༸ རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ། ཐུབ་བསྟན་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

༸     རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ། ཐུབ་བསྟན་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

ཆུ་དབར་བུ།

 

ཀ༽ གང་དུ་སྐུ་འཁྲུངས་པ་དང་། ཡང་སྲིད་ངོས་འཛིན་མཛད་ཚུལ།

 

དེ་ཡང་༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་ལས།

བཟང་པོའི་གདུང་ལས་དྭགས་སྨད་གླང་མདུན་འཁྲུངས། །

མཁས་གྲལ་གསར་གཏོད་སོར་སྡོམ་ཡོངས་ཁྱབ་སྩལ། །

བོད་ལྗོངས་རང་དབང་གཙང་མའི་རྔ་ཆེན་བསྒྲགས། །

ཟླ་བྲལ་ཐུབ་བསྟན་རྒྱ་མཚོར་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། བོད་ཀྱི་ཆོས་སྲིད་གཉིས་ལ་བཀའ་དྲིན་རྨད་དུ་བྱུང་བ་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་མཆོག་ནི། རབ་བྱུང་བཅོ་ལྔ་པའི་མེ་བྱི་ལོའི་བོད་ཟླ་ ༥ ཚེས་ ༥ དང་། ཕྱི་ལོ་ ༡༨༧༦ ལོའི་ཟླ་བ་ ༥ ཚེས་ ༢༧ ཉིན་སྣང་རྫོང་གི་ཆར་གཏོགས་པ་ཡུལ་གྱི་བཀོད་པ་གླང་ཆེན་འགྱིང་བ་ལྟ་བུའི་མདུན་དུ་ཆགས་ཡོད་པས་གླང་མདུན་ཞེས་སུ་གྲགས་པའི་དྭགས་སྨད་གླང་མདུན་དུ་ཡབ་ཀུན་དགའ་རིན་ཆེན་དང་། ཡུམ་བློ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས་ཤིང་། ཆུང་མཚན་ལ་བློ་བཟང་ཐབས་མཁས་རྒྱ་མཚོ་ཞེས་གསོལ། སྐུ་འཁྲུངས་པའི་ལོ་དེ་རང་ལ་བོད་གཞུང་ནས་རྒྱུད་སྟོད་མཁན་ཟུར་བློ་བཟང་དར་རྒྱས་མཆོག་དང་། ཆོག་གྲྭ་དང་བཅས་གཞུང་བསྟེན་སྲུང་མའི་གཙོ་བོ་ཁག་གི་ལུང་བསྟན་ལྟར་བོད་ཤར་ཕྱོགས་ཀྱི་ཡུལ་ལུང་མང་པོར་བརྟག་དཔྱད་བྱེད་པར་ཕེབས་ཤིང་། ལྷ་མོའི་བླ་མཚོའི་མཚོ་གཟིགས་སུ་ཕེབས་སྐབས་བླ་མཚོའི་ནང་ནས་ཡུལ་ཕྱོགས་དང་། འཁྲུངས་ཁང་སོགས་གསལ་བར་གཟིགས་པས། མཐར་དྭགས་པོ་གླང་མདུན་དུ་སྐུ་འཁྲུངས་པའི་ཡང་སྲིད་དེ་རྙེད་ནས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་མཆོག་གི་གསུང་བརྟག་དང་། གནས་ཆུང་ཆོས་རྒྱལ་ཆེན་པོ་དང་། དགའ་གདོང་། ཚངས་པ་ཆེན་པོ་བཅས་ཀྱི་བཀའ་ལུང་། ཆོས་འཁོར་རྒྱལ་ལྷ་མོའི་བླ་མཚོའི་གཟིགས་སྣང་བཅས་ཚང་མས་༸རྒྱལ་བ་འཕྲིན་ལས་རྒྱ་མཚོའི་ཡང་སྲིད་འཁྲུལ་མེད་ཡིན་པར་ངོས་འཛིན་གཅིག་མཐུན་བྱུང་བ་བཞིན་ལོ་དེ་རང་ལ་བོད་ཡོངས་ལ་གཏམ་སྙན་དྲིལ་བསྒྲགས་གནང་།

ཁ༽ ལྷ་ལྡན་དུ་གདན་ཞུ་དང་། གསེར་ཁྲི་མངའ་གསོལ་མཛད་ཚུལ།

 

དགུང་ལོ་གཉིས་ལ་ཕེབས་པ་མེ་གླང་ཕྱི་ལོ་ ༡༨༧༧ ལོར་གདན་ཞུའི་མི་སྣ་བཀའ་བློན་གཡུ་ཐོག་གིས་གཙོས་གཞུང་ཞབས་སེར་སྐྱ་དུ་མ་ཞིག་འཁྲུངས་གཞིས་དྭགས་སྨད་གླང་མདུན་དུ་ཕེབས་ནས་བོད་རྒྱ་ཁབ་ཆེན་པོའི་རྒྱལ་ས་ལྷ་སར་གདན་ཞུ་གནང་སྟེ། ཐོག་མར་གུང་ཐང་གཙུག་ལག་ཁང་དུ་ཟླ་བ་གཉིས་ཙམ་བཞུགས་ཤིང་། སྐབས་དེར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་ཆེད་ཕེབས་གནང་སྟེ་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་ལ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་གསོལ་བ་དང་། པཎ་ཆེན་རིན་པོ་ཆེས་ཞབས་བརྟན་གསོལ་འདེབས་ཀྱང་སྐབས་དེར་ཐོལ་བྱུང་དུ་ལྗགས་རྩོམ་མཛད། དེ་རྗེས་དབེན་གནས་རི་རྒྱ་བསམ་གཏན་གླིང་དུ་ཆིབས་བསྒྱུར་མཛད་དེ་བཞུགས་འཇགས་གནང་།

དགུང་ལོ་བཞི་ལ་ཕེབས་པ་ས་ཡོས་ཕྱི་ལོ་ ༡༨༧༩ ལོར་རི་རྒྱ་བསམ་གཏན་གླིང་ནས་སྤྱན་དྲངས་ཏེ། ཕོ་བྲང་པོ་ཏ་ལའི་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་གཟབ་ཅིང་རྒྱས་པ་བསྐྱངས། སྲིད་སྐྱོང་རྟ་ཚག་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་མཆོག་ཡོངས་འཛིན་ཆེ་བ་དང་། ཕུར་ལྕོག་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ་མཆོག་ཡོངས་འཛིན་ཆུང་བར་བསྐོ་གཞག་ཐོག སྐྱབས་འགྲོ་སོགས་ཀྱི་ལྗགས་ལུང་གསན་པ་དང་། ཡི་གེའི་ང་རོ་དང་། དག་ཆ། གོ་དོན་སོགས་གསན་སྦྱོང་ལེགས་པར་མཛད།

 

ག༽ རབ་བྱུང་གི་སྡོམ་བཞེས་དང་། གསན་བསམ་མཛད་ཚུལ།

 

དགུང་ལོ་བདུན་ལ་ཕེབས་པ་ཆུ་རྟ་ཕྱི་ལོ་ ༡༨༨༢ ལོར་སྲིད་སྐྱོང་རྟ་ཚག་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་མཆོག་གིས་མཁན་སློབ་སྦྲགས་མ་དང་། ཡོངས་འཛིན་ཕུར་ལྕོག་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ་མཆོག་གིས་དུས་གོ་བ་མཛད་དེ་རབ་བྱུང་གི་བསླབ་སྡོམ་བཞེས། དེ་ནས་ཡོངས་འཛིན་དེ་གཉིས་ཀྱི་དྲུང་ནས་གཞུང་ལུགས་རབ་འབྱམས་ལ་སློབ་གཉེར་མཛད་ཅིང་། ལོ་དེར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཞི་བར་གཤེགས་པས་དགོངས་རྫོགས་མཆོད་སྤྲིན་རྒྱ་ཆེ་བསྒྲུབས་པ་གནང་།

དགུང་ལོ་དགུ་ལ་ཕེབས་པ་ཤིང་སྤྲེལ་ཕྱི་ལོ་ ༡༨༨༤ ལོར་གཟིམ་དཔོན་མཁན་པོ་བར་ཞི་བ་ངག་དབང་དངོས་གྲུབ་དགེ་རྒན་དུ་བསྟེན་ནས་ཕྱག་བྲིས་ཀྱི་ཡིག་གཟུགས་ལ་སློབ་གཉེར་མཛད་དེ་མི་རིང་བར་ཡིག་གཟུགས་ཕུལ་དུ་བྱུང་བ་ཐུགས་སུ་ཆུད། དགུང་ལོ་བཅུ་གཅིག་ཏུ་ཕེབས་པ་མེ་ཁྱི་ཕྱི་ལོ་ ༡༨༨༦ ལོ་ནས་མཚན་ཉིད་ཀྱི་གཞུང་ལུགས་ཁག་གོ་རིམ་ལྡན་པའི་སྒོ་ནས་གསན་བསམ་ལ་ཐུགས་བརྩོན་མཛད།

དགུང་ལོ་བཅུ་གསུམ་ལ་ཕེབས་པ་ས་བྱི་ཕྱི་ལོ་ ༡༨༨༨ ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གྱིས་དབུ་སྐྲ་གཙུག་ཕུད་བཞེས་ཏེ། མཚན་ལ་བློ་བཟང་ཆོས་ཀྱི་ཉི་མ་དགེ་ལེགས་ཞེས་གསོལ། ལོ་འདིར་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་དང་། སེ་ར་ཐེག་ཆེན་གླིང་གཉིས་སུ་ཆོས་ཞུགས་ཀྱིས་མཛད་སྒོ་བསྐྱངས་ཏེ་སློབ་གཉེར་གནང་ཞིང་། ཕྱིས་སུ་རི་བོ་དགེ་ལུགས་པ་དང་། སྔ་འགྱུར་རྙིང་མ་བཅས་ཀྱི་ཆོས་སྐོར་ཡང་རྒྱ་ཆེར་གསན་པ་གནང་།

 

ང༽ བསྙེན་རྫོགས་ཀྱིས་ལུགས་གཉིས་ཀྱི་ཐུགས་འགན་དང་། ཡུལ་ལུང་ཡར་རྒྱས།

 

རྒྱལ་བསྟན་དར་ཞིང་ཆབ་སྲིད་བརྟན་པ། ཡུལ་དང་ཡུལ་མིའི་གནས་སྟངས་ཡར་རྒྱས་གཏོང་ཕྱོགས་མཛད་རྗེས་ལ་མཚོན་ན། དགུང་ལོ་བཅུ་གཅིག་ཏུ་ཕེབས་པ་ཕྱི་ལོ་ ༡༨༩༠ ལོར་གཞུང་ཞབས་གསར་དུ་བསྐོ་གཞག་གནང་སྐབས་མིའི་འཇོན་ནུས་དང་། སྤྱི་མོས་དྲང་ཚུགས་སོགས་ཀྱི་ཆ་རྐྱེན་གཙོ་བོར་བཟུང་དགོས་པ་ལས། སྔར་ལམ་ཕ་གཞིས་རྒྱུན་འཛིན་ཁོ་ནའི་ལམ་དུ་འགྲོ་མི་རུང་བའི་རྒྱས་བཅད་གཏན་འབེབས་མཛད་པ་དང༌། གདན་ས་གསུམ་གྱིས་གཙོས་རིས་མེད་དགེ་འདུན་གྱི་སྡེ་རྣམས་ལ་ཁྲིམས་འདོམས་ཚུལ་བཞིན་དགོས་པའི་ལས་སྣེ་ཚོར་བཀའ་བསྒྱུར་དང་། ཆོས་སྡེ་སོ་སོར་དཔྱད་ཁྲ་སྩལ། དེ་ནས་བོད་ཀྱི་ཤོག་དངུལ་ཊམ་ལྔ་བཅུ་དང༌། ཊམ་ཉེར་ལྔ་སོགས་དང༌། ཟངས་ཊམ་བཅུ་སྒོར་དཔར་འགྲེམས་གནང་བར་མ་ཟད། གསེར་ཊམ་ཡང་པར་འདེབས་མཛད།

དགུང་ལོ་བཅུ་བདུན་ལ་ཕེབས་པ་ཆུ་འབྲུག་ཕྱི་ལོ་ ༡༨༩༢ ལོར་བློ་གསལ་དོན་གཉེར་ཅན་ལ་ཕན་ཐོགས་འབྱུང་ཆེད་༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་ཕར་ཕྱིན་བློ་བཟང་དགོངས་རྒྱན་དང་། དབུ་མ་ཐེག་ཆེན་གྲུ་གཟིངས། མཛོད་འགྲེལ་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ། མཆིམས་མཛོད། འདུལ་བ་མཚོ་ཊཱིཀ རྗེ་དགེ་འདུན་གྲུབ་ཀྱི་གསུང་རྒྱུན་པར་གཞིར་མ་འཁོད་པའི་ཁ་སྐོང་ལེ་ཚན་དུ་མ་བཅས་པར་གཞི་གསར་སྐྲུན་གྱི་དབུ་འཛུགས་དང་། ཞུས་དག་བྱེད་མི་སོགས་བཀའ་བཀོད་སྩལ།

དགུང་ལོ་ཉི་ཤུར་ཕེབས་པ་ཤིང་ལུག་ཕྱི་ལོ་ ༡༨༩༥ ལོར་ཡོངས་འཛིན་ཕུར་ལྕོག་པ་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ་མཆོག་གིས་མཁན་སློབ་སྦྲགས་མ་དང་། ཡོངས་འཛིན་གླིང་སྤྲུལ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་མཆོག་གིས་གསང་སྟོན། སྒྲུབ་ཁང་སྤྲུལ་སྐུ་བློ་བཟང་ངག་དབང་བསྟན་འཛིན་རྒྱ་མཚོས་དུས་གོ་བ་སོགས་མཛད་ནས་བསྙེན་པར་རྫོགས་པའི་དགེ་སློང་གི་བསླབ་སྡོམ་བཞེས། ལོ་དེའི་ཟླ་བ་ ༩ ཚེས་ ༢༦ ཉིན་དེ་མོ་ཧོ་ཐོག་ཐུ་འཕྲིན་ལས་རབ་རྒྱས་མཆོག་སྲིད་སྐྱོང་གི་ལས་ཁུར་ནས་དགོངས་ཞུ་མཛད་པར་མ་ཟད། ༸རྒྱལ་མཆོག་ཐུབ་བསྟན་རྒྱ་མཚོ་མཆོག་དགུང་གྲངས་ ༢༠ ཕེབས་པ་དང་། མདོ་སྔགས་གཞུང་ལུགས་རྒྱ་མཚོར་གསན་བསམ། བསླབ་གཞི་ཡོངས་སུ་རྫོགས་པ་ལྷུར་བཞེས་གྲུབ་པ་དང་བཅས་གངས་ལྗོངས་བོད་རྒྱལ་ཁབ་ཆེན་པོའི་ལུགས་གཉིས་ཆོས་སྲིད་གཉིས་ཀྱི་ཐུགས་འགན་གཙང་མ་བཞེས་ཤིང་། གཞུང་འབངས་ཡོངས་ནས་བླང་དོར་བྱེད་སྒོ་སྦུག་དམ་རྩ་ཚིག་དོན་ཚན་ལྔ་གསལ་བསྒྲགས་མཛད།

 

ཅ༽ ལྷ་རམས་པའི་མཚན་རྟགས་བཞེས་ཤིང་། བལ་ཡུལ་དུ་བཀའ་འགྱུར་སྩལ་ཚུལ།

 

དགུང་ལོ་ཉེར་གསུམ་ལ་ཕེབས་པ་ས་ཁྱི་ཕྱི་ལོ་ ༡༨༩༨ ལོར་གདན་ས་གསུམ་ལ་ཆིབས་བསྒྱུར་གནང་སྟེ། མཁས་མང་རྒྱུ་སྐར་གྱི་ཕྲེང་བ་འཁྲིགས་པའི་དབུས་སུ་གཞུང་ཆེན་བཀའ་པོད་ལྔའི་རྩོད་པའི་གྲྭ་སྐོར་དམ་བཅའ་ཆེན་མོའི་མཛད་སྒོ་ཁག་ལེགས་པར་བསྐྱངས། དགུང་ལོ་ཉེར་བཞིར་ཕེབས་པ་ས་ཕག་ཕྱི་ལོ་ ༡༨༩༩ ལོར་ཀུན་བདེ་གླིང་བླ་བྲང་ནས་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་གདན་ཞུ་གནང་བ་ལྟར་ཆིབས་བསྒྱུར་གནང་ཐོག དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་མཚན་རྟགས་བཞེས་སྐབས། བླ་སྤྲུལ་ཁག་དང་། བཀའ་རམས་དགེ་བཤེས་གཙོ་གྱུར་གྱིས་བློ་གསལ་རིག་པའི་དཔའ་བོ་རྣམས་ཀྱིས་རྣམ་འགྲེལ་དང་། དབུ་ཕར་འདུལ་མཛོད་བཅས་གཞུང་ལུགས་མང་པོའི་གནད་དོན་བགྲོ་གླེང་ཇི་འདྲ་ཞིག་ཕུལ་ན་ཡང་། ཞུམ་པའི་རྣམ་པ་ཕྲ་མོ་ཙམ་ཡང་མེད་པར་གསུངས་པས། ཕྱོགས་རེའི་མཁས་རློམ་སྤོབས་པའི་རི་བོ་བསྙིལ་ཞིང་། གཟུར་གནས་མཁས་མང་དགྱེས་པ་དང་། བློ་ལྡན་དོན་གཉེར་ཅན་རྣམས་མན་ངག་གིས་ཚིམ་པར་མཛད་པའི་བགྲོ་གླེང་ལེགས་པར་མཛད་དེ་ལྷ་རམས་པའི་མཚན་རྟགས་བཞེས། གོརྵ་རྒྱལ་ཁོངས་ནས་གསོལ་བ་བཏབ་པ་ལྟར། ཕྱོགས་དེར་རྒྱལ་བསྟན་ཉི་མོའི་སྣང་བ་གསར་དུ་སྤེལ་ཕྱིར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གླེགས་བམ་ཆ་ཚང་བསྒྲིལ་རྫས་རང་འགྲིགས་བཀའ་རྒྱ་དང་སྦྲགས་རྩེ་དྲུང་སེར་སྨད་འཕྲིན་ལས་བསྟན་པ་རྫོང་བདའ་མཛད།

 

ཆ༽ དགེ་ཚུལ་སློང་གི་བསླབ་སྡོམ་སྩལ་ཅིང་། ལྷོ་གནས་སུ་ཆིབས་བསྒྱུར།

 

མཁས་གྲལ་གསར་གཏོད་སོར་སྡོམ་ཡོངས་ཁྱབ་སྩལ། །ཞེས་གསུངས་པ་ལྟར་དགུང་ལོ་ཉེར་ལྔར་ཕེབས་པ་ལྕགས་བྱི་ཕྱི་ལོ་ ༡༩༠༠ ལོར་རབ་བྱུང་བསྙེན་རྫོགས་སོགས་བསྟན་པའི་རྩ་བ་སོ་ཐར་གྱི་སྡོམ་རྒྱུན་སྤེལ་བའི་མཁན་པོའི་བྱ་བ་མཛད་པའི་སྐབས་སུ་བབས་པའི་ཐོག་མ་ཚེ་མཆོག་གླིང་སྤྲུལ་སྐུ་དང་། མངའ་རིས་སྤྲུལ་སྐུ་སོགས་དང་། དགེ་འདུན་པ་འགའ་ཞིག་ལ་དགེ་ཚུལ་དང་། དགེ་སློང་གི་བསླབ་སྡོམ་སྩལ་ཏེ་བསྟན་རྩར་མཛད་རྗེས་ཤིན་ཏུ་ཆེན་པོ་འཇོག་པ་གནང་།

ལོ་འདིར་དབུས་ལྗོངས་ལྷ་ལྡན་གྲོང་ཁྱེར་ནས་ཆིབས་ཞལ་བསྒྱུར་ཏེ་གདན་ས་དགའ་ལྡན་བརྒྱུད་མལ་གྲོ་གུང་དཀར་དང་། འོལ་དགའ། ཆོས་འཁོར་རྒྱལ། རྩེད་ཐང་། ཡར་ཀླུང་། བསམ་ཡས། གནས་ཆེན་ཙ་རིའི་རྩེ་སྐོར་སོགས་ལ་གནས་གཟིགས་སུ་ཕེབས་ཏེ། དགོན་སྡེ་ཁག་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་མཚར་དུ་མངར་བ་འབུལ་གཤོམས་དང་། དགེ་འདུན་རྣམས་ལ་བསྙེན་བཀུར་མང་འགྱེད། སྐྱེ་བོ་སེར་སྐྱ་དུ་མར་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་བཞེད་དོན་ལྷུན་གྱིས་གྲུབ་སྟེ་སླར་ཡང་དབུས་ལྗོངས་ལྷ་སར་ཞབས་སོར་འཁོད། གཞན་ཡང་ལོ་འདིར་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་སྒོ་མང་མཚན་ཞབས་རྡོ་རྗེ་ཡིབ་ཨུ་རུ་སུ་གོང་མ་ཧྲ་ཧོང་སར་འཚམས་འདྲིར་བསྐོ་གཏོང་གནང་།

 

ཇ༽ པཎ་ཆེན་རིན་པོ་ཆེར་བསླབ་སྡོམ་སྩལ་ཅིང་། དགོན་སྡེ་གསར་བཞེངས།

 

དགུང་ལོ་ཉེར་བདུན་དུ་ཕེབས་པ་ཆུ་སྟག་ཕྱི་ལོ་ ༡༩༠༢ ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ལྷ་སར་ཆིབས་བསྒྱུར་ཐོག་༸རྒྱལ་མཆོག་ཐུབ་བསྟན་རྒྱ་མཚོ་མཆོག་ནས་མཁན་སློབ་སྦྲགས་མ་མཛད་དེ་དགའ་ལྡན་ཁྲི་གདན་ཟུར་དང་། ཤར་བྱང་གི་ཆོས་རྗེ་རྣམ་གཉིས་སོགས་འདུལ་བ་འཛིན་པ་གྲངས་ཚང་བའི་དབུས་སུ་དགེ་བསྙེན་དང་། བར་མ་རབ་བྱུང་སྔོན་དུ་འགྲོ་བས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་དང་། བསླབ་གཞི་ཡོངས་སུ་རྫོགས་པ་བསྙེན་རྫོགས་བཅས་རིམ་པ་བཞིན་དུ་སྩལ།

ལོ་དེར་མདོ་སྨད་ཤ་ཡི་ཐང་ཞེས་པར་ལྷ་ཁང་ལྔ་དང་། གཙང་སིལ་མ་ལའི་གོང་དུ་ལྷ་ཁང་ལྔ་བཅས་གསར་སྐྲུན་དང་འབྲེལ་སོ་སོར་སྐུ་གསུང་ཐུགས་རྟེན་བྱིན་རླབས་ཅན་མང་དུ་འབུལ་འཇོག་མཛད། དེ་མཚུངས་ལྷ་ལྡན་གཙུག་ལག་ཁང་དང་། བསམ་ཡས། ཁྲ་འབྲུག་བཅས་གཙུག་ལག་གསུམ་སོ་སོའི་ཤར་ཕྱོགས་སུ་གུ་རུ་ཞི་དྲག་དང་། སེང་གདོང་མ་གསུམ་ལ་སློབ་དཔོན་མཧཱ་གུ་རུའི་སྐུ་བརྙན་འབུམ་ཕྲག་རེས་བསྐོར་བ་གསར་བཞེངས་ཀྱིས་རབ་ཏུ་གནས་པར་མཛད།

 

ཉ༽ སོག་ཡུལ་དུ་ཆིབས་བསྒྱུར་དང་། ཆོས་སྲིད་ཀྱི་མཛད་འཕྲིན།

 

དགུང་ལོ་ཉེར་དགུར་ཕེབས་པ་ཤིང་འབྲུག་ཕྱི་ལོ་ ༡༩༠༤ ཟླ་བ་ ༦ ཚེས་ ༡༢ ཉིན་དབྱིན་ཇིས་བོད་དུ་བཙན་འཛུལ་གྱི་དམག་འཁྲུགས་བསླངས་ནས་དབྱིན་དམག་ལྷ་ས་ནས་ཉིན་གསུམ་གྱི་རྒྱང་ཐག་ཡོད་པའི་ཆུ་ཤུར་ལྕགས་ཟམ་ཉེ་འགྲམ་དུ་སླེབས་སྐབས་བོད་གཞུང་གི་བཀའ་བློན་དང་། གདན་ས་སེ་འབྲས་དགའ་གསུམ་གྱི་འཐུས་མི། སེར་སྐྱ་དཔོན་རིགས་ཡོངས་རྫོགས་ཐུན་མོང་ཐོག་བཀའ་བསྡུར་གནང་སྟེ། ༸རྒྱལ་བ་ཐུབ་བསྟན་རྒྱ་མཚོ་མཆོག་ལྷ་ས་ནས་ཉེན་གཡོལ་གནང་ཐབས་མཛད་ན་དགེ་མཚན་ཤིན་ཏུ་ཆེ་བའི་སྐོར་ཞུས་པ་ལྟར། ༸རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་མཆོག་ཡུལ་ཕྱོགས་གཞན་དུ་ཕེབས་རིང་རྒྱལ་ཚབ་ཏུ་དགའ་ལྡན་ཁྲི་པ་བློ་བཟང་རྒྱལ་མཚན་བསྐོ་གཞག་གནང་བ་དང་། ཆོས་སྲིད་གང་ཅིའི་ཐད་ལ་ཞལ་ཏ་ཞིབ་ཕྲ་གནང་སྟེ་གཟེངས་བསྟོད་པ་གནང་།

ཟླ་བ་ ༦ ཚེས་ ༡༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུའི་ཉེན་གཡོལ་དང་། བོད་རྒྱལ་ཁབ་ཀྱི་སྲུང་སྐྱོབ་སླད་སྐུ་འཁོར་ཧྲག་བསྡུས་བཅས་ཕོ་བྲང་པོ་ཏ་ལ་ནས་ཆིབས་ཁ་བསྒྱུར་ཏེ་འཕན་པོ་སྒོ་ལའི་འགྲམ་གླིང་བུ་རྫོང་གསར་དུ་ཕུར་ལྕོག་བླ་བྲང་ནས་ཕེབས་བསུའི་གྲ་སྒྲིག་ཞུས་པར་ཞབས་སོར་འཁོད། བ་ཡག་ཏུ་གསོལ་ཆའི་སར་ན་བཟའ་བླ་གོས་རྣམས་བརྗེས་ཏེ། སོག་རིགས་རྗེ་བོའི་ཆ་ལུགས་བཞེས་ཏེ་རིམ་བཞིན་ཆར་ལ་དང་། བྱང་སྟག་ལུང་། རྭ་སྒྲེང་། འདམ་གཞུང་། གསང་གཞུང་བརྒྱུད་ནག་ཆུ་ཁར་ཕེབས། ཟླ་བ་ ༦ ཚེས་ ༢༨ ཉིན་ནག་ཆུ་ནས་ཆིབས་ཁ་བསྒྱུར་ཏེ་གདང་ལ་བརྒྱུད་ཕེབས་ཏེ་ཀན་སུའུ་ཞིང་ཆེན་ཁོངས་ཅ་ཀུ་ཞེས་པའི་ས་གནས་བརྒྱུད་ཕྱི་སོག་ཏུ་ཕེབས། ཟླ་བ་ ༩ ཚེས་ ༡༧ ཉིན་བསམ་གཏན་སྐྱོབ་བདེ་གླིང་དགོན་པར་ཞབས་སོར་འཁོད་པ་དང་། སྐབས་དེར་བླ་མ་ལས་སྣེ་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་པ་གནང་། ཟླ་བ་ ༡༠ པར་ཕྱི་སོག་གི་རྒྱལ་ས་དཱ་ཁུ་རལ་དུ་ཕེབས་ཏེ་ཕེབས་བསུ་རིམ་པ་གསུམ་བྱས་ཏེ་ཧ་ཅང་གུས་ལུགས་ཆེན་པོས་སྤྱན་དྲངས།

དགུང་ལོ་སུམ་ཅུར་ཕེབས་པ་ཤིང་སྦྲུལ་ཕྱི་ལོ་ ༡༩༠༥ ལོར་༸རྒྱལ་བ་ཐུབ་བསྟན་རྒྱ་མཚོ་མཆོག་ནང་སོག་ཏུ་བཞུགས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། འོན་ཀྱང་སོག་པོའི་སེར་སྐྱ་མི་དམངས་ནས་༸གོང་ས་མཆོག་ལ་དད་གུས་ཚད་མེད་ཞུས་པས། ཁལ་ཁ་རྗེ་བཙུན་དམ་པ་ཕྲ་དོག་ལངས་ཏེ། ཡུལ་ཕྱོགས་འདི་ཉིད་ཀྱི་ཆོས་སྲིད་ཡོངས་རྫོགས་ཀྱི་བདག་པོ་ང་ཡིན་དགོས་པས། ང་མཐོ། ང་བཙན་ལྟ་བུའི་ཁེངས་དྲེགས་ཀྱིས་ཐུགས་ཅུང་ཟད་བསླད་དེ་༸རྒྱལ་དབང་གི་སྐུ་མདུན་དུ་ཐ་མ་ཁ་བཞེས་པ་དང་། གུས་འདུད་ཚུལ་བཞིན་མི་གནང་བ། སྐབས་རེ་རི་དྭགས་རྒྱག་རྒྱུའི་ཁྱི་མང་པོ་འཁྲིད་དེ་༸རྒྱལ་བའི་གཟིམ་ཆུང་གི་ཕྱི་ནང་ཀུན་ཏུ་ཞབས་འབྲིང་ལོ་གཞོན་དང་། ཁྱི་བཅས་ཀྱི་ཀུ་ཅོ་འདོན་པ་སོགས་བྱས་ཏེ་མི་འདོད་པའི་ངང་ཚུལ་བསྟན། དེ་ལྟར་༸རྒྱལ་དབང་མཆོག་དང་ཁལ་ཁ་རྗེ་བཙུན་དམ་པའི་དབར་མི་མཐུན་པའི་རྐྱེན་བྱུང་བས་༸རྒྱལ་དབང་མཆོག་བོད་དུ་ཕེབས་འདོད་གནང་། བོད་གཞུང་ནས་ཀྱང་༸རྒྱལ་བའི་སྐུ་ཚ་གུང་དོན་གྲུབ་རྡོ་རྗེ་དང་། ཛ་སག་བློ་བཟང་དོན་གྲུབ། བླ་བྲང་ཕྱག་མཛོད། གདན་ས་གསུམ་གྱི་འཐུས་མི། རྩེ་རྣམ་རྒྱལ་གྲྭ་ཚང་གི་གཉེར་པ། བཀྲ་ཤིས་ལྷུན་པོའི་འཐུས་མི་སོགས་དང་། གར་པ་མི་དགུ་བཅས་དཱ་ཁུ་རལ་དུ་གདན་ཞུར་བཅར་ནས་ལམ་སེང་བོད་དུ་ཕྱིར་ཕེབས་དགོས་པའི་རེ་སྨོན་གསོལ་འདེབས་ཞུས་པ་ལྟར་ཞལ་བཞེས་གནང་།

དེ་ལྟར་ཕྱི་ལོ་ ༡༩༠༤ ནས་ཕྱི་ལོ་ ༡༩༠༦ བར་ལོ་གསུམ་ཙམ་བཞུགས་ཏེ་ཤིང་སྦྲུལ་ཕྱི་ལོ་ ༡༩༠༥ དང་མེ་རྟ་ཕྱི་ལོ་ ༡༩༠༦ ལོ་གཉིས་ཀྱི་ལོ་གསར་ཡང་ཁལ་ཁ་ས་ཁུལ་དུ་གཏོང་བ་གནང་ཞིང་། ཁུལ་དེའི་སྐྱེ་བོ་མཆོག་དམན་ཀུན་ནས་སྲི་ཞུ་ལྷུར་ལེན་ཐོག སེར་སྐྱ་དུ་མར་དབང་ལུང་རྗེས་གནང་སོགས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཚིམ་པར་མཛད་ཅིང་། སོག་ཡུལ་དུ་བཞུགས་རིང་ཆོས་འཁོར་རྒྱ་ཆེར་བསྐོར་བར་མཛད་པ་དང༌། དགོན་སྡེ་ཕལ་ཆེར་ཉམས་གསོ་རྒྱ་ཆེ་གནང༌།

དགུང་ལོ་སོ་གཅིག་ཏུ་ཕེབས་པ་ཕྱི་ལོ་ ༡༩༠༦ ལོའི་ཟླ་བ་ ༤ པར་༸རྒྱལ་དབང་མཆོག་དང་སྐུ་འཁོར་ལྷན་རྒྱས་དཱ་ཁུ་རལ་ནས་བོད་དུ་ཆིབས་ཁ་བསྒྱུར། ཕེབས་ལམ་དུ་གནས་ཆེན་ཁག་ལ་གནས་གཟིགས་དང་འབྲེལ་རིམ་བཞིན་མཚོ་སྔོན་ཞིང་ཆེན་ཁོངས་ཟི་ལིང་དུ་ཕེབས་འབྱོར་བྱུང་། ཟླ་བ་ ༩ པར་༸རྒྱལ་དབང་མཆོག་དང་ཞབས་འབྲིང་དང་བཅས་པ་ཟི་ལིང་དུ་ཕེབས་སྐབས་སེར་སྐྱ་མི་དམངས་ཡོངས་དང་། དཔོན་རིགས་ཁག རྗེ་སྐུ་འབུམ་དགོན་གྱི་བླ་མ་ལས་སྣེ་ཡོངས་ནས་བསུ་བ་ཞབས་ཏོག་གཟབ་རྒྱས་ཞུས། རྗེ་སྐུ་འབུམ་དུ་ལོ་གཅིག་ལྷག་ཙམ་བཞུགས་འཇགས་གནང་།

 

ཏ༽ རྒྱ་ནག་ཏུ་ཆིབས་བསྒྱུར་དང་། ཆོས་སྲིད་ཀྱི་མཛད་འཕྲིན་བསྐྱངས་ཚུལ།

 

དགུང་ལོ་སོ་གཅིག་བཞེས་པ་མེ་རྟ་ཕྱི་ལོ་ ༡༩༠༦ ལོར་ཏཱ་ཁུ་རལ་ནས་མདོ་སྨད་སྐུ་འབུམ་དགོན་པར་ཕྱིར་ཕེབས་གནང་བ་དང་། ལོ་རྒྱུས་ལ་ལར་མེ་ལུག་ཕྱི་ལོ་ ༡༩༠༧ ལོར་ཕྱི་སོག་ཏཱ་ཁུ་རལ་ནས་སྐུ་འབུམ་བྱམས་པ་གླིང་དུ་ཕྱིར་ཕེབས་བསྐྱངས་ཞེས་གསལ། སྐུ་འབུམ་ནས་ཇི་ལྟར་རྒྱ་ནག་གོང་མས་བརྫངས་པའི་བང་ཆེན་ཞིག་༸གོང་ས་མཆོག་གི་སྐུ་མདུན་དུ་བཅར་ནས་པེ་ཅིང་དུ་ཕེབས་བཅར་ཡོང་བའི་གསོལ་འདེབས་རེ་འདུན་ཞུས་པ་བཞིན་དེ་ནས་ཟི་ལིང་དང་། ལན་ཀྲུ། རི་བོ་རྩེ་ལྔ་སོགས་བརྒྱུད་དགུང་ལོ་སོ་གསུམ་དུ་ཕེབས་པ་ས་སྤྲེལ་ཕྱི་ལོ་ ༡༩༠༨ ལོའི་ཟླ་བ་ ༣ ཚེས་ ༧ ཉིན་པེ་ཅིང་གི་ཕྱོགས་སུ་ཆིབས་ཁ་བསྒྱུར་འགོ་བརྩམས། པེ་ཅིན་དུ་ཕེབས་སྐབས་ཕེབས་བསུའི་བཀོད་པ་གཟབ་ཅིང་རྒྱས་པའི་ཐོག་ཕོ་བྲང་ཧོང་སིར་བཞུགས་གནས་བསྐྱངས།

རྒྱ་ནག་གི་གོང་མ་ཀྭང་ཞུ་དང་། རྒྱལ་ཡུམ་ཧོང་ཐའི་ཧུའི་གཉིས་མཇལ་འཛོམས་ཐོག་རྒྱལ་བསྟན་ཆབ་སྲིད་དང་། མངའ་འབངས་བདེ་ཐབས་སོགས་ཕན་ཚུན་གསུང་མོལ་ཐོག་བོད་རྒྱའི་མཐུན་ལམ་རྒྱུན་སྐྱོང་ཡོང་ཐབས་སོགས་ཀྱི་སྐོར་བཀའ་བསྡུར་མཛད་ཅིང་། བཀའ་ཤོག་དང་། གསེར་གྱི་པང་ལེབ་ངོས་སུ། ནུབ་ཕྱོགས་སྙིང་རྗེ་ཆེན་པོ་སྐྱེས་བུ་སངས་རྒྱས། ཞེས་པའི་མན་རྒྱ་བོད་སོག་བཞིའི་ཡི་གེ་ཤན་སྦྱར་གྱི་གཟེངས་བསྟོད་དང་། གནས་བརྟན་བཅུ་དྲུག་གི་སྐུ་ཐང་གིས་མཚོན་འབུལ་དངོས་འབུལ་ལེགས་སྐྱེས་རྒྱ་ཆེ་བསྟར་བ་སོགས་མཛད་བཞེད་ལེགས་པར་གྲུབ་གྲུབ། དེ་ལྟར་རྒྱ་སོག་གི་ཡུལ་གྲུར་ལོ་འཁོར་བཞི་ལྷག་ཙམ་རིང་བོད་བསྟན་སྲིད་ཀྱི་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་མཛད་ཅིང༌། རྒྱ་བོད་ཧོར་གསུམ་གྱི་སྐྱེ་འགྲོ་ཀུན་ལ་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད། དེ་ནས་དགུང་ལོ་སོ་བཞིར་ཕེབས་པ་ས་བྱ་ཕྱི་ལོ་ ༡༩༠༩ ལོའི་ཟླ་བ་ ༡༢ ཟླ་མཇུག་ཏུ་༸རྒྱལ་དབང་མཆོག་པེ་ཅིན་ནས་བོད་དུ་ཆིབས་ཞལ་བསྒྱུར་ཏེ་བྱང་ལམ་ནས་ནག་ཆུ་དང་། དེ་ནས་རྭ་སྒྲེང་སོགས་བརྒྱུད་དབུས་ལྗོངས་ལྷ་སར་ཞབས་སོར་འཁོད། གཙུག་ལག་ཁང་གི་འཁྱམས་ར་ཆེན་མོར་ཕེབས་བསུའི་དགྱེས་སྟོན་གྱི་མཛད་སྒོ་གཟབ་རྒྱས་བསྐྱངས་རྗེས་ཕོ་བྲང་པོ་ཏ་ལར་ཞབས་སོར་འཁོད་པ་བཅས་སོ།།

 

ཐ༽ འཕགས་ཡུལ་དུ་ཆིབས་སྒྱུར་དང་། བོད་དུ་ཕྱིར་ཕེབས་མཛད་ཚུལ།

 

དེ་ནས་སླར་ཡང་དགུང་ལོ་སོ་ལྔ་བཞེས་པ་ལྕགས་ཁྱི་ཕྱི་ལོ་ ༡༩༡༠ ཟླ་བ་ ༢ ཚེས་ ༡༢ ཉིན་ནོར་གླིང་ཕོ་བྲང་དུ་ཕེབས་ཐོན་མཛད་དེ་རྒྱ་དམག་ ༼ཟི་ཁྲོན་ལུའུ་ཅུན་༽ གི་བཙན་འཛུལ་ལས་ཉེན་གཡོལ་དང་། བོད་རྒྱལ་ཁབ་ཀྱི་སྲུང་སྐྱོབ། སྐྱེ་འགྲོ་མང་པོའི་ཚེ་སྲོག་ལ་གནོད་འཚེ་མི་འབྱུང་བ། འཕྲལ་ཡུན་གྱི་དགོངས་བཞེས་རྒྱ་ཆེ་བཞེས་ཀྱི་སྒོ་ནས་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་དང་། བཀའ་བློན་ལྷན་རྒྱས་བཅས་མཚན་མོར་གསང་སྟབས་ཀྱིས་རྒྱ་གར་འཕགས་ཡུལ་དུ་ཕེབས་ཤིང་། ཕེབས་ཁར་དགའ་ལྡན་ཁྲི་ཟུར་ཚེ་སྨོན་གླིང་ཧོ་ཐོག་ཐུ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གློ་བུར་དུ་སྲིད་སྐྱོང་གི་སྐུ་ཚབ་ལ་བསྐོ་གཞག་གནང་། ༸རྒྱལ་དབང་མཆོག་སྐུ་འཁོར་ཧྲག་བསྡུས་དང་བཅས་དབུས་ལྗོངས་ལྷ་ལྡན་ནས་ཆུ་ཤུར་ལྕགས་ཟམ་གྲུ་ཁ་བརྒྱུད་སྣ་དཀར་རྩེ་དང་། ཁང་དམར། ཕག་རི། གྲོ་མོ་སོགས་བརྒྱུད་ནས་རྒྱ་གར་དུ་ཆིབས་བསྒྱུར་གནང་སྟེ་རྡོ་རྗེ་གླིང་དུ་བཞུགས་འཇགས་མཛད།

དེ་ནས་རྒྱ་གར་ཁུལ་གྱི་གནས་རྟེན་ཁག་མཇལ་བར་ཆིབས་བསྒྱུར་ཐོག་མཆོད་འབུལ་དང་། སྐྱེ་བོའི་ཚོགས་ལ་མཆོད་སྦྱིན་གྱིས་ཚིམས་པར་མཛད་པས་རིགས་རུས་དང་། སྐད་རིགས་ཐ་དད་པའི་མི་སྣ་དུ་མས་ཀྱང་དགའ་མགུ་ཡི་རང་གིས་མཆོད་ཅིང་བཀུར་བ་སོགས་བཞེད་དོན་ལྷུན་གྱི་གྲུབ་སྟེ། དགུང་ལོ་སོ་བདུན་དུ་ཕེབས་པ་ཆུ་བྱི་ཕྱི་ལོ་ ༡༩༡༢ ལོའི་ལོ་མཇུག་ཏུ་ཀ་སྦུག་མངོན་དགའི་ཕོ་བྲང་ནས་བོད་ལྗོངས་ཆོས་ཀྱི་ཞིང་སར་ཆིབས་བསྒྱུར་གནང་། གྲོ་མོ་བརྒྱུད་ཕེབས་ལམ་འཁེལ་ཡུལ་གྱི་དགོན་སྡེ་ཁག་ལ་གནས་གཟིགས་དང་། དགེ་འདུན་རྣམས་ལ་བསྙེན་བཀུར་མང་འགྱེད་གཟབ་རྒྱས་འབུལ་གནང་གིས་དབུས་ལྗོངས་ཕོ་བྲང་པོ་ཏ་ལར་ཞབས་སོར་བདེ་བར་འཁོད།

 

ད༽ རྒྱ་དམག་མཐར་སྐྲོད་དང་། རང་བཙན་གསལ་བསྒྲགས་མཛད་ཚུལ།

 

ཕྱི་ལོ་ ༡༩༡༢ ཡས་མས་ཀྱི་སྐབས་སུ་རྒྱ་ནག་གོང་མའི་དབང་ཤུགས་མགོ་རྟིང་ལོག་པ་དང་ཆབས་ཅིག བོད་མིས་རྒྱ་དམག་བོད་དབུས་སུ་ཡོད་པ་རྣམས་མཐར་སྐྲོད་བཏང་ཐུབ་པ་བྱུང་སྟེ། དགུང་ལོ་སོ་བརྒྱད་དུ་ཕེབས་པ་ཆུ་གླང་ཕྱི་ལོ་ ༡༩༡༣ ཟླ་བ་དང་པོའི་ནང་༸གོང་ས་མཆོག་རྒྱ་གར་འཕགས་ཡུལ་ནས་ལྷ་སར་༸ཞབས་སོར་འཁོད་ཐུབ་པ་བྱུང༌། དེ་ནས་༸གོང་ས་མཆོག་གིས་ཨུ་རུ་སུ་དང་འབྲེལ་ཐག་ཉེ་བའི་སོག་པོ་དང་མཉམ་དུ་ཆིངས་ཡིག་ཅིག་འཇོག་གནང་མཛད་ཅིང་། དེ་ནི་དུས་རབས་ཉི་ཤུ་པའི་ནང་བོད་རང་བཙན་ཡིན་པའི་ཆིངས་ཡིག་རྒྱལ་ཁབ་གཞན་དང་བཞག་པ་དང་པོ་དེ་ཡིན། ད་ལྟ་ཆིངས་ཡིག་དེ་བཞག་ནས་ལོ་ ༡༠༤ ཕྱིན་ཡོད། གཞན་ཡང་བོད་མི་སེར་སྐྱ་ཡོངས་ལ་སྤང་བླང་རྩ་ཚིག་དོན་ཚན་ལྔ་ཅན་དང་སྦྲགས་བོད་རང་བཙན་གཙང་མ་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་པར་མ་ཟད། བོད་དུ་དྲག་པོའི་སྒྲིག་འཛུགས་ལ་ལེགས་བཅོས་དང༌། ཤོག་དངུལ། གསེར་དངུལ་གྱི་ཊམ་ཁ། སྦྲག་ཐམ། སྦྲག་རྟགས་བཅས་དེང་རབས་རྒྱལ་ཁབ་ཅིག་ལ་དགོས་ངེས་ཀྱི་མ་ལག་མང་དག་གཅིག་ཀྱང་གསར་གཏོད་མཛད་ཡོད།

 

ན༽ རྒྱལ་བསྟན་ཆབ་སྲིད་དང་། ཡུལ་ལུང་ཡར་རྒྱས་མཛད་ཚུལ།

 

དགུང་ལོ་སོ་བརྒྱད་དུ་ཕེབས་པ་ཆུ་གླང་ཕྱི་ལོ་ ༡༩༡༣ ལོར་སྦྲག་ཟམ་དང༌། ཏར་ཁང་གསར་འཛུགས་གནང་བ་དང་ཆབས་ཅིག་སྦྲག་འཛིན་ཁ་གང་དང༌། སྐར་ལྔ། སྐར་ཕྱེད་བརྒྱད། ཞོ་གང༌། ཊམ་གཅིག ཊམ་གཉིས་སོགས་འདོན་འགྲེམས་དང༌། ཕག་རི་ནས་རྒྱལ་རྩེ་བརྒྱུད་ལྷ་ས་དང༌། དེ་ནས་ཀོང་པོ་རྒྱ་མདའ་བར་ཡིག་སྐྱེལ་ཏར་གཏོང་གི་ལམ་ཁ་ཚུགས། ལོ་དེར་རྩིས་དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱིས་སྣེ་འཁྲིད་པའི་ས་གཏེར་འཚོལ་ཞིབ་དང༌། གློག་ལས། སྦྲག་ཏར། དམག་དོན་སོགས་ཀྱི་ཤེས་བྱ་སྦྱོང་མི་བོད་ཕྲུག་བཞི་དབྱིན་ཡུལ་ལོན་ཀྲོན་དུ་སློབ་གཉེར་ལ་ཆེད་གཏོང་གནང༌། ཕྱི་ལོ་ ༡༩༡༣ ལོའི་ཟླ་ ༡ ཚེས་ ༨ ཉིན་༸རྒྱལ་དབང་མཆོག་ནས་བོད་རྒྱ་ཁྱབ་ཡོངས་ལ་རྩ་ཚིག་དོན་ཚན་ལྔ་ཅན་ཞིག་ཁྱབ་བསྒྲགས་མཛད་དེ་བོད་རང་བཙན་ཡིན་པའི་གནས་བབས་གསལ་འདོན་དང༌། བོད་རྒྱལ་ཁབ་ཀྱི་རིས་མེད་དགོན་སྡེ་མཆིས་སོ་ཅོག་གི་མཆོད་རྒྱུན་མི་ཉམས་གོང་འཕེལ་དང༌། གཙུག་ལག་ཁང་ཉམས་གསོ་གཅེས་སྤྲས། དགེ་འདུན་རྣམས་འདུལ་ཁྲིམས་ནན་སྲུང་ཐོག་མདོ་སྔགས་གཞུང་ལུགས་ལ་སློབ་སྦྱོང་གཟབ་ནན་དགོས་པ། མཁན་པོ་བླ་སྤྲུལ་དང་དགེ་བཤེས་སོགས་ཀྱི་ཤེས་ཡོན་ཞིབ་བཤེར། བུ་ཚས་ཕ་མར་བཀུར་བསྟི། གཞུང་གི་སྣེ་མོ་ལས་འཛིན་ཡོངས་ནས་ཁྲལ་བསྡུ་དང༌། ཁྲིམས་གནོན་གྱི་བྱེད་སྒོ་ཅི་མཆིས་དྲང་པོས་གཞུང་བསྲང་དགོས་པ་ལས་ཆབ་འབངས་སྡུག་མནར་བརྡབ་གསིག་གིས་ཆགས་ཐབས་བྲལ་བ་དང༌། ལེ་ཐོགས་ཕྲན་བུར་བསྙད་དེ་ས་ཁང་གཞུང་ལེན་སོགས་ཀྱི་བྱ་ངན་དེ་རིགས་མིང་ཙམ་མེད་པ་བཟོ་རྒྱུ། གཡོག་རིགས་རྒན་རྒོན་ཐ་ཉེས་སུ་གཏོང་མི་ཆོག་པ། ལམ་འཁེལ་རྫོང་ཁག་གི་རྟ་ཁལ་མི་སོགས་ཀྱི་ཁྲལ་རིགས་ཆག་ཡང་གཏོང་བ། སྤྱི་ས་རི་ཀླུང་བེད་སྤྱོད་མ་བྱས་པར་ལྷག་པ་ཇི་ཡོད་ལ་བོད་མི་ཁྱིམ་པ་ཉམས་མྱོང་དང་རྩོལ་བ་ཅན་སུས་ཀྱང་ས་ཞིང་འདུལ་བ་དང༌། སྦྱར་བ་དང༌། ལྕང་མ་སོགས་ཤིང་རིགས་འདེབས་འཛུགས་བྱས་ན་གཞུང་དང༌། སྒེར་པ། ཆོས་སྡེ་བཅས་སུས་ཀྱང་བཀག་འགོག་བྱས་མི་ཆོག་པ་སོགས་དེ་ལྟར་རྒྱལ་བསྟན་དར་ཞིང༌། ཆབ་སྲིད་བརྟན་པ། ཡུལ་དང་ཡུལ་མིའི་གནས་སྟངས་ཡར་རྒྱས་གཏོང་ཕྱོགས་སྐོར་བཀོད་ཁྱབ་ཞིབ་ནན་མཛད།

 

པ༽ སིམ་ལའི་ཆིངས་ཡིག་དང་། སྨན་རྩིས་ཁང་དང་པར་ཁང་གསར་འཛུགས།

 

དགུང་ལོ་སོ་དགུར་ཕེབས་པ་ཤིང་སྟག་ཕྱི་ལོ་ ༡༩༡༤ ལོར་༸རྒྱལ་དབང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རྒྱ་ཞི་བདེ་ཡུན་གནས་ཡོང་ཐབས་འཚེ་མེད་ཞི་བའི་ཐབས་ལམ་ཉག་གཅིག་དགོངས་ཏེ་རྒྱ་ནག་གཞུང་ལ་དབྱིན་ཇི་བར་བཞུགས་ཀྱིས་ཆིངས་དོན་འཇོག་པར་བཀའ་བློན་བཤད་སྒྲ་བ་དཔལ་འབྱོར་རྡོ་རྗེ་དང་། ལས་རོགས་སོགས་སིམ་ལར་བཀོད་མངགས་གནང་སྟེ་ཤིང་སྟག་སིམ་ལའི་ཆིངས་ཡིག་འཇོག་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༡༩༡༤ ལོར་བོད་དམག་བཅོས་སྒྲིག་དང་རྒྱ་བསྐྱེད་མཛད་དེ་བོད་དམག་ཚོར་ཉི་ཧོང་དང༌། ཨུ་རུ་སུ། དབྱིན་ཇི། རྒྱ་ལུགས་བཅས་ཀྱི་དམག་རྩལ་སྦྱོར་བརྡར་མཛད། དགུང་ལོ་ཞེ་གཅིག་ཏུ་ཕེབས་པ་མེ་འབྲུག་ཕྱི་ལོ་ ༡༩༡༦ ལོར་གྲྭ་ས་ཁག་དང་གཞིས་དགོན་ཁག་ནས་གྲྭ་པ་ལོ་གཞོན་ཤེས་རིག་བཀྲ་བ་དྲག་འདེམས་གྲྭ་ཆག་བསྐྱོན་ཏེ་སྨན་རྩིས་ཀྱི་བྱ་གཞག་ཐད་ལའང་དེ་སྔོན་ལྕགས་པོ་རི་གསོ་རིག་འགྲོ་ཕན་གླིང་ཙམ་མ་གཏོགས་གཞུང་གཉེར་གསོ་རིག་སྨན་ཁང་མེད་པར་བརྟེན། ལོ་དེར་ལྷ་ས་བསྟན་རྒྱས་གླིང་གི་ཉེ་འདབས་སུ་སྨན་རྩིས་སློབ་གྲྭ་ཆེན་མོ་གསར་འཛུགས་མཛད་པར་བརྟེན་གསོ་རིག་གི་གཞུང་ལུགས་ཁག་དང་། དེ་འབྲེལ་ལས་དོན་ཁག་རིམ་བཞིན་འཕེལ་རྒྱས་བྱུང་སྟེ་ད་ལྟར་བོད་གཞིས་བྱེས་གཉིས་ཀར་སྙན་གྲགས་ཆེ་བའི་སྨན་རྩིས་ཀྱི་བསྟན་པ་མི་ཉམས་དར་རྒྱས་སུ་ཡོད་པ་འདི་ཡང་༸རྒྱལ་དབང་མཆོག་གི་བཀའ་དྲིན་ཆགས་ཡོད།

དགུང་ལོ་ཞེ་གསུམ་ལ་ཕེབས་པ་ས་རྟ་ཕྱི་ལོ་ ༡༩༡༨ ལོར་བུ་སྟོན་རྗེའི་གསུང་འབུམ་པོད་ ༢༦ བཞུགས་པ་དེ་སྔོན་དབུས་ཕྱོགས་སུ་དཔེ་རྒྱུན་དཀོན་སྟབས་ཞུས་དག་པ་བདེ་ཡངས་མཚན་ཞབས་དང་། སྒོ་མང་ཀླུ་འབུམ་ལྷ་རམས་པ་ཤེས་རབ་རྒྱ་མཚོ་སོགས་ནས་ཞུས་དག་ནན་ཏན་དང་བཅས་ཞྭ་ལུ་བྲིས་མའི་སྟེང་ནས་པར་གཞི་གསར་བརྐོ་གནང་བ་དང་། བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་དང་། འཕགས་པ་ཤིང་ཀུན་རྣམ་གཉིས་ཉམས་གསོ་མཛད། དགུང་ལོ་ཞེ་བཞིར་ཕེབས་པ་ས་ལུག་ཕྱི་ལོ་ ༡༩༡༩ ལོར་རྩེ་ཕོ་བྲང་གི་ལྟག་སྒོའི་རྒྱབ་ཏུ་ཡོད་པའི་པར་ཁང་གོག་གཅོང་ཆེ་བ་དང་། གུ་ཡུལ་དོག་པར་བརྟེན་ཐོག་བརྩེགས་ཅན་གྱི་པར་ཁང་རྒྱ་བསྐྱེད་གནང་ཐོག དེར་ཡོད་པར་ཤིང་རྣམས་འཁྲུགས་ཚབས་ཆེ་བས་དབྱེ་འབྱེད་ཀྱིས་གསུང་པར་དང་། གཟུངས་པར་སོགས་འདྲེས་མེད་དུ་བཞག་སྟེ་པར་ཐོ་འགོད་པར་མཛད་པ་སོགས་ཀྱི་བཀའ་དྲིན་བླ་མེད་བསྐྱངས། ཕྱི་ལོ་ ༡༩༡༦ ལོའི་ལོ་མཇུག་ཏུ་ནོར་གླིང་གྲུ་འཛིན་ཕོ་བྲང་དུ་འཇིགས་བྱེད་ཀྱི་བསྙེན་ཆེན་གྱི་ཉམས་བཞེས་དབུ་འཛུགས་གནང་སྟེ། ཕྱི་ལོ་ ༡༩༡༩ ལོའི་བོད་ཟླ་ ༨ བར་ལོ་གསུམ་རིང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ལྗགས་བསྙེན་གྲུབ་པར་མཛད་པ་སོགས་རྒྱུན་དུ་སྔགས་གསར་རྙིང་གི་ཟབ་མོའི་གནད་རྣམས་ཉམས་བཞེས་སུ་བསྟར་གནང་མཛད་དོ།།

 

ཕ༽ དཀར་ཆག་གསར་སྒྲིག་དང་། བཀའ་འགྱུར་གསར་བཞེངས།

 

དགུང་ལོ་ཞེ་ལྔར་ཕེབས་པ་ལྕགས་སྤྲེལ་ཕྱི་ལོ་ ༡༩༢༠ ལོར་འབྲས་སྤུངས་པར་ཁང་དུ་ཡོད་པའི་པར་ཤིང་རྣམས་༸རྒྱལ་དབང་ལྔ་པ་ཆེན་པོའི་སྐུ་དུས་པར་ཐོ་དཀར་ཆག་ཅིག་བསྒྲིགས་རྩོམ་མཛད་ཡོད་ཀྱང་། དེ་རྗེས་པར་ཐོར་མ་གསལ་བའི་གསུང་པར་རྣམ་གྲངས་ཧ་ཅང་མང་བའི་ཁར། ལོ་མང་སོང་རྐྱེན་པར་ཤིང་ཁག་འདྲེས་འཛིངས་ཐོར་གྱར་ཆེ་བ་དང་བཅས་སྔར་ཡོད་པར་ཐོར་རྩ་འཛིན་བྱེད་བདེར་མེད་སྟབས་དོ་དམ་སྐུ་ཚབ་ཆེད་མངགས་བསྐོས་ཏེ། པར་ཤིང་བགྲེས་ཟད་པར་འདེབས་འཕེར་མིན་རིགས་དམ་ཁོངས་སུ་བཅུག་ཐོག དེ་བྱིངས་མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་གསུང་པར་ཇི་ཡོད་འཕྲལ་དུ་འཚོལ་བདེ་ཡོང་ཆེད་བཞུགས་ཡུལ་པར་ཁང་སོ་སོའི་སྒོ་སྟེང་ཀ་བརྡའི་མཚན་འཁོད་ཐོག་བཞུགས་བྱང་དཀར་ཆག་ཁམས་དྭངས་རེ་འགོད་སྦྱར་མཛད།

༸རྒྱལ་དབང་སྐུ་ཕྲེང་དྲུག་པ་རིན་ཆེན་ཚངས་དབྱངས་རྒྱ་མཚོ་མཆོག་གི་གསར་བཞེངས་དབུ་འཛུགས་མཛད་ཅིང་། མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་མཇུག་སྐྱོང་ཐོག་བཞེངས་སྐྲུན་གནང་བའི་སྣར་ཐང་བཀའ་འགྱུར་གྱི་པར་གཞི་དང་། སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་ནས་བཞེངས་པའི་སྡེ་དགེའི་མཚལ་པར་གཉིས་ཙམ་ལས་དབུས་ཕྱོགས་ལྷ་ལྡན་དུ་བཀའ་འགྱུར་གྱི་པར་གཞི་མེད་སྟབས། ལྕགས་སྤྲེལ་ཕྱི་ལོ་ ༡༩༢༠ ལོར་སྣང་ཐར་གི་པར་གཞི་གཞིར་བཟུང་སྟེ་པར་བརྐོས་ནས་པར་ཤིང་གསར་དུ་བསྐྲུན། པར་ཤིང་རྣམས་བཞུགས་ཡུལ་སྔར་ཡོད་རྩེ་ལྟག་སྒོ་རྒྱབ་ཀྱི་པར་ཁང་ཉི་རྒྱག་ཆུང་བ་དང་། ས་ཁད་མཐོ་བ་སོགས་ཀྱིས་སྟབས་བདེ་མེད་པར་བརྟེན། དགུང་ལོ་ཞེ་ལྔར་ཕེབས་པ་ལྕགས་བྱ་ཕྱི་ལོ་ ༡༩༢༡ ལོར་འབྲི་གུང་སྒོ་ལྕོག་རིན་པོ་ཆེས་༸རྒྱལ་དབང་ཐུབ་བསྟན་རྒྱ་མཚོར་གསོལ་འདེབས་རེ་སྐུལ་གནང་དོན་ལྟར་ཞོལ་པར་ཁང་གསར་པར་བཞུགས་པའི་རྒྱལ་བའི་བཀའ་འགྱུར་གྱི་པར་གཞི་གསར་བརྐོ་དབུ་འཛུགས་གནང་སྟེ། ཕོ་བྲང་པོ་ཏ་ལའི་འདབས་ཞོལ་དུ་པར་ཁང་གསར་འཛུགས་གནང་ཐོག གངས་ཅན་ཕན་བདེའི་གཏེར་མཛོད་གླིང་། ཞེས་འདོགས་པར་མཛད།

 

བ༽ དགོན་པ་ཉམས་གསོ་དང་། གློག་ཁང་དང་། ཉེན་རྟོག་གསར་འཛུགས།

 

རྩེ་ཕོ་བྲང་གི་གཟིམ་ཆུང་ས་གསུམ་རྣམ་རྒྱལ་གྱི་རྟེན་གཙོ་རིན་ཆེན་གཉིས་པ་ལས་གྲུབ་པའི་ཕྱག་ན་པདྨོ་ནམ་མཁའི་སྙིང་པོའི་སྐུ་བརྙན་ཐོག་ཚད་མས་མཚོན་སྐུ་གསུང་ཐུགས་རྟེན་གསར་བཞེངས་དང་། ལྷ་ལྡན་གཙུག་ལག་ཁང་ཁོར་ཡུག་གི་ལྡེབས་རིས། ར་མོ་ཆེ་གཙུག་ལག་ཁང་། རྩེ་ཕོ་བྲང་པོ་ཏ་ལ། འབྲི་གུང་ཞྭ་ལྷ་ཁང༌། ཁྲ་འབྲུག་བཀྲ་ཤིས་བྱམས་སྙོམས་གཙུག་ལག་ཁང༌། སྤུ་ཧྲེང་ཇོ་ཁང་། བྱང་སྐྲ་བདུན། རུ་ལག་གྲོམ་པ་རྒྱང༌སོགས་གནས་ཁྱད་པར་ཅན་ཇི་སྙེད་ཅིག་ཞིག་གསོ་དང་གསར་སྐྲུན་གནང་སྟེ་རྣམ་དཀར་གྱི་མཛད་པ་རྒྱ་ཆེ་བསྐྱངས། དེ་བཞིན་གདན་ས་སེ་འབྲས་དགའ་གསུམ་ལ་རྩ་ཚིག་དང་། བཀའ་རྒྱ་ཆེད་དུ་སྩལ་ནས་ཞིབ་ཚགས་ཀྱི་བཀའ་བཀོད་འོག་ཆོས་བྱེད་དགེ་འདུན་པ་རྣམས་ནས་བསླབ་པ་སློབ་གཉེར་དང་། བཤད་སྒྲུབ་འཆད་ཉན་ལ་ཞེ་བརྩོན་ཐོག འདུལ་ཁྲིམས་བསྲུང་རྒྱུས་མཚོན་དགོན་པའི་ནང་ཆོས་མཐུན་གྱི་སྒྲིག་སྲོལ་ཀུན་སྤྱོད་གང་ཅིར་དང་བས་ལྷུར་ལེན་གྱིས་དུས་འདའ་བ་བཅས་བྱུང་ཡོད། དེ་ལྟར་གྲུབ་མཐའ་རིས་མེད་ཀྱི་དགེ་འདུན་གྱི་སྡེ་མཆིས་སོ་ཅོག་གི་རང་ལུགས་སྒྲིག་ལམ་ཀུན་སྤྱོད་ལ་དག་ཐེར། ལྷ་རམས་དགེ་བཤེས་རྣམས་རྩོད་རྒྱུགས་བཞེས་ཏེ་ཨང་གནས་ཟིན་རིགས་མ་གཏོགས་རྒྱུད་པའི་བླ་མ་དབུ་མཛད། མཁན་པོ། ཤར་བྱང་གི་ཆོས་རྗེ། དགའ་ལྡན་ཁྲི་པ་སོགས་ལ་རང་བཞིན་གྱིས་ཕེབས་མི་ཆོག་པའི་རྒྱས་བཅད་གནང་སྟེ་མཁས་གྲལ་གསར་གཏོད་མཛད་པ་སོགས་བསྟན་དོན་གྱི་མཛད་འཕྲིན་རླབས་ཆེན་བསྐྱངས།

གཞན་ཡང་དགུང་ལོ་ཞེ་དྲུག་ཏུ་ཕེབས་པ་ཆུ་ཁྱི་ཕྱི་ལོ་ ༡༩༢༢ ལོར་ནོར་བུ་གླིང་ཁའི་སྤྱན་གསལ་ཕོ་བྲང་གསར་བཞེངས་གནང་། དགུང་ལོ་ཞེ་བདུན་དུ་ཕེབས་པ་ཆུ་ཕག་ཕྱི་ལོ་ ༡༩༢༣ ལོར་དགའ་ལྡན་གསེར་གདུང་ཆེན་མོ་ཉམས་གསོ་གནང་བ་དང་། བོད་དམག་པུ་ལི་སིའི་མདའ་དཔོན་བསྐོ་གཞག་ཐོག་ལྷ་ས་གྲོང་ཁྱེར་ནང་དུ་ཉེན་རྟོག་དམག་མི་གསར་འཛུགས་ཀྱང་མཛད། དགུང་ལོ་ཞེ་བརྒྱད་ལ་ཕེབས་པ་ཤིང་བྱི་ཕྱི་ལོ་ ༡༩༢༤ ལོར་ཕོ་བྲང་པོ་ཏ་ལའི་དབུ་རྩེའི་རྒྱ་ཕིབས་དང་། ལྡེབས་བྲིས། ཤར་བརྒྱུད་གཟིམ་ཆུང་བཅས་ཉམས་གསོ་གནང་། ལྷ་སའི་བར་སྐོར་ནང་སྟེང་ཤོད་སོགས་སུ་ས་འོག་ཆུ་ཡུར་བཟོ་བསྐྲུན་མཛད། དགུང་ལོ་ཞེ་དགུར་ཕེབས་པ་ཤིང་གླང་ཕྱི་ལོ་ ༡༩༢༥ ལོར་ལྷ་སར་སྐུད་ཡོད་གློག་འཕྲིན་ཁང་གསར་འཛུགས་གནང་། དགུང་ལོ་ལྔ་བཅུ་བཞེས་པ་མེ་སྟག་ཕྱི་ལོ་ ༡༩༢༦ ལོར་ནོར་གླིང་སྤྱན་བསལ་ཕོ་བྲང་གསར་སྐྲུན་མཛད་ཚུལ་ལོ་རྒྱུས་ལ་ལར་གསལ།

 

མ༽ རིག་གཞུང་དར་སྤེལ་དང་། ཆབ་འབངས་བདེ་ཐབས་ཀྱི་མཛད་བཟང་།

 

༸རྒྱལ་དབང་བཅུ་གསུམ་པས་ཡུལ་ལུང་ཡར་རྒྱས་དང་། རིག་གཞུང་དར་སྤེལ། འབངས་ཀྱི་བདེ་རྩར་སྨན་ཐབས་ཀྱི་མཛད་པ་ལ་མཚོན་ནའང་། ཕྱི་ལོ་ ༡༩༢༢ ལོར་ནོར་གླིང་གཟིམ་ཆུང་སྤྱན་གསལ་ཕོ་བྲང་གསར་བཞེངས་གནང༌། ཕྱི་ལོ་ ༡༩༢༣ ལོར་ལྷ་ས་གྲོང་ཁྱེར་གྱི་བདེ་འཇགས་ཆེད་སྐོར་སྲུང་དམག་སྟེ། པུ་ལི་སིའི་དམག་སྒར་གསར་འཛུགས་དང༌། ཇ་ཆུང་རིང་དུ་ཇ་ཤིང་འདེབས་ལས་ཀྱི་ཚོད་ལྟ། རྒྱལ་རྩེར་དབྱིན་ཡིག་སློབ་གྲྭ་གསར་བཙུགས་བཅས་ཀྱང་མཛད་པར་མ་ཟད། ཕྱི་ལོ་ ༡༩༢༧ ལོར་རྒྱ་གར་ནས་རླངས་འཁོར་ནང་འདྲེན་དང་། རྒྱ་ལམ་གསར་བཟོ། དངུལ་པར། ཚོན་ཁྲ་ཅན་གྱི་བོད་ཀྱི་ཤོག་དངུལ་བཅས་ཚང་མ་གློག་ཤུགས་ལ་བརྟེན་ནས་སྒྲུབ་ལམ་གསར་གཏོད་མཛད་ཅིང༌། རྒྱ་ནག་ནན་ཅིན་དུ་བོད་ཀྱི་དོན་གཅོད་ཁང་གསར་དུ་བཙུགས།

དེ་བཞིན་རྒྱ་ཁྱབ་རྫོང་གཞིས་སོ་སོར་སློབ་གྲྭ་གསར་འཛུགས་ཀྱིས་ལོ་གཞོན་ཤེས་རིག་བཀྲ་བ་རྣམས་ཡིག་རྩིས་སྦྱོང་དགོས་རྒྱུའི་བཀོད་རྒྱ་གནང་བ་དང༌། ཁྲིམས་འགལ་ཉེས་ཅན་ལྕི་བར་དབང་པོ་ཡན་ལག་འབྲེག་གཅོད་བྱེད་རྒྱུན་རྩ་འགོག་དགོས་པ། རི་རྒྱ་ཀླུངས་རྒྱ་བསྡམས་ནས་རང་བྱུང་གི་རྩི་ཤིང་དང་སྲོག་ཆགས་སྲུང་སྐྱོབ། ལྷ་བྲིས་དང༌། རྟེན་བཞེངས། གསེར་དངུལ། ཟངས་ལྕགས། འཇིམ་པ། རྡོ་ཤིང༌། ཚེམ་བཟོ་སོགས་དང༌། ཤིང་དང་བ་སོར་དཀྲུགས་རྐོས། སྣམ་རིགས་རུམ་དང་གྲུམ་རྩེ། ཕྱིང་པ་སོགས་བཀལ་འཐག་གི་ལག་རྩལ་བཟོ་ལས་དང༌། སོ་ནམ་དཀར་ཤེ་སོགས་ཐོན་ཁུངས་ལེགས་ཉེས་འགྲན་བསྡུར་དང༌། ཡར་ཐོན་རིགས་ལ་མིང་གནས་དང་ཐབ་རྟེན་སོགས་གང་ལ་གང་འོས་ཀྱི་གཟེངས་བསྟོད་བྱ་དགའ་གནང༌།

སྦག་དང་སྟག་སེ་རྒྱན་བཙུགས་རྩེད་མོའི་རིགས་མི་ཆོག་པ་དང༌། ཉལ་ཐག་དང༌། ཤིག་རས། རྡོ་ཐ་སོགས་འཐེན་བཏུང་ཉོ་ཚོང་མི་ཆོག་པའི་རྒྱས་བཅད། རང་རང་དཔལ་འབྱོར་དང་མི་མཐུན་པའི་བུ་ལོན་གཡར་ནས་བུད་མེད་ལ་རྒྱན་ཆ་བཟོས་ཏེ་ཕན་ཚུན་དོན་མེད་འགྲན་པའི་རིགས་ལ་བཀའ་འགོག ལྷ་སའི་བར་སྐོར་ནང་སྟེང་ཤོད་དུ་ས་འགོ་ཆུ་ཡུར་བཟོ་སྐྲུན་སོགས་ཡུལ་ལུང་ཡར་རྒྱས་དང་སྤྱི་འབངས་ཀྱི་བདེ་རྩར་སྨན་པའི་ཐབས་ཤེས་ལུ་གུ་རྒྱུད་དུ་སྤེལ་བར་མཛད། འོན་ཀྱང་༸རྒྱལ་དབང་མཆོག་གི་རླབས་ཆེན་གྱི་ཐུགས་བཞེད་ལྟར་སྒྲུབ་པ་མ་བྱུང་སྟབས། མཐར་ཆུ་སྤྲེལ་ཞལ་གདམས་འཇོག་གནང་དགོས་པའི་གནས་སྟངས་སུ་གྱུར།

 

ཙ༽ མྱང་འདས་ཀྱི་མཛད་པ་དང་། གསུང་འབུམ་གྱི་བརྗོད་བྱ།

 

དགུང་ལོ་ང་བརྒྱད་དུ་ཕེབས་པ་ཆུ་བྱ་ཕྱི་ལོ་ ༡༩༣༣ ཟླ་བ་ ༡༢ ཚེས་ ༡༧ དང་། བོད་ཟླ་ ༡༠ ཚེས་ ༣༠ ཉིན་སྐུ་ཡི་བཀོད་པ་ཆོས་དབྱིངས་སུ་བསྡུས། དེ་ལྟར་ཆོས་སྲིད་ཀྱི་མཛད་རྗེས་ཤིན་ཏུ་མང་པོའི་ཐོག་ནས་བོད་འབངས་རྣམས་ལ་བཀའ་དྲིན་གྱིས་བསྐྱངས་ཡོད་ལ། ལྷག་པར་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ནི། སྐུ་ཕྲེང་གོང་མ་རིམ་བྱོན་གྱི་ནང་ནས་ཆོས་སྲིད་རིག་གནས་གང་ཅིའི་ཐད་ལ་གཞན་འགྲན་མ་མཆིས་པའི་མཁྱེན་དཔྱོད་དང་། དགོངས་པ་ཟབ་ལ་དཀྱེལ་ཆེ་བ། དུས་བབས་ཀྱི་འགྱུར་ལྡོག་ལ་ཚོད་དཔག་གནང་མཁས་པ། བཙན་ཤུགས་ཆེ་བའི་ཕྱི་ནང་གི་དགྲ་བོ་དང་། བཟློག་ཐབས་བྲལ་བའི་དཀའ་ངལ་གང་ལའང་ཞུམ་པ་མེད་པའི་ཐུགས་སྟོབས་བརྟན་པའི་སྒོ་ནས་རྒྱལ་ཁ་ལེན་ཕོད་པའི་མཁས་མཛངས་ལྡན་པ་ཞིག་ཡིན།

ཁོང་གི་གསུང་རྩོམ་ལ་མཚོན་ནའང་པར་ཤིང་དུ་འཁོད་པ་པོད་ལྔ་ཡོད་པ་ལས། པོད་དང་པོ་ཕུར་ལྕོག་རིན་པོ་ཆེའི་རྣམ་ཐར་སོགས་དང་། པོད་གཉིས་པར་སྐུ་འབུམ་དང་། ལྷ་ལྡན་སྨོན་ལམ་སྐབས་སུ་གནང་བའི་གསུང་བཤད་ལྗགས་སྒྲིལ་ལེ་ཚན་དུ་མ། པོད་གསུམ་པ་སྙན་ངག་མེ་ལོང་གི་དཔེར་བརྗོད་དང་། ལེའུ་བར་པའི་དཀའ་གནད་བསྙེལ་བྱང་གནང་བ་སོགས། པོད་བཞི་པ་དགོན་སྡེ་ཁག་ལ་སྩལ་བའི་བཅའ་ཡིག་དང་། རྩ་ཚིག་སོགས། པོད་ལྔ་པར་གསན་ཡིག་སྐོར་དང་། ལྷ་ལྡན་གཙུག་ལག་ཁང་དང་། ར་མོ་ཆེ་གཙུག་ལག་ཁང་ཉམས་གསོ་གནང་བའི་དཀར་ཆག་སོགས་བཞུགས་སོ།།

༸རྒྱལ་དབང་མཆོག་ཞི་བར་གཤེགས་རྗེས་སྐུ་གདུང་བཞུགས་སུ་གསོལ་བའི་གསེར་གདུང་བཞེངས་རྒྱུའི་ལས་གྲྭ་བཙུགས་ཏེ། ༸གོང་ས་ལྔ་པ་ཆེན་པོའི་གསེར་གདུང་ལ་སྐུ་ཚད་ཐོག་ཚད་ལྔ་ཡོད་པ། དེ་ལས་ཀྱང་རྒྱུག་མཐོ་ལྔས་སྐུ་ཚད་ཆེ་བ་དང་། རིན་ཆེན་རིན་བྲལ་སྣ་ཚོགས་པའི་རྒྱན་གྱིས་སྤུད་པའི་གསེར་གྱི་མཆོད་སྡོང་དགེ་ལེགས་འདོད་འཇོ་ཞེས་པ་གཟི་བྱིན་འབར་བ་འདི་ཉིད་ལོ་འཁོར་གཉིས་ཀྱི་རིང་ལེགས་པར་གྲུབ་པ་བཅས་སོ། །ཞིབ་ཕྲའི་རྣམ་ཐར་རྒྱས་པ་ནི་ཕུར་ལྕོག་ཡོངས་འཛིན་སྤྲུལ་སྐུ་ཐུབ་བསྟན་བྱམས་པ་ཚུལ་ཁྲིམས་མཛད་པའི་རྣམ་ཐར་ངོ་མཚར་རིན་པོ་ཆེའི་ཕྲེང་བ་སྟོད་སྨད་གཉིས་སུ་གསལ་བས་དེ་དག་ཏུ་གཟིགས་པར་འཚལ་ལོ།། །།

༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་སྙིང་བསྡུས་གསེར་གྱི་ཕྲེང་བ་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།