༸རྒྱལ་བའི་བཀའ་དྲིན་ཉིན་བྱེད་སྣང་བ་ལས་བོད་ཁམས་སྤྱི་ལ་བཀའ་དྲིན་ཆེ་བ།

༸རྒྱལ་བའི་བཀའ་དྲིན་ཉིན་བྱེད་སྣང་བ་ལས་བོད་ཁམས་སྤྱི་ལ་བཀའ་དྲིན་ཆེ་བ།

བོད་ཁམས་སྤྱི་ལ་བཀའ་དྲིན་ཆེ་བ།

རི་མཐོ་ས་གཙང་མི་དཔའ་བའི་པུར་རྒྱལ་བོད་ཀྱི་རྒྱལ་ཁམས་ཆེན་མོ་འདིའི་སྤྱི་ཚོགས་ཀྱི་དཔལ་ཡོན་ལ་དར་གུད་སྣ་ཚོགས་བྱུང་བའི་ཁྲོད། སྐབས་འགར་ཆིག་སྒྲིལ་གྱི་རྨུ་ཐག་གངས་རིའི་མུ་ཁྱུད་དང་འབྲེལ་ཞིང་། ལ་ལར་མཐུན་སྒྲིལ་གྱི་གོམ་ཁ་སྒོ་ཐེམ་ནས་མ་གྲོལ་བའི་སྐབས་ཀྱང་ཡོད། གང་ལྟར་ཡང་འཇིག་རྟེན་ཤར་ནུབ་ཀྱི་ཡུལ་ཁམས་སྤྱི་དང་མཐུན་པར་ལོ་ངོ་སྟོང་ཕྲག་མང་པོའི་དཔལ་ཡོན་ལྡན་པའི་མི་རིགས་ཤིག་ཡིན། བོད་ཁམས་སྤྱི་ལ་དབང་བཙན་པའི་པུར་རྒྱལ་བཙན་པོའི་གདུང་ཆད་པ་ནས་བཟུང་ཡུལ་ཁམས་གཞན་གྱི་དཔུང་སྟོབས་ལ་མ་བརྟེན་པར་རང་ཡུལ་སྟོབས་ཀྱིས་སྐྱོང་བའི་ལྷ་མིའི་དབང་པོ་སུ་ཡང་བྱུང་སྙམ་པའི་ཡིད་གཏད་འཕེར་བ་མ་བྱུང་ཞིང་། ལྷག་པར་ས་ཕག་རིམ་གཙང་དང་དགའ་ལྡན་ཕོ་བྲང་གི་གཞུང་འཛིན་རིམ་པའི་སྲིད་རྗེས་ལ་ཞིབ་ཏུ་བསམ་ཚེ་རྒྱལ་ཁབ་ཅིག་གིས་ལུགས་སྐྱོང་བའི་མཛད་རྗེས་ངོ་སོ་ལྷག་ཏུ་ཐོན་པ་མ་བྱུང་ཡང་རྒྱལ་ཁབ་ཀྱི་ངོ་བོ་མ་བརླག་ཙམ་དུ་གནས་ཐུབ་པ་བྱུང་།  ༸གོང་ས་སྐུ་ཕྲེང་ལྔ་པ་ནས་བཅུ་བཞིའི་བར་ལུགས་གཉིས་རང་དབང་རང་སྟོབས་ཀྱིས་སྐྱོང་བ་ནི་༸གོང་ས་ལྔ་པ་ཆེན་པོ་དང་༸གོང་ས་བཅུ་གསུམ་པ་ཆེན་པོ་གཉིས་ཙམ་ལས་མ་བྱུང་ཞིང་། ལུགས་སྐྱོང་བའི་བྱ་བ་ནི་རིམ་པ་བཞིན་དུ་སྡེ་སྲིད་དང་། མི་དབང་། རྒྱལ་ཚབ། སྲིད་སྐྱོང་སོགས་ཀྱིས་དབང་ཆར་གྱུར། དེ་དག་ཕལ་ཆེ་བས་རང་གི་དབང་སྒྱུར་བརྟན་པོར་གནས་ཕྱིར་ཁྱིམ་མཚེས་རྒྱལ་ཁབ་གཞན་གྱི་སྡེ་དཔོན་མི་དྲག་གི་དབང་ཤུགས་རྒྱབ་དཔུང་ལ་བསྙེས་ཏེ་ནང་དམེས་དུས་འདའ་བར་བྱས། མཐར་ཕྱི་ནང་རྒྱུ་རྐྱེན་སྔོན་སོང་གི་འབྲས་བུ་ཡོངས་སུ་སྨིན་ཏེ་བོད་རྒྱལ་ཁབ་ཆེན་པོའི་ཆོས་སྲིད་སྣོད་བཅུད་དང་བཅས་པའི་མངའ་ཐང་ལོངས་སྤྱོད་ཐམས་ཅད་བཙན་འཛུལ་བའི་ལག་ཏུ་ཤོར་ཏེ་ཆབ་འབངས་རྣམས་བཟོད་དཀའི་སྡུག་བསྔལ་གྱི་རྒྱར་ཚུད་དོ།།

པུར་རྒྱལ་བཙན་པོའི་རྟ་མཆོག་རྨིག་པའི་རྗེས།།

གསུམ་གཉིས་ས་ལ་དབང་བའི་ཕྱག་རྒྱ་བཏབ།།

དེ་ཡི་བུ་རྒྱུད་བླ་དཔོན་མི་དབང་ཚོས།།

རང་གི་སྒོ་ཁར་མཐའ་ཡི་ས་མཚམས་བཅད།།

༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པའི་ཟླ་ཞལ་གསར་དུ་ཚེས་ཤིང་། སྲིད་སྐྱོང་སྟག་བྲག་རིན་པོ་ཆེས་ལུགས་གཉིས་ཀྱི་མངའ་དབང་ཕྱག་ཏུ་ཕུལ་བའི་དུས་སྐབས་དེ་ནི་བོད་རྒྱལ་ཁབ་ཆེན་པོ་འདི་ལོ་གཅིག་ལོ་གཉིས་ཀྱི་མཐའ་ལ་ཐུག་ཡོད་པར་མ་ཟད། ༸གོང་ས་འདི་ཉིད་སྐུ་ན་ཧ་ཅང་ཕྲ་ཞིང་རྒྱལ་ཁབ་སྐྱོང་བའི་ན་ཚོད་ལ་ཕེབས་མེད། འོན་ཀྱང་གང་གི་ཕྲག་ཏུ་བབས་པའི་ཆོས་སྲིད་ཀྱི་གནང་སྒོ་གང་ལའང་ཇི་མི་སྙམ་པར་༸རྒྱལ་དབང་གོང་མའི་མཛད་ཆེན་འཕྲོ་ལུས་ཁག་མཇུག་སྐྱོང་གནང་སྟེ་ལེགས་བཅོས་དང་། གསར་གཏོད་ཀྱི་འཆར་འགོད་དགོངས་བཞེས་མང་དག་གནང་ཡང་ལག་པ་གཅིག་གིས་ཟློག་པ་ཡོང་ཐབས་མེད་པས་མཐར་གངས་ལྗོངས་བསྟན་འགྲོའི་བདེ་ཐབས་ལ་དགོངས་ཏེ་བཙན་བྱོལ་དུ་ཕེབས་དགོས་བྱུང་། བཀའ་དྲིན་ཟླ་མེད་རྒྱ་གར་མེས་པོའི་གཞུང་ས་ནས་སྐྱབས་བཅོལ་སྐུ་མགྲོན་གྱི་གནང་བ་ཐོབ། ས་དང་གནམ་གྱི་ངོ་ཤེས་ལས་མེད་ཅིང་རྗེ་འབངས་སོ་སོར་བྲལ་བའི་ཐབས་སྐྱོའི་དཀའ་སྡུག་ཁྲོད་གཞན་ཡུལ་དུ་གཞུང་ས་གཉིས་པའི་སྣང་བརྙན་གསར་སྐྲུན་གནང་བས་འབངས་ཀྱི་སེམས་གསོས། དགྲ་བོའི་གཉའ་བཅག་གཞུང་སའི་མདུན་ལམ་ལ་སྐྱ་རེངས་ཀྱི་འོད་སྣང་རབ་ཏུ་སྤྲོས། ན་གཞོན་བྱིས་པ་རྣམས་དེང་རབས་གསར་པའི་ཤེས་ལྡན་མི་སྣར་གསོ་སྐྱོང་ཆེད་སློབ་གྲྭ་མང་པོ་གསར་འཛུགས། གཞུང་སའི་ཆབ་སྲིད་ཀྱི་མདུན་ལམ་དེང་རབས་མང་གཙོ་ཅན་དུ་ལེགས་བཅོས། མི་རིགས་རང་གི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་བཤད་སྒྲུབ་ཀྱི་ལྟེ་གནས་རིས་མེད་ཆོས་སྒར་ཁག་ཕྱག་འདེབས། གངས་ལྗོངས་རང་དབང་སླར་གསོའི་མཛད་བྱུས་ཁག་བང་རིམ་བསྒྲིགས་པ་སོགས་རང་ཡུལ་རང་ལག་ཏུ་ཡོད་པ་ལས་ཀྱང་ཆེས་ལྷག་པ་ལྷ་མི་ཀུན་སྨོན་གྱི་མཛད་རྗེས་རིམ་པར་སྤྲོས། གང་གི་གསང་གསུམ་གྱི་མཛད་འཕྲིན་ཉིན་ཤར་སྦར་མོས་མི་ཁེབས་པའི་དཔེ་ཟླར་སོང་བས་གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་ལ་རེ་བའི་མེ་ཏོག་དངོས་སུ་བཞད་ཐུབ་པ་བྱུང་བར་མ་ཟད། ཆོལ་གསུམ་སྤུན་ཟླ་ཡོངས་རྫོགས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་མི་ཞིག་རྡོ་རྗེའི་རྒྱས་བཏབ། གངས་ལྗོངས་ཆོས་ལྡན་རྒྱལ་ཁབ་ཆེན་པོའི་བདེན་དོན་འཐབ་རྩོད་ཀྱི་འབོད་སྒྲ་འཇིག་རྟེན་ཁྱོན་ལ་ཁྱབ་པས་འཛམ་གླིང་ཤར་ནུབ་ཀྱི་བདེན་པ་དང་ཞི་བར་དགའ་བའི་སྐྱེ་བོ་སྒེར་དང་། ཚོགས་པ། རྒྱལ་ཁབ་བཅས་རིགས་རུས་མ་གཅིག་པའི་སྐྱེ་རྒུ་ཚང་མས་དངོས་ཤུགས་རྒྱུད་གསུམ་ནས་རྒྱབ་སྐྱོར་རོགས་རམ་དཔེ་མེད་གནང་བའི་གྲོགས་སུ་གྱུར། ༸སྐྱབས་མགོན་གང་གི་ལུགས་གཉིས་ཀྱི་ཞབས་སོར་འཛམ་གླིང་ཡུལ་གྲུ་གང་སར་འཁོད་ཐུབ་པ་བྱུང་བ་དང་ལྷན་དུ་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་བ་བྱུང་སྟེ་འཇིག་རྟེན་ཀུན་ཁྱབ་ཀྱི་ཁྱད་ནོར་ཆེན་པོར་ངོས་འཛིན་སྲུང་སྐྱོབ་དང་དར་སྤེལ་བླ་ན་མེད་པ་བྱུང་ཡོད། མདོར་ན་བོད་འབངས་ལྷ་མི་ཡོངས་རྫོགས་མགོན་མེད་བྱེའུ་ཕྲུག་ཐང་ལུས་སུ་གྱར་སྐབས་གང་གི་ཐུགས་རྗེ་མཁའ་ལྡིང་དབང་པོའི་འདབ་གཤོག་འོག་བྱ་ཕྲུག་མའི་སྦོ་འོག་ནས་གསོས་པའི་བཀའ་དྲིན་རྣམ་མཁྱེན་གྱི་ཡུལ་ལས་འདས་པ་བསྐྱངས་དང་སྐྱོང་མུས་སུ་མཆིས་སོ།།

གང་གིས་ལུགས་གཉིས་ཐུགས་རྗེའི་ལྕགས་ཀྱུ་ཡིས།།

གངས་ལྗོངས་བསྟན་སྲིད་སྒྲ་ཅན་མགྲིན་ལས་སྐྱབས།།

ཆོལ་གསུམ་སྤུན་ཟླའི་དབུ་འཕང་དགུང་ལ་བཏེགས།།

ཁྱེད་ནི་གངས་ལྗོངས་འགྲོ་བའི་མགོན་དཔུང་ཉིད།།

 

བརྒྱུད་སྐུལ།

མཆན་སྤེལ།