་སོགས་ལ་སྦྱངས་པ་གནང་།

དགུང་ལོ་བཅུ་དྲུག་ཏུ་ཕེབས་པ་ལྕགས་ལུག་ཕྱི་ལོ་ ༡༨༧༡ ལོར་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་ཏེ་གསུང་ཆོས་གནང་། ཟླ་བ་ ༧ ཚེས་ ༧ རྒྱུད་སྟོད་མཁན་ཟུར་སྒོ་མང་ཟུང་ཆུ་པ་ངག་དབང་ནོར་བུར་ཤར་པ་ཆོས་རྗེར་བསྐོ་གཞག་སྩལ། ཟླ་བ་ ༡༢ ཚེས་ ༢༤ ཉིན་ཁལ་ཁ་རྗེ་བཙུན་དམ་པའི་མཆོག་སྤྲུལ་བརྩད་ཞིབ་གནང་སྐབས། ཁལ་ཁའི་མི་སྣ་ཏཱ་བླ་མ་ནས་ཆུང་སྲིད་དོགས་གནས་ཡོད་རིགས་རྣམས་ཀྱི་ནང་ནས། རྗེ་བཙུན་དམ་པའི་མཆོག་སྤྲུལ་འཁྲུལ་བྲལ་གང་ཡིན་བཀའ་ལུང་སྩལ་ཐོན་གསལ་ཞུས་ཀྱིས་ཐུགས་དམ་ཞུས་པར། ༸གོང་ས་མཆོག་ནས་ཐོལ་བྱུང་དུ་ཞོལ་ཚྭ་གུར་གྱི་ཁྱེའུ་དེ་བཞིན་ཡིན་ཞེས་གསུངས་ཏེ། དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་ལ་ངག་དབང་བློ་བཟང་ཆོས་ཀྱི་ཉི་མ་བསྟན་འཛིན་དབང་ཕྱུག་ཅེས་གསོལ་བ་ཡིན།

 

ཐ༽ ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཤིང་། མཛད་སྒོའི་རྣམ་པ།

 

དགུང་ལོ་བཅུ་བདུན་དུ་ཕེབས་པ་ཆུ་སྤྲེལ་ཕྱི་ལོ་ ༡༨༧༢ ལོར་སྔར་བཞིན་སློབ་གཉེར་ལ་ཐུགས་བརྩོན་མཛད་པ་དང་། ཟླ་བ་ ༩ ཚེས་ ༡༨ ཉིན་སྲིད་སྐྱོང་སྡེ་དྲུག་ཧོ་ཐོག་ཐུ་བློ་བཟང་མཁྱེན་རབ་དབང་ཕྱུག་ནོར་གླིང་བསྐལ་བཟང་ཕོ་བྲང་དུ་སྐུ་གཤེགས་པས། དེ་ནས་ཟླ་བ་བཞིའི་རིང་ཡོངས་འཛིན་ཕུར་ལྕོག་རིན་པོ་ཆེ་མཆོག་དང་། བཀའ་ཤག་ལྷན་རྒྱས་ནས་སྲིད་དོན་གྱི་ཐུགས་འགན་བཞེས་ཤིང་། ལོ་འདིར་ཁྲི་ཆེན་གྲགས་པ་དོན་གྲུབ་༸རྒྱལ་དབང་འཕྲིན་ལས་རྒྱ་མཚོའི་ཡོངས་འཛིན་དུ་ཕེབས།

དེ་ནས་༸གོང་ས་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ་མཆོག་གིས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་དངོས་སུ་བཞེས། དེ་ཡང་དེ་སྔ་ཆུ་ཁྱི་ལོ་ཕྱི་ལོ་ ༡༨༦༢ ལོར་དགུང་ལོ་བདུན་ལ་ཕེབས་སྐབས་བོད་མི་མཆོག་དམན་ཐུན་མོང་ནས་ཆོས་སྲིད་རྒྱལ་སྲིད་ཕྱག་མཚན་དུ་བསྐྱངས་པ་ཞིག་བྱུང་ན་སྙམ་མོད། སྐུ་ན་ཆུང་སྐབས་སློབ་གཉེར་གསན་བཞེས་ལ་སྐུ་གེགས་མི་འབྱུང་ཆེད་སྲིད་ཀྱི་རོགས་སྐྱོར་ཟུར་དུ་སྡེ་སྲིད་བཤད་སྒྲ་དང་། ཡོངས་འཛིན་ཁྲི་ཟུར་མཁྱེན་རབ་དབང་ཕྱུག་བཅས་ནས་རིམ་པར་ཆབ་སྲིད་སྐྱོང་རོགས་སུ་བསྐོ་གཞག་གནང་བ་ལྟར་༸གོང་ས་ཆེན་པོ་མཆོག་དགུང་ལོ་བཅུ་བདུན་བར་ཁོང་རྣམ་པས་ཆབ་སྲིད་བསྐྱངས།

དགུང་ལོ་ ༡༨ ལ་ཕེབས་པ་ཆུ་བྱ་ཕྱི་ལོ་ ༡༨༧༣ ལོའི་ཟླ་ ༢ ཚེས་ ༡༤ ཉིན་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་པ་ཡིན། དེ་ཉིན་ཕོ་བྲང་པོ་ཏ་ལའི་ཡང་སྟེང་ནས་རོལ་ཆ་དང་གཉིས་ཀྱིས་སྐབས་ཕྱེ་ནས་གཟིམ་ཆུང་ཉི་འོད་ཆེན་མོའི་སྡིང་ཆའི་བཞུགས་ཁྲིའི་གཡས་ཕྱོགས་སུ་ནོར་བུའི་ཐམ་ག་དང་། གསེར་གྱི་འཇའ་ས་ཐམ་ག དེའི་མདུན་དུ་མཆོད་སྤྲིན་སྒྲིག་གཤོམ་དང་། ༸རྒྱལ་དབང་འཕྲིན་ལས་རྒྱ་མཚོ་མཆོག་བཞུགས་ཁྲི་ཆེན་པོར་ཞབས་སོར་འཁོད་མཚམས་ཐོག་མའི་རྟེན་འབྲེལ་གྱི་སྒོ་འཕར་ཕྱེ་སླད། བོད་གཞུང་ནས་མཇལ་དར་ཞིང་ཁམས་རྒྱ་མཚོའི་བཀོད་པ་དང་། རྟེན་གསུམ་འདེགས་འབུལ་ཞུས་པ་དང་། ཡོངས་འཛིན་རྣམ་པ་དང་གུང་ཞབས་པད་ནས་བཟུང་དྲུང་ཏོག་ཡན་དང་། རྣམ་རྒྱལ་གྲྭ་ཚང་གི་ལས་སྣེ་བཅས་ནས་མཇལ་དར་ཕུལ། དེ་ནས་བཀའ་བློན་དང་། རྩེ་ཕྱག་སོགས་ནས་སྤོས་སྣེས་གདན་ཞུ་དང་བཅས་ཕོ་བྲང་དམར་པོའི་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་སུ་གདན་ཞུ་དང་། བོད་བཞུགས་ཨམ་བན་ལ་མཇལ་འཕྲད་གནང་སྟེ་རྒྱ་དཔོན་རྣམས་ནས་ཀྱང་མཇལ་དར་ཕུལ་བ་ཕྱིར་སློག་མཛད། དེ་ནས་དགྱེས་སྟོན་གྲུབ་རྗེས་སྟེང་གི་གཟིམ་ཆུང་དུ་ཕེབས་ཏེ་ཐམ་འཛིན་མཁན་པོ་ནས་མཇལ་དར་རྟེན་གསུམ། སྡེ་དྲུང་བཞི་སོ་སོའི་ནས་མཇལ་དར་རེ་ཕུལ་ནས་གྲལ་འཁོད་ཀྱིས་གསོལ་གྲོ་སོགས་ཕེབས་རྗེས་སྙན་ཤལ་སོགས་ལ་ཐམ་ཕུད་བསྐྱངས་པ་གྲུབ་བསྟུན་སྤྱི་ཁྱབ་མཁན་པོར་ནང་མཛོད་དང་། སྡེ་དྲུང་རྣམས་ལ་ཨ་ཤེ་རེ་སྩལ་བ་བཅས་སོ།།

 

ད༽ གྲྭ་སྐོར་དམ་འཇོག་དང་། འཚུབ་ཆའི་རྣམ་པ་རིམ་བྱུང་།

 

དགུང་ལོ་བཅུ་དགུར་ཕེབས་པ་ཤིང་ཁྱི་ཕྱི་ལོ་ ༡༨༧༤ ལོར་༸རྒྱལ་དབང་འཕྲིན་ལས་རྒྱ་མཚོ་མཆོག་སྔར་ལམ་ལྟར་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་གྲྭ་སྐོར་དམ་བཅར་ཕེབས་པ་དང་། དེ་ནས་ཆོས་འཁོར་རྒྱལ་སོགས་ལྷོ་ཁ་ཁུལ་གྱི་གནས་གཟིགས་བཅས་ལ་ཕེབས་ཏེ་ཁུལ་དེ་དག་གི་དད་ལྡན་སེར་སྐྱ་མང་ཚོགས་ལ་མཇལ་ཕྱག་དང་། ཆོས་འབྲེལ་སོགས་ཡིད་ཀྱི་རེ་འདོད་སྐོང་བར་མཛད། དེ་ནས་ཕྱིར་ཕོ་བྲང་པོ་ཏ་ལར་ཕེབས་ཏེ་དགུ་གཏོར་ཆེན་མོ་དང་། དགུ་གཏོར་ཟོར་འཕེན་གྱི་སྐབས་གནམ་གཤིས་འཚུབ་ཉམས་ཆེ་ཞིང་། ཚེས་གཅིག་གི་ཚེས་གཏོར་སྐབས་དགེ་འཕེལ་དབུ་རྩེ་དང་། བྱང་རྒྱུད་ཀྱི་རི་རྩེ་རྣམས་ལ་ཁ་བ་བུ་ཡུག་འཚུབ་པ་བཅས་ཀྱི་རྟགས་མཚན་མང་དུ་བྱུང་།

དགུང་ལོ་ཉི་ཤུར་ཕེབས་པ་ཤིང་ཕག་ཕྱི་ལོ་ ༡༨༧༥ ལོའི་ཟླ་བ་ ༡ ཚེས་ ༦ ཉིན་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་པར། དེ་ཉིན་ཕེབས་ལམ་དུ་རླུང་དང་བུ་ཡུག་འཚུབ་པ་བཅས་བྱུང་བར་ཀུན་གྱི་དོགས་པའི་གནས་སུ་གྱུར། དེ་སྐབས་བཀའ་སློབ་ཕེབས་གསལ། སྔར་ལོ་རྣམས་སུ་གསུང་ཆོས་རྒྱས་ཙམ་རེ་བྱས་པ་ཡིན། འདི་ལོ་མདོར་བསྡུས་ཤིག་བགྱི་ན་ཞེས་གསུངས། ཟླ་བ་ ༢ ཚེས་ ༣༠ ཉིན་ཚོགས་མཆོད་སེར་སྦྲེང་ལ་ཐུགས་ཞིབ་བསྐྱངས་རྗེས། ཕོ་བྲང་པོ་ཏ་ལའི་སྟེང་ཤོད་ཐམས་ཅད་ལ་གནས་གཟིགས་སུ་ཕེབས་ཏེ་རྟེན་མཆོག་རྣམས་ལ་ཐུགས་སྨོན་དང་སྙན་ཤལ་ཕུལ། ཇོ་བོ་ལོ་ཀེ་ཤྭ་རའི་སྤྱན་སྔར་མཆོད་འབུལ་དང་བཟང་སྤྱོད་སྨོན་ལམ་སོགས་ཀྱི་ཞལ་འདོན་མཛད། དཔལ་ལྷ་ལྕོག་ཏུ་གནས་གཟིགས་ཀྱིས་དཔལ་ལྷ་ཞི་དྲག་ལ་གསེར་སྐྱེམས་འཕྲིན་བཅོལ་དང་། དཔལ་ལྷ་ལྕོག་གི་ཡང་སྟེང་ནས་ཕོ་བྲང་ལྡེབས་ཆེན་དུ་གོས་སྐུ་བཤམས་པར་རྒྱང་གཟིགས་ཀྱིས་ཐུགས་སྨོན་ཡུད་ཙམ་རིང་མཛད། དེ་སྐབས་ཉི་མ་གཟའ་འཛིན་གྱིས་ཧྲིལ་པོར་བསྒྲིབས་པས་ཡུད་ཙམ་ལ་ས་སྲོས་ལྟ་བུར་གྱུར་ཏེ་སྐར་མ་ཡང་ཤར་བས། ཞལ་མཇལ་དུ་འདུས་པའི་མི་མང་སེར་སྐྱ་རྣམས་འུར་ཟིང་གིས་ལྷ་ཞོལ་གྲོང་ཁྱེར་ནང་འཕྲོག་བཅོམ་ཡང་ཕྲན་བུ་བྱུང་ཞིང་། སེར་སྦྲེང་གི་སྐབས་འདིར་གཟའ་འཛིན་འདི་འདྲ་བྱུང་བ་བཟང་ངན་ཅི་འདྲ་ཡིན་ནམ་ཞེས་ཡོངས་འཛིན་ལ་གསུངས།

 

ན༽ སྐུ་གྲང་གི་བསྙུན་གཞི་བཞེས་ཤིང་། སྐུ་ཞི་བར་གཤེགས་ཚུལ།

 

ཕྱི་ལོ་ ༡༨༧༥ ལོའི་བོད་ཟླ་ ༣ ཚེས་ ༤ ནས་བཟུང་༸རྒྱལ་དབང་འཕྲིན་ལས་རྒྱ་མཚོ་མཆོག་ལ་སྐུ་གྲང་གི་བསྙུན་གཞི་བཞེས་ཤིང་། གསོལ་སྨན་འཕྲོད་བསྟེན་དང་། ཞབས་བརྟན་རིམ་གྲོ་རིམ་བསྟུད་ཀྱིས་གནང་རུང་། དྭངས་སྐྱེད་མ་བྱུང་བར་མ་ཟད་བསྙུན་བབ་ཇེ་སྡུག་ཏུ་གྱུར་ནས། དགུང་ལོ་བཅོ་བརྒྱད་དུ་ཕེབས་སྐབས་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་མོད། འོན་ཀྱང་སྐྱེ་འགྲོའི་བསོད་ནམས་ཀྱིས་མ་ཆུན་པར་གློ་བུར་སྙུན་གཞི་བཞེས་པའི་ཚུལ་བསྟན་ཏེ། མཐར་དགུང་གྲངས་ཉི་ཤུར་ཕེབས་པའི་རབ་བྱུང་བཅོ་ལྔ་པའི་ཤིང་ཕག་ཕྱི་ལོ་ ༡༨༧༥ ལོའི་ཟླ་ ༣ ཚེས་ ༢༠ ཉིན་ཕོ་བྲང་པོ་ཏ་ལའི་གཟིམ་ཆུང་ཉི་འོད་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།

དེ་ནས་ཟླ་ཤས་རིང་བོད་ཀྱི་ལས་དོན་བཀའ་ཤག་གིས་བསྐྱངས་ཤིང༌། མི་རིང་བར་ཚོགས་འདུ་རྒྱས་འཛོམས་ཀྱི་ཐོག་སྤྱི་མོས་བཞིན་རྟ་ཚག་རྗེ་དྲུང་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་ལོ་དེར་རྒྱལ་ཚབ་ཏུ་བསྐོ་གཞག་གནང་བ་དང་། དེ་རྗེས་སྔར་ལམ་ལྟར་དགོངས་རྫོགས་མཆོད་སྤྲིན་རྒྱ་ཆེ་བསྒྲུབས་ཤིང་། སྐུ་གདུང་བཞུགས་ཡུལ་ས་གནས་ཁག་གཅིག་སྨོས་ཀྱང་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་ལྟར་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་གཡས་ངོས་སུ་རྣམ་རྒྱལ་མཆོད་རྟེན་གྱི་དབྱིབས་སུ་བཞེངས་ལ། སྲིད་སྐྱོང་རྟ་ཚང་རྗེ་དྲུང་ངག་དབང་དཔལ་ལྡན་མཆོག་དང་། ལས་གྲྭའི་དོ་དམ་སྤྱི་ཁྱབ་ཞབས་པད་མདོ་མཁར་བ། སྤྱི་ཁྱབ་མཁན་པོ་ཏཱ་བླ་མ་བློ་བཟང་བསམ་གཏན་བཅས་ཀྱིས་གཙོ་འགན་བཞེས་ཏེ་གསེར་གདུང་ཚེ་སྦྱིན་འོད་འབར་བཞེངས་པ་བཅས་སོ། །ཞིབ་ཕྲའི་རྣམ་ཐར་མཁྱེན་པར་འདོད་ཡོད་ན་ཡོངས་འཛིན་ཕུར་ལྕོག་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ་མཆོག་གིས་མཛད་པའི་༸རྒྱལ་བ་འཕྲིན་ལས་རྒྱ་མཚོའི་རྣམ་ཐར་དྭངས་ཤེལ་མེ་ལོང་ལ་གཟིགས་པར་འཚལ་ལོ།།  །།

༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་སྙིང་བསྡུས་གསེར་གྱི་ཕྲེང་བ་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།