༸རྒྱལ་བའི་བཀའ་དྲིན་ཉིན་བྱེད་སྣང་བ་ལས་བོད་བརྒྱུད་ནང་བསྟན་ལ་བཀའ་དྲིན་ཆེ་བ།

༸རྒྱལ་བའི་བཀའ་དྲིན་ཉིན་བྱེད་སྣང་བ་ལས་བོད་བརྒྱུད་ནང་བསྟན་ལ་བཀའ་དྲིན་ཆེ་བ།

བོད་བརྒྱུད་ནང་བསྟན་ལ་བཀའ་དྲིན་ཆེ་བ།

བོད་གངས་ཅན་ས་ལའི་སྨན་ལྗོངས་སུ་པུར་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་དམ་པའི་ཆོས་དབུ་བརྙེས་པ་དང་། བཙན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་གཙུག་ལག་ཁང་གསར་བཞེངས་སོགས་ནང་བསྟན་ཆོས་ལུགས་ཀྱི་སྣང་བརྙན་སྲོལ་གཏོད། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་རྒྱལ་ཁབ་ནས་དངོས་སུ་ནང་བསྟན་དར་སྤེལ་བྱེད་པའི་ལས་གཞི་ཚུགས་ཏེ་བསྟན་པའི་གཞི་མ་འདུལ་བའི་བསྟན་པ་བཙུགས་པ་དང་། སྒྲ་སྒྱུར་གླིང་གི་སློབ་གྲྭ་བཙུགས་ཏེ་སྡེ་སྣོད་གསུམ་དང་རྒྱུད་སྡེ་རྣམས་རང་མི་རིགས་ཀྱི་སྐད་ཡིག་ཐོག་བསྒྱུར་བ། རྒྱ་གར་ནང་བསྟན་གཙུག་ལག་སློབ་གྲྭ་ཆེན་མོ་དཔལ་ན་ལནྡྲའི་མཁས་དབང་རྣམ་པའི་བཞེད་རྒྱུན་དྲི་མ་མེད་པར་སློབ་སྦྱོང་བྱས་ཏེ་བསྟན་པ་ཡོངས་རྫོགས་དར་ཞིང་རྒྱས་པར་མཛད། དེ་ནས་དུས་འགྱུར་མི་ཟད་པ་བྱུང་ནའང་ལོ་པཎ་བཀའ་དྲིན་ཟླ་མེད་དུ་མ་རིམ་པར་བྱོན་པའི་ཐུགས་རྗེ་ལས་ནང་པ་སངས་རྒྱས་པའི་བསྟན་པ་ཐེག་པ་ཡོངས་རྫོགས་ཚང་ལ་མ་ནོར་བ་ཕྲ་ཚུགས་སུ་གནས་ཐུབ་པ་བྱུང་བར་མ་ཟད། མཁས་པའི་བཞེད་མཚམས་དང་བླ་མའི་གདམས་པ་སོགས་ལས་གྲུབ་མཐའ་མང་པོར་འཕེལ་རྒྱས་ཕྱིན། བླ་མས་སྲིད་སྐྱོང་བའི་ལམ་ལུགས་དར་བ་ནས་བཟུང་ཆོས་ལུགས་གྲུབ་མཐའ་སོ་སོའི་གཞུང་འཛིན་དུས་ཡུན་ནང་གཞུང་ས་ནས་རང་རང་གི་གྲུབ་མཐའ་གཙོ་འགྱུར་ཐོག་མཐུན་རྐྱེན་ཡོན་བདག་གནང་བས་གཞུང་འཛིན་གྲུབ་མཐའ་སོ་སོའི་འདུས་ཚོགས་ལ་འཕེལ་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད། གྲུབ་མཐའ་འཛིན་པའི་བླ་མ་རྣམས་ཁྱིམ་མཚེས་རྒྱལ་ཁབ་འགའ་ཤས་ཀྱི་མི་དཔོན་ཁག་ལ་ཆོས་ཡོན་གྱི་འབྲེལ་བ་བྱུང་བས་རྒྱ་སོག་གི་ཡུལ་གྲུ་འགའ་ཤས་ལ་བོད་བརྒྱུད་ནང་བསྟན་དར་ཐུབ་པ་བྱུང་ཡོད་དོ།།

ཆོས་ཀྱི་རྒྱལ་པོའི་ཐུགས་བསྐྱེད་དམ་བཅའ་དང་།།

ལོ་པཎ་མཁས་པའི་ཚོགས་ཀྱི་འཕྲིན་ལས་ཀྱིས།།

གང་ལྗོངས་རྒྱལ་བསྟན་པདྨའི་ཚལ་ཡངས་པོར།།

གཅིག་འདུས་འཕྲིན་ལས་ཉི་མའི་འོད་སྣང་ཁྱབ།།

གངས་ལྗོངས་རྒྱལ་བསྟན་ཟླ་སྣང་གསར་པ་དམར་པོའི་ཡོལ་བའི་འོག་ཏུ་ཚུད་དེ་བསྟན་པ་མིང་གི་ལྷག་མར་ལུས་ཉེན་མཚམས་སུ་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པ་འདི་ཉིད་ཀྱི་ཐུགས་བསྐྱེད་རྨད་དུ་བྱུང་བའི་འཕྲིན་ལས་ཀྱིས་འཕགས་ཡུལ་དུ་ཆོས་བརྒྱུད་ཆེན་པོ་བཞི་དང་མེས་པོའི་ཆོས་ལུགས་གཡུང་དྲུང་བོན་བཅས་ཀྱི་བསྟན་པའི་གཞི་ཚུགས་ཐུབ་པ་བྱུང་། དུས་ཀྱི་འགྱུར་བའི་དབང་ལས་ཡུལ་གོམས་གཤིས་ལུགས་དང་། ཆོས་ལུགས་གྲུབ་མཐའ་མི་འདྲ་བའི་མི་རིགས་མང་པོ་དང་འཕྲད་པར་མ་ཟད། རིག་གསར་གྱི་གཡོར་ཆེའི་འདུ་འཛི་མང་དག་ཆུ་གཉེར་བཞིན་དུ་མདུན་དུ་བསླེབས། རང་རེ་དུས་ཡུན་རིང་པོའི་ནང་ཕྱིའི་རྒྱལ་ཁབ་དང་མི་རིགས་གཞན་ལ་འབྲེལ་འདྲིས་མ་བྱས་པར་ཆོས་ལུགས་བྱེད་སྒོ་སོགས་སྟར་ཆགས་ཀྱི་བྱེད་སྒོའི་སྤྲོ་སྣང་ལ་དབྱིངས་ཞུགས་ཀྱིས་དུས་འདའ་བར་གྱུར་པ། རང་རེའི་ཡུལ་དུ་རྒྱལ་བསྟན་སྤྱི་དང་ལྷག་པར་གསང་སྔགས་ཀྱི་བསྟན་པ་དར་ཁྱབ་ཧ་ཅང་ཆེན་པོ་བྱུང་བར་བརྟེན་གདུལ་བྱ་ལས་དག་གི་བགོ་སྐལ་དུ་གྱུར་པའི་ཟབ་ཆོས་ཁྲོམ་འདུས་སུ་ཁྱབ་ཏེ་བསྟན་པའི་རྩ་བ་འདུལ་བའི་དབུ་འཕང་སྨད། རང་རེའི་གནའ་རབས་ཡུལ་ཆོས་ཀྱི་བྱེད་སྒོ་མང་པོ་ཞིག་དང་ནང་བསྟན་གསང་སྔགས་ཀྱི་འབྱོར་བ་མཉམ་བསྲེས་གོམས་གཤིས་སུ་གྱུར་པའི་བྱེད་སྒོ་དེ་དག་མི་རིགས་མང་པོའི་མིག་ལམ་དུ་མངོན། དེའི་དབང་ལས་ཆོས་ལུགས་སྤྱི་དང་། ལྷག་པར་རང་རེ་སྟོན་པ་གཅིག་གི་ཞལ་སློབ་ཏུ་གྱུར་པའི་ནང་པའི་ཡུལ་གྲུ་ཞན་ཁག་གིས་བོད་ཀྱི་ཆོས་ལུགས་ནི་བླ་མའི་ཆོས་ལུགས་ཤིག་རེད་ཅེས་ཡ་མཚན་ཟུར་འཇོག་བྱས་པ་སོགས་བསྟན་པའི་གོ་ས་འཆོལ་བའི་རང་རྟགས་གསལ་རྗེན་དུ་མངོན་ནོ།།

ལས་འབྲས་བདེན་པའི་དཔང་པོ་ཟུར་དུ་བཞག།།

ལྷ་འདྲེའི་དགྲ་བགེགས་ལས་ཀྱི་བྱེད་པོར་འཕྲུལ།།

ལྷ་གསོལ་འདྲེ་འདུལ་ལས་ཀྱི་སྦྱོར་བ་དེས།།

ཐེག་གསུམ་དམ་པའི་ཆོས་ལས་ཟུར་བ་མཐོང་།།

བྱང་ཆུབ་སེམས་པ་རྣམས་ནི་རྒྱལ་བསྟན་གྱི་ཕྱོགས་གང་ནས་ཉམས་པར་གྱུར་པ་དེའི་སྔགས་པ་བརྗོད་པ་ཡིན་པས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པ་འདི་ཉིད་ཀྱིས་བསྟན་པའི་གཞི་མ་དམ་ཆོས་འདུལ་བའི་ཆེ་བ་བརྗོད་དེ་བོད་བརྒྱུད་ནང་བསྟན་གྱི་འདུལ་བསྟན་དྲི་མ་མེད་པ་རིང་དུ་གནས་པའི་གཞི་བསྐྲུན་པར་མ་ཟད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་གཙོ་འགྱུར་འཕགས་ཡུལ་གྱི་པཎ་གྲུབ་བཅུ་བདུན་སོགས་ཀྱིས་མཛད་པའི་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་བྱེད་པའི་སྒོ་འཕར་ཕྱེས་ཏེ་བཤད་སྒྲ་ཉུང་ཤས་ཙམ་མ་ཡིན་པར་གྲྭ་བཙུན་གྱི་འདུས་སྡེ་ཡོངས་རྫོགས་ཙམ་དུ་མ་ཟད། སྐྱ་བོའི་སྤྱི་ཚོགས་ནང་དུའང་གཞུང་ཆེན་སློབ་གཉེར་བྱེད་པའི་སྲོལ་གཏོད། བོད་བརྒྱུད་ནང་དོན་རིག་པའི་གཞུང་ལུགས་ལ་ཚན་རིག་དང་། ལྟ་གྲུབ། ཉམས་ལེན་བཅས་ཀྱི་སྡེ་ཆེན་པོ་གསུམ་དུ་དབྱེ་བ་མཛད་དེ་དེང་རབས་ཚན་རིག་གི་མཁས་པ་དང་ལྷན་དུ་བགྲོ་གླེང་སྒོ་དབྱེ་མཛད་པས་རྒྱ་གར་གནའ་རབས་ནང་པའི་ལེགས་སྦྱར་ཆོས་བརྒྱུད་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་རྒྱལ་བསྟན་ཡོངས་རྫོགས་ཀྱི་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་བྱེད་པའི་སྲོལ་ཉམས་མེད་བོད་བརྒྱུད་ནང་བསྟན་ལ་ཡོད་པ་འཛམ་གླིང་ཀུན་གསལ་དུ་གྱུར། དུས་དེ་ནས་བཟུང་འཇིག་རྟེན་འདིའི་ནང་བོད་བརྒྱུད་ནང་བསྟན་གྱི་ཆེ་བ་རང་གསལ་དུ་སོང་བས་ཤར་ནུབ་ཡུལ་གྲུ་མང་པོར་དར་རྒྱས་འཕགས་བཞིའི་མཁྱེན་པ་ལས་འདས་པ་བྱུང་བ་འདི་ཡང་༸རྒྱལ་མཆོག་འདི་ཉིད་ཀྱི་བཀའ་དྲིན་ཉག་གཅིག་ཡིན་པ་སྒྲོན་མེ་རང་གསལ་ཏུ་གྱུར་པའོ།།

བོད་བརྒྱུད་ནང་རིག་འཇིག་རྟེན་ཁྱད་ནོར་ཞེས།།

ཀུན་གྱིས་གཙུག་གི་ནོར་བུར་མཆོད་བྱེད་འདི།།

གང་གི་མཁྱེན་རླབས་བདུད་རྩིའི་ཐིགས་པ་རེས།།

ཡུན་རིང་གསོས་པ་འབྲས་ལྡན་ལྗོན་པའི་དབང་།།

 

བརྒྱུད་སྐུལ།

མཆན་སྤེལ།