དེ་བཞིན་གཤེགས་པའི་གཟུགས་སྐུའི་མཚན་དཔེ་རྒྱུ་དང་བཅས་པའི་རྣམ་བཤད་དཔག་བསམ་ཡོངས་འདུའི་ལྗོན་པ།

དེ་བཞིན་གཤེགས་པའི་གཟུགས་སྐུའི་མཚན་དཔེ་རྒྱུ་དང་བཅས་པའི་རྣམ་བཤད་དཔག་བསམ་ཡོངས་འདུའི་ལྗོན་པ།

༄༅།།དེ་བཞིན་གཤེགས་པའི་གཟུགས་སྐུའི་མཚན་དཔེ་རྒྱུ་དང་བཅས་པའི་རྣམ་བཤད་དཔག་བསམ་ཡོངས་འདུའི་ལྗོན་པ།

རྩོམ་པ་པོ། འཇམ་དཔལ་རྒྱལ་མཚན།

གང་གིས་དང་པོ་ཉིད་ནས་གཞན་ཕན་ཐུགས་བསྐྱེད་མ་གཡོས་ཤིང་།།
གྲངས་མེད་གསུམ་དུ་རླབས་ཆེན་ཚོགས་གཉིས་རབ་ཏུ་རྫོགས་པའི་མཐུས།།
མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུས་ཡོན་ཏན་མངོན་པར་འཕགས།།
བལྟ་བས་མི་ངོམས་སྐུ་གཟུགས་མཆོག་དེར་དང་བས་ཕྱག་བགྱི་འོ།།

དེ་ལ་འདིར་སངས་རྒྱས་ཀྱི་གཟུགས་ཀྱི་སྐུའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་དབྱེ་བ་དང་དེ་དག་གང་ལས་བྱུང་བའི་རྒྱུ་དང་བཅས་པའི་བཤད་པ་མདོར་བསྡུས་སྤེལ་བ་ལ་གསུམ། མཚན་བཟང་པོ་དང་དེ་དག་གི་རྒྱུ་བཤད་པ་དང་། དཔེ་བྱད་བཟང་པོ་དང་དེ་དག་གི་རྒྱུ་བཤད་པ། མཚན་དཔེའི་ཡོན་ཏན་བརྗོད་པས་མཇུག་བསྡུ་བའོ། །
དེ་ལ་གཉིས་ཏེ། མཚན་བཟང་པོ་དངོས་དང་། དེ་དག་སོ་སོའི་རྒྱུ་བཤད་པའོ།།

དང་པོ། མཚན་དངོས་ནི།
ཇི་སྐད་དུ། རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང་། ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུད་དག་མཐོ་བ་དང་། །སོར་མོ་རིང་དང་རྟིང་ཡང་སྐུ་ཆེ་དྲངས། ཞབས་འབུར་མི་མངོན་སྐུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་ཡ་འདྲ་ཕྱག་རིང་མཛེས། །འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །ལྤགས་པ་གསེར་མདོག་ལྤགས་པ་སྲབ་པ་དང་། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང་། །ཞལ་མཛོད་སྤུས་རྒྱན་རོ་སྟོད་སེང་གེའི་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང་། །སྐུ་ནི་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ། །གཙུག་གཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེང་གེའི་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཆེས་མཉམ་ཐགས་བཟང་དང་། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་གསུངས་པ་ལྟར་རོ། ། དེ་དག་རེ་རེ་ནས་ཨང་རིམ་ལྟར་ཞིབ་ཆ་བཀྲལ་ན།

༡ ཐུབ་པའི་ཕྱག་དང་ཞབས་རུས་པའམ་བ་སོ་ལས་བརྐོས་པ་དང་འདྲ་བར་རྩིབས་སྟོང་ལྟེ་བ་མུ་ཁྱུད་རྣམས་རྫོགས་པའི་འཁོར་ལོའི་མཚན་དང་ལྡན་པ།
༢ ཐུབ་པའི་ཞབས་གཉིས་རུས་སྦལ་བཞིན་དུ་ཞབས་ཀྱི་མཐིལ་གཉིས་མ་རྙོངས་པར་ས་ལ་ཤིན་ཏུ་མཉམ་པར་གནས་པ་ཉིད་དང་ལྡན་པ།
༣ ཐུབ་པའི་ཕྱག་དང་ཞབས་ཀྱི་སོར་མོ་ངང་པའི་རྒྱལ་པོ་ལྟ་བུར་སོར་ཚིགས་དང་པོ་ནས་བརྩམས་པའི་སོར་མོའི་བར་ལ་སེང་སེང་པོའང་མེད། སོར་གདུབ་ལ་སོགས་པའི་རྒྱན་ཡང་གཞུག་ཏུ་རུང་བའི་དྲ་བས་འབྲེལ་པ་ཉིད་དང་ལྡན་པ།
༤ ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་ཉིད་དང་ལྡན་པ།
༥ ཕྱག་གཉིས་དང་ཞབས་གཉིས་ཀྱི་རྒྱབ་བཞི་དང་ཕྲག་པའི་བར་གཉིས་དང་ལྟག་པའི་ཕྱོགས་ཤས་ཁེངས་པའི་མཐོ་བའི་ཕྱིར། བདུན་མཐོ་བ་ཉིད་དང་ལྡན་པ།
༦ ཕྱག་ཞབས་ཀྱི་སོར་མོ་རིང་བ་ཉིད་དང་ལྡན་པ།
༧ ཞབས་མཐིལ་གྱི་བཞི་ཆ་ཕྱིར་འཕགས་པ་རྟིང་པ་ཡངས་པ་ཉིད་དང་ལྡན་པ།
༨ སྐུ་ཁྲུ་བདུན་ཙམ་དུ་འཕགས་ཤིང་ཡ་ཡོ་མེད་པས་སྐུ་ཆེ་ཞིང་དྲང་བ་ཉིད་དང་ལྡན་པ།
༩ ཞབས་པུས་མོའི་ལྷ་ང་དང་ལོང་བུ་ཕྱིར་མི་མངོན་པ་ཉིད་དང་ལྡན་པ།
༡༠ སྐུའི་སྤུ་རེ་རེ་ནས་གྱེན་དུ་ཕྱོགས་པ་ཉིད་དང་ལྡན་པ།
༡༡ མ་ཉམས་ཤིང་རིམ་པར་འཚམ་ལ་རྒྱས་ཤིང་ཟླུམ་པ་བྱིན་པ་རི་དྭགས་ཨེ་ན་ཡའི་ལྟ་བུ་དང་ལྡན་པ།
༡༢ སྐུ་མ་བཏུད་ཀྱང་ཕྱག་གིས་པུས་མོའི་ལྷ་ངར་སླེབས་པས་ཕྱག་རིང་ཞིང་མཛེས་པ་ཉིད་དང་ལྡན་པ།
༡༣ གླང་པོ་ཆེ་དང་རྟ་ཅང་ཤེས་ལྟར་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཉིད་དང་ལྡན་པ།
༡༤ པགས་པའི་མདོག་གསེར་འདྲ་བ་དག་ཅིང་གསལ་བ་ཉིད་དང་ལྡན་པ།
༡༥ གསེར་དངུལ་ཤིན་ཏུ་སྦྱང་པ་ལྟར་པགས་པ་འཇམ་པ་ཉིད་དང་ལྡན་པ།
༡༦ བ་སྦུའི་ཁུང་བུ་རེ་རེ་སྤུ་གཉིས་གཉིས་མེད་པར་སྤུ་རེ་རེ་ནས་གཡས་སུ་འཁྱིལ་བ་ཉིད་དང་ལྡན།
༡༧ ཞལ་མཛོད་སྤུས་བརྒྱན་པ་སྨིན་མཚམས་ཀྱི་བར་ཐིག་ལེའི་གནས་ན་འཇམ་པ། དཀར་བ། མཉེན་པ། དྲངས་ན་ཁྲུ་གསུམ་ལ་སོགས་ཚད་འབྱུང་བ། གཏང་ན་གཡས་སུ་འཁྱིལ་བ། རྩེ་མོ་གྱེན་དུ་ཕྱོགས་པ་སྐྱུ་རུ་རའི་འབྲུའི་ཚད་ཙམ་པ་དངུལ་འབུར་གྱི་རྣམ་པ་དང་ལྡན་པ།
༡༨ རོ་སྟོད་སེང་གེའི་འདྲ་བ་འཕེལ་ཀ་ཆེ་བ་ཉིད་དང་ལྡན་པ།
༡༩ དཔུང་མགོ་ཤིན་ཏུ་ཟླུམ་པ་གསེར་གྱི་བུམ་པའི་མགྲིན་པ་ལྟར་ཟླུམ་ཞིང་ལེགས་པར་འབྲེལ་པ། རྩའི་དྲ་བ་མི་མངོན་པ་ཉིད་དང་ལྡན་པ།
༢༠ དཔུང་མགོ་ཕན་ཚུན་གྱི་བར་རྒྱས་པ་ཐལ་གོང་རྒྱས་པ་ཉིད་དང་ལྡན་པ།
༢༡ རོ་མི་ཞིམ་པ་ལའང་རོ་བྲོ་བའི་མཆོག་ཏུ་སྣང་ཞིང་མཁྱེན་པ་ཉིད་དང་ལྡན་པ།
༢༢ སྤུའི་ཡན་མན་དང་འདོམ་མཉམ་པ་ཤིང་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ་པ་ཉིད་དང་ལྡན་པ།
༢༣ དབུའི་གཙུག་ཏོར་ཟླུམ་ཞིང་ཀུན་ནས་མཉམ་པ་གཡས་སུ་འཁྱིལ་བ་ཉིད་དང་ལྡན་པ།
༢༤ སྙན་གྱི་བུག་པ་དང་སྐྲ་མཚམས་ཀྱི་བར་ལྗགས་ཀྱིས་རེག་པ་ཨུཏྤལ་དམར་པོའི་ཁ་དོག་འདྲ་བའི་ལྗགས་རིང་བ་ཉིད་དང་ལྡན་པ།
༢༥ གསུངས་ཤེས་ཤིང་རྣམ་པར་ཤེས་པར་འགྱུར་བ་དང་མཉན་པར་འོས་ཤིང་མི་མཐུན་པ་མེད་པ་དང་། ཟབ་ཅིང་རྗེས་སུ་སྒྲོགས་པ་དང་བཏང་མི་བྲ་ཞིང་རྣར་སྙན་པ་དང་། མ་འཁྲུགས་ཤིང་གསལ་བའི་ཡན་ལག་ལྔ་ལྡན་པའི་ཚངས་པའི་དབྱངས་ཉིད་དང་ལྡན་པ་﹙འདི་གསུངས་གཅིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ལ་རང་རང་གི་སྐད་དང་མཐུན་པར་དམ་པའི་ཆོས་གོ་བར་བྱས་པས་སོ།﹚
༢༦ མེ་ལོང་གི་དཀྱིལ་ལྟར་ཟླུམ་ཞིང་རྒྱས་པ་འགྲམ་པ་སེང་གེའི་འདྲ་བ་ཉིད་དང་ལྡན་པ།
༢༧ ཚེམས་དཀར་བ་ཉིད་དང་ལྡན་པ།
༡༨ མཐོ་དམན་མེད་པར་ཚེམས་མཉམ་པ་ཉིད་དང་ལྡན་པ།
༢༩ བར་མཚམས་མ་དོད་པས་ཚེམས་ཐགས་བཟང་བ་ཉིད་དང་ལྡན་པ།
༣༠ སོ་གཉིས་ལས་མེད་པ་མ་ཡིན་པར་ཡན་མན་ན་ཉི་ཤུ་ཉི་ཤུ་ཡོད་པས་ཚེམས་བཞི་བཅུ་མངའ་བ།
༣༡ དཀར་ནག་གི་ཆ་མ་འདྲེས་ཤིང་དམར་པོའི་ར་རི་དང་མ་འབྲེལ་བས་སྤྱན་ནོར་བུ་མཐོན་མཐིང་དང་འདྲ་བ་ཉིད་དང་ལྡན་པ།
༣༢ སྟེང་འོག་གི་རྫི་མ་རྣམ་པར་གཞོལ་ཞིང་མ་འདྲེས་པས་རྫི་མ་བའི་ལྟ་བུ་ཉིད་དང་ལྡན་སྟེ་སུམ་ཅུ་རྩ་གཉིས་སོ། །

གཉིས་པ་མཚན་བཟང་དེ་དག་རེ་རེ་ནས་གང་གང་གི་རྒྱུ་ལས་བྱུང་བ་ནི་མངོན་རྟོགས་རྒྱན་ལས། དེ་ལ་མཚན་ནི་གང་གང་གིས། སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན། །དེ་དང་དེ་ནི་རབ་རྫོགས་པས། །མཚན་ནི་འདི་དག་ཡང་དག་འགྲུབ། །བླ་མ་སྐྱེལ་ལ་སོགས་པ་དང་། །ཡང་དག་བླངས་པ་བརྟན་པ་དང་། །ཡང་དག་བླངས་པ་སྤེལ་ལ་སོགས། ། སྒྲུབ་བྱེད་རྒྱུད་ཡི་མཚན་ཉིད་དེ། །མདོ་ལས་ཇི་སྐད་འབྱུང་བ་བཞིན། །ཞེས་བླ་མ་སྐྱེལ་ལ་སོགས་པའི་དངོས་སུ་བསྟན་པའི་མཚན་བཟང་འགྲུབ་རྒྱུའི་རྒྱུ་བདུན། ཡང་དག་བླངས་པ་སྤེལ་ལ་སོགས། །ཞེས་པའི་སོགས་ཁུངས་ཀྱིས་བསྡུས་པ་ཉི་ཤུ་རྩ་ལྔ་ཡོད་པ་རྣམས་ནི་མཚན་དཔེ་འགྲུབ་པའི་རྒྱུ་ཡིན། །དེ་དག་རེ་རེ་ནས་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་བཤད་སྙིང་པོའི་རྒྱན་གྱི་དགོངས་པ་ལྟར་བྱེ་བྲག་ཏུ་དབྱེ་ན། ཐུབ་པ་ཉིད་སློབ་པ་ལམ་གྱི་གནས་སྐབས་སུ་བླ་མ་རྣམས་ལ་སྐྱེལ་བ་དང་བསུ་བ་དང་། གཡོག་འཁོར་ལོས་མཚན་པ་དེ་འགྲུབ་བོ། །སྔོན་སྡོམ་པ་གསུམ་ལ་སོགས་པ་ཡང་དག་པར་བླངས་པ་ལ་ཡི་དམ་བརྟན་པ་མཐར་ཕྱིན་པའི་ཕྱིར་ན་མཚན་བཟང་གཉིས་པ་ཞབས་ཤིན་ཏུ་མཉམ་པ་གནས་པ་ཉིད་འགྲུབ་བོ། །སྦྱིན་པ་དང་སྙན་པར་སྨྲ་བ་ལ་སོགས་པའི་བསྡུ་བའི་དངོས་པོ་བཞི་བརྟེན་པས་མཛད་པ་མཐར་ཕྱིན་པའི་ཕྱིར་མཚན་བཟང་གསུམ་པ་ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་ཉིད་འགྲུབ། སྔོན་བཟའ་བ་དང་བཅའ་བ་ལ་སོགས་པ་གྱ་ནོམ་པ་བྱིན་པས་ན་མཚན་བཟང་བཞི་པ་ཕྱག་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་འགྲུབ། ལྡག་པ་ལ་སོགས་པ་ཤིན་ཏུ་གྱ་ནོམ་པ་བྱིན་པས་མཚན་བཟང་ལྔ་པ་སྐུ་ཡི་བདུན་མཐོ་བ་ཉིད་དུ་འགྲུབ། གསད་པར་བྱ་བ་དང་བཅིངས་པ་སོགས་ལས་ཐར་བར་བྱས་པ་སོགས་ལ་གོམས་པ་མཐར་ཕྱིན་པའི་ཕྱིར་མཚན་བཟང་དྲུག་པ་ཕྱག་ཞབས་སོར་མོ་རིང་བ་ཉིད་འགྲུབ། གཞན་གྱི་སྲོག་སྲུང་སྟེ་འཚོ་བ་ལ་ཕན་བཏགས་པ་དེ་ལྟར་གོམས་པ་མཐར་ཕྱིན་པའི་ཕྱིར་མཚན་བཟང་བདུན་པ་རྟིང་པ་ཡངས་པ་ཉིད་འགྲུབ། སྲོག་གཅོད་སྤངས་པ་སོགས་ལ་གོམས་ཤིང་མཐར་ཕྱིན་པས་མཚན་བཟང་བརྒྱད་པ་སྐུ་ཆེ་ཞིང་དྲང་བ་ཉིད་འགྲུབ། སྦྱིན་སོགས་དགེ་བའི་ཆོས་ཡང་དག་པར་བླངས་པ་ལ་གོམས་པ་མཐར་ཕྱིན་པའི་ཕྱིར་མཚན་བཟང་དགུ་པ་ཞབས་འབུར་མི་མངོན་པ་འགྲུབ། དགེ་བ་ཡང་དག་པ་བླངས་པ་གཞན་ལ་སྤེལ་བའི་ཕྱིར་མཚན་བཟང་བཅུ་པ་སྤུ་གྱེན་དུ་ཕྱོགས་པ་ཉིད་འགྲུབ། གསོ་བ་རིག་པ་དང་བཟོ་རིག་པ་སོགས་ལ་གུས་པར་བྱས་ཤིང་གཞན་ལ་སྦྱིན་པ་གོམས་པ་མཐར་ཕྱིན་པས་མཚན་བཟང་བཅུ་གཅིག་པ་བྱིན་པ་ཨེ་ན་ཡའི་འདྲ་བ་འགྲུབ། རང་ཉིད་ལ་ནོར་བདོག་པ་སློང་བ་པོའི་སྐྱེ་བོ་ཕྱིར་མ་སྤངས་པ་ལ་གོམས་པ་མཐར་ཕྱིན་པའི་ཕྱིར་པའི་མཚན་བཟང་བཅུ་གཉིས་པ་ཕྱག་རིང་ཞིང་མཛེས་པ་ཉིད་འགྲུབ། སྐྱེ་བོ་ཐམས་ཅད་ཚངས་སྤྱོད་ཡང་དག་པར་ལེན་དུ་འཇུག་ཅིང་གསང་ཚིག་བསྲུང་པ་ལ་གོམས་པ་མཐར་ཕྱིན་པས་མཚན་བཟང་བཅུ་གསུམ་པ་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དེ་ཉིད་འགྲུབ། གཞན་ལ་གཏིང་བ་གྱ་ནོམ་པ་སྦྱིན་པར་གོམས་པ་མཐར་ཕྱིན་པས་མཚན་བཟང་བཅུ་བཞི་པ་པགས་པ་གསེར་གྱི་མདོག་ལྟར་འགྲུབ། ཁང་བཟང་ལ་སོགས་པ་དམ་པ་བྱིན་པར་གོམས་པའི་མཐར་ཕྱིན་པའི་ཕྱིར་མཚན་བཟང་བཅོ་ལྔ་པ་པགས་པ་སྲབ་པའམ་འཇམ་པ་ཉིད་འགྲུབ། འདུ་འཛི་དང་རྣམ་གཡེང་ལ་སོགས་པ་ཡོངས་སུ་སྤངས་པ་ལ་གོམས་པ་མཐར་ཕྱིན་པས་སྤུ་རེ་རེ་ནས་གཡས་སུ་འཁྱིལ་བ་ཉིད་འགྲུབ། སྐྱེ་བོ་བླ་མ་ཐམས་ཅད་མིའི་གནས་ཇི་ལྟ་བ་བཞིན་དུ་བཀུར་ཞིང་བཀོད་པ་དེ་ལྟར་གོམས་པ་མཐར་ཕྱིན་པའི་ཕྱིར་ན་མཚན་བཟང་བཅུ་བདུན་པ་ཞལ་མཛོད་སྤུས་བརྒྱན་པ་ཉིད་འགྲུབ། གཞན་རྣམ་པ་ཐམས་ཅད་དུ་ཁ་དྲག་གི་ཚིག་གིས་ཁྱད་དུ་མ་བསད་པ་ལ་གོམས་པ་མཐར་ཕྱིན་པས་མཚན་བཟང་བཅོ་བརྒྱད་པ་རོ་སྟོད་སེང་གེ་འདྲ་བ་ཉིད་འགྲུབ། གཞན་གྱིས་སྙན་པར་སྨྲ་བ་དང་ལེགས་པར་སྨྲ་བའི་རྗེས་སུ་མཐུན་པར་བསླབས་ཤིང་བྱས་པ་ལ་གོམས་པ་མཐར་ཕྱིན་པས་མཚན་བཟང་བཅུ་དགུ་པ་དཔུང་མགོ་ཤིན་ཏུ་ཟླུམ་པ་ཉིད་འགྲུབ། གཞན་ལ་སྨན་པ་དང་སྨན་ལ་སོགས་པ་བྱིན་པ་ལ་གོམས་པ་མཐར་ཕྱིན་པས་མཚན་བཟང་ཉི་ཤུ་པ་ཐལ་གོང་རྒྱས་པ་ཉིད་འགྲུབ། སྐྱེ་བོའི་ནད་གཡོག་དང་རིམ་གྲོ་སོགས་བྱས་པར་གོམས་པ་མཐར་ཕྱིན་པའི་ཕྱིར་ན་མཚན་བཟང་ཉེར་གཅིག་པ་རོ་ཞིམ་པའང་རོ་མཆོག་ཏུ་སྣང་བ་ཉིད་འགྲུབ། ནགས་ཚལ་དང་ཀུན་དགའ་ར་བ་སྐྱེད་མོས་ཚལ་སོགས་བྱེད་པ་ཡང་དག་པར་ལེན་དུ་བཅུག་པ་ལ་གོམས་པ་མཐར་ཕྱིན་པའི་ཕྱིར་ན་མཚན་བཟང་ཉེར་གཉིས་པ་ཤིང་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ་པ་ཉིད་འགྲུབ། གཙུག་ལག་ཁང་དང་ཁང་བཟང་ལ་སོགས་པ་ལྷག་པར་བྱིན་པ་ལ་གོམས་པ་མཐར་ཕྱིན་པའི་ཕྱིར་ན་མཚན་བཟང་ཉེར་གསུམ་པ་དབུ་གཙུག་ཏོར་དང་ལྡན་པ་ཉིད་འགྲུབ། སྔོན་བསྐལ་པ་གྲགས་མེད་པ་གསུམ་དུ་ཚིག་འཇམ་པོ་དང་སྙན་ལ་མཉེན་པ་ལ་སོགས་པ་གསུངས་པ་ལ་གོམས་པ་མཐར་ཕྱིན་པའི་ཕྱིར་ན་མཚན་བཟང་ཉེར་བཞི་པ་ལྗགས་རིང་ཞིང་མཛེས་པ་ཉིད་འགྲུབ། གསུང་གཅིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ལ་རང་རང་གི་སྐད་དང་མཐུན་པར་དམ་པའི་ཆོས་གསུངས་པ་གོ་བར་བྱས་པ་ལ་གོམས་པ་མཐར་ཕྱིན་པའི་ཕྱིར་ན་མཚན་བཟང་ཉེར་ལྔ་པ་ཚངས་པའི་དབྱངས་ཉིད་འགྲུབ།﹙ཚངས་དབྱངས་འདི་གསུང་གི་ཁྱད་ཆོས་ཡིན་མོད་ཀྱང་། འདིར་སྐུའི་ཡོན་ཏན་དུ་བགྲང་པ་ནི་གསུང་ངག་སྐྱེ་བའི་གནས་ལ་དགོངས་ནས་ཡིན་པ་འདྲ།﹚ཚིག་འཁྱལ་བའམ་ཀྱལ་བ་སྤངས་པ་ལ་གོམས་པ་མཐར་ཕྱིན་པའི་ཕྱིར་ན་མཚན་བཟང་ཉེར་དྲུག་པ་འགྲམ་པ་སེང་གེའི་འདྲ་བ་ཉིད་འགྲུབ། སྔོན་སྐྱེ་བོ་ཐམས་ཅད་ལ་བཀུར་བ་དང་བསྔགས་པ་ལ་སོགས་པའི་གོམས་པ་མཐར་ཕྱིན་པའི་ཕྱིར་ན་མཚན་བཟང་ཉེར་བདུན་པ་ཚེམས་དཀར་བ་ཉིད་འགྲུབ། ལོག་འཚོ་ལྔ་﹙ཚུལ་འཆོས་དང་ཁ་གསག་དང་གཞིགས་སློང་དང་ཐོབ་ཀྱིས་འཇལ་བ་དང་རྙེད་པས་རྙེད་པ་འཚོལ་བ་﹚སྤངས་པའི་འཚོ་བ་རྣམ་པར་དག་པ་ལ་གོམས་པ་མཐར་ཕྱིན་པའི་ཕྱིར་ན་མཚན་བཟང་ཉེར་བརྒྱད་པ་ཚེམས་མཉམ་པ་ཉིད་འགྲུབ། བསྐལ་པ་གྲངས་མེད་གསུམ་དུ་བདེན་པའི་ཚིག་ཀུན་ཏུ་སྤྱད་པ་ལ་གོམས་པ་མཐར་ཕྱིན་པའི་ཕྱིར་ན་མཚན་བཟང་ཉེར་དགུ་པ་ཚེམས་ཐགས་བཟང་བ་ཉིད་འགྲུབ། བསྐལ་པ་གྲངས་མེད་གསུམ་དུ་ཕྲ་མའི་ཚིག་སྤངས་པ་ལ་གོམས་པ་མཐར་ཕྱིན་པའི་ཕྱིར་ན་མཚན་བཟང་སུམ་ཅུ་པ་ཚེམས་ཀྱི་གྲངས་བཞི་བཅུ་ཚང་བ་ཉིད་འགྲུབ། དུས་དེ་ཙམ་དུ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་བལྟས་པ་གོམས་པ་མཐར་ཕྱིན་པའི་ཕྱིར་ན་མཚན་བཟང་པོ་སོ་གཅིག་པ་སྤྱན་ནོར་བུ་མཐོན་མཐིང་དང་འདྲ་བ་ཉིད་འགྲུབ། དུས་དེ་ཙམ་དུ་སེམས་ཅན་ལ་ཁོང་ཁྲོ་བ་དང་ཆགས་པ་དང་རྨོངས་པ་ལ་སོགས་པ་མེད་པར་བལྟས་པ་ལ་གོམས་པ་མཐར་ཕྱིན་པའི་ཕྱིར་ན་མཚན་བཟང་སོ་གཉིས་པ་རྫི་མ་བའི་ལྟ་བུ་ཉིད་འགྲུབ་པ་སྟེ་སངས་རྒྱས་ཀྱི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་པོ་རེ་རེ་ནས་ཀྱི་འགྲུབ་བྱེད་ཀྱི་རྒྱུ་བྱེད་བྲག་ཏུ་ཕྱེ་བའོ། །

གཉིས་པ། དཔེ་བྱད་བཟང་པོ་དང་དེ་དག་གི་རྒྱུ་བཤད་པ།
དེ་ལའང་གཉིས་ཏེ་དཔེ་བྱད་ལ་དངོས་དང་། དེ་དག་འགྲུབ་པའི་རྒྱུ་བཤད་པའོ། །དང་པོ་ནི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས། ཐུབ་པའི་སེན་མོ་ཟངས་མདོག་དང་། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། །རྩ་མི་མངོན་དང་མདུན་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང་། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྐབས་གཤེགས་གཡས་ཕྱོགས་དང་། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམ། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང་། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ཤ་ཅན་ཉིད་དང་། །སྐུ་ཞུམ་མེད་དང་རྒྱས་པ་དང་། །ཤིན་ཏུ་གྲིམ་པའི་སྐུ་ཉིད་དང་། །ཡན་ལག་ཤིན་ཏུ་རྣམ་འབྱེད་དང་། །གཟིགས་པ་སྒྲིབ་མེད་དག་པ་དང་། །སྐུ་ཟླུམ་སྐབས་ཕྱིན་མ་རྙོངས་དང་། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང་། །ཀུན་ནས་བལྟ་ན་སྡུག་པ་དང་། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་འཇམ་དང། །ཕྱག་རིས་མདངས་ཡོད་ཟབ་པ་དང་། །ཞལ་ནི་ཧ་ཅང་མི་རིང་དང་། །མཆུ་ནི་བིམ་པ་ལྟར་དམར་དང་། །ལྗགས་མཉེན་པ་དང་ཟབ་པ་དང་། །དམར་དང་འབྲུག་གི་སྒྲ་ཉིད་དང་། །དཔུང་མཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང་། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང་། མཆོག་ཏུ་དག་པ་དག་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུགས། །པད་མའི་འདབ་མ་འདྲ་བ་དང་། །སྨིན་ཚུགས་རིང་དང་འཇམ་པ་དང་། །སྣུམ་དང་སྤུ་ནི་མཉམ་པ་དང་། །ཕྱག་རིང་རྒྱས་དང་སྙན་མཉམ་དང་། །ཉམས་པ་རྣམ་པར་སྤངས་པ་དང་། །དཔྲལ་བ་ལེགས་པར་འབྱེས་པ་དང་། །དབྱེས་ཆེ་བ་དང་དབུ་རྒྱས་དང་། །དབུ་སྐྲ་བུང་བ་ལྟར་གནག་དང་། །སྟུག་དང་འཇམ་དང་མ་འཛིངས་དང་། །མི་གཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང་། །དཔལ་གྱི་བེའུ་དང་བཀྲ་ཤིས་ནི། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་གསུངས་པའི་ཚིགས་སུ་བཅད་པའི་དོན་དེ་དག་རྣམ་བཤད་སྙིང་པོའི་རྒྱན་ལས་ཇི་ལྟར་བཀྲལ་བ་ལྟར་དཔེ་བྱད་རེ་རེ་ནས་ངོས་བཟུང་བ་ལ། དཔེ་བྱད་བརྒྱད་ཅུའི་བཅུ་ཚན་དང་པོར། ༡ ཐུབ་པ་ལོངས་སྤྱོད་རྫོགས་སྐུའི་སེན་མོ་ཟངས་ཀྱི་མདོག་ལྟ་བུ་དང་། ༢ སེན་མོའི་མདོག་སྣུམ་པ་ཉིད་དང་། ༣ ཤང་ཤོང་མེད་པས་སེན་མོ་མཐོ་བ་ཉིད་དང་། ༤ སོར་མོ་ཟླུམ་པ་ཉིད་དང་། ༥ སོར་མོ་རྣམས་རྒྱས་པ་ཉིད་དང་། ༦ སོར་མོ་རྣམས་བྱིན་གྱིས་ཁྲ་བ་ཉིད་དང་། ༧ ལུས་ཀྱི་རྩ་ཕྱི་ནས་མི་མངོན་པ་ཉིད་དང་། ༨ རྩ་མདུད་པ་མེད་པ་ཉིད་དང་། ༩ ལོང་བུ་མི་མངོན་པ་ཉིད་དང་ལྡན་པ། ༡༠ ཞབས་རིང་ཐུང་མེད་པས་མི་མཉམ་པ་མེད་པ་སྟེ་བཅུའོ། །དཔེ་བྱད་ཀྱི་བཅུ་ཚན་གཉིས་པ་ནི། ༡༡ སེང་གེའི་སྟབས་སུ་གཤེགས་པ་ཉིད་དང་། ༡༢ གླང་པོ་ཆེའི་སྟབས་སུ་གཤེགས་པ་ཉིད་དང་། ༡༣ ངང་པའི་སྟབས་སུ་གཤེགས་པ་ཉིད་དང་། ༡༤ ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ཉིད་དང་། ༡༥ གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་ཉིད་དང་། ༡༦ མཛེས་པར་གཤེགས་པ་ཉིད་དང་། ༡༧ མི་ཡོ་བར་གཤེགས་པ་ཉིད་དང་། ༡༨ ཤ་རྒྱས་ཤིང་འགྱིངས་ལེགས་པས་སྐུ་འཁྱིལ་བག་ཆགས་པ་ཉིད་དང་། ༡༩ གཙང་ཞིང་དག་པས་སྐུ་བྱི་དོར་བྱས་པ་ལྟ་བུ་ཉིད་དང་། ༡༠ སྐུ་རིང་ཐུང་དང་སྦོམ་ཕྲ་སོགས་ཐད་ཀར་མ་འཆོལ་བས་རིམ་པར་འཚམ་པ་ཉིད་དོ། །དཔེ་བྱད་བཅུ་ཚན་གསུམ་པ་ནི། ༢༡ སྐུ་གཙང་བ་ཉིད་དང་། ༢༢ སྐུ་འཇམ་པ་ཉིད་དང་། ༢༣ སྐུ་རྣམ་པར་དག་པ་ཉིད་དང་། ༢༤ མཚན་རྫོགས་པ་ཉིད་དང་། ༢༥ སྐུའི་ཁྱོན་ཆེ་བས་ཁོག་ལག་ཡངས་ཤིང་ཁྱད་པར་བཟང་བ་ཉིད་དང་། ༢༦ གོམ་པ་ཆེ་ཆུང་མེད་པས་སྙོམས་པ་ཉིད་དང་ལྡན་པ་དང་། ༢༧ སྤྱན་གཉིས་ར་རི་སོགས་མེད་པས་རྣམ་པར་དག་པ་ཉིད། ༡༨ སྐུ་ཤིན་ཏུ་གཞོན་ཤ་ཆགས་པ་ཉིད་དང་། ༡༩ སྐུ་ཤ་ཞུམ་པ་མེད་པ་ཉིད་དང་། ༣༠ སྐུ་ཤ་རྒྱས་པ་ཉིད་དོ། །དཔེ་བྱད་བཅུ་ཚན་བཞི་པ་ནི། ༣༡ ཤ་མི་ལྷོད་པས་སྐུ་ཤིན་ཏུ་གྲིམ་པ་ཉིད་དང་། ༣༢ ཕྱག་ཞབས་སོགས་ཡན་ལག་དང་སོར་ཚིགས་སོགས་ཉིང་ལག་རིང་ཐུང་སོགས་ཆ་ཕྱེད་པས་ཤིན་ཏུ་རྣམ་པར་འབྱེས་པ་ཉིད་དང་། ༣༣ གཟིགས་པ་གློ་བུར་གྱི་དྲི་མའི་རབ་རིབ་མེད་ཅིང་རྣམ་པར་དག་པ་ཉིད་དང་། ༣༤ སྐུའི་ཕྱལ་ཟླུམ་པ་ཉིད་དང་། ༣༥ སྐེད་སྐབས་འཚམ་པས་སྐུ་སྐབས་འཚམ་པ་ཉིད་དང་། ༣༦ སྐེད་པ་ཧ་ཅང་རིང་པོ་མ་ཡིན་པས་སྐུ་མ་རྙེངས་པ་ཉིད་དང་། ༣༧ སྐུ་ཕྱལ་ཕྱང་ངེ་བ་མཐོ་དམན་མེད་པ་ཉིད་དང་། ༣༨ ལྟེ་བ་ཟབ་པ་ཉིད་དང་། ༣༩ ལྟེ་བའི་རི་མོ་གཡས་ཕྱོགས་སུ་འཁྱིལ་བ་ཉིད་དང་། ༤༠ སྤྱོད་ལས་ཀུན་ནས་མཛེས་པ་ཉིད་དོ། །དཔེ་བྱད་བཅུ་ཚན་ལྔ་པ་ནི། ༤༡ སྒོ་གསུམ་གྱི་ཀུན་ཏུ་སྤྱོད་པ་གཙང་བ་ཉིད་དང་། ༤༢ སྐུ་ལ་སྨེ་བ་དང་གནག་བག་མེད་པ་ཉིད་དང་། ༤༣ ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་ཉིད་དང་། ༤༤ ཕྱག་གི་རི་མོ་མདངས་གསལ་བ་ཡོད་པ་ཉིད་དང་། ༤༥ རྒྱང་རིང་མོ་ནས་གསལ་པའི་ཕྱག་གི་རི་མོ་ཟབ་པ་ཉིད་དང་། ༤༦ ཕྱག་གི་རི་མོ་རིང་བ་ཉིད་དང་། ༤༧ ཞལ་ཧ་ཅང་མི་རིང་བ་ཉིད་དང་། ༤༨ ཞལ་ལ་གཟུགས་ཀྱི་གཟུགས་བརྙན་སྣང་བ་མཆུ་བིམ་པ་ལྟར་དམར་བ་ཉིད་དང་། ༤༩ ལྗགས་མཉེན་པ་ཉིད་དང་། ༤༠ ལྗགས་སྲབ་པ་ཉིད་དོ། །དཔེ་བྱད་ཀྱི་བཅུ་ཚན་དྲུག་པ་ནི། ༥༡ ལྗགས་དམར་བ་ཉིད་དང་། ༥༢ གསུང་འབྲུག་གི་སྒྲ་དང་ལྡན་པ་ཉིད་དང་། ༥༣ གསུང་སྙན་ཅིང་མཉེན་ལ་འཇམ་པ་ཉིད་དང་། ༥༤ མཆེ་བ་ཟླུམ་པ་ཉིད་དང་། ༥༥ མཆེ་བ་རྣོ་བ་ཉིད་དང་། ༥༦ མཆེ་བ་དཀར་བ་ཉིད་དང་། ༥༧ རིང་ཐུང་མེད་པས་མཆེ་བ་མཉམ་པ་ཉིད་དང་། ༥༨ མཆེ་བ་བྱིན་གྱིས་ཕྲ་བ་ཉིད་དང་། ༥༩ ཤངས་ཀྱི་གཟེངས་མཐོ་བ་ཉིད་དང་། ༦༠ ཤངས་སྣབས་སོགས་ཀྱིས་དག་པས་གཙང་བ་ཉིད་དོ། །དཔེ་བྱད་ཀྱི་བཅུ་ཚན་བདུན་པ་ནི། ༦༡ སྤྱན་ཡངས་པ་ཉིད་དང་། ༦༢ རྫི་མ་སྟུག་པ་ཉིད་དང་། ༦༣ སྤྱན་དཀར་ནག་མ་འདྲེས་པས་འབྱེས་ཤིང་པདྨའི་འདབ་མ་རངས་པ་རྫོགས་པ་ལྟ་བུ་ཉིད་དང་། ༦༤ སྨིན་ཚུགས་རིང་བ་ཉིད་དང་། ༦༥ སྨིན་མ་འཇམ་པ་ཉིད་དང་། ༦༦ སྨིན་མ་སྣུམ་པ་ཉིད་དང་། ༦༧ སྨིན་མའི་སྤུ་རིང་ཐུང་མེད་པའི་མཉམ་པ་ཉིད་དང་། ༦༨ ཕྱག་རིང་ཞིང་རྒྱས་པ་ཉིད་དང་། ༦༩ སྙན་རིང་ཐུང་དང་ཆེ་ཆུང་མེད་པས་མཉམ་པ་ཉིད་དང་། ༦༠ སྒྲ་ལ་འཇུག་པར་བྱེད་པ་མ་ཉམས་པ་སོགས་སྙན་གྱི་དབང་པོ་མ་ཉམས་པ་ཉིད་དོ། །དཔེ་བྱད་ཀྱི་བཅུ་ཚན་བརྒྱད་པ་ནི། ༧༡ དཔྲལ་བ་ལེགས་པར་འབྱེས་པ་སྐྲ་མཚམས་ལེགས་པར་དོད་པ་ཉིད་དང་། ༧༢ དབྲལ་བ་དབྱེས་ཆེ་བ་རྒྱས་པ་ཉིད་དང་། ༧༣ གདུགས་ལྟར་དབུ་ཤིན་ཏུ་རྒྱས་པ་ཉིད་དང་། ༧༤ དབུ་སྐྲ་བུང་བ་ལྟར་གནག་པ་ཉིད་དང་། ༧༥ བར་མཚམས་མེད་པར་དབུ་སྐྲ་སྟུག་པ་ཉིད་དང་། ༧༦ དབུ་སྐྲ་འཇམ་པ་ཉིད་དང་། ༧༧ དབུ་སྐྲ་མ་འཛིངས་པ་ཉིད་དང་། ༧༨ དབུ་སྐྲ་མི་རྩུབ་ཅིང་མི་བཤོར་བ་ཉིད་དང་། ༧༩ དབུ་སྐྲ་དྲི་ཞིམ་པ་ཉིད་དང་། ༨༠ ཕྱག་དང་ཞབས་ཀྱི་མཐེ་བོང་ལ་རྡོ་རྗེའི་རི་ལྟ་བུ་དཔལ་གྱི་བེའུ་དང་། ཕྱག་ཞབས་གཉིས་ཀྱི་མཐིལ་ལ་རི་མོ་གྲུ་བཞི་པའི་བཀྲ་ཤིས་དང་། དེའི་མཐའ་སྲིན་ལག་ལ་སོགས་པའི་ཞབས་ན་རི་མོ་བདུན་གཡས་སུ་འཁྱིལ་བའི་གཡུང་དྲུང་འཁྱིལ་བས་བརྒྱན་པ་ཉིད་དེ་བརྒྱད་ཅུ་ཐམ་པའོ། །གཉིས་པ་དཔེ་བྱད་དེ་དག་འགྲུབ་པའི་རྒྱུ་གང་དང་གང་ཡིན་པའི་བྱེ་བྲག་བཤད་པ་ལ། དཔེ་བྱད་རྣམས་མཚན་བཟང་གི་འཁོར་དུ་བཞེད་ནས་མདོ་སོགས་སུ་གསལ་ཆ་མ་མཛད་ཀྱང་འགྲེལ་པ་དག་ཏུ་གསལ་ཞིང་། འདིར་རྣམ་བཤད་སྙིང་པོའི་རྒྱན་ལས་ཇི་ལྟར་གསུང་པ་ལྟར་གྱི་དཔེ་བྱད་འགྲུབ་པའི་རྒྱུ་དེ་དག་རྣམ་པར་ཕྱེ་ནས་རྒྱུ་གང་དང་གང་གིས་དཔེ་བྱད་གང་དང་གང་གི་རྒྱུ་བྱེད་པའི་ཚུལ་འཆད་པ་ལ། བཅུ་ཚན་དང་པོའི་ཐུབ་པའི་སེན་མོ་ཟངས་མདོག་གི་རྒྱུ་ནི་འདུ་བྱེད་ཐམས་ཅད་ལ་འདོད་ཆགས་དང་བྲལ་བ་མཐར་ཕྱིན་པ་ཉིད་ཀྱིས་དེ་ལྟར་བྱུང་ངོ་། །སེན་མོའི་མདོག་སྣུམ་པ་ནི་སེམས་ཅན་ཐམས་ཅད་ལ་ཕུགས་སུ་ཕན་པའི་ལྷག་པའི་བསམ་པ་མཐར་ཕྱིན་པ་དང་ལྡན་པས་སོ། །སེན་མོ་མཐོ་བ་ནི་མིའི་རིགས་ཀྱི་མཆོག་ལས་སྐྱེས་པས་སོ། །སོར་མོ་ཟླུམ་པ་ཉིད་ནི་སྒྲུབ་པའི་སྤྱོད་པའི་ཚུལ་ཁ་ན་མ་ཐོ་བ་མེད་པ་མཐར་ཕྱིན་པ་ཉིད་ཀྱིས་སོ། །སེན་མོ་རྣམ་པར་རྒྱས་པ་ནི་སྔོན་དགེ་བའི་རྩ་བ་བསགས་པ་མཐར་ཕྱིན་པ་ཉིད་ཀྱིས་སོ། །སོར་མོ་བྱིན་གྱིས་ཕྲ་བ་ནི་ཐེག་པ་གསུམ་གྱི་རྟོགས་པའི་རིགས་པའི་རིགས་ཡང་དག་པའམ་རིམ་གྱིས་ཞུགས་པའི་མཐར་ཕྱིན་པ་ཉིད་ཀྱིས་སོ། །ལུས་ཀྱི་རྩ་ཕྱི་ནས་མི་མངོན་པ་ནི་སྔོན་མི་དགེ་བ་བཅུ་དང་ལོག་པར་འཚོ་བ་བསྲུངས་པ་ཉིད་ཀྱིས་སོ། །རྩ་མདུད་པ་མེད་པ་ནི་ཉོན་མོངས་པའི་མདུད་པ་འགྲོལ་ཞིང་འགྲོལ་བས་སོ། །ཞབས་ཀྱི་ལོང་བུ་ཆུང་བ་མི་མངོན་པ་ནི་གསང་བའི་གནས་ཟབ་མོ་རྟོགས་པས་ཤིན་ཏུ་སྦས་པའི་ཆོས་ཀྱི་བློ་གྲོས་ཅན་ཉིད་ཀྱིས་སོ། །ཞབས་མི་མཉམ་པ་མེད་པ་ནི་འཁོར་བ་སོགས་བསྒྲོད་དཀའ་བའི་གནས་ཐམས་ཅད་ལས་སྒྲོལ་བར་མཛད་པ་ཉིད་ཀྱིས་སོ། །དཔེ་བྱད་བཅུ་ཚན་གཉིས་པའི་སེང་གེའི་སྟབས་སུ་གཤེགས་པ་ནི་མི་ཟིལ་གྱིས་གནོན་པ་ལ་མཁས་པ་ཉིད་ཀྱིས་དེ་ལྟར་བྱུང་བ་ཡིན། གླང་པོ་ཆེའི་སྟབས་སུ་གཤེགས་པ་ནི་ཀླུ་གདུག་པ་ཅན་སོགས་ཟིལ་གྱིས་གནོན་པ་ལ་ཉིད་ཀྱིས་སོ། །ངང་པའི་སྟབས་སུ་གཤེགས་པ་ནི་བྱ་ལྟར་ནམ་མཁའ་ལ་གཤེགས་པར་མཁས་པ་ཉིད་ཀྱིས་སོ། །ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ནི་འདོད་པའི་གནས་སུ་སེམས་ཅན་གྱི་སྣ་འདྲེན་པ་སྐྱེས་བུའི་ཁྱུ་མཆོག་ཏུ་མཁས་པ་ཉིད་ཀྱིས་སོ། །གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་ནི་སྐོར་ཕྱོགས་ཀྱི་ལམ་དང་མཐུན་པར་གཤེགས་པ་ཉིད་ཀྱིས་སོ། །མཛེས་པར་གཤེགས་པ་ནི་གཤེགས་པའི་ཚེ་ལྟ་ན་སྡུག་ཅིང་མཛེས་པར་མཁས་པ་ཉིད་ཀྱིས་སོ། ། མི་གཡོ་﹙ཡོ་﹚བར་གཤེགས་པ་ནི། རྟག་ཏུ་ས་གཉིས་ཡིད་ལ་བྱེད་པའི་གྱ་གྱུ་མི་མངའ་བ་ཉིད་ཀྱིས་སོ། །སྐུ་འཁྲིལ་བག་ཆགས་པ་ནི་གཞན་གྱི་ཡོན་ཏན་ཡང་དག་པར་བརྗོད་པར་མཛད་པ་ཉིད་ཀྱིས་སོ། །སྐུ་བྱི་དོར་བྱས་པ་འདྲ་བ་ནི་སྒོ་གསུམ་སྡིག་པའི་ཆོས་དང་མ་སྦག་པ་ཉིད་ཀྱིས་སོ། །སྐུ་རིམ་པར་འཚམ་པ་ནི་གདུལ་བྱ་བློ་དང་འཚམ་པའི་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་སོ། །དཔེ་བྱད་བཅུ་ཚན་གསུམ་པའི་སྐུ་གཙང་བ་ནི་སྐུ་གསུང་ཐུགས་ཀྱི་སྤྱོད་པ་གཙང་བ་ཉིད་ཀྱིས་དེ་ལྟར་བྱུང་བ་ཡིན། སྐུ་འཇམ་པ་ནི་ཐུགས་སྙིང་རྗེ་ཅན་གྱིས་སོ། །སྐུ་དག་པ་ནི་ཐུགས་དྲི་མ་རྣམ་པར་དག་པ་ཉིད་ཀྱིས་སོ། །མཚན་ཡོངས་སུ་རྫོགས་པ་ནི་རང་གི་རྒྱུད་ཉོན་མོངས་དང་རྣམ་རྟོག་འཇོམས་པའི་ཆོས་འདུལ་བ་ཐམས་ཅད་ཡོངས་སུ་རྫོགས་པ་ཉིད་ཀྱིས་སོ། །སྐུའི་ཡི་ཁོ་ལག་སྤངས་ཤིང་བཟང་བ་ནི་གཞན་ལ་རྒྱ་ཆེ་བ་ཡངས་ཤིང་ཡིད་དུ་འོང་བའི་མཛེས་པའི་ཡོན་ཏན་བརྗོད་པའི་ཕྱིར། གོམ་པ་སྙོམས་ནི་སེམས་ཅན་ཐམས་ཅད་ལ་ཐུགས་སྙོམས་པ་ཉིད་ཀྱིས་སོ། །སྤྱན་རྣམ་པར་དག་པ་ནི་ཡོན་ཏན་འབའ་ཞིག་བསྐྱེད་པ་རྣམ་པར་དག་པའི་ཆོས་སྟོན་པ་ཉིད་ཀྱིས་སོ། །སྐུ་གཞོན་ཤ་ཅན་ནི་དཔེ་དང་བཅས་ཏེ་ཆོས་གོ་སླ་བ་སྟོན་པ་ཉིད་ཀྱིས་སོ། །སྐུ་ཞུམ་པ་མེད་པ་ནི་བྱ་དཀའ་བའི་གནས་ཐུགས་རྟག་ཏུ་མ་ཞུམ་པ་ཉིད་ཀྱིས་སོ། །སྐུ་ཤ་རྒྱས་པ་ནི་དགེ་བའི་རྩ་བ་འཇིག་རྟེན་ཐམས་ཅད་ལས་ཡང་དག་པར་འཕགས་པ་ཉིད་ཀྱིས་སོ། །དཔེ་བྱད་བཅུ་ཚན་བཞི་པའི་སྐུ་ཤིན་ཏུ་གྲིམ་པ་ནི་ཡང་སྲིད་པ་ལ་ལེན་པའི་ལས་ཟད་པ་ཉིད་ཀྱིས་དེ་ལྟར་བྱུང་བ་ཡིན། ཡན་ལག་ཤིན་ཏུ་རྣམ་པར་འབྱེས་པ་ནི་གདུལ་བྱ་སྲིད་པ་ལས་གྲོལ་བའི་ཆེད་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་འབྱེས་ལུགས་འབྱུང་ལུགས་ལྡོག་ཤིན་ཏུ་རྣམ་པར་ཕྱེ་བ་སྟོན་པར་མཛད་པ་ཉིད་ཀྱིས་སོ། །གཟིགས་པ་སྒྲིབ་མེད་དག་པ་ནི་ཚིག་དོན་མངོན་མཐོ་ངེས་ལེགས་ལས་བརྩམས་པ་ཤིན་ཏུ་རྣམ་པར་དག་པ་མཐར་ཕྱིན་པར་སྟོན་པས་སོ། །སྐུའི་ཕྱལ་ཟླུམ་པ་﹙འདི་ལ་ལེགས་བཤད་གསེར་ཕྲེང་དུ་ཕྱལ་ནི་ལྟེ་བ་ཡིན་པས་དཀུ་ཟླུམ་པ་སྟེ་སྐེད་སྐབས་ཟླུམ་པ་ལ་བཞེད་དོ།།﹚ནི་སློབ་མ་ཕུན་ཚོགས་པར་གྱུར་པ་མཛད་པ་ཉིད་ཀྱིས་སོ། །སྐུ་སྐབས་ཕྱིན་པ་ནི་གཉེན་པོས་བཅོམ་པས་འཁོར་བའི་སྐྱོན་གྱིས་མ་གོས་ཤིང་མ་སྦགས་པ་ཉིད་ཀྱིས་སོ། །སྐུ་མ་རྙོངས་པ་ནི་ང་རྒྱལ་གྱི་འགྱིང་བཅོམ་པ་ཉིད་ཀྱིས་སོ། །སྐུའི་ལྟེ་བ་ཕྱལ་ཕྱང་ངེ་བ་སྟེ་མཐོ་དམན་མེད་པ་ནི་བཤད་བྱའི་ཆོས་ཟད་པ་རྣམ་པར་ལྡོག་པ་ཟད་མི་ཤེས་པར་སྟོན་པ་ཉིད་ཀྱིས་སོ། །ལྟེ་བ་ཟབ་པ་ནི་ཆོས་ཟབ་མོ་རྟོགས་པ་ཉིད་ཀྱིས་སོ། །ལྟེ་བའི་རི་མོ་གཡས་ཕྱོགས་སུ་འཁྱིལ་བ་ནི་སློབ་མ་རང་དང་མཐུན་པར་གདམ་ངག་འཛིན་པ་ཉིད་ཀྱིས་སོ། །ཀུན་ནས་ལྟ་ན་སྡུག་པ་ནི་འཁོར་ཐམས་ཅད་སྒོ་གསུམ་གྱི་སྤྱོད་པ་ཀུན་ནས་མཛེས་པར་མཛིན་པ་ཉིད་ཀྱིས་སོ། །ཀུན་ནས་ལྟ་ན་སྡུག་པ་ནི་འཁོར་ཐམས་ཅད་སྒོ་གསུམ་གྱི་སྤྱོད་པ་ཀུན་ནས་མཛེས་པར་མཛད་པར་གྱུར་པ་ཉིད་ཀྱིས་སོ། །དཔེར་བྱད་བཅུ་ཚན་ལྔ་པའི་ཀུན་སྤྱོད་གཙང་པ་ནི་དྲི་མ་མེད་པས་ཐུགས་གཙང་ཉིད་ཀྱིས་དེ་ལྟར་བྱུང་བ་ཡིན། སྨེ་བ་གནག་བག་མེད་པ་ནི་ལམ་ལོག་པར་སྟོན་པ་དང་དུས་ལ་མ་བབ་པར་གདུལ་བྱ་འདུལ་བ་སོགས་དུས་མ་ཡིན་པའི་ཆོས་འདུལ་བ་སྟོན་པ་དང་བྲལ་བ་ཉིད་ཀྱིས་སོ། །ཕྱག་ཤིང་བལ་ལྟར་འཇམ་པ་ནི་ལུས་ངག་ཡིད་སོགས་སྐྱེ་མདོག་བདེ་བ་འཐོབ་པའི་རྒྱུར་གྱུར་པའི་ཆོས་སྟོན་པ་ཉིད་ཀྱིས་སོ། །ཕྱག་རིང་མོའི་མདངས་ཡོད་པ་ནི་རང་གི་སྐྱེ་བོ་སྙོམ་པར་བྱས་པ་མདངས་ཡོད་པའི་དགེ་སྦྱོང་ཆེན་པོ་བརྙེས་པར་མཛད་པ་ཉིད་ཀྱིས་སོ། །ཕྱག་རིས་ཟབ་པ་ནི་ཆོས་ཟབ་མོ་རྟོགས་པ་མཐར་ཕྱིན་པ་ལ་གནས་པ་ཉིད་ཀྱིས་སོ། །ཕྱག་རིས་རིང་བ་ནི་འཕྲལ་དུ་བདེ་ལ་ཕུགས་སུ་ཕན་པ་དང་། ཕྱིས་རྗེས་སུ་ཡང་དང་ཡང་དུ་ཡོངས་སུ་དག་པའི་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་སོ། །ཞལ་ཧ་ཅང་མི་རིང་བ་ནི་གདུལ་བྱའི་རིམ་པ་མང་པོ་ལ་ཇི་ལྟར་འཚམ་པའི་བསླབ་པ་རབ་ཏུ་མང་པོ་ཀུན་ཏུ་སྟོན་པར་མཛད་པ་ཉིད་ཀྱིས་སོ། །མཆུ་བིམ་པ་ལྟར་དམར་བ་ནི་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་གཟུགས་བརྙན་འདྲ་བར་རྟོགས་པ་ཉིད་ཀྱིས་སོ། །ལྗགས་མཉེན་པ་ནི་གདུལ་བྱ་ཐམས་ཅད་ཚིག་འཇམ་པོས་འདུལ་བ་ཉིད་ཀྱིས་སོ། །ལྗགས་སྲབ་པ་ནི་ཡོན་ཏན་རིགས་པའི་འཐད་པ་མང་བ་སྟོན་པར་མཛད་པ་ཉིད་ཀྱིས་སོ། །དཔེ་བྱད་བཅུ་ཚན་དྲུག་པའི་ལྗགས་དམར་བ་ནི་ཉོན་མོང་འཇོམས་པའི་ཆོས་འདུལ་བ་བྱིས་པ་སྐྱེ་བོ་བདག་དང་བདག་གི་བ་ལ་ཆགས་པ་ཅན་གྱིས་གཏིང་དཔག་དཀའ་བ་སྟོན་པར་མཛད་པ་ཉིད་ཀྱིས་སོ། །གསུང་སྙན་ཅིང་འཇམ་པ་ནི་སྣ་བར་འབྱེས་པས་སྙན་པ་ལ་སོགས་པར་གསུངས་པ་ཉིད་ཀྱིས་སོ། །མཆེ་བ་ཟླུམ་པ་ནི་རྗེས་སུ་ཆགས་པ་སོགས་བྲིས་པར་ཀུན་ཏུ་སྦྱོར་བ་ཟད་པར་བསྡམས་པ་ཉིད་ཀྱིས་སོ། །མཆེ་བ་རྣོ་བ་ནི་སྐྱེ་བོ་གདུལ་དཀའ་བ་ཉོན་མོངས་ཤས་ཆེ་བ་འདུལ་བར་མཛད་པ་ཉིད་ཀྱིས་སོ། །མཆེ་བ་དཀར་བ་ནི་ཉོན་མོངས་འཇོམས་པའི་ཆོས་འདུལ་བ་ཤིན་ཏུ་དཀར་བ་ཉིད་ཀྱིས་འཇོམས་པར་མཛད་པ་ཉིད་ཀྱིས་སོ། །མཆེ་བ་བྱིན་གྱིས་ཕྲ་བ་ནི་མཐར་གྱིས་ཏེ་རིམ་གྱིས་ཐེག་པ་གསུམ་གྱི་མངོན་པར་རྟོགས་པ་ཡང་དག་པར་རབ་ཏུ་སྟོན་པར་མཛད་པ་ཉིད་ཀྱིས་སོ། །ཤང་གཟེངས་མཐོ་བ་ནི་ཐབས་ཆ་ཡོངས་སུ་རྫོགས་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་མཆོག་ལ་གནས་པ་ཉིད་ཀྱིས་སོ། ། ཤངས་མཆོག་ཏུ་དག་པ་ནི་གདུལ་བྱའི་སྐྱེ་བོ་ཡིན་ཆེས་པའི་གཙང་མ་ཕུན་ཚོགས་པ་དང་ལྡན་པ་ཉིད་ཀྱིས་སོ། །དཔེ་བྱད་བཅུ་ཚན་བདུན་པའི་སྤྱན་ཡངས་པ་ནི་ཐེག་པ་ཆེན་པོའི་ཆོས་གྲགས་མེད་པ་ཤིན་ཏུ་རྒྱ་ཆེ་བ་སྟོན་པས་དེ་ལྟར་བྱུང་བ་ཡིན། རྫི་མ་སྟུག་པ་ནི་སེམས་ཀྱི་མཐའ་ལས་འདས་པའི་འཁོར་བའི་གནས་ནས་དྲངས་པ་ཉིད་ཀྱིས་སོ། །སྤྱན་པད་མའི་འདབ་མ་འདྲ་བ་ནི་མགུ་བར་དཀའ་པའི་ལྷ་དང་མི་དང་ལྷ་མ་ཡིན་གྱི་འགྲོ་བ་གཞོན་ནུ་མ་ཐམས་ཅད་ཀྱིས་བསྟོད་པར་འོས་པས་མངོན་པར་མགུ་བར་མཛད་པ་ཉིད་ཀྱིས་སོ། །སྨིན་ཚུགས་རིང་བ་ནི་མ་འོངས་པ་ན་ཅི་འགྱུར་ལྟ་བས་རྟག་ཏུ་ཕྱི་རྗེས་སུ་འགྲོ་བ་ལ་གཟིགས་པ་ཉིད་ཀྱིས་སོ། །སྨིན་མ་འཇམ་པ་ནི་ཆོས་འདུལ་བ་མེ་ལྔ་བསྟེན་པ་སོགས་མ་ཡིན་པ་འཇམ་པོའི་ཆོས་ཀྱིས་འདུལ་བ་ལ་མཁས་པ་ཉིད་ཀྱིས་སོ། །སྨིན་མ་སྣུམ་པ་ནི་ཐུགས་ཀྱི་རྒྱུད་དགེ་བས་ཡོངས་སུ་བརླན་པ་ཉིད་ཀྱིས་སོ། །སྨིན་མའི་སྤུ་རིང་ཐུང་མེད་པས་མཉམ་པ་ནི་ཀུན་ནས་ཉོན་མོངས་པའི་སྐྱོན་གཟིགས་པ་ཉིད་ཀྱིས་སོ། །ཕྱག་རིང་ཞིང་རྒྱས་ནི་སེམས་ཅན་གྱི་མཆོག་ཏུ་གནོད་པ་འཁོར་བ་སྤྱི་དང་ངན་འགྲོའི་རྒྱུ་ལྡོག་པར་མཛད་པ་ཉིད་ཀྱིས་སོ། །སྙན་མཉམ་པ་ནི་རྒྱས་པར་དཀའ་བ་འདོད་ཆགས་ལ་སོགས་པའི་གཡུལ་ལས་རྣམ་པར་རྒྱལ་བ་ཉིད་ཀྱིས་སོ། །སྒྲ་ལ་འཇུག་བྱེད་ཉམས་པ་སོགས་རྣམ་པར་སྤངས་པ་ནི་གདུལ་བྱའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་མཉམ་པར་བདེ་བ་ལ་བཀོད་པར་མཛད་པ་ཉིད་ཀྱིས་སོ། །དཔེ་བྱད་བཅུ་ཚན་བརྒྱད་པའི་དཔྲལ་བ་ལེགས་པར་འབྱེས་པ་ནི་ལྟ་བ་ངན་པ་དྲུག་ཅུ་རྩ་གཉིས་སོགས་མཐར་འཛིན་གྱི་ལྟ་བས་བྱས་པ་ཐམས་ཅད་ཀྱིས་ཐུགས་གཞན་དུ་མི་འགྱུར་བ་སྔོན་འགྱུར་བར་མི་ནུས་པ་ཉིད་ཀྱིས་སོ། །དཔྲལ་བ་དབྱེས་ཆེ་བ་ནི་ལོག་པའི་སྨྲ་བ་ཐམས་ཅད་འཇོམས་པ་ཉིད་ཀྱིས་སོ། །དབུ་སྐྲ་བུང་བ་ལྟར་གནག་པ་ནི་ཡུལ་གྱི་དགའ་བ་གཟུགས་སྒྲ་ལ་སོགས་པའི་ཡུལ་ལ་སྲེད་པ་ཐམས་ཅད་ལྡོག་པར་མཛད་པ་ཉིད་ཀྱིས་སོ། །དབུ་སྐྲ་སྟུག་པ་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་བག་ལ་ཉལ་ཟད་པར་སྤངས་པ་ཉིད་ཀྱིས་སོ། །དབུ་སྐྲ་འཇམ་པ་ནི་བསྟན་པ་མཐར་འཛིན་གྱི་རྩུབ་བག་མེད་པའི་བློ་འཇམ་པོས་ཡོངས་སུ་ཤེས་པ་ཉིད་ཀྱིས་སོ། །མ་འཛིངས་པ་ནི་ཐུགས་འདོད་ཆགས་ལ་སོགས་པས་མ་འཁྲུག་པ་ཉིད་ཀྱིས་སོ། །མི་གཤོར་བ་ནི་ཚིག་རྩུབ་ཟད་པར་སྤངས་པས་རྟག་ཏུ་ཚིག་མི་རྩུབ་པ་ཉིད་ཀྱིས་སོ། །དབུ་སྐྲའི་དྲི་ཞིམ་པ་ནི་དཀོན་མཆོག་གི་མདུན་དུ་བྱང་ཆུབ་ཀྱི་རྒྱུར་གྱུར་པའི་ཡན་ལག་གི་མེ་ཏོག་བཀྲམ་པ་ཉིད་ཀྱིས་སོ། །ཕྱག་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་གཡུང་དྲུང་གཡས་སུ་འཁྱིལ་བ་ནི་རྣམ་པ་ཐམས་ཅད་དུ་མཛེས་པར་གྱུར་པ་ཉིད་ཀྱིས་སོ། །དེ་དག་ནི་དཔེ་བྱད་བརྒྱད་ཅུ་པོ་སོ་སོ་གང་ལས་བྱུང་བའི་རྒྱུ་བསྟན་པ་ཡིན་ནོ། །

གསུམ་པ། མཚན་དཔེའི་ཡོན་ཏན་བརྗོད་པས་མཇུག་བསྡུ་བ།
དེ་ལ་ཡང་། མཚན་དཔེ་གཙོ་འཁོར་ཇི་ལྟར་འདུ་ཚུལ་དང། མཚན་དཔེ་ཡོན་ཏན་རྣམས་མདོར་བསྡུས་ན་ཕར་ཕྱིན་དྲུག་གི་རྒྱུ་བྱས་པའི་ཚུལ་དང་། མཚན་དཔེ་ཡོན་ཏན་འབྱུང་བར་དཀོན་པ་ལ་དང་བ་འདྲེན་ཅིང་སྨོན་པས་མཇུག་བསྡུ་བའོ། །དང་པོ་གཙོ་འཁོར་གྱི་རྣམ་བཞག་ནི། རྗེ་བདག་ཉིད་ཆེན་པོའི་མཛད་པའི་ལེགས་བཤད་གསེར་ཕྲེང་གི་དགོངས་པ་ལྟར་ན། དཔེ་བྱད་ཀྱི་བཅུ་ཚན་དང་པོའི་སེར་མོ་ཟངས་མདོག་དང་། སྣུམ་པ་མཐོ་བ། ཟླུམ་པ། རྒྱས་པ། བྱིན་གྱིས་ཕྲ་བ་བཅས་དྲུག་ནི་མཚན་བཟང་སོར་མོ་རིང་བའི་འཁོར་ཡིན་པ་དང་། དཔེ་བྱད་ཀྱི་བཅུ་ཚན་བརྒྱད་པའི་དབུ་རྒྱས་པ་དང་། དབུ་སྐྲ་བུང་བ་ལྟར་གནག་པ་དང་། སྟུག་པ། འཇམ་པ། མ་འཛིངས་པ། མི་གཤོར་བ། དྲི་ཞིམ་པ་བཅས་བདུན་ནི་མཚན་བཟང་གི་ནང་ཚན་གཙུག་གཏོར་དབུར་ལྡན་པ་དང་། སྤུ་གཡས་སུ་འཁྱིལ་བའི་འཁོར་ཡིན་ནོ། །དཔེ་བྱད་བཅུ་ཚན་བརྒྱད་པའི་དཔྲལ་བ་འབྱེས་པ་དང་། རྒྱས་པ་གཉིས། བཅུ་ཚན་བདུན་པའི་སྨིན་ཚུགས་རིང་བ་དང་། འཇམ་པ། སྣུམ་པ། སྨིན་སྤུ་མཉམ་པ་བཅས་བཞི། བཅུ་ཚན་དྲུག་པའི་ཤངས་ཀྱི་གཟེངས་མཐོ་གཉིས་དང་ཁྱོན་བརྒྱད་ནི་མཚན་བཟང་པོ་མཛོད་སྤུས་རྒྱན་གྱི་འཁོར་དང་། དཔེ་བྱད་ཀྱི་བཅུ་ཚན་གསུམ་པའི་སྤྱན་ར་རིས་མེད་པ་དང་། བཅུ་ཚན་བཞི་པའི་གཟིགས་པ་སྒྲིབ་མེད་དག་པ་བཅུ་ཚན་བདུན་པའི་སྤྱན་ཡངས་པ། རྫི་མ་སྟུག་པ། དཀར་ནག་མ་འདྲེས་པ་བཅས་ལྔ་ནི་མཚན་བཟང་པོ་སྤྱན་མཐོན་མཐིང་དང་བའི་རྫི་མ་གཉིས་འཁོར་དང་། དཔེ་བྱད་ཀྱི་བཅུ་ཚན་བདུན་པའི་སྙན་མཉམ་པ་དང་ཉམས་པ་རྣམ་པར་སྤངས་པ་གཉིས་ནི་མཚན་བཟང་འགྲམ་པ་སེང་གེ་འདྲ་བའི་འཁོར་དང་། དཔེ་བྱད་ཀྱི་བཅུ་ཚན་ལྔ་པའི་ཞལ་ཧ་ཅང་མི་རིང་བ་དང་མཆུ་བིལ་ས་ལྟར་དམར་བ་དང་། ལྗགས་མཉེན་པ། ལྗགས་སྲབ་པ། བཅུ་ཚན་དྲུག་པའི་ལྗགས་དམར་བ། གསུང་འབྲུག་གི་སྒྲ། མཉེན་ལ་འཇམ་པ་﹙འདིར་གསུང་གི་མཉེན་པ་དང་འཇམ་པ་ལོགས་སུ་བགྲངས་པ་མིན་ནམ་﹚མཆེ་བ་ཟླུམ་པ། རྣོ་བ། དཀར་བ། མཉམ་པ། བྱིན་གྱིས་ཕྲ་བ་བཅས་ཁྱོན་བཅུ་གསུམ་པོ་ནི་མཚན་བཟང་པོའི་ཁོངས་ལྗགས་ཡངས་པ་དང་ཚངས་པའི་དབྱངས་དང་ཚེམས་ཀྱི་མཚན་བཞི་དང་རོ་བྲོ་བའི་མཆོག་མཁྱེན་རྣམས་ཀྱི་འཁོར་དང་། དཔེ་བྱད་ཀྱི་བཅུ་ཚན་དང་པོའི་རྩ་མི་མངོན་པ་དང་། མདུད་པ་མེད་པ། ལོང་བུ་མི་མངོན་བལ་ལྟར་འཇམ་པ་དང་། ཕྱག་རིས་མདངས་ལྡན། ཟབ་པ་དང་རིང་བ་བཅས་ཁྱོན་བརྒྱད་ནི་མཚན་བཟང་པོ་ཕྱག་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང་། ཞབས་ལོང་བུ་མི་མངོན་པའི་འཁོར་ཡིན་པ་དང་། དཔེ་བྱད་ཀྱི་བཅུ་ཚན་དང་པོའི་གཤེགས་སྟབས་སེང་གེ་དང་། གླང་ཆེན། ངང་པ། ཁྱུ་མཆོག གཡས་སུ་ལྡོག་ཅིང་གཤེགས་པ། མཛེས་པར་གཤེགས་པ། མི་གཡོ་﹙ཡོ་﹚བར་གཤེགས་པ་བཅས་བདུན་དང་། བཅུ་ཚན་གསུམ་པའི་གོམ་པ་སྙོམས་པ་བཅས་བརྒྱད་ནི་མཚན་བཟང་པོ་སོར་མོའི་དྲ་བ་འབྲེལ་བ་དང་རྟིང་པ་ཡངས་པ་རྣམས་ཀྱི་འཁོར་དང་། དཔེ་བྱད་བཅུ་ཚན་གཉིས་པ་སྐུ་འཁྲིལ་བག་ཆགས་པ་དང་། བྱི་དོར་བྱས་འདྲ། རིམ་པར་འཚམ་པ། གཙང་བ། དག་པ་བཅས་དྲུག་དང་། བཅུ་ཚན་གསུམ་པའི་སྐུའི་ཁོ་ལག་ཡངས་པ། སྐུ་མ་ཞུམ་པ་། རྒྱས་པ། བཅུ་ཚན་བཞི་པ་སྐུ་གྲིམས་པ། ཡན་ལག་རྣམ་པར་འབྱེད་པ། སྐུ་ཕྱལ་ཟླུམ་པ། སྐབས་ཕྱིན་པ། སྐུ་མ་རྙོངས་པ། ཕྱལ་ཕྱང་མཐོ་དམན་མེད་པ། ཀུན་ནས་ལྟ་ན་སྡུག་པ། བཅུ་ཚན་ལྔ་པའི་སྒོ་གསུམ་གྱི་སྤྱོད་པ་གཙང་བ། སྐུ་ལ་སྨེ་བ་གནག་གབ་མེད་པ་བཅས་བཅོ་བརྒྱད་ནི་མཚན་བཟང་པོ་སྐུ་ཆེ་ཞིང་དྲང་བ་དང་། བདུན་མཐོ་བ། གསེར་མདོག་འདྲ་བ། པགས་པ་སྲབ་པ། དཔུང་མགོ་མཐོ་བ། རོ་སྟོད་སེང་གེ་འདྲ་བ། ཤིང་ནྱ་གྲོ་ཏ་ལྟར་ཆུ་ཞེངས་གབ་པ་རྣམས་ཀྱི་འཁོར་དང་། ཡང་དཔེ་བྱད་ཀྱི་བཅུ་ཚན་བཞི་པའི་ཕྱལ་ཕྱང་ངེ་བ་དང་། ཕྱལ་མ་རྙོངས་པ། དཀུ་ཟླུམ་པ། དེ་བཞིན་ལྟེ་བ་ཟབ་པ། གཡས་ཕྱོགས་སུ་འཁྱིལ་བ་བཅས་ལྔ་མཚན་བཟང་པོ་གསང་གནས་སྦུབས་སུ་ནུབ་པའི་འཁོར་དུའང་གསུངས། དཔེ་བྱད་ཀྱི་བཅུ་ཚན་བརྒྱད་པའི་དཔལ་བེའུ་དང་བཀྲ་ཤིས་གཡས་སུ་འཁྱིལ་བ་སོགས་ནི་མཚན་བཟང་པོ་ཕྱག་ཞབས་འཁོར་ལོས་མཚན་པ་དང་དྲ་བ་འབྲེལ་བའི་འཁོར་དུ་གསུངས་ཏེ་དེ་དག་ནི་དཔེ་བྱད་རྣམས་གཙོ་བོ་མཚན་བཟང་གི་འཁོར་དུ་ཇི་ལྟར་འགྱུར་བའི་ཚུལ་ལོ། །

གཉིས་པ་མཚན་བཟང་པོའི་ཡོན་ཏན་རྣམས་ཕར་ཕྱིན་དྲུག་གི་རྒྱུ་བྱས་པའི་ཚུལ་ནི། མདོ་སྡེ་བསྐལ་བཟང་ལས་དེ་ལ་ཞབས་ཤིན་ཏུ་གནས་པའི་ཕ་རོལ་དུ་ཕྱིན་པ་གང་ཞེ་ན་ཞབས་ས་ལ་འཇོག་པ་ན་སྙོམས་པ་དང་། འདེགས་པ་ན་སྙོམས་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །བདེ་བར་གནས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །གཞན་གྱིས་ཉམས་པར་བྱ་མི་ནུས་པ་གང་ཡིན་པ་གང་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །འཁྲུལ་པ་མེད་པར་གནས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། །ཞབས་རེགས་པའི་སེམས་ཅན་བདེ་བར་འགྱུར་བ་གང་ཡིན་པ་དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། །སྒོ་ཆས་ཇི་ལྟར་འདོད་པ་བཞིན་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་རྣམ་པར་སྨིན་པའོ། །འདི་དག་ནི་ཞབས་ཤིན་ཏུ་གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་ཅེས་སོགས་རིམ་པར་གསུངས་ཏེ། འཁོར་ལོ་སྤྲས་པ་སྒྲུབ་པ་དང་། རྩིབས་ཕན་ཚུན་མ་འདྲེས་པ་དང་། འདོད་ཆགས་ཀྱི་དབང་གིས་མི་གོས་པ་དང་། བུམ་པ་དང་བཀྲ་ཤིས་དང་གཡུང་དྲུང་འཁྱིལ་བས་རྒྱན་པ་དང་། འཁོར་ལོའི་འོད་འབྱེད་པ་དང་། འོད་སྣ་ཚོགས་གཏོང་བ་བཅས་དྲུག་པོ་རྣམས་རིམ་པ་བཞིན་སྦྱིན་པ་ནས་ཤེས་རབ་བར་གྱི་རྣམ་པར་སྨིན་པ་སྟེ་འདི་དག་འཁོར་རྩིབས་སྟོང་དང་ལྡན་པ་སྒྲུབ་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །ཞེས་སོགས་ནས་བྱང་ཆུབ་སེམས་དཔའ་དབུའི་གཙུག་གཏོར་དང་ལྡན་པ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་ཞེས་པའི་བར་ཕར་ཕྱིན་དྲུག་གི་རྒྱུ་བྱས་པའི་ཚུལ་ཞིབ་པར་གསུངས་པ་དེ་ལྟར་ལགས་པས་འདིར་མངས་ཀྱིས་དོགས་ནས་མ་བྲིས་སོ། །

གསུམ་པ་མཚན་དཔེ་ཡོན་ཏན་འབྱུང་བར་དཀོན་པ་ལ་མཆོག་ཏུ་དང་བ་འདྲེན་ཅིང་སྨོན་པས་མཇུག་བསྡུ་བ་ལ། དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུའི་མཚན་བཟང་པོ་ཟུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ཉིད་ཐོབ་པ་ནི་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་བསྐལ་པ་གྲངས་མེད་གསུམ་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་རླབས་པོ་ཆེའི་ཚོགས་རྫོགས་པ་ལས་བྱུང་བ་ཡིན་པས། བརྗོད་ལས་འདས་པའི་ཚོགས་གཉིས་རླབས་པོ་ཆེ་དེ་ལྟར་བསགས་པའི་འབྲས་བུར་སྐུ་མཚན་དཔེས་སྤྲས་པ་ལོངས་སྤྱོད་རྫོགས་པའི་སྐུ་འཇིག་རྟེན་ཀུན་ལ་ཁྱད་དུ་འཕགས་པ་ཉིད་གྲུབ་སྟེ། དེ་ཡང་མདོ་བསྐལ་པ་བཟང་པོ་ལས། སྔོན་ཚེ་ང་ནི་དམན་པར་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་ཆེན་ལ། །འཇམ་གང་ཞིག་ནི་དབུལ་བར་བྱས་ནས་ཀྱང་། །དང་པོ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཅེས་བསྐལ་པ་གྲངས་མེད་པ་དང་པོ་ལ་བདག་ཅག་གི་སྟོན་པ་དེའི་དུས་དམན་པ་སྟེ་རྫ་མཁན་མཁན་གྱི་ཁྱེའུར་གྱུར་པའི་ཚེས་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་མཇལ་ནས་འཇམ་གང་ཞེས་ཐུག་པ་ཚ་མེད་དྲངས་ནས་ཚིག་ཏུ། དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། ཁྱོད་ཀྱི་མཚན་མཆོག་བཟང་པོ་ཇི་འདྲ་བ། །དེ་འདྲ་ཁོ་ནས་བདག་སོགས་འབྱུང་བར་ཤོག །ཅེས་དང་བོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པར་མཛད། བསྐལ་པ་གྲངས་མེད་པའི་དང་པོ་ལ་སངས་རྒྱས་ཤཱཀྱ་ཐུབ་ཆེན་ནས་ཡུལ་འཁོར་སྐྱོང་བར་སངས་རྒྱས་བདུན་ཁྲིད་ལྔ་སྟོང་དང་། བསྐལ་པ་གྲངས་མེད་གཉིས་པར་སངས་རྒྱས་མར་མེ་མཛད་ནས་དབང་པོའི་རྒྱལ་མཚན་གྱི་བར་དུ་སངས་རྒྱས་བདུན་ཁྲི་དྲུག་སྟོང་། བསྐལ་པ་གྲངས་མེད་གསུམ་པ་ལ་སངས་རྒྱས་བདེ་མཛད་དམ་པ་ནས་འོད་སྲུང་གི་བར་སངས་རྒྱས་བདུན་ཁྲི་བདུན་སྟོང་ལ་མཉེས་པར་མཛད་པ་སོགས་སྟོན་པ་ཤཱཀྱ་ཐུབ་པས་སྔོན་སློབ་པ་ལམ་གྱི་གནས་སྐབས་བསྐལ་ཆེན་གྲངས་མེད་གསུམམ་ལ་རྒྱས་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ཡོངས་སུ་རྫོགས་པར་མཛད་དེ་མཐར་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་མཚན་དཔར་གསལ་རྫོགས་ཀྱི་དེ་ལྟ་བུ་ཞིག་འགྲུབ་པ་ཡིན། །མཚན་དང་དཔེ་བྱད་དེ་ལྟར་འགྲུབ་པ་ལ་རྒྱུ་ཇི་ཙམ་སོགས་དགོས་ཤེ་ན། འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་བསོད་ནམས་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་རྣམས་གཅིག་ཏུ་སྤུངས་པ་ཞིག་གི་ལྡབ་བཅུ་དང་སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་གཅིག་འགྲུབ་པའི་བསོད་ནམས་མཉམ། དེ་ལྟ་བུའི་བ་སྤུ་ཐམས་ཅད་འགྲུབ་པའི་བསོད་ནམས་བརྒྱར་འགྱུར་བའི་ཚད་ཙམ་ལ་དཔེ་བྱད་བཟང་པོ་གཅིག་འགྲུབ་པ། དཔེ་བྱད་བཅུ་འགྲུབ་པའི་བསོད་ནམས་ཀྱི་ཚད་བརྒྱ་འགྱུར་ཞིག་ལ་སྐྱེས་བུ་ཆེན་པོའི་མཚན་བཟང་གཅིག་འགྲུབ། མཚན་བཟང་སུམ་ཅུ་འགྲུབ་པའི་རྒྱུ་བསོད་ནམས་ཀྱི་ཕུང་པོ་དེ་འདྲ་སྟོང་དུ་བསྒྱུར་བའི་ཚད་ཙམ་ལ་ཟླ་བ་ཉ་གང་བ་འདྲ་བའི་སངས་རྒྱས་ཀྱི་མཚན་བཟང་མཛོད་སྤུ་དེ་འགྲུབ། དེ་ལྟའི་མཛོད་སྤུ་འགྲུབ་པའི་བསོད་ནམས་སྟོང་ཕྲག་བསྡོམ་པ་ཞིག་ལ་གཙུག་ཏོར་འགྲུབ། དེ་ལྟ་བུའི་གཙུག་ཏོར་འགྲུབ་པའི་རྒྱུ་དང་བསོད་ནམས་ཀྱི་ཕུང་པོ་བྱེ་བ་གྲངས་མེད་རྒྱ་ཚད་ལ་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ་འགྲུབ་པ་ཡིན་པས་སོ་སྐྱེའི་བློ་ངོར་ཤོང་བར་མི་ནུས་པ་ཡིན་པས་སངས་རྒྱས་འཇིག་རྟེན་འབྱུང་བ་མེ་ཏོག་ཨུ་དུམ་ཝ་ར་ལྟར་ཆེས་དཀོན་པ་དེ་ལྟ་བུའི་སྐུ་གཟིགས་མཚན་དཔེས་བརྒྱན་པ་དངོས་སུ་མཇལ་བའི་སྐལ་བ་མ་ཐོབ་ཀྱང་སྐུ་ཚབ་ཇོ་བོ་རྣམ་པ་གཉིས་ལ་སོགས་པ་ས་སྟེང་དུ་ཇི་སྙེད་བཞུགས་པའི་སྐུ་བརྙན་དེ་དག་ལ་མཚན་དཔེས་བརྒྱན་པའི་སྐུ་ལུས་ལ་དངོས་སུ་འདུ་ཤེས་ཤིང་། གསུང་ཚངས་པའི་དབྱངས་དང་ཐུགས་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་མངའ་བ་ཡང་དག་པ་རྫོགས་པའི་སངས་རྒྱས་ཉིད་དུ་སེམས་ཤིང་དད་པ་དང་། ཕྱག་བགྱི་བ་ལ་སོགས་པ་བགྱི་ན། ཇི་སྐད་དུ། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །ཆོས་ཀྱི་ཡོན་ཏན་བསམ་མི་ཁྱབ། །དགེ་འདུན་ཡོན་ཏན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་པའི། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཞེས་པ་ལྟར་འབྱུང་བར་ངེས་སོ། །ཞེས་མཚན་དཔེ་རྒྱུ་དང་བཅས་པའི་ངོ་སྤྲོད་འདི་ཡང་མདོ་བསྐལ་པ་བཟང་པོ་དང་། རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་མངོན་རྟོགས་རྒྱན་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལེགས་བཤད་གསེར་གྱི་ཕྲེང་བ། རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་བཤད་སྙིང་པོའི་རྒྱན་སོགས་ཁུངས་སུ་བྱས་ཏེ་གོང་འོག་མཐུན་པར་བསྒྲིགས་ཤིང་། དཔར་ནོར་བ་ཡོད་དོགས་པ་འགར་ཡང་དག་བཅོས་ཟུར་གསལ་བྱས་པ་དང་། ས་བཅད་ཡང་མཛད་རོགས་ཞུས་པ་འདིས་ཀྱང་དད་འདུན་ཅན་གྱིས་སངས་རྒྱས་ཀྱི་སྐུ་ཆེ་བའི་ཡོན་ཏན་ཇི་བཞིན་དུ་མཇལ་བའི་ཕན་གྲོགས་སུ་གྱུར་གཅིག་གུ།

སྨྲས་པ།
སྐྱེ་འཕགས་དགེ་ཚོགས་མ་ལུས་སྤུངས་པས་ཀྱང་། །
སངས་རྒྱས་བ་སྤུ་གཅིག་ཙམ་འགྲུབ་པའི་རྒྱུ། །
དེ་ན་མཚན་དཔེ་རབ་ཏུ་རྫོགས་པའི་སྐུ། །
གང་ལས་བྱུང་བ་བློ་ཡིས་ཇི་ལྟར་གཞལ། །
ཆུ་བུར་མིག་གིས་སངས་རྒྱས་མ་མཐོང་ཞིང་། །
གསུང་རབ་རྒྱ་མཚོར་བལྟ་བའི་སྐབས་དང་བྲལ། །
ཞ་ཞོར་ཆོས་ལ་བྱེད་པ་ཕལ་མོ་ཆེར། །
ཚིག་ཉུང་དོན་གསལ་འདི་འདྲ་ཉེ་བར་མཁོ། །
འདི་ཡིས་དགེ་བས་མ་རྒན་སེམས་ཅན་རྣམས། །
རང་རང་ལས་ཀྱི་སྒྲིབ་པ་བྱང་གྱུར་ནས། །
ས་བཅུ་ལམ་ལྔའི་ཕ་མཐར་སོན་པ་དང་། །
མཚན་དཔེས་སྤྲས་པའི་སྐུ་གཟུགས་མཆོག་ཐོབ་ཤོག ། ། །

ཁོན་ཐར་གྱིས་ཞུ་དག་བྱས།

བརྒྱུད་སྐུལ།

མཆན་སྤེལ།