དགུང་གསར་མཛད་སྟོན་གནའ་བོའི་ཉམས་བཟང་།

དགུང་གསར་མཛད་སྟོན་གནའ་བོའི་ཉམས་བཟང་།

དགུང་གསར་མཛད་སྟོན་གནའ་བོའི་ཉམས་བཟང་།

 

དེ་སྔ་སྐལ་བཟང་ལུགས་བཟང་རང་ཡུལ་རང་ལག་ཏུ་ཡོད་པའི་སྐབས་གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོའི་དགུང་གསར་མཛད་སྟོན་བསྟར་རིམ་གྱི་བྱེད་སྒོ་ཁག་རོབ་ཙམ་བརྗོད་ན། བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་ཤར་ཙམ་ནས་དགུང་གསར་གྲ་སྒྲིག་གནང་དགོས་མང་དག་ཅིག་ཡོད་པའི་ནང་ནས་གལ་ཆེ་རིག་ཁག་ནི་རྩེ་ཞོལ་གཉེར་ཚང་ནས་ཐུགས་འགན་འོག་ཤར་ནུབ་གཟིམ་ཆུང་ཁག་དང་། ཚོམས་ཆེན་ཁག་ནང་སྒྲིག་གཤོམ་གནང་དགོས་སྡེར་ཁ་དང་། བཞེས་ཏོག་སོགས་བཞེས་སྤྲོ་བསྲེགས་སྦྱོར་གྱི་གནང་སྒོ་དང་། རྣམ་གྲྭ་བཀྲས་ཁང་སྡེ་པའི་ཐུག་འགན་འོག་གསར་མཆོད་ཁག་དང་། རྩེ་སྒྲོ། ལུག་མགོ་སོགས་མཆོད་སྣའི་རིགས་གསར་བཞེངས་དབུ་འཛུགས་གནང་གི་ཡོད། བོད་ཟླ་བཅུ་གཉིས་པའི་ཉི་ཤུ་གསུམ་ནས་ཉེར་དགུ་བར་རྣམ་གྲྭ་འདུས་ཚོགས་ནས་རྩེ་དགུ་གཏོར་ཆེན་མོའི་སྒྲུབ་པ་དབུ་འཛུགས་གནང་ཞིང་། ཉི་ཤུ་དགུའི་ཉིན་གཞུང་འབངས་ཀྱི་ལོ་གེགས་ཟློག་པའི་དགུ་གཏོར་ཆེན་མོ་འཆམ་དང་བཅས་པ་ལེགས་པར་གྲུབ།

བོད་ཟླ་བཅུ་གཉིས་པའི་གནམ་གང་ཉིན་སྐུ་བཅར་གསོལ་གཟིམ་ཆོས་གསུམ་གྱི་ཐུགས་ཞིབ་འོག་གཟིམ་དགག་དང་གཟིམ་ཆུང་གད་པ་ནས་གཟིག་ཆུང་ཁག་གི་མཆོད་རྫས་དང་བཞུགས་གདན་སྒྲོན་རྒྱག མཆོད་པ་དང་གྲོ་སོ་ཕྱེ་མར་སོགས་སྒྲིག་གཤོམ་གནང་སྒོ་ཁག་དང་། རྩེ་གདན་གཉེར་ནས་ནུབ་རྒྱུད་གཟིམ་ཆུང་དང་། ཚོམས་ཆེན་ཁག་ཏུ་བཞུགས་ཁྲི་རིན་པོ་ཆེ་སྒྲོན་འབུལ་འོག སྲིད་སྐྱོང་དང་སྲིད་བློན། ཡོངས་འཛིན་རྣམ་གཉིས། བཀའ་ཤག ཡབ་གཞིས་སྐུ་ངོ་རྣམ་པ། རྩེ་ཤོད་དྲུང་རིགས་སེར་སྐྱ་བཅས་པའི་གདན་ཐོབ་གཞིར་བཟུང་མཛད་སྟོན་བཞུགས་གདན་སྒྲོན་འབུལ་གནང་། ཕོ་བྲང་དབུ་རྩེའི་ཡང་སྟེང་དུ་རྣམ་གྲྭ་བཀྲས་ཁང་སྡེ་པ་ནས་བླ་མ་ལོ་གསར་གྱི་མཆོད་པ་དང་། ཕྱི་ནང་གི་ཧོ་ཐོག་ཐུ་དང་། ཚོགས་ཆེན་སྤྲུལ་སྐུ། གདན་གསུམ་མཁན་པོ་སོགས་ཕེབས་རིགས་ཁག་གི་གདན་ཐོབ་བཞུགས་གྲལ་སོགས་གྲ་སྒྲིག་དང་། རྩེ་གསོལ་ཐབ་ནས་གཟིམ་ཆུང་བཞེས་སྤྲོ་སྒྲིག་གཤོམ། རྩེ་ཤོད་གཉེར་ཚང་དང་འབྲེལ་ཡོད་ཁག་ནས་ནུབ་རྒྱུད་གཟིམ་ཆུང་ཁག་དང་ཚོམས་ཆེན་ཁག་གི་དཀར་སྤྲོ་དང་མཆོད་རྗས་སྒྲིག་གཤོམ་སོགས་གནང་སྒོ་ཁག་དམ་དོན་དགོས།

དགུང་གསར་མཛད་སྟོན་ཉིན་དང་པོ་བླ་མ་ལོ་གསར།

 

དགུང་གསར་ཚེས་གཅིག་ཉིན་གསོལ་དཔོན་སྐུ་བགྲེས་བརྒྱུད་༧གོང་ས་ཆེན་པོར་བཀའ་འཁྲོལ་སྔོན་ཞུས་ལྟར་ཕྱག་ཚོད་གཉིས་པར་བཞེང་བརྡ་ཕུལ་མཚམས་ཕོ་བྲང་དམར་པོའི་དབུ་རྩེ་ནས་རྣམ་གྲྭས་དུང་རྒྱ་དང་གར་རོལ་པས་བཞེངས་བརྡ་རྡར་མ་དང་སུར་སྣ་བཏང། བོད་ལྗོངས་ཆོས་སྲིད་གཉིས་ཀྱི་མངའ་བདག་༸གོང་ས་༸སྐྱབས་མགོན་ཆེན་པོོ་མཆོག་སྐུ་བཞེངས་ཞལ་བསིལ་སྐུ་འཁྲུས་མཛད་གྲུབ་དང་བསྟུན་ན་བཟའ་བླ་ཆས་གཟབ་བཞེས་གྲུབ་མཚམས། གསོལ་དཔོན་མཁན་པོས་སྣེ་དྲངས་དགུང་གསར་མཛད་སྟོན་གསོལ་བཞེས་ཁག་རིམ་ཕེབས་དང་། སྙན་གསན་གསུམ་པ་གྲུབ་མཚམས་སྐྱ་སེར་སྲི་ཞུ་བའི་འཐུས་ཚབ་ཞབས་པད་ཁྲི་པ་དང་། སྐུ་བཅར་སྤྱི་ཁྱབ་མཁན་པོ་གཉིས་ནས་ཕྱག་འདྲེན་ཐོག་དཔལ་ལྡན་འདོད་ཁམས་བདག་མོའི་ཚེས་གཏོར་འབུལ་ཡུལ་དུ་ཞབས་སོར་འཁོད། སྲིད་བཀའ་དང་། ཡོངས་འཛིན་རྣམ་གཉིས་སོགས་ཆོས་སྲིད་ཀྱི་བླ་དཔོན་ཆེ་ཁག་ནས་མཇལ་ཕྱག་གྲུབ་བསྟུན་རྣམ་གྲྭ་གསུང་ཞབས་པས་ཚེས་གཏོར་དབུ་འཛུགས་དང་འབྲེལ་རྣམ་གྲྭ་བཀྲས་ཁང་སྡེ་པ་ནས་ཚོགས་མཆོད་བཞེས་སྤྲོ་རིམ་འདེགས། དབུ་མཛད་ནས་ཚེས་གཏོར་གསུང་བསྐང་རིམ་འདོན་གྱིས་བསྐང་ཆོག་གྲུབ་མཚམས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྤྱན་རྒྱ་སྤོས་འཛིན།ཕེབས་རས།ཕྱག་འཐེན་སོགས་གོང་བཞིན་གདན་ཞུས་ཀྱིས་རྩེ་གཟིམ་ཆུང་ས་གསུམ་དང་། བདེ་ལྡན་འཁྱིལ། འཕགས་པ་རིན་པོ་ཆེར་གནས་གཟིགས་དང་བཅས་གཟིམ་ཆུང་ཉི་འོད་བརྒྱུད་གཟིམ་ཆུང་དགའ་ལྡན་ཡང་རྩེར་ཞབས་སོར་འཁོད་གནང་མཛད་རྗེས། དྲུང་ཇ་དང་བཞེས་ཐུག་གྲོ་ཐུག ཕྱེ་མར་སོགས་མདོ་སྦུག་ཁྱད་མེད་རིམ་ཕེབས་ཐོག་སྲིད་བཀའ་སོགས་སྐུ་ངོའི་གདན་ཐོབ་རྣམས་གཟིམ་ཆུང་ཉི་འོད་དུ་སྟན་ཐོག་བཞེངས་མུར་རྩེ་སྐོར་ལས་ཚན་ཡན་ནས་ཕན་ཚུལ་བཀྲ་ཤིས་བདེ་ལེགས་ཞུས་གནང་སོགས་ཕྱག་འབུལ་དང་སྣེ་སྤྲོད་མཇལ་དར་བཞེས་སྤྲོད་རིམ་མཛད་ཐོག་ཞོགས་པའི་གསོལ་ཚིགས་འདེགས་འབུལ་ཞུས།

གསོལ་ཚིགས་གྲུབ་བསྟུན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྔར་བཞིན་གདན་ཞུས་ཀྱིས་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་ཀྱི་གསེར་ཁྲི་ཆེན་མོར་༸ཞབས་སོར་འཁོད་འཕྲལ་སྲིད་སྐྱོང་དང་སྲིད་བློན། ཡོངས་འཛིན་རྣམ་གཉིས་སོགས་ཆོས་སྲིད་ཀྱི་སྐྱ་སེར་གདན་ཐོབ་རྣམ་པ་དང་། སྲི་ཞུ་ལས་ཚན་ཁག་སོགས་ནས་རྟེན་གསུམ་འདེགས་འབུལ་དང་མཇལ་ཕྱག་རིམ་ཞུས་ལ་ཕྱག་དབང་སྩལ། མཛད་བསྟུན་གསོལ་ཇ་བཞེས་འབྲས་སོགས་རིམ་ཕེབས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ནང་ཧོ་ཐོག་ཐུ་དང་འབྲས་སེ་དགའ་གསུམ་གྱི་སློབ་དཔོན་ལས་སྣེ་འདུས་དམངས་དང་བཅས་པར་ཁམས་བཟང་བཀའི་འཚམས་འདྲི་མགྲོན་ཆེ་བརྒྱུད་བསྐྱངས་པར། མགྲོན་ཆེ་ནས་ཁུངས་སོ་སོར་བཀའ་སྒྱུར་ཞུས་ལན་གནང་། མཚན་ཞབས་རྣམ་པ་བརྒྱུད་སྔོན་ནས་གོ་སྒྲིག་ལྟར་གདན་སའི་མཁན་པོ་གཉིས་ནས་མགྲོན་ཆེའི་བརྡ་བསྟུན་བགྲོ་གླེང་ཚུགས། ཚོམས་ཆེན་ཀ་རིང་གཡས་གཡོན་དུ་དབང་གྲུམ་གྲུ་བཞི་རེ་བཏིང་ཐོག་རྩེ་སྐོར་དཀྱུས་མ་གཉིས་ནས་འབེལ་གཏམ་ཞེས་ཚུགས་པའི་བར་མཚམས་སུ་བཀྲ་ཤིས་པའི་ཚིགས་བཅད་དབྱངས་སུ་སྒྲོགས།བགྲོ་གླེང་མཚམས་བཞག གར་འཁྲབ་འབུལ་ཞུས་ཟིན་མཚམས་གོ་བབ་དང་བསྟུན་དཀར་སྤྲོ་བཞེས་ཏོག་གསོལ་སྩལ་རིམ་བགོས་གནང་། ཀར་ཁྲི་སྒྲོག་ནས་ཉིན་དང་པོའི་བླ་མ་ལོ་གསར་མཛད་སྟོན་གྲུབ།།

 

དགུང་གསར་མཛད་སྟོན་ཉིན་གཉིས་པ་རྒྱལ་པོ་ལོ་གསར།

 

ཞོགས་པའི་ཕྱག་ཚོད་དགུ་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་གདན་ཞུས་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་ཀྱི་གསེར་ཁྲི་ཆེན་མོར་༸ཞབས་སོར་འཁོད་འཕྲལ། རིན་ཆེན་རྒྱན་ཆ་བ་རྣམས་དང། རྣམ་གྲྭ་དབུ་སློབ་གསུང་ཞབས་བཅས་ནས་བཞུགས་ཁྲི་ཆེན་མོའི་སྐུ་མདུན་དུ་ལངས་སྟབས་གྲལ་བསྟར། བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད། རྒྱལ་སྲིད་སྣ་བདུན་སོགས་ཞལ་འདོན་རོལ་དབྱངས་ཀྱིས་ཚིག་མཚམས་སོ་སོར་རིན་རྒྱན་ཁྲི་པ་ནས་རིམ་འབུལ་ཞུས་རྗེས་ཚང་མས་སྐུ་ཕྱག་ཕུལ་ཏེ་བཀའ་བློན་བགྲེས་པ་ནས་གཞུང་གནས་ཀྱི་རྟེན་གསུམ་འདེགས་འབུལ། མཚན་ཞབས་རྣམ་པས་གོ་སྒྲིགས་སྔོན་ཞུས་ལྟར་ལྷ་རམས་དམ་བཅའ་བ་དགེ་བཤེས་དྲག་གྲས་གཉིས་ནས་བགྲོ་གླེང་ཚུགས། སྲིད་སྐྱོང་དང་ཡོངས་འཛིན་རྣམ་གཉིས་ལ་དབུ་གཏུགས་མཛད། ཞབས་པད་རྣམ་པ། ཡབ་གཞིས་སྐུ་ངོ་རྣམ་པ། ཛ་དར། ཏཱ་ཐའི། ནང་མ་མཁན་སྡེ་ཆེ་ཆུང། ཕོགས་མདའ་རྩིས་ཕྱག།སྲས་རྣམ་པ། མཚན་ཞབས་རྣམ་པ། རྩེ་ཤོད་ལས་དཀྱུས། དྲུང་གཏོགས། ལྷ་སྡོད་དམག་སྒར་ཁག་གི་རུ་བརྒྱ། རྩེ་རིག་གནས་དགེ་སློབ། རྩེ་ཤོད་ཕྱག་ནང། རྩེ་གཉེར། ཞོལ་གཉེར། ལྷ་གཉེར་གསུམ་གྱི་ནང་གཟན། སྒོ་ར་ཁང་གཉེར་ཁག གར་རོལ་པ། ཞོལ་ཆིབས་རའི་འགོ་ཡན་ཨ་དྲུང། གཟིམ་དྲེལ་དང་ཆབ་དྲེལ་ལག་རྡོ་སོགས་ཁོངས་གཏོགས་བཅས་ནས་གོ་བབས་ཀྱི་མཇལ་དར་ཕུལ་བར་ཕྱག་དབང་སྩལ། ཞབས་པད་མན་ལ་སྲུང་འཕྲལ་གཡོགས། མུ་འཐུད་ལྷ་སྡོད་དབྱིན་ཇིའི་གཞུང་ཚབ་རི་ཅར་སན་ངོ་ལས་དང། རྒྱ་མིའི་གཞུང་ཚབ་ཅང་ཚག་ཉིད་ངོ་ལས། གོརྵའི་སྐུ་ཚབ་ངོ་ལས། འབྲུག་ལོ་ཕྱག་པ། ལ་དྭགས་ཧི་མི་མཛོད་པ། ཁ་ཆེའི་འགོ་པ་ལས་ཚན་ངོ་ལས་བཅས་ནས་གོ་བབས་ཀྱི་མཇལ་དར་རེ་ཕུལ་ཏེ་རང་ལུགས་ས་ལམ་གུས་འདུད་ཞུས་ནས་རང་རང་གདན་ཐོབ་ཐོག་འཁོད།

གྲལ་འཕྲོས་པ་རྩེ་དྲུང་གཉིས་ནས་དབང་གདན་གྲུམ་རྩེའི་གདན་ཐོག་འཁོད་ནས་བཀྲ་ཤིས་པའི་འབེལ་གཏམ་ཚུགས། རིན་རྒྱན་མགྲོན་ཆེས་སྣེ་འཁྲིད་ཀྱིས་གསོལ་ཇ་ཕེབས་པ་རིན་རྒྱན་གསོལ་ཆེས་གསོལ་སེལ་ཞུས་ཏེ་སྐུ་བཅར་གསོལ་ཆེའི་ཕྱག་ཏུ་ཕུལ། སྐུ་བཅར་གསོལ་དཔོན་སྐུ་གཞོན་ནས་གསོལ་སེལ་ཞུས། རིམ་བཞིན་ཚང་མར་གསོལ་ཇ་ཕེབས། རྒྱལ་ཁབ་ཁག་གི་སྐུ་ཚབ་མི་སྣར་དཀར་རྩིས་པས་དཀར་ཡོལ་བཀྲམ། རྩེ་མཁན་མགྲོན་ཆེ་བས་བཞུགས་ཁྲིའི་སྐུ་མདུན་དུ་ཕྱེད་གཟན་ཕབ་སྟེ་གུས་འདུད་ཞུ་མུར་༸གོང་ས་མཆོག་ནས་གུང་བཀའ་བློན་མི་དྲག་རྣམས་དང་ལྷ་སྡོད་ཕྱི་རྒྱལ་གཞུང་ཚབ་ཁག་བཅས་པར་༸གོང་ས་༸སྐྱབས་མགོན་ཆེན་པོས་ཁམས་བཟང་པོ་བྱུང་ངམ་ཞེས་བཀའ་འཚམས་བསྐྱངས་པར་མགྲོན་ཆེས་ཁུངས་སོ་སོའི་གྲལ་གདོང་དུ་ཕེབས་ཏེ་ཕྱག་བརྡས་བཀའི་འཚམས་འདྲི་བསྐྱངས་པར་རང་རང་སོ་སོའི་གདན་ཐོབ་ནས་ལངས་སྟབས་ཀྱིས་གུས་འདུད་ཞུས་པར་སླར་ཡང་བཞུགས་ཁྲི་ཆེ་མོའི་སྐུ་མདུན་མགྲོན་ཆེས་བཀའ་འཚམས་ཀྱི་བཀའ་ལན་ཐུགས་རྗེ་ཆེ་ཞུ་འབུལ་ཚུལ་ཕྱེད་གཟན་ཕབ་ནས་གུས་འདུད་ཞུས། དེ་འཕྲལ་མགྲོན་ཆེའི་བརྡ་དང་བསྟུན་བགྲོ་གླེང་པ་མཚམས་བཞག་སྟེ་གར་རོལ་པས་མཆོད་གར་འཁྲབ་འབུལ་ཞུས། རིན་རྒྱན་མགྲོན་གསོལ་ནས་བཞེས་འབྲས་ཕེབས་པ་གོང་བཞིན་འདེགས་འབུལ་ཞུས། མགྲོན་ཆེའི་བརྡ་དང་བསྟུན་བགྲོ་གླེང་པ་བརྗེ་ལེན་བྱས། མཇལ་ཐེངས་གཉིས་པར་བཀྲས་ལྷུན་བླ་བྲང། ས་སྐྱ། རྡོ་བྲག།སྨིན་གླིང། འབྲི་གུང་། འབྲུག་གསང་གླིང། མཚུར་ཕུ། རྩེ་ཤོད་ཞབས་གསར་བ་ཁག་བཅས་ནས་རྟེན་གསུམ་འདེགས་འབུལ་དང་འབུལ་དངོས་བསྟར། མུ་མཐུད་འབྲས་བུ་གླིང་གི་མཆོད་སྤྲིན་གར་པ། གཞུང་སོག སྐྱ་དར་བ།འཇུ་ལང་པ། དབུས་གཙང་ཚོ་ཆེན་བཅས་མཇལ་བཅར་ལ་ཕྱག་སྲུང་སྩལ། འབྲས་བུ་གླིང་པས་གར་རོལ་པ་རྣམས་ནས་རིན་སྤུངས་ངག་དབང་འཇིགས་མེད་གྲགས་པའི་གཟིགས་སྣང་དུ་རྗེ་བཙུན་མི་ཕམ་མགོན་པོ་མཇལ་བས་ལྷ་དང་ཀླུ། དྲི་ཟ། མིའམ་ཅི།ལྟོ་འཕྱེ་ཆེན་པོ།ནམ་མཁའ་ལྡིང་། གནོད་སྦྱིན་ཀུན་ཏུ་དགའ་བ། ཤིས་བརྗོད་དགའ་བ་འཁྱིལ་བ་སྟེ་རྣམ་པ་བརྒྱད་པོའི་འདྲ་བརྙན་གྱི་གཟུགས་ཆས་སྤྲས་ཏེ་མཆོད་སྤྲིན་གྱི་རོལ་མོས་བསྟོད་དབྱངས་དང་། མཆོད་གར་བཅས་པ་རྔ་དུང་གི་སྒྲ་དང་བསྟུན་གཟིགས་འབུལ་ཞུས་པར་འཁྲབ་མཚམས་སོ་སོར་གར་དཔོན་ནས་གླིང་བུའང་མཉམ་གཏོང་ཞུས། གར་གཉིས་པ་གར་ཕྲུག་རྒན་པ་བཞི་ནས་ལག་གཉིས་ཀར་གྲི་དཔའ་དམ་རིང་བ་རེ་ཐོགས་ཏེ་གྲི་གར་གཟིགས་འབུལ་ཞུས།གསོལ་བསྐང་ཤིང་འབྲས་དཀར་སྤྲོ་སོགས་སྔ་ཉིན་ཚེས་གཅིག་ལས་རྒྱས་པ་སྒོ་སྒྲིག་ཞུ་སར་རིན་རྒྱན་ཁྲི་པ་དང་བཀའ་བློན་ཕེབས་རེས་ནས་གཟིགས་ཞིབ་སྒྲིག་གཤོམ་ཞུས། གསོལ་ཚིགས་ཆེ་མོ་དང་བཞེས་ཐུག་བཅས་ཕེབས་པ་འབུལ་བཞེས་སོགས་སྔ་ཉིན་ལྟར་དང་གར་དཔོན་ཅན་ནས་འཇམ་རོལ་ཕུལ། གསོལ་བསྐངས་བཀྱེ་ཆོག་ཞུས་ཏེ་སྐུ་མགྲོན་ཁག་ལ་རྩེ་མགྲོན་རྣམས་ནས་གསོལ་བསྐང་སྩལ་རྗེས་མང་ཚོགས་ལ་སྡེར་མཆོངས་གསོལ་རས་སྩལ། གསོལ་ཇ་གཉིས་པ་ཕེབས་། ཀ་ཁྲི་སྒྲོག སྤྱན་སྤོས། ཕྱག་འདྲེན་ཕེབས་བརྡ་སོགས་གོང་བཞིན་གདན་ཞུས་ཀྱིས་གཟིམ་ཆུང་ཉི་འོད་བརྒྱུད་དགའ་ལྡན་ཡང་རྩེར་གདན་ཞུས། རིན་ཆེན་རྒྱན་ཆ་བ་རྣམས་ནས་རང་རང་གི་ལས་གོས་གྱོན་ནས་རྩེ་གཟིམ་འགག་ཏུ་འགག་མཇལ་སྩལ། འདི་ཉིན་ཞོལ་རྡོ་རིང་ནང་མར་ཤེལ་དཀར་ལུང་ནང་པ་ནས་སྔར་སྲོལ་གནམ་བྲོ་ཐག་རྩེད་ཞེས་པའི་ཤིང་རྩེད་གཟིགས་འབུལ་ཞུས་པར་ལྷ་ཞོལ་སོགས་མི་མང་ཇི་སྙེད་མཇལ་བཅར་དང་ཆབས་ཅིག་ཡོང་སྲོལ་ཡོད།།

རྒྱལ་ཀུན་སྙིང་རྗེའི་རོལ་མཚོ་གཅིག་འདུས་སྐུ།།

འགྲོ་རྣམས་གྲོལ་ཕྱིར་ལུགས་གཉིས་ཁྲིར་བཞེངས་པ།།

ཁམས་གསུམ་འགྲོ་བའི་མགོན་པོ་སྤྱན་རས་གཟིགས།།

གངས་ལྗོངས་སྐྱེ་རྒུའི་དཔལ་དུ་ཉི་ཟླ་བཞིན།།

 

གནའ་རབས་མེས་པོའི་སྲོལ་བཟང་ལེགས་རྒྱུད་པ།།

གནམ་བསྐོས་དགའ་བ་བརྒྱ་ལྡན་གཞུང་བཟང་པོ།།

ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་ཁབ་ཅེས།།

སྲིད་ན་གྲགས་པའི་བ་དན་ཕྱོགས་བཅུར་གཡོས།།

 

བཟང་པོའི་ཁྲིམས་ལྡན་ཡ་རབས་གོམས་པའི་གཤིས།།

ཆུ་གཉེར་རིམ་རྒྱུད་བཏུང་བས་རབ་འཚོ་བའི།།

འབངས་རྣམས་བདེ་ཞིང་ཆོས་སྲིད་དབུ་འཕང་མཐོ།།

གཞུང་བཟང་གནམ་གྱི་ཀ་བར་ལེགས་འབྱོར་ཤོག།།

 

ཅེས་གཞུང་ས་དགའ་ལྡན་ཕོ་བྲང་པའི་དགུང་གསར་མཛད་སྟོན་ལས་བླ་མ་ལོ་གསར་དང་། རྒྱལ་པོ་ལོ་གསར་ཉིན་གཉིས་ཀྱི་མཛད་རིམ་ཁག་གནའ་རབས་གཞུང་ཞབས་སྐུ་བགྲེས་ཁག་གི་ཞལ་རྒྱུན་ལས་མདོར་བསྡུས་ཤིག་བཏུས་ཏེ་ཡི་གེར་ཕབ་པ་འདི་ཡང་འཆར་ཉེའི་དགུང་གསར་མཛད་སྟོན་དང་སྟབས་བསྟུན་གཙོ་བོ་རང་རིགས་ན་གཞོན་དོན་གཉེར་བ་ཚོར་ལོ་རྒྱུས་ཤེས་བྱའི་དགའ་སྟོན་དུ་ཕུལ་བ་ལགས་སོ།།

 

 

བརྒྱུད་སྐུལ།

མཆན་སྤེལ།