༸ རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ། བསྟན་འཛིན་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

༸     རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ། བསྟན་འཛིན་རྒྱ་མཚོའི་རྣམ་ཐར་སྙིང་བསྡུས།

ཆུ་དབར་བུ།

 

ཀ༽ གང་དུ་སྐུ་འཁྲུངས་ཤིང་། ཡང་སྲིད་ངོས་འཛིན་མཛད་ཚུལ།

 

དེ་ཡང་འཁྲུངས་རབས་གསོལ་འདེབས་ལས།

དབུས་འགྱུར་འཆང་གི་རིགས་ལས་མདོ་སྨད་ཅེས། །

འཇམ་མགོན་བླ་མ་མཚན་དཔེ་བཞད་པའི་འདབས། །

སྟག་འཚེར་ཁབ་ཏུ་དཔལ་ལྡན་ལྷ་མོ་ཡི། །

ལུང་བཞིན་ངོ་མཚར་བལྟམས་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་བསྟན་འཛིན་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ཕྱི་ལོ་ ༡༩༣༥ ལོའི་བོད་ཟླ་ ༥ ཚེས་ ༥ དང་། ཕྱི་ལོ་ ༡༩༣༥ ཕྱི་ཟླ་ ༧ ཚེས་ ༦ ཉིན་མདོ་སྨད་མཚོ་སྔོན་སྟག་འཚེར་དུ་རིགས་རུས་ཕུན་སུམ་ཚོགས་པའི་ཡབ་ཆོས་སྐྱོང་ཚེ་རིང་དང་། རྒྱལ་ཡུམ་བདེ་སྐྱིད་ཚེ་རིང་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་བཟང་བཅས་ལྗོངས་འདིའི་བསོད་ནམས་ཀྱི་དཔལ་དུ་སྐུ་བལྟམས་ཤིང་། ༸རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེའི་ཆོས་འཁོར་རྒྱལ་ལྷ་མོའི་བླ་མཚོའི་ཨ་ཀ་མ་ཡིག་འབྲུའི་གཟིགས་སྣང་དང༌། བླ་ལྷ་ཁག་གི་ལུང་བསྟན། ༸གོང་ས་མཆོག་གི་མཛད་སྤྱོད་ཁག་བཅས་གཅིག་མཐུན་བྱུང་བར་མ་ཟད། གང་གི་སྔོན་གནས་རྗེས་དྲན་གྱི་མཛད་པ་ནས་ཀྱང་༸རྒྱལ་བའི་ཡང་སྲིད་འཁྲུལ་བྲལ་ངེས་རྙེད་བྱུང་བ་ལྟར་ཐོག་མའི་མཚན་ལའང་ལྷ་མོ་དོན་གྲུབ་ཅེས་གསོལ།

 

དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས[1]། ང་སྒེར་གྱི་ངོས་ལ་ཆ་བཞག་ན་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་སྐབས་ནས་བཟུང་དཔལ་ལྡན་ལྷ་མོ་༸རྒྱལ་དབང་རིན་པོ་ཆེའི་ཐུན་མོང་མ་ཡིན་པའི་སྲུང་མ་ཆགས་ཡོད་པ་དང་། ལྷ་མོ་བླ་མཚོའི་ནང་ནས་ཨ་ཀ་མ་ཞེས་ཡི་གེ་གསུམ་ཐོན་པར་བརྟེན་གཞི་ནས་ཨ་མདོའི་ཕྱོགས་ལ་ཡང་སྲིད་འཚོལ་བར་འགྲོ་རྒྱུ་དེ་ཨ་ཞེས་པའི་ཡི་གེ་ལ་གོ་བ་བླངས་ནས་ཨ་མདོ་ཟེར་བ་དང་། ཀ་ཞེས་པ་སྐུ་འབུམ། མ་ཞེས་པ་ཀརྨ་པ་རོལ་པའི་རྡོ་རྗེ་དེ་འདྲའི་གོ་བ་བླངས་པའི་འགྲེལ་ལུགས་གཅིག་འདུག ཡང་ང་རང་གིས་བསམ་བློ་གཏོང་སྐབས་ངའི་མིང་ལ་ལྷ་མོ་དོན་གྲུབ་ཟེར། ང་ཚོའི་ཁྱིམ་ཚང་གི་མཆོད་གནས་སྐུ་འབུམ་དགོན་པའི་དགེ་བཤེས་གཅིག་ཡོད་པ་བརྗོད་ཀྱི་འདུག ཁོང་ཤར་ཙོང་རི་ཁྲོད་ལ་དབྱར་ས་དགུན་ས་བྱས་ཏེ་ཕེབས་ཀྱི་ཡོད་པ་དང་། གནས་ཚང་ང་ཚོའི་ནང་ལ་བཞུགས་ཀྱི་ཡོད་འདུག པཱ་ལགས་ཁོང་ཚོས་ང་སྐྱེས་པའི་སྐབས་སུ་ཁོང་ལ་མིང་གཅིག་ཞུས་པར་ཁོང་གིས་ང་བུ་ཡིན་ཀྱང་ལྷ་མོ་དོན་གྲུབ་ཅེས་བཏགས་འདུག ཅེས་གསུངས།

དེ་བཞིན་༸གོང་ས་མཆོག་གི་བཀའ་སློབ་ལས[2]།  ལྷ་མོའི་བླ་མཚོར་ཨ་ཀ་མ་ཞེས་ཡིག་འབྲུ་གསུམ་གྱི་ཐོག་ནས་ང་༸རྒྱལ་བའི་ཁྲི་ལ་སླེབས་པ་རེད། ཨ་ནི་ཨ་མདོ་དང༌། ཀ་ནི་སྐུ་འབུམ། མ་ལ་འགྲེལ་བཤད་རྒྱག་མཁན་མི་འདྲ་བ་ཡོང་གི་འདུག་ཀྱང༌། ངོས་ཀྱིས་ཕྱིས་སུ་གོ་ཚོད་བྱས་ན། མཁར་རྡོ་ཡིན་ནམ་ཞིག་གིས་ལུང་བསྟན་ཡོད། ངོས་རང་ཆུང་ངུའི་སྐབས་སུ་ལུང་བསྟན་དེ་གོ་ཐོས་བྱུང༌། མཁར་རྡོའི་གཟིགས་སྣང་ལ་སྐུ་མདུན་སྐུ་གོང་མ་ཞབས་བསྟེགས་ཐོག་བཞུགས་ཤིང༌། དེའི་ཉེ་འཁྲིས་སུ་མ་ཡུམ་ཡིན་པ་ལྟ་བུ་ཞིག་དང༌། སྐུ་མདུན་གྱི་ཕྱག་ཏུ་ཕྲེང་བ་ཞིག་ཡོད། ཕྲེང་བ་དེ་ཐོག་མར་ཕྲེང་རྡོག་བརྒྱད་ཅུ་དགུ་བཅུ་ཞིག་ཡོད་ཀྱང༌། ད་ཆ་གཅིག་ཟད་གཉིས་ཟད་ཀྱིས་ལྔ་བཅུ་ང་གྲངས་ཤིག་ལས་མི་འདུག་ཅེས་སྐུ་གོང་མ་གཤེགས་པའི་ལུང་བསྟན་གསལ་པོ་ཡོད་པ་ལྟ་བུ་ཞིག་འདུག དེའི་རྗེས་ཀྱི་ལུང་བསྟན་ཞིག་ཏུ་ཡང་སྲིད་རྗེས་མ་དེ་ཉིད་གཅིག་བྱས་ན་ཨ་མདོ་ནས་ཡོང་བ་དང༌། གཅིག་བྱས་ན་མོན་ནས་ཡོང་གི་རེད་ཅེས་པའི་ལུང་བསྟན་ཞིག་འདུག

ད་ལྟ་ངོས་ནས་ཞུ་དགོས་དོན་ནི། དེའི་ནང་དུ་སྐྱེས་པའི་མི་ལ་བུ་མོའི་མིང་ཐོགས་པ་ཞེས་པ་ཞིག་ཡོད། སྤྱིར་ཨ་མདོ་བས་སྒྲོལ་མ་སྐྱབས་དང༌། ལྷ་མོ་སྐྱབས་སོགས་ཀྱི་མིང་མང་པོ་ཞིག་འདོགས་སྲོལ་ཡོད། ངོས་ཀྱི་མིང་དེ་ཡང་སྐབས་དེར་ངོས་རང་སྐྱེས་ནས་ཆུང་ཆུང་གི་སྐབས་སུ་སྐུ་འབུམ་གྱི་དགེ་བཤེས་རྩ་ཆེན་ཞིག་ཡོད་པ་ཁོང་ཤར་ཙོང་རི་ཁྲོད་དུ་སྐུ་མཚམས་སུ་ཕེབས་སྐབས། གནས་ཚང་ང་ཚོའི་ནང་དུ་བཞུགས་འཇགས་གནང་གི་ཡོད། སྐབས་དེར་ནང་མིས་ཕྲུ་གུ་ཆུང་ཆུང་ཞིག་ཡོད་པ་དེར་མིང་ཞིག་གནང་རོགས་ཞེས་པར་ཁོང་གིས་ངའི་མིང་ལ་ལྷ་མོ་དོན་གྲུབ་ཅེས་བཏགས་གནང་འདུག ང་སྐྱེས་པ་ཕོ་ལུས་ཐོབ་པའི་མི་ཞིག་ཡིན་ཡང༌། མིང་ལ་ལྷ་མོའི་མིང་བཏགས་ནས་ལྷ་མོ་དོན་གྲུབ་ཅེས་པ་དེ་བྱུང་བ་རེད།

དེར་བརྟེན་ལྷ་མོ་དོན་གྲུབ་ཅེས་པའི་ངའི་མིང་གི་ཁྲོད་ནས་མངོན་གསལ་དོད་ཅིང་ཅུང་མི་འདྲ་བ་ལྟ་བུ་ཡོད་པ་ནི་ལྷ་མོ་ཞེས་པའི་མ་ཡིག་དེ་ཕལ་ཆེར་ཡིན། དེས་ན་ཨ་ཀ་མ་ཞེས་པའི་མ་ཡིག་དེ་གོང་ཞུས་ལྟར་མིན་ནམ་བསམ་པ་དྲན་གྱི་འདུག གང་ལྟར་དཔལ་ལྡན་ལྷ་མོའི་བླ་མཚོའི་ནང་ནས་རྒྱལ་པོ་རྭ་སྒྲེང་ལ་མཚོ་གཟིགས་བྱུང་སྟེ་གཞི་ནས་ཨ་མདོར་ཐུགས་སྣང་བྱུང་བ་དང༌། གཡས་གཡོན་ཁག་ཏུ་བརྩད་ཞིབ་བྱེད་མཁན་ཡོད་ལ། གཙོ་བོ་མདོ་སྨད་དུ་གཏོང་གནང་བ་སོགས་ནི་འཕྲོས་བཤད་ཡིན། ཞེས་བཀའ་སློབ་ཕེབས་པ་ལྟར་རོ།།

 

ཁ༽ དབུས་སུ་གདན་དྲངས་ཤིང་། གསན་བསམ་སློབ་གཉེར་མཛད་ཚུལ།

 

དགུང་ལོ་བཞི་ལ་ཕེབས་པ་ས་ཡོས་ཕྱི་ལོ་ ༡༩༣༩ ཟླ་ ༧ པར་སྟག་འཚེར་ནས་གདན་དྲངས་ཏེ་ཟླ་བ་ ༨ ཚེས་ ༢༥ དང་། ཕྱི་ཟླ་ ༡༠ ཚེས་ ༨ ཉིན་ལྷ་ལྡན་རྒྱལ་སར་༸ཞབས་སོར་བདེ་འཁོད་ཀྱིས་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ཐོག་ནས་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཡང་སྲིད་འཁྲུལ་བྲལ་ལ་གཞུང་འབྲེལ་ཐོག་ངོས་འཛིན་གནང་སྟེ་བཀྲ་ཤིས་ཀྱི་དགའ་སྟོན་རྒྱ་ཆེ་མཛད། ཕྱི་ཟླ་ ༡༠ ཚེས་ ༡༣ ཉིན་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་༸རྒྱལ་ཚབ་རྭ་སྒྲེང་ཧོ་ཐོག་ཐུ་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་མཆོག་གིས་དབུ་སྐྲའི་གཙུག་ཕུད་བཞེས་ཏེ། མཚན་ལ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་ཞེས་གསོལ།

དགུང་ལོ་དྲུག་ལ་ཕེབས་པ་ལྕགས་འབྲུག་ཟླ་ ༡ ཚེས་ ༡༤ སྟེ་ཕྱི་ལོ་ ༡༩༤༠ ཟླ་ ༢ ཚེས་ ༢༢ ཉིན་གཞུང་སྲོལ་ཐོག་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་ཆེན་པོ་པོ་ཏ་ལའི་ཤར་རྒྱུད་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་སུ་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་གཟབ་རྒྱས་བསྐྱངས། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་དང་། མཚན་ཞབས་སྟག་བྲག་རིན་པོ་ཆེ་རྣམ་གཉིས་ཀྱིས་ཡོངས་འཛིན་བགྲེས་གཞོན་གྱི་ཐུགས་འགན་བཞེས་ཐོག་ཆུ་རྟ་ཕྱི་ལོ་ ༡༩༤༢ བོད་ཟླ་ ༢ ཚེས་ ༡༠ ཉིན་སྲིད་སྐྱོང་ཡོངས་འཛིན་སྟག་བྲག་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་མཆོག་གི་དྲུང་ནས་དགེ་ཚུལ་གྱི་བསླབ་སྡོམ་བཞེས། དགུང་ལོ་བརྒྱད་ལ་ཕེབས་སྐབས་མཁྱེན་རབ་བསྟན་འཛིན་གྱི་དྲུང་ནས་དབུ་མེད་སོགས་ལ་སློབ་གཉེར་མཛད་པ་དང་། དེ་རྗེས་ཡོངས་འཛིན་སྐུ་གཞོན་ཁྲི་བྱང་རིན་པོ་ཆེའི་དྲུང་ནས་དག་ཡིག་དང་། སུམ་རྟགས་སོགས་ལ་ལོ་ངོ་ལྔ་ཙམ་རིང་སློབ་གཉེར་མཛད། དེ་ནས་ཐུན་མོང་གི་སྣང་ངོར་རིགས་ཀྱི་ཅོད་པན་ཡོངས་འཛིན་རྣམ་པའི་དྲུང་ནས་བཅུ་ཕྲག་རིག་གནས་སྤྱི་དང་། ལྷག་པར་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་སློབ་གཉེར་གནང་བ་དང་དུས་མཚུངས་སྐུ་ན་གཞོན་ནུའི་དུས་ནས་འཛམ་གླིང་ཆབ་སྲིད་ཀྱི་འཕོ་འགྱུར་གྱི་གནས་ཚུལ་སྤྱི་དང༌། བྱེ་བྲག་མང་གཙོའི་ལམ་སྲོལ་དང་། ཚན་རིག་བཅས་ལ་ཐུགས་སྣང་ཆེན་པོས་ཞོར་སྦྱོང་མཛད།

 

ག༽ ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཤིང་། གྲོ་མོར་ཉེན་གཡོལ་དུ་ཕེབས་ཚུལ།

 

ས་གླང་ཕྱི་ལོ་ ༡༩༤༩ ཟླ་ ༡༠ ཚེས་ ༡ ཉིན་རྒྱ་ནག་གི་སྲིད་དབང་གུང་ཁྲན་དམར་པོའི་གཞུང་གིས་འཕྲོགས་མ་ཐག་བོད་ལ་བཙན་འཛུལ་བྱ་རྒྱུའི་འགོ་བཙུགས་ཏེ་བོད་གཞུང་དགའ་ལྡན་ཕོ་བྲང་ཆབ་འབངས་དང་བཅས་པ་ཛ་དྲག་གི་གནས་ལ་གྱར་སྐབས་བོད་ལྗོངས་ལྷ་མི་མགྲིན་གཅིག་གིས་གསོལ་འདེབས་ནན་ཞུས་ལྟར་དགུང་གྲངས་བཅུ་དྲུག་ཏུ་ཕེབས་པ་ལྕགས་སྟག་ཕྱི་ལོ་ ༡༩༥༠ བོད་ཟླ་ ༡༠ ཚེས་ ༡༡ དང་། ཕྱི་ཟླ་ ༡༡ ཚེས་ ༡༧ ཉིན་གངས་ལྗོངས་བོད་རྒྱལ་ཁབ་ཆེན་པོའི་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་ཆ་ཚང་བསྐྱེད་བཞེས་མཛད་ཅིང་། ཁྲིམས་ཆད་ཕོག་པའི་བཙོན་པ་ཡོངས་རྫོག་གློད་འགྲོལ་གནང་བ་དང་། གཞན་ཡང་ལོ་དེ་ནས་བཟུང་ལོ་དགུའི་རིང་བདེན་པ་དང་། ཞི་བའི་ལམ་ནས་རྒྱ་བོད་འགྲིག་ཐབས་ཀྱི་ལམ་བུར་ཤུགས་སྣོན་བསྐྱོན།

ཕྱི་ལོ་ ༡༩༥༠ བོད་ཟླ་ ༡༡ ཚེས་ ༡༡ ཉིན་བློ་བཟང་བཀྲ་ཤིས་དང་། ཀླུ་ཁང་བ་གཉིས་སྲིད་ཚབ་ཏུ་བསྐོ་གཞག་གནང་ཐོག རྒྱ་ཕྱོགས་ནས་སྐུ་སྲོག་ལ་ཉེན་ཁ་འབྱུང་ཉེའི་རྐྱེན་གྱིས་ཟླ་བ་ ༡༢ ཚེས་ ༡༩ ཉིན་སྐུ་འཁོར་ཞབས་འབྲིང་དང་བཅས་པ་གངས་ལྗོངས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་ས་ལྷ་ལྡན་གྱི་ཞིང་ནས་གྲོ་མོར་ཉེན་གཡོལ་དུ་ཕེབས་ཤིང་། ཕྱི་ལོ་ ༡༩༥༡ ཟླ་བ་ ༡ ཚེས་ ༢ ཉིན་གྲོ་མོར་ཕེབས་འབྱོར་ཟིན་འཕྲལ་བཀའ་ཤག་བཙུགས་ཏེ་ཟླ་ངོ་བདུན་ལྷག་ཙམ་བཞུགས་འཇགས་མཛད་ཐོག་རྒྱ་དམར་གཞུང་དང་ཞི་བའི་གྲོས་མོལ་བྱེད་མཁན་སྐུ་ཚབ་ཆེད་གཏོང་གནང་།

ལྕགས་ཡོས་ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་རྒྱ་ནག་པེ་ཅིང་དུ་བཙན་ཤེད་འཇིགས་སྐུལ་འོག་བོད་ཀྱི་སྐུ་ཚབ་ཚོས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་མཚན་རྟགས་མི་འགོད་ཐབས་མེད་བྱུང༌། ཕྱི་ལོ་ ༡༩༥༡ ཟླ་ ༧ ཚེས་ ༡༦ ཉིན་[3]རྒྱ་གཞུང་གིས་བོད་ཀྱི་ཞི་དྲག་ལས་དོན་ཆེད་གསར་དུ་བསྐོ་གཞག་བྱས་པའི་སྤྱི་ཁྱབ་འགན་འཛིན་དམག་དཔོན་ཀྲང་ཅིང་ཨུས་གཙོས་རྒྱ་མིའི་སྐུ་ཚབ་ཁག་ཅིག་ནས་གྲོ་མོར་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་པ་དང་། ལྕགས་ཡོས་ཕྱི་ལོ་ ༡༩༥༡ ཟླ་ ༧ ཚེས་ ༢༤ ཉིན་གྲོ་མོ་ནས་ལྷ་ལྡན་ཞིང་དུ་ཆིབས་ཁ་བསྒྱུར་ཏེ་ཕྱི་ཟླ་ ༨ ཚེས་ ༡༧ ཉིན་ལྷ་སར་༸ཞབས་སོར་བདེ་བར་འཁོད།

 

ང༽ དུས་བསྟུན་ཡར་རྒྱས་དང་། བསྙེན་རྫོགས་ཀྱི་སྡོམ་བཞེས། རྒྱ་ནག་ཏུ་ཆིབས་སྒྱུར།

 

ཆུ་སྦྲུལ་ཕྱི་ལོ་ ༡༩༥༣ ཟླ་ ༢ ཚེས་ ༢༤ ཉིན་པེ་ཅིང་དུ་བཅའ་སྡོད་བོད་ཀྱི་དོན་གཅོད་ཁང་གསར་བཙུགས་གནང་བ་དང་། ཕྱི་ལོ་ ༡༩༥༣ ལོ་མཇུག་ཏུ་དུས་བསྟུན་བོད་ཀྱི་གནས་སྟངས་གང་ཅིར་ཡར་རྒྱས་དང་། སྤྱི་ཚོགས་ཀྱི་ཆབ་སྲིད་བསྒྱུར་བཅོས་མཛད་བཞེད་ཀྱིས་ལེགས་བཅོས་སྤྱི་ཚོགས་ལས་ཁུངས་ཆེད་འཛུགས་ཀྱིས་ལེགས་བཅོས་གནང་ཕྱོགས་སྐོར་རྩ་འཛིན་དོན་ཚན་ ༥ གཏན་འབེབས་ཁྱབ་བསྒྲགས་མཛད་ཅིང་། དེ་འབྲེལ་རྒྱ་གཞུང་དང་གནས་ཚུལ་ཞི་འགྲིག་ཡོང་རེས་སྐབས་བསྟུན་ཐབས་མཁས་ཀྱི་མཛད་པ་མང་དུ་བསྐྱངས། ཕྱི་ལོ་ ༡༩༥༤ ཤིང་རྟ་ལོའི་ཟླ་ ༡ ཚེས་ ༡༥ ཉིན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་དང་སྟབས་བསྟུན་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་སྐུའི་ཡོངས་འཛིན་བགྲེས་པ་༸སྐྱབས་རྗེ་ཤར་ཆོས་གླིང་རིན་པོ་ཆེ་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་མཆོག་གི་དྲུང་ནས་བསྙེན་རྫོགས་ཀྱི་བསླབ་སྡོམ་བཞེས།

ཤིང་རྟ་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་གཞུང་གིས་གདན་ཞུས་ལྟར་པེ་ཅིང་སོགས་སུ་ཕྱི་ཟླ་ ༧ ནང་ཆིབས་བསྒྱུར་བསྐྱངས་ཏེ་རྒྱ་ནག་དམར་གཞུང་གི་འགོ་ཁྲིད་མའོ་ཙེ་ཏུང་དང༌། སྲིད་བློན་ཀྲའུ་ཨེན་ལེ། གཞན་ཡང་ཀྲུའུ་ཏའི། ཏེང་ཞའོ་ཕིང་སོགས་དཔོན་རིགས་ཁག་མཇལ་འཕྲད་གནང་ཞིང་། སྐབས་དེར་རྒྱ་ནག་གི་སྤྱི་ཚོགས་གནས་སྟངས་རྣམས་གསལ་བར་གཟིགས། དེ་ནི་༸གོང་ས་མཆོག་ཕྱི་རྒྱལ་དུ་ཆིབས་བསྒྱུར་བསྐྱངས་པ་ཐོག་མ་དེ་ཡིན་ལ། ཤིང་ལུག་ཕྱི་ལོ་ ༡༩༥༥ ཟླ་ ༣ ཚེས་ ༡༢ ཉིན་༸རྒྱལ་མཆོག་ཡབ་སྲས་རྣམ་གཉིས་པེ་ཅིང་ནས་བོད་དུ་ཆིབས་ཞལ་བསྒྱུར་ཏེ་ཟླ་བ་ ༦ ནང་བོད་ལྗོངས་ཆོས་ཀྱི་ཞིང་ཁམས་སུ་ཕྱིར་ཕེབས་མཛད།

 

ཅ༽ འཕགས་ཡུལ་དུ་ཆིབས་སྒྱུར་དང་། གྲྭ་སྐོར་དམ་བཅའ་འབུལ་བཞེས།

 

མེ་སྤྲེལ་ཕྱི་ལོ་ ༡༩༥༦ ཟླ་ ༡༡ ཚེས་ ༢༢ ཉིན་༸རྒྱལ་མཆོག་ཉི་ཟླ་རྣམ་གཉིས་རྒྱ་གར་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ནས་གདན་ཞུའི་མགྲོན་བརྡ་ཕུལ་བ་ལྟར། སྟོན་པ་མྱ་ངན་ལས་འདས་ནས་མི་ལོ་ ༢༥༠༠ འཁོར་བའི་དུས་དྲན་མཛད་སྒོའི་སྐུ་མགྲོན་གཙོ་བོར་གངས་ལྗོངས་གཞིས་རྩེ་བརྒྱུད་ནས་ཆིབས་ཞལ་བསྒྱུར་ཏེ་རྒྱ་གར་དུ་སངས་རྒྱས་མྱ་ངན་ལས་འདས་ནས་མི་ལོ་ ༢༥༠༠ འཁོར་བའི་དྲན་གསོའི་དུས་དྲན་ལ་ཕེབས། ཟླ་ ༤ ཚེས་ ༢༢ ཉིན་རྒྱ་གར་གྱི་རྒྱལ་ས་དྷི་ལི་གསར་པར་ཕེབས་འབྱོར་བྱུང་། སྐབས་དེར་རྒྱ་གར་གྱི་སྲིད་འཛིན་ཌོག་ཊར་ར་འཇིན་རྡར་པར་སད་མཆོག་དང༌། སྲིད་འཛིན་སྐུ་གཞོན་ཌོག་ཊར་ར་རྡ་ཁིར་ཤི་ན། སྲིད་བློན་མི་རྗེ་ནེ་ཧ་རུ་བཅས་དང་མཇལ་འཕྲད་གནང་བར་མ་ཟད། ལྷག་པར་སྲིད་བློན་མཇལ་འཕྲད་སྐབས་བོད་ནང་རྒྱ་དམར་གྱི་བྱ་སྤྱོད་ངན་པ་རྣམས་མཚམས་འཇོག་ཡོང་ཐབས་སོགས་བོད་ཀྱི་ཆབ་སྲིད་གནས་སྟངས་སྐོར་གལ་ཆེའི་བཀའ་བསྡུར་གནང༌། སྐབས་དེར་རྒྱ་ནག་གི་སྲིད་བློན་ཀྲའུ་ཨེན་ལེ་ཡང་རྒྱ་གར་དུ་ཆེད་བཅར་ཞུས་པ་ལྟར་ཟླ་བ་ ༡༢ ཚེས་ ༣༠ ཉིན་ཁོང་ལ་བོད་ཤར་ཕྱོགས་ཁུལ་གྱི་གནས་སྟངས་སོགས་བོད་མི་མང་གི་བདེ་སྡུག་གནས་སྟངས་སྐོར་ལེགས་ཆའི་འགྱུར་བ་ཡོང་ཐབས་ཀྱི་བཀའ་མོལ་ཞིབ་ནན་མཛད་ཅིང་། མེ་བྱ་ཕྱི་ལོ་ ༡༩༥༧ ཟླ་ ༤ ཚེས་ ༡ ཉིན་རྒྱ་གར་འཕགས་ཡུལ་ནས་གང་གི་གདུལ་ཞིང་བོད་ལྗོངས་ཆོས་ཀྱི་ཞིང་དུ་ཆིབས་ཞལ་བསྒྱུར།

དེ་ལྟར་ཆབ་སྲིད་ཀྱི་མཛད་འཛིང་ཆུ་གཉེར་ལྟ་བུའི་ཁྲོད་ནས་དགུང་ལོ་བཅུ་གཉིས་ཐོག་མཚན་ཉིད་རིག་པའི་གཞུང་ཆེན་ལ་སློབ་གཉེར་གནང་འགོ་ཚུགས་ཏེ། གཞུང་ཆེན་བཀའ་པོད་ལྔར་གསན་བསམ་མཐའ་འཁྱོངས་གནང་ཞིང་། དགུང་ལོ་བཅུ་གསུམ་བཞེས་པ་མེ་ཕག་ཕྱི་ལོ་ ༡༩༤༧ ལོར་གདན་ས་སེ་འབྲས་གཉིས་ལ་སྒྲིག་ཞུགས་ཀྱིས་གྲྭ་སྐོར་མཛད་པར་མ་ཟད་། དགུང་ལོ་ ༢༥ བཞེས་པ་ས་ཕག་བོད་ཟླ་ ༡ ཚེས་ ༡༥ སྟེ་ཕྱི་ལོ་ ༡༩༥༩ ཟླ་བ་ ༣ ཚེས་ ༡ ཉིན་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོར་དགེ་འདུན་འདུས་པ་ཁྲི་ཕྲག་གཉིས་བརྒལ་བའི་དབུས་སུ་ལུང་རིགས་སྨྲ་བའི་མཁས་མང་ཁྱུ་མཆོག་འདུས་པའི་མདུན་སར་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་འབུལ་བཞེས་བསྐྱངས།

 

ཆ༽ བཙན་བྱོལ་དུ་ཆིབས་སྒྱུར་དང་། ཆིངས་དོན་རྩིས་མེད་ཀྱི་གསལ་བསྒྲགས།

 

ས་ཕག་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་རྒྱ་གཞུང་གི་ངན་བྱུས་འོག་༸གོང་ས་མཆོག་རྒྱ་མིའི་དམག་སྒར་དུ་གཟིགས་མོར་གདན་ཞུ་བྱས་པར་ཕེབས་བཤོལ་སླད་ལྷ་སའི་རྒྱ་ཆེའི་སེར་སྐྱ་མི་མང་རྣམས་མི་བཟོད་པས་༸གོང་ས་མཆོག་གི་སྐུ་ཕྱྭར་བདོ་བའི་བྱ་ངན་ལ་གདོང་ལེན་བྱེད་ཆེད་མི་མང་སེར་སྐྱ་སྟོང་ཕྲག་མང་པོས་ནོར་གླིང་ཕོ་བྲང་གི་ཉེན་སྲུང་བྱས་ཐོག་མི་དམངས་རྣམས་འུ་ཐུག་བཟོད་བྲལ་གྱིས་དྲག་པོའི་ངོ་རྒོལ་བྱས་པ་དང་། ཆབས་ཅིག་བོད་རང་དབང་སྒེར་ལངས་ཀྱི་རྔམ་སྟོན་གཞི་རྒྱ་ཆེན་པོ་བྱས་པ་དང་། དེར་རྒྱ་ནག་གཞུང་གིས་ཡ་ང་བྲལ་བའི་དྲག་གནོན་མི་ཆོས་ལས་འདས་པ་བྱས་པར་བརྟེན། བོད་ཀྱི་འཕྲལ་ཕུགས་བདེ་དོན་ལ་དགོངས་ནས་བོད་ཟླ་ ༢ ཚེས་ ༨ དང་། ཕྱི་ཟླ་ ༣ ཚེས་ ༡༧ ཉིན་གྱི་དགོང་མོའི་ཕྱག་ཚོད་ ༡༠ ཙམ་ལ་༸གོང་ས་མཆོག་ནས་བོད་ཀྱི་བསྟན་སྲིད་ཀྱི་དོན་ཆེན་ཐུགས་ལ་བསྣམས་ཏེ་རྒྱ་དམག་གིས་མཐའ་བསྐོར་བའི་དབུས་ནས་བོད་གཞུང་དམངས་གང་འཚམ་དང་བཅས་པ་རྒྱ་གར་འཕགས་ཡུལ་དུ་བཙན་བྱོལ་ལ་ཆིབས་བསྒྱུར་གནང༌།

ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༢༦ ཉིན་ལྷོ་ཁ་ལྷུན་རྩེ་རྫོང་དུ་གཞུང་འབྲེལ་ཐོག་བོད་གཞུང་དགའ་ལྡན་ཕོ་བྲང་པའི་གཞུང་སླར་གསོ་མཛད་ཅིང་། བོད་གཞུང་ནས་རྒྱ་ནག་གི་བཙན་ཤེད་འོག་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ངོས་ལེན་མེད་པའི་གཞུང་འབྲེལ་གསལ་བསྒྲགས་དང་པོ་གནང་བ་དང་། ཕྱི་ཟླ་ ༤ ཚེས་ ༡༨ ཉིན་ཏི་ཛུ་པུར་དུ་རྒྱལ་སྤྱིའི་གསར་འགོད་པ་བརྒྱ་ཕྲག་བརྒལ་བ་སྐོང་འཚོགས་ཀྱིས་བོད་རང་བཙན་གཙང་མའི་རྒྱལ་ཁབ་ལ་རྒྱ་དམར་གཞུང་གིས་བཙན་འཛུལ་བྱས་པ་དང༌། རྒྱ་ནག་གི་བཙན་ཤེད་སྡིགས་སྐུལ་འོག་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ཁས་ལེན་མེད་པའི་གཞུང་འབྲེལ་གསལ་བསྒྲགས་ཐེངས་གཉིས་པ་བསྐྱངས།

 

ཇ༽ བཙན་བྱོལ་བོད་གཞུང་བསྐྱར་འཛུགས་དང་། བཞུགས་སྒར་དྷ་སར་གནས་སྤོས།རྒྱལ་ཚོགས་སུ་ཞུ་སྐུལ།

 

དེ་ནས་ཕྱི་ལོ་ ༡༩༥༩ ཟླ་བ་ ༤ ཚེས་ ༢༠ ཉིན་མ་སུ་རིར་༸ཞབས་སོར་བདེ་བར་འཁོད་ཅིང་། མ་སུ་རིའི་བཱིར་ལ་ཧའུ་སིར་གནས་སྐབས་ཀྱི་བཞུགས་སྒར་མཛད་དེ་བཞུགས་འཇགས་གནང་རིང་། ཟླ་བ་ ༤ ཚེས་ ༢༤ ཉིན་སྲིད་བློན་ནེ་རུ་མཆོག་མ་སུ་རིར་ཆེད་བཅར་གྱིས་༸རྒྱལ་དབང་མཆོག་དང་ལྷན་དུ་སྐབས་དེའི་བོད་ཀྱི་གནས་སྟངས་དང་། མ་འོངས་ཞུ་སྒོའི་སྐོར་བཀའ་མོལ་ཞིབ་རྒྱས་མཛད། ཟླ་བ་ ༤ ཚེས་ ༢༥ ཉིན་གཞུང་གི་བཀའ་བློན་སོགས་མཐོ་རིམ་འགོ་ཁྲིད་རྣམ་པ་རྒྱས་འཛོམས་ཐོག་ནང་སྲིད་དང་། ཕྱི་སྲིད། ཆོས་དོན། ཤེས་རིག །དཔལ་འབྱོར་འདུ་འགོད་བཅས་བཙན་བྱོལ་བོད་གཞུང་གི་ལྷན་ཁང་དྲུག་གསར་འཛུགས་དང་འབྲེལ་འགོ་བྱེད་རྣམས་བསྐོ་གཞག་མཛད། དེ་ནི་བཙན་བྱོལ་བོད་གཞུང་དབུ་བརྙེས་པའི་ཐོག་མ་ཡིན། ཕྱི་ལོ་ ༡༩༦༠ ཟླ་བ་ ༤ ཚེས་ ༢༩ ཉིན་མ་སུ་རི་ནས་ཆིབས་ཐོན་གྱིས་ཚེས་ ༣༠ ཉིན་བཞུགས་སྒར་དྷརྨ་ཤཱ་ལཱའི་སརྒ་ཨཱཤ་རམ་དུ་བཞུགས་སྒར་གནས་སྤོས་དང་། ཕྱི་ལོ་ ༡༩༦༨ ལོར་ཐེག་ཆེན་ཆོས་གླིང་ཕོ་བྲང་དུ་སྤོ་བཞུགས་མཛད་ཅིང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་བདེན་མཐའ་གསལ་ཐབས་སུ་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་སྐོར་ཞུ་སྐུལ་རིམ་པར་གནང་འབྲས་སུ་རྒྱལ་ཚོགས་ནས་བོད་མིར་འགྲོ་བ་མིའི་ཐོབ་ཐང་དང་། རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་དགོས་པའི་རྒྱབ་སྐྱོར་གྱི་གྲོས་ཆོད་ཕྱི་ལོ་ ༡༩༥༩། ༡༩༦༡། ༡༩༦༥ བཅས་སོ་སོར་བཞག་ཐུབ་པ་བྱུང་ཡོད།

 

ཉ༽ མང་གཙོའི་གཞུང་བརྙེས་ཤིང་། རྩ་ཁྲིམས་གཏན་འབེབས། མང་གཙོའི་འཕེལ་རིམ།

 

ལྕགས་བྱི་ཕྱི་ལོ་ ༡༩༦༠ ཟླ་བ་ ༩ ཚེས་ ༢ ཉིན་རིང་མོ་ཞིག་ནས་དགོངས་པར་ཡོད་པ་ལྟར་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་མི་འཐུས་བཅུ་གསུམ་བསྐོ་གཞག་སྩལ་ཐོག་སྤྱི་འཐུས་ལྷན་ཁང་གསར་འཛུགས་གནང་སྟེ་དེ་ཉིན་མཇལ་ཕྱག་དམ་འབུལ་དང་འབྲེལ་ཆོས་སྲིད་གཉིས་ལྡན་གྱི་བོད་ལྗོངས་མང་གཙོའི་གཞུང་དབུ་བརྙེས་པའི་མཛད་སྒོ་བསྐྱངས། ལྕགས་གླང་ཕྱི་ལོ་ ༡༩༦༡ ཟླ་བ་ ༣ ཚེས་ ༡༠ ཉིན་མ་འོངས་བོད་ཀྱི་རྩ་ཁྲིམས་གསར་པའི་ཟིན་བྲིས་བོད་འབངས་ཡོངས་ལ་ཐོག་མར་འགྲེམས་སྤེལ་གནང་བ་དང་། ཆུ་ཡོས་ཕྱི་ལོ་ ༡༩༦༣ ཟླ་ ༣ ཚེས་ ༡༠ ཉིན་གསུམ་བཅུའི་དུས་དྲན་གྱི་མཛད་སྒོ་དང་སྦྲགས་དེ་སྔའི་རྩ་ཁྲིམས་ཟིན་བྲིས་ལ་བསྐྱར་ཞིབ་གནང་སྟེ་དོན་ཚན་ ༧༧ ཅན་གྱི་རྩ་ཁྲིམས་རྒྱས་པ་གཏན་འབེབས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་སྤྲེལ་ཕྱི་ལོ་ ༡༩༩༢ ཟླ་ ༢ ཚེས་ ༡༡ ཉིན་ཆེས་མཐོའི་བོད་ཀྱི་ཁྲིམས་ཞིབ་ཁང་གསར་འཛུགས་མཛད་པ་སོགས་བོད་འདི་འཕྲལ་ཕུགས་གང་ཐད་ནས་མང་གཙོའི་ལམ་ལུགས་ཚད་ལྡན་ཞིག་ཏུ་བསྐྱོད་རྒྱུའི་དགོངས་བཞེས་ལྟར་འཛིན་སྐྱོང་བཀའ་ཤག་དང་། ཁྲིམས་ལུགས་དབང་འཛིན། ཁྲིམས་བཟོ་སྤྱི་འཐུས་བཅས་མང་གཙོའི་ཀ་བ་གསུམ་ལྡན་གྱི་གཞུང་ཆ་ལག་ཚང་བ་ཆགས་ཡོད་པ་འདི་དག་ནི་མགོན་པོ་གང་ཉིད་ཀྱི་བཀའ་དྲིན་ཁོ་ན་ཡིན།

ལྷག་པར་ཕྱི་ལོ་ ༢༠༡༡ ལོར་མང་གཙོའི་ལམ་ལུགས་བཞིན་བོད་ཀྱི་ལོ་རྒྱུས་ནང་ཐེངས་དང་པོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འདེམས་བསྐོའི་ལམ་སྲོལ་གསར་གཏོད་མཛད་པ་དང་། ཕྱི་ལོ་ ༢༠༡༡ ལོར་ལོ་ངོ་སུམ་བརྒྱ་དྲུག་ཅུ་ལྷག་གི་ལོ་རྒྱུས་ལྡན་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་མི་དམངས་ཀྱིས་མང་མོས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་རྩིས་སྤྲོད་གནང་སྟེ་དུས་རབས་དང་མཐུན་པའི་རླབས་ཆེན་གྱི་ཐག་གཅོད་གནང་སྟེ། བོད་མི་རྣམས་རང་མགོ་རང་ཐོན་དང༌། རང་ས་རང་སྲུང༌། རང་མི་རང་ལས་ཡོང་ཐབས་སོགས་གོམ་ཞེང་ཆེན་པོས་མདུན་བསྐྱོད་རིམ་པར་གནང་སྟེ། བྱུང་རབས་ཀྱི་དོན་སྙིང་ལྡན་པའི་གསར་གཏོད་མང་དུ་མཛད་ཡོད་པ་འདི་དག་ནི་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཛད་པ་འཕྲིན་ལས་དང༌། ཐུགས་རྗེ་དང་བཀའ་དྲིན་ཁོ་ན་ལས་བྱུང་བ་ཞིག་ཡིན།

 

ཏ༽ ཤེས་ཡོན་ལྟེ་གནས་སློབ་གྲྭ་དང་། རིས་མེས་ཀྱི་ཆོས་སྡེ་གསར་འཛུགས།

 

དེ་ཡང་བོད་ཕྲུག་ན་གཞོན་རྣམས་བོད་ཀྱི་མ་འོངས་སོན་རྩར་དགོངས་ཏེ་ཁོང་ཚོ་ཕྱི་ནང་གི་ཤེས་ཡོན་གཉིས་ལྡན་ཞིག་ཏུ་གསོ་སྐྱོང་གནང་ཆེད་ལྕགས་བྱི་ཕྱི་ལོ་ ༡༩༦༠ ཟླ་ ༣ ཚེས་ ༣ ཉིན་མ་སུ་རིར་ན་གཞོན་ལྔ་བཅུ་ཡོད་པའི་བཙན་བྱོལ་གྱི་སློབ་གྲྭ་ཐོག་མར་གསར་འཛུགས་བསྐྱངས་ཤིང༌། དེ་རྗེས་རིམ་པས་རྒྱ་བལ་འབྲུག་གསུམ་ཁུལ་གྱི་བོད་ཕྲུག་བརྒྱ་ཆ་བརྒྱ་ལ་ཉེ་བར་གཞི་རིམ་དང༌། འབྲིང་རིམ། མཐོ་རིམ་བཅས་ཀྱི་ཤེས་ཡོན་སྤྲོད་ཐུབ་པའི་སློབ་གྲྭ་ཁྱོན་ ༡༠༠ ལ་ཉེ་བ་གསར་འཛུགས་གནང་བའི་ནང་སློབ་ཕྲུག་གྲངས་ ༢༧༥༠༠ དང་། བོད་ནང་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པའི་ན་གཞོན་སྟོང་ཕྲག་མང་པོར་སློབ་སྦྱོང་གི་གོ་སྐབས་ཐོབ་ཡོད། དེ་དག་གིས་བོད་ཀྱི་ཐུན་མིན་རིག་གནས་དང་། དེང་དུས་ཀྱི་སློབ་ཚན་ཡོངས་རྫོགས་ལ་སློབ་སྦྱོང་བྱེད་བཞིན་པར་མ་ཟད། ལག་ཤེས། ཆེས་མཐོའི་གཙུག་ལག་སློབ་སྦྱོང་གི་གོ་སྐབས་སྦྱོར་སྤྲོད་ཐུབ་པ་བྱུང་བ་འདི་དག་ནི་འཕྲལ་ཕུགས་གཉིས་སྨན་གྱི་རྒྱལ་ཁ་ཆེན་པོ་ཞིག་ཡིན།

གཞན་ཡང་རྒྱ་བལ་འབྲུག་གསུམ་དུ་ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་རིས་མེད་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་བྱ་ཡུལ་གྱི་ཆོས་སྡེ་ ༢༦༢ དང༌། དེ་དག་ཏུ་དགེ་བཙུན་ཞལ་གྲངས་ ༣༠༠༠༠ ལྷག་དང་། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་ཏུ་ཆོས་བརྒྱུད་ཁག་གི་ཆོས་ཚོགས་ཁག་སྟོང་ལ་ཉེ་བ། དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པ་དང་། ལྡི་ལི་བོད་ཁང་། ཝར་ཎ་ཆེས་མཐོའི་གཙུག་ལག་སློབ་ཁང། བཞུགས་སྒར་བོད་ཀྱི་དཔེ་མཛོད། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་བཅས་དང་། གཞན་ཡང་གསོ་རིག་གི་ལྟེ་གནས་བོད་ཀྱི་སྨན་རྩིས་ཁང་དང༌། ཕྱི་ལུགས་ཀྱི་སྨན་ཁང༌། ལག་ཤེས་སྒྱུ་རྩལ་གྱི་བཟོ་ལས་སོགས་ཆེད་སྦྱོང་བྱ་ཡུལ་གྱི་ལྟེ་གནས་ཁག་མང་གསར་འཛུགས་གནང་ནས་ཡར་རྒྱས་ཀྱི་ལམ་དུ་ཞུགས་ཏེ་དེང་སྐབས་སྒྲིག་འཛུགས་ཀྱི་རྨང་གཞི་སྲ་བརྟན་ཕུགས་འཕེར་ཞིག་ཏུ་གྱུར་པ་སོགས་ཀྱི་བཀའ་དྲིན་ནི་སྟོང་གསུམ་རིན་ཆེན་བདུན་གྱིས་བཀང་སྟེ་ཕུལ་ཡང་ཆ་ཙམ་གཞལ་དཀའི་གནས་སུ་གྱུར།

 

ཐ༽ གཞིས་ཆགས་གསར་འཛུགས་དང་། ཕྱི་རྒྱལ་ཡུལ་ཁག་ཏུ་ཆིབས་སྒྱུར།

 

དེ་བཞིན་བཙན་བྱོལ་བོད་མིའི་འཕྲལ་སེལ་འཚོ་གོས་ཀྱི་གཞི་རྟེན་བཟང་པོ་ལེགས་ཚུགས་སླད་ཕྱི་ལོ་ ༡༩༦༠ ཟླ་བ་ ༡༢ པར་རྒྱ་གར་ལྷོ་ཕྱོགས་ལུགས་བསམ་གཞིས་གྲོང་དུ་མི་གྲངས་ ༦༦༠ ཐམ་པ་གཞིས་ཆགས་སུ་གཏོང་གནང་མཛད་པ་ནས་བཟུང་ད་ཆ་རྒྱ་བལ་འབྲུག་གསུམ་ཁུལ་དུ་གཞིས་ཆགས་ཁག་ ༥༨ དང་། རྒས་གསོ་ཁང་ ༡༥ བརྒལ་བའི་བར་འཕེལ་རྒྱས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་རྨང་གཞི་སྲ་བརྟན་ཆགས་ཡོད།

མེ་ལུག་ཕྱི་ལོ་ ༡༩༦༧ ཟླ་བ་ ༩ ཚེས་ ༢༥ ཉིན་༸གོང་ས་མཆོག་ཐོག་མར་ཕྱི་རྒྱལ་ཡུལ་གྲུ་ཉི་ཧོང་དང་། ཐའི་ལན་ཌིའི་ནང་ཆིབས་བསྒྱུར་གནང་འགོ་ཚུགས་པ་དང་། དེ་རྗེས་ཕྱི་ལོ་ ༡༩༧༣ ཟླ་བ་ ༩ ཚེས་ ༡༡ ཉིན་ནུབ་ཕྱོགས་རྒྱལ་ཁབ་ཨི་ཊ་ལི་དང་། སུད་སི། ནེ་ཐར་ལན་ཌ། སྦེལ་འཇམ། ཨ་ཡར་ལན་ཌ། ནོར་ཝེ། སུད་ཊན། དབྱིན་ཡུལ། ནུབ་འཇར་མན། ཨོ་སེ་ཊི་ལི་ཡ་བཅས་ཀྱི་ཡུལ་གྲུར་ཡང་ཆིབས་བསྒྱུར་ཐེངས་དང་པོ་བསྐྱངས་པ་དང་། གཞན་ཡང་ཨ་རི་དང༌། ཕ་རན་སི། ཨུ་རུ་སུ། འཇར་མན་ནི། སོག་ཡུལ་སོགས་ཤར་ནུབ་ཀྱི་རྒྱལ་ཁབ་ ༧༠ ཙམ་ལ་ཡང་ཡང་ཞབས་ཀྱིས་བཅགས་ཏེ་དད་ལྡན་མི་མང་ལ་ཟབ་པ་དང་རྒྱ་ཆེ་བའི་ཆོས་འཁོར་ཡང་ཡང་བསྐོར་ཅིང་། རྒྱལ་ཁབ་མང་པོའི་སྲིད་འཛིན་སྲིད་བློན་གྱིས་གཙོས་པའི་དཔོན་རིགས་དང༌། ཆོས་ལུགས་ཁག་གི་བླ་ཆེན། ཚན་རིག་རིག་གནས་དང༌། ལོ་རྒྱུས་རིག་པ་སོགས་ཀྱི་གྲགས་ཅན་མི་སྣ་མང་པོ་མཇལ་འཕྲད་གནང་བར་ཀུན་གྱིས་བརྩི་བཀུར་ཆེན་པོ་ཞུས་ཡོད་ལ། བོད་ཀྱི་ཆོས་རིག་དང་། ཡུལ་སྲོལ་གོམས་གཤིས། བོད་ཀྱི་གནས་བབས་སོགས་ལ་ངོ་སྤྲོད་གནང་བའི་གོ་སྐབས་བྱུང་བ་ཡིན།

 

ད༽ བོད་རྒྱལ་འབྲེལ་མོལ་དང་། ཞི་བདེའི་གྲོས་འཆར་འདོན་གནང་མཛད་ཚུལ།

 

བོད་ཀྱི་གནད་དོན་འདི་ཉིད་རྒྱ་ནག་གཞུང་དང་ཞི་མོལ་གྱིས་ཐག་གཅོད་གནང་རྒྱུའི་དགོངས་པ་བཞེས་ཏེ། ཕྱི་ལོ་ ༡༩༧༩ ལོར་བཙན་བྱོལ་དུ་ཕེབས་རྗེས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་ལམ་ཐོག་མ་བྱུང་སྟེ་རྒྱ་བོད་ཡུལ་གྲུར་གཟིགས་སྐོར་སྐུ་ཚབ་ཚོགས་པ་སྔ་རྗེས་གཏོང་གནང་མཛད་པས་བོད་གཞིས་བྱེས་མ་བུ་ངོ་འཕྲད་ལྟ་བུ་བྱུང་ཞིང༌། ཕྱི་ལོ་ ༡༩༧༩ ལོ་ནས་ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༡ ཚེས་ ༢ བར་བོད་རྒྱའི་དབར་འབྲེལ་མོལ་ཐེངས་དགུ་དང་། ནང་ལུགས་གྲོས་བསྡུར་ཐེངས་གཅིག་བཅས་བྱུང་ཡོད།

ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་ལོ་རྒྱུས་རང་བཞིན་ལྡན་པའི་བོད་རྒྱ་ཞི་མོལ་གྱི་ཞི་བདེའི་སྔོན་འགྲོའི་གྲོས་འཆར་དོན་ཚན་ལྔ་འདོན་གནང་མཛད་ཅིང་། དེ་རྗེས་ཕྱི་ལོ་ ༡༩༨༨ ཟླ་ ༦ ཚེས་ ༡༥ ཉིན་ཕ་རན་སིའི་སི་ཊས་སི་སྦག་ཡོ་རོབ་གྲོས་ཚོགས་སུ་ལོ་རྒྱུས་རང་བཞིན་ལྡན་པའི་བོད་རྒྱ་ཞི་མོལ་གྱི་ཞི་བདེའི་གྲོས་འཆར་དོན་ཚན་ལྔའི་དོན་སྙིང་གི་དགོངས་གཞི་གཙོ་བོ་རྣམས་གསལ་བསྒྲགས་བསྐྱངས་པ་སོགས་བོད་རྒྱའི་དབར་ཕན་ཚུན་བསམ་ཤེས་དང་། ཡིད་ཆེས། གུ་བཤངས་བཅས་ཀྱི་སྒོ་ནས་གཉིས་ཕན་གྱི་གྲོས་མོལ་གནང་རྒྱུའི་སྒོ་མོ་འབྱེད་པར་མཛད།

 

ན༽ ཐུགས་བསྐྱེད་ཀྱི་མཛད་བཟང་དང་། ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་བཞེས།

 

དེ་ཡང་འཁྲུངས་རབས་གསོལ་འདེབས་ལས། སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་འཚེ་མེད་ལམ། །རྒྱ་ཆེར་སྤེལ་ལས་ཞི་བདེའི་གཟེངས་རྟགས་ཕུལ། །ཞེས་གསུངས་པ་ལྟར། ནང་ཆོས་ཀྱི་ལྟ་སྤྱོད་དང་། བདག་ཉིད་ཆེན་པོ་གྷན་དྷིའི་བཞེད་དགོངས་བཟང་པོ་གཞིར་བཟུང་། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་མཐའ་དག་འཚེ་མེད་ཞི་བའི་ལམ་དུ་བསྒྱུར་གནང་མཛད་པ་ནི་སྔར་བོད་གངས་ཅན་གྱི་ལྗོངས་དང༌། ནང་པའི་རྒྱལ་ཁབ་གང་དུའང་མ་བྱུང་བའི་རླབས་ཆེན་གྱི་མཛད་འཕྲིན་ཞིག་བསྐྱངས་པར་བརྟེན། རྨད་བྱུང་མཛད་བཟང་གིས་འཛམ་གླིང་གི་སྐྱེ་རྒུ་རྣམས་ཡིད་དབང་ཡོངས་སུ་འཕྲོགས་པར་མ་ཟད། འགྲོ་བ་མིའི་ཀུན་ཁྱབ་འགན་འཁུར་གྱི་རྨང་གཞིའི་ཐོག་དུས་རྟག་ཏུ་བྱམས་སྙིང་རྗེ་དང་། གཞན་ཕན་གྱི་ཐུགས་བསྐྱེད་ཟབ་མོས་རྒྱ་ནག་མི་དམངས་ཚུད་པའི་འཛམ་གླིང་སྟེང་གི་སྐྱེ་འགྲོ་ཀུན་ལ་བདེ་སྐྱིད་འབྱུང་ཐབས་ཀྱི་རྩ་བ་འཛམ་གླིང་གི་ཞི་བདེ་དང༌། འགྲོ་བ་མིའི་ཐོབ་ཐང༌། ཁོར་ཡུག་སྲུང་སྐྱོབ་བཅས་དང་། ལྷག་པར་མགོན་པོ་གང་ཉིད་ཀྱི་བླ་ན་མེད་པའི་ཐུགས་བསྐྱེད་དམ་བཅའ་རྣམ་གསུམ་སྟེ། འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་དང་། ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་འཕེལ། བོད་ཀྱི་རྩ་དོན་དང་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་བཅས་ལ་ཐུགས་ཁུར་ཆེན་པོ་བཞེས་པར་བརྟེན། དྲང་བདེན་དང་། བསྔགས་འོས་ཀྱི་བླ་ན་མེད་པའི་བཞེད་དགོངས་དང་། ཕུལ་བྱུང་གི་མཛད་འཕྲིན་ལ་ཡི་རང་རྒྱབ་སྐྱོར་གྱིས་ཞི་བདེའི་ཕོ་ཉར་ངོས་འཛིན་གནང་སྟེ་ཕྱི་ལོ་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ཉིན་འཛམ་གླིང་ཐོག་ཆེས་སྙན་པར་གྲགས་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ཞི་བདེའི་དེད་དཔོན་ཆེན་པོར་མངའ་གསོལ་བ་དང་། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་ ༣༣ ལྷག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་། ཨ་རིའི་གསེར་གྱི་གཟེངས་རྟགས། སོག་པོའི་པདྨ་དཀར་པོ་སོགས་གྲགས་ཅན་གྱི་གཟེངས་རྟགས་བརྒྱ་ཕྲག་བརྒལ་བ་འབུལ་ལམ་ཞུས་ཡོད།

 

པ༽ མཁས་པའི་ཡོན་ཏན་དང་། མཁས་དབང་གི་ཕྱག་ཁྱེར་འབུལ་བཞེས།

 

དེ་བཞིན་འཁྲུངས་རབས་གསོལ་འདེབས་ལས། མཁས་པའི་རྣམ་དཔྱོད་རྒྱན་དྲུག་མཆོག་གཉིས་ཟླ། །བཙུན་པའི་བསླབ་གུས་དགྲ་བཅོམ་ཉེ་བར་འཁོར། །བཟང་པོའི་འཕྲིན་ལས་བློ་བཟང་རྒྱལ་བ་དངོས། །བློ་བཟང་ཡེ་ཤེས་ཞབས་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་མཁས་གྲུབ་ཀུན་གྱི་གཙུག་རྒྱན་ཚད་ཐུབ་རྩོད་མེད་ཡོངས་གྲགས་འདི་ལྟར་སྔོན་ཆད་ཉུང་ལ། ཕྱིས་ཀྱང་འབྱུང་དཀའ་བས། ཁྱེད་དཔེ་ཁྱེད་ཉིད་ཁོ་ན་ལས་མེད་ཅེས་པ་ལྟར། མཁས་བཙུན་བཟང་གསུམ་གྱི་མཛད་བཟང་མུ་མཐའ་དང་གཏིང་དཔག་དཀའ་བས་འཛམ་གླིང་འདིའི་ཐོག་འགྲོ་བ་མིའི་དེད་དཔོན་དང་། ཁྲིམས་ལུགས་ཀྱི་སློབ་དཔོན། སྐྱེས་བུ་དམ་པ་དང་། སྲིད་འཛིན་གྱི་ཁྱད་འཕགས་སློབ་དཔོན་ཆེན་མོ། ཁྲིམས་ལུགས་སློབ་དཔོན་ཆེན་མོ། རྒྱལ་སྤྱིའི་འབྲེལ་ལམ་ཚན་རིག་གི་སློབ་དཔོན་ཆེན་མོ་སོགས་དང་། དེ་བཞིན་མི་སེར་གྱི་ཆེ་བསྟོད་དང་། མཁས་དབང་གི་ཆེ་བསྟོད་སོགས་གུས་བཀུར་གྱི་གཟེངས་རྟགས་དང་ཕྱག་འཁྱེར་སྙན་གྲགས་ཅན་བརྒྱ་ཕྲག་བརྒལ་བ་འབུལ་བཞེས་བཀའ་དྲིན་བསྐྱངས་ཏེ་རང་ཅག་རྣམས་དགའ་སྐྱིད་ལྡན་པའི་ཉིན་མོ་གསར་སྐྲུན་གནང་ཡོད།

 

ཕ༽ མང་གཙོའི་འཕེལ་རིམ་དང་། སྐུ་དབང་རྩིས་སྤྲོད་མཛད་ཚུལ།

 

གཞན་ཡང་འཁྲུངས་རབས་གསོལ་འདེབས་ལས། གང་གིས་གདུལ་བྱ་སྐལ་ལྡན་གངས་ཅན་པར། །སྔོན་མེད་མང་གཙོའི་བདག་དབང་དགྱེས་བཞིན་སྩལ། །བྱམས་བརྩེའི་ཐུགས་ཀྱིས་སྲིད་གསུམ་དབང་སྒྱུར་མགོན། །མཚུངས་པ་མེད་པའི་སྡེ་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། ཕྱི་ལོ་ ༡༩༩༠ ལོར་མང་གཙོའི་བསྒྱུར་བཅོས་ཆེན་པོ་ཞིག་མཛད་དེ་བཙན་བྱོལ་དུ་བཞུགས་རིང་ཕྱག་བསྟར་གནང་རྒྱུའི་བཅའ་ཁྲིམས་གསར་བཟོ་དང༌། བོད་མི་མང་སྤྱི་འཐུས་ཀྱི་གྲངས་འབོར་སྤར་ཆ། ཆེས་མཐོའི་ཁྲིམས་ཞིབ་ཁང་དང༌། ཁྲིམས་བཟོ་ལྷན་ཚོགས། འཛིན་སྐྱོང་བཀའ་ཤག་བཅས་མང་གཙོའི་ཀ་བ་གསུམ་གྱི་ཆ་ལག་མ་ཚང་བ་མེད་པ་གསར་འཛུགས་ཀྱིས་ཆབ་སྲིད་ཀྱི་ལམ་ལུགས་དང་། མང་གཙོའི་ཀ་བ་གསུམ་གྱི་ངོ་བོ་དང་། ལས་འགན་གཏན་འཁེལ་གྱིས་ཁྲིམས་ལུགས་ཀྱི་དབང་སྒྱུར་ལ་ཤུགས་སྣོན། སྤྱི་འཐུས་སྐབས་བཅུ་གཅིག་པ་ནས་བཟུང་སྤྱི་འཐུས་ཀྱི་གྲངས་ཚད་སྤར་ཆ་གནང་བ་དང་། བཀའ་བློན་རྣམ་པ་བོད་མི་མང་སྤྱི་འཐུས་ཀྱིས་འོས་འདེམས་གནང་རྒྱུའི་ལམ་སྲོལ་གཏོད། མང་གཙོའི་ཐོབ་ཐང་ཤ་ཁྲག་གི་འགྲོ་གྲོན་བཏང་སྟེ་འཐབ་རྩོད་བྱེད་མི་དགོས་པར་མགོན་པོ་གང་ཉིད་ནས་བཙན་ཐབས་སུ་གསོལ་རས་སྩལ་ཅིང་། མདུན་བསྐྱོད་ཀྱི་ལམ་སྟོན་རིམ་པར་མཛད་པ་འདི་ལྟ་བུ་ནི་འཛམ་གླིང་ཤར་ནུབ་ཀྱི་བྱུང་རབས་ལོ་རྒྱུས་ཐོག་ཧ་ལམ་བྱུང་མྱོང་མེད་པ་ཞིག་ཡིན།

ལྷག་པར་ཕྱི་ལོ་ ༢༠༠༡ ནས་བཟུང་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་བྱེད་པའི་ཐོབ་ཐང་སྩལ་བ་སོགས་མང་གཙོ་ཚད་ལྡན་གྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གནང༌། ཕྱི་ལོ་ ༡༩༩༣ ལོར་མང་གཙོའི་ལམ་ལུགས་དང་མཐུན་པའི་གལ་ཆེའི་བསྒྱུར་བཅོས་མཛད་ཁོངས་ནས་དེ་སྔ་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་རྣམས་༸གོང་ས་མཆོག་གིས་ཐད་བསྐོས་གནང་ལམ་ཡོད་ཀྱང་། དེ་ནས་བཟུང་མི་འགྲོའི་འོས་གཞིར་སྩལ་བར་སྤྱི་འཐུས་ལྷན་ཚོགས་ཀྱིས་འདེམས་བསྐོ་གནང་རྒྱུར་བསྒྱུར་བཅོས་མཛད། ཁྲིམས་ཞིབ་ཁང་ཡང་གསར་གཏོད་མཛད། ཕྱི་ལོ་ ༢༠༠༡ ལོར་མང་གཙོའི་ལམ་ལུགས་བཞིན་བོད་ཀྱི་ལོ་རྒྱུས་ནང་ཐེངས་དང་པོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འདེམས་བསྐོའི་སྲོལ་བཟང་གསར་གཏོད་མཛད། ཡང་སྒོས་ཕྱི་ལོ་ ༢༠༡༡ ལོར་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་འགོ་ཁྲིད་ལ་སྐུ་དབང་རྩིས་སྤྲོད་གནང་བ་སོགས་ཀྱི་མཛད་འཕྲིན་དག་ནི་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་ཤ་སྟག་ཡིན།

 

བ༽ དོལ་རྒྱལ་དམ་བསྒྲགས་དང་། བསྟན་པར་དག་ཐེར་མཛད་ཚུལ།

 

བོད་གཞུང་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་དང་། བོད་ལྗོངས་སྐྱེ་འགྲོའི་བདེ་སྐྱིད་ལ་གནོད་གཞི་ཆེ་བ་ལུང་རིགས་དང་། དག་སྣང་། ཉམས་མྱོང་ཀུན་མཐུན་ཚད་གྲུབ་ལ་བརྟེན། ༸རྒྱལ་མཆོག་ལྔ་པ་ཆེན་པོ་ནས་བཟུང་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་དབུས་ཚད་ལྡན་སྐྱེས་མཆོག་དུ་མས་དགག་བྱ་མཛད་མུས་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་བསྟན་འགྲོ་སྤྱི་བྱེར་གནོད་ཚབས་ཆེ་བ་དང་གཅིག ནང་པ་སངས་རྒྱས་པའི་བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་བསླབ་བྱར་འགལ་བ་དང་གཉིས། ཆོས་ལུགས་ཕན་ཚུན་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པར་གནོད་སྐྱོན་འབྱུང་བ་དང་གསུམ། ཡང་སྒོས་གསེར་སྦྱངས་བཙོ་མ་ལྟ་བུའི་འཇམ་མགོན་རྒྱལ་བའི་བསྟན་པ་ལ་རྨ་འབྱིན་ཆེན་པོར་གྱུར་པ་དང་བཞི། བོད་གཞུང་གི་ད་ལྟའི་ཆབ་སྲིད་ཀྱི་བཞེངས་ཕྱོགས་དང་འགལ་བ་དང་ལྔ་སོགས་དོལ་རྒྱལ་བསྟེན་གསོལ་བྱས་ན་དགེ་མེད་སྐྱོན་ཆེའི་ལོ་རྒྱུས་གནས་ཚུལ་ར་སྤྲོད་དང་། དགག་དགོས་རྒྱུ་མཚན་དུ་མར་གཟིགས་ནས་ཀུན་ཕན་དགོངས་བཞེད་ཀྱིས་མཛད་དཀའ་དུ་མ་ཁྱད་བསད་ཀྱིས་དོལ་རྒྱལ་བསྟེན་གསོལ་བྱས་ན་འཕྲལ་ཕུགས་ཀུན་ཏུ་གནོད་ཚབས་ཆེ་བའི་ལམ་སྟོན་གྱི་བཀའ་སློབ་ལན་གྲངས་བརྒྱ་ཕྲག་སྩལ་འདུག་པ་དེ་དག་ནི་དཔྱད་གསུམ་རྣམ་དག་གིས་གཏན་ལ་ཕབ་པའི་ཚད་མའི་བཀའ་ཡིན་ལ། སྐྱེ་འགྲོའི་འཕྲལ་ཡུན་གྱི་ཁེ་ཕན་དང་མཐུན་པར་རྒྱལ་བའི་བསྟན་པ་ལ་དག་ཐེར་མཛད་པ་ཞིག་དང་། ༸རྒྱལ་མཆོག་ལྔ་པ་ཆེན་པོ་ནས་བཟུང་ད་བར་སྐྱེས་ཆེན་དམ་པ་དུ་མས་དམ་བསྒྲགས་གནང་ནས་ལོ་ངོ་བཞི་བརྒྱར་ཉེ་བའི་རིང་གི་དོན་དངོས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་ཀྱིས་མི་མང་ལ་བླང་དོར་འཇུག་ལྡོག་གི་ལམ་སྟོན་གནང་བ་ཞིག་ཡིན།

 

མ༽ ཆོས་འཁོར་བསྐོར་ཞིང་། མཛད་འཕྲིན་གྱི་སྙིང་པོ་དང་། གསུང་གི་མཛད་པ།

 

དེ་ཡང་འཁྲུངས་རབས་གསོལ་འདེབས་ལས། འཛམ་གླིང་ཀུན་གྱིས་བཀུར་ཞིང་དུས་འཁོར་དངོས། །བསྟན་འཛིན་རྒྱ་མཚོའི་ནོར་བུར་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། ད་བར་ཕྱི་ནང་གི་གདུལ་བྱ་འབུམ་ཕྲག་མང་པོར་དམ་པའི་ཆོས་ཀྱིས་འཁོར་ལོ་རྒྱུན་མི་ཆད་དུ་བསྐོར་བར་མཛད་པར་མ་ཟད། ལྷག་པར་ས་དགེ་བཀའ་རྙིང་གི་སྐྱེས་ཆེན་དམ་པ་ཉི་ཤུ་ལྷག་རིགས་ཀྱི་ཅོད་པན་དུ་བཀུར་ནས་དབང་ལུང་མན་ངག་གི་གདམས་པ་བུམ་པ་གང་བྱོའི་ཚུལ་དུ་བཞེས་ཏེ་རིས་མེད་རྒྱལ་བསྟན་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གྱི་མཛད་བཟང་བསམ་བརྗོད་ལས་འདས་པ་བསྐྱངས་ཐོག ཡང་སྒོས་ཕྱི་ལོ་ ༡༩༥༤ ཟླ་བ་ ༥ པར་ལྷ་ལྡན་ནོར་གླིང་བསྐལ་བཟང་ཕོ་བྲང་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་དང་པོ་སྩལ་བ་ནས་ད་བར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ལན་གྲངས་  ༣༤ གནང་སྟེ་དད་ལྡན་གྱི་སྐྱེ་འགྲོ་ཁྲི་འབུམ་མང་པོའི་རེ་འདོད་སྐོང་བར་མཛད།

མདོར་ན་༸གོང་ས་མཆོག་གི་ཆོས་སྲིད་ཀྱི་མཛད་འཕྲིན་མཐའ་དག་བསྟན་པ་རྒྱས་ཞིང་འགྲོ་ཀུན་བདེ་བ་དང༌། ལྷག་པར་བོད་དོན་བདེན་མཐའ་གསལ་ལ་ཉེ་བའི་གཞི་རྩ་དམ་པར་གྱུར་ཏེ་དེང་གི་སྐབས་སུ་གངས་ཅན་བོད་མི་ཡོངས་རྫོགས་འཛམ་གླིང་སྐྱེ་བོ་ཀུན་གྱི་ཁྲོད་དུ་མགྲིན་པ་གཟེངས་སུ་བསྟོད་པའི་གཟི་བརྗིད་ཀྱི་དཔལ་ཡོན་རྒྱས་པ་འདི་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ཁོ་ན་ཡིན། དེ་ཡང་འཁྲུངས་རབས་གསོལ་འདེབས་ལས། ༸རྒྱལ་མཆོག་ཡོངས་ཀྱི་མཛད་བཟང་ཁྱེད་གཅིག་པུས། །བདག་གིར་བཞེས་ནས་ཐུབ་བསྟན་ཡིན་ནོ་ཅོག །རིས་མེད་འཛིན་སྐྱོང་སྤེལ་ལ་མཐུ་ཐོབ་པ། །འཇམ་དཔལ་ངག་གི་དབང་པོར་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། ༸གོང་ས་མཆོག་གི་ཆོས་ཕྱོགས་ཀྱི་མཛད་པ་ནི་༸རྒྱལ་མཆོག་སྐུ་ཕྲེང་གོང་མ་རིམ་བྱོན་གྱི་མཛད་པ་མཐའ་དག་ཕྱོགས་གཅིག་ཏུ་བསྡོམས་པ་ལས་ཆེས་ལྷག་པ་དང་། ལྷག་པར་དུ་སྲིད་ཕྱོགས་ཀྱི་མཛད་འཕྲིན་ནི་དེ་དག་ལས་ཀྱང་ལྡབ་འགྱུར་གྱིས་ཆེས་ཆེར་བརྒལ་ཏེ་གང་གི་གདུལ་བྱ་གངས་ཅན་པ་རྣམས་སྨོས་ཅི། འཛམ་གླིང་ཤར་ནུབ་ཀྱི་སྐྱེ་བོ་འབུམ་ཕྲག་དུ་མ་གང་གི་གདུལ་བྱར་གྱུར་ཅིང་། འཇིག་རྟེན་འདིའི་སྐྱེ་རྒུ་མཐའ་དག་གིས་གཙུག་ཏུ་བཀུར་བའི་ཞི་བདེའི་དེད་དཔོན་ཆེན་པོ་ཉག་ཅིག་ཏུ་གྱུར་པ་གཟུར་གནས་ཀུན་གྱིས་མངོན་སུམ་དུ་མཇལ་བཞིན་པ་འདི་ག་ལགས་སོ།།

ལྗགས་རྩོམ་ལ་མཚོན་ནའང་། བགྲང་གིས་མི་ལང་པ་འགྲོ་བའི་རྨོངས་མུན་སེལ་བའི་ཉི་མ་ལྟ་བུར་མཛད་པས་༸གོང་ས་མཆོག་ནི་བོད་འབངས་ཙམ་མིན་པར་འཛམ་གླིང་གི་སྐྱེ་རྒུ་ཡོངས་ཀྱི་ཁོག་པའི་སྙིང་དང་། དཔྲལ་བའི་མིག །མགོན་མེད་རྣམས་ཀྱི་མགོན་དང་། སྐྱབས་མེད་རྣམས་ཀྱི་སྐྱབས། དཔུང་གཉེན་མེད་པ་རྣམས་ཀྱི་དཔུང་གཉེན་དམ་པ་སྟེ། འཛམ་གླིང་ཞི་བདེའི་དེད་དཔོན། བོད་ཀྱི་བསྟན་སྲིད་རང་དབང་བཅས་པའི་སྲོག་ཤིང་ལགས་པ་ནི་མཛད་རྗེས་རྒྱ་མཚོའི་ནང་གི་ཆུ་ཐིགས་བཞིན་མདོར་བསྡུས་སུ་བཀོད་པ་འདི་ལྟར་ལགས་སོ།། །།

[1] ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༧ ཉིན་དུས་དབང་ཐེངས་སོ་གཉིས་པའི་སྐབས་རྡོར་གདན་དུ་སྩལ་པའི་བཀའ་སློབ།

[2] ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༥ ཉིན་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་སེར་སྐྱ་ཞལ་གྲངས་ཉིས་ཁྲི་བརྒལ་བར་དོལ་རྒྱལ་སྐོར་བླང་དོར་གྱི་བཀའ་སློབ་སྩལ།

[3] དུང་དཀར་ཚིག་མཛོད་ལས། ཚེས་ ༡༤ ཉིན་ཀྲང་ཅིང་ཨུ་གྲོ་མོར་འབྱོར་ཏེ་དུང་དཀར་དགོན་དུ་ཏཱ་ལའི་བླ་མ་དང་ཞལ་འཛོམས་བྱུང་ཞེས་གསལ།

༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་སྙིང་བསྡུས་གསེར་གྱི་ཕྲེང་བ་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།