༄༅། །སརྦཛྙཝཱགཱིནྡྲདྷརྨཀཱིརྟྟིཤྲཱིབྷདྲསྱབིམོཀྵབྷྲྀཤཾཀརསུཀཐཱམདྷུརདེབཏམྦུརསྱཏནྟྲཤབྡགྷོཥནཱམབིཧརཏིསྨ།
༄༅། །ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་ཕུལ་དུ་བྱུང་བའི་མཛད་པ་བཟང་པོའི་གཏམ་སྙན་ལྷའི་ཏམྦུ་རའི་རྒྱུད་ཀྱི་སྒྲ་དབྱངས་ཞེས་བྱ་བཞུགས་སོ།།
མཛད་པ་པོ། ལྷ་བཙུན་ངག་དབང་རྡོ་རྗེ།
དཀར་ཆག
མཆོད་བརྗོད་དང་འབྲེལ་བའི་གཏམ།
ལེའུ་དང་པོ། ཡུལ་གང་དུ་སྐུ་འཁྲུངས་པ་དང་རབ་ཏུ་བྱུང་ནས་གདན་སར་ཕེབས་པའི་སྐབས།
ལེའུ་གཉིས་པ། གཞན་དོན་དུ་དཀའ་བ་སྤྱད་ཅིང་སྒྲུབ་པ་མཛད་པའི་སྐབས།
དང་པོ། ཐོས་བསམ་སློབ་གཉེར་གྱི་བྱ་བས་དུས་འདའ་བའི་ཚུལ། གཉིས་པ། བོད་ཀྱི་དུས་འཁྲུགས་ལས་རྗེ་ཉིད་རྒྱ་ནག་ཏུ་གདན་དྲངས་པའི་ཚུལ།
གསུམ་པ། རང་དབང་ལྡན་པའི་འཁྱམ་པོའི་འཚོ་བའི་ཚུལ།
གཅིག མདོ་སྨད་ཕྱོགས་སུ་དཀའ་སྡུག་མྱངས་པའི་སྐོར།
གཉིས། རྒྱ་ནག་གླང་ཆེན་འགྱིང་རིར་གནས་སྐོར་དུ་ཕེབས་པའི་སྐོར།
གསུམ། ཡར་བོད་དུ་ཕེབས་ཏེ་ལི་ཐང་སོགས་སུ་གནས་སྐོར་དང་འགྲོ་དོན་བསྐྱངས་པའི་སྐོར།
བཞི། དབུས་ཀྱི་ཀ་ཚལ་དང་སེ་འབྲས་སོགས་སུ་གནས་སྐོར་དང་སྒྲུབ་པ་ཉམས་ལེན་ལ་གཞོལ་བའི་སྐོར།
ལྔ། ལྷོ་གནས་དང་ཙ་རི་སོགས་སུ་གནས་སྐོར་ལ་ཕེབས་མཐར་ལྷ་བཟང་གིས་མི་བཏང་སྟེ་འོལ་ཁ་སྟག་རྩེ་རྫོང་དུ་བཀག་ཉར་བྱས་པའི་སྐོར།
དྲུག ཀོང་ཡུལ་ནས་འཕགས་ཡུལ་ལ་ཞལ་ཕྱོགས་པའི་སྐོར།
བདུན། བལ་ཡུལ་དང་རྒྱ་གར་དུ་གནས་གཟིགས་དང་མཚམས་བསྙེན་སྒྲུབ་ལ་བཞུགས་པའི་སྐོར།
བརྒྱད། དིང་རི་དང་མོན་ཡུལ་བརྒྱུད་ཀོང་པོར་ཕེབས་ཏེ་བསྟན་འགྲོའི་དོན་མཛད་པའི་སྐོར།
དགུ། སླར་གསང་སྟབས་ཀྱིས་ལྷ་སར་ཕྱིར་ཕེབས་པའི་སྐོར།
ལེའུ་གསུམ་པ། མདོ་སྨད་དུ་ཕེབས་པའི་སྐོར།
དང་པོ། གདུལ་བྱ་རྣམས་ལ་ཆོས་སྦྱིན་དང་དགོན་པ་ཉམས་གསོ་གསར་སྐྲུན་སོགས་ཀྱི་བསྟན་འགྲོའི་དོན་མཛད་པའི་ཚུལ།
གཉིས་པ། གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་མྱ་ངན་ལས་འདའ་བར་བསྟན་པའི་ཚུལ།
ཁ་སྐོང་དུ་བསྟན་པའི་མཇུག་བསྡུའི་གཏམ།
མཆོད་བརྗོད་དང་འབྲེལ་བའི་གཏམ།
རྨད་བྱུང་ཐུགས་བསྐྱེད་ས་འཛིན་རྩེ་མོར་ཚོགས་གཉིས་ཐ་གྲུར་ཡངས་པའི་ཁང་བཟང་ཐུགས་རྗེ་ཆེན་པོ་ཕུལ་དུ་བྱུང་བའི་གྲིབ་བསིལ་ཅན། །ཟབ་ཞིའི་དབྱིངས་སུ་རིང་ནས་མནལ་ཡང་གདུལ་བྱའི་དོན་དུ་སླར་ཡང་འཁྲུངས་པའི་ཚུལ་གྱིས་སུམ་ལྡན་ཆོས་ཀྱི་རྒྱལ་པོའི་རྣམ་པ་རུ། །ཡང་དག་རྫོགས་པའི་སངས་རྒྱས་རྣམ་ཀུན་མཁྱེན་པའི་འོད་ཟེར་བ་གམ་མངོན་པར་ཀུན་འཕགས་དཔལ་གྱི་ལྕོག་རབ་བརྩེགས་པའི་རྒྱལ་པོ་ཉིད། །གསལ་བར་བྱོན་པ་གང་གི་དྲིན་གྱིས་དགེ་ལེགས་མཆོག་སྩོལ་གྲུ་འཛིན་བདག་པོ་བློ་བཟང་རིན་ཆེན་ཆོས་གྲགས་རྒྱ་མཚོ་དུས་ཀུན་མཆོད། །
དམིགས་མེད་ཆོས་སྐུའི་དབྱིངས་སུ་རྟག་རོལ་ཀྱང་། །
རབ་འབྱམས་ཞིང་དུ་བགྲང་ཡས་གཟུགས་སྐུ་ཡི། །
སྣ་ཚོགས་འཕྲུལ་གྱི་ཟློས་གར་སྒྱུར་མཛད་པ། །
བརྩེ་ཆེན་ཕྱག་ན་པདྨོས་རྟག་ཏུ་སྐྱོངས། །
རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་གཏེར། །
གཅིག་ཏུ་འཛིན་པའི་འཕྲིན་ལས་རླབས་ཀྱི་ཕྲེང་། །
ནམ་ཡང་གཡེལ་མེད་འགྲོ་ལ་འཇུག་མཛད་པ། །
དྲིན་ཅན་རྩ་བརྒྱུད་བླ་མ་གཙུག་ན་རྒྱལ། །
ཡེ་ཤེས་ལྔ་མཚོན་འཇའ་འོད་འཁྱིལ་བའི་དབུས། །
བླ་གཞོན་མཚན་དཔེས་བརྒྱན་འདྲའི་དྭངས་གསལ་སྐུ། །
རིན་ཆེན་བཻཌཱུརྱ་ཡི་རྒྱུད་མངས་ཅན། །
གདོང་བཞིའི་བུ་མོས་བདག་ལ་སྣང་བ་སྩོལ། །
འཕགས་པའི་སྤྲུལ་ཞིང་ཁ་བའི་ཡུལ་ལྗོངས་སུ། །
དག་དང་མ་དག་དུ་མའི་སྣང་ངོ་རུ། །
གང་འཚམ་ཕྱག་ནས་པདྨོའི་སྒྱུ་མའི་གཟུགས། །
ཅིར་ཡང་འཆར་དེའི་ཚད་བཟུང་སུ་ཡིས་རྙེད། །
ཁྱད་པར་གང་དེའི་གསང་གསུམ་ནམ་མཁའ་ལས། །
ཤར་བའི་རྣམ་པར་ཐར་པའི་དྲི་མེད་ཟླ། །
སྣ་ཚོགས་རྫིང་བུར་སྣང་བའི་ཇི་སྙེད་གྲངས། །
འཕགས་མཆོག་གིས་ཀྱང་གཞལ་བའི་སྐབས་ཕྲ་ན། །
ཚུར་མཐོང་རྨོངས་པའི་སྨག་རུམ་འཁྱམས་པ་ཡི། །
སོ་སྐྱེའི་བློ་ཡིས་སྨྲ་བསམ་བརྗོད་པ་ན། །
ཤིན་ཏུ་གོ་སྐབས་བྲལ་མོད་ཁྱད་པར་དུ། །
རྗེ་བཙུན་རེ་ཞིག་དགག་བྱ་ཆེ་བའི་ཕྱིར། །
རྣམ་ཐར་དུས་སུ་མ་བབས་འཆད་དཀའ་བས། །
ཡུན་རིང་འགྱངས་ཀྱང་དེ་ཡི་རྟོགས་བརྗོད་ལ། །
དད་པའི་སྐྱེས་མཆོག་དམ་པ་དུ་མ་ཡིས། །
ངོ་མཚར་མཛད་བཟང་ཡི་གེར་འབྲི་འོས་ཞེས། །
ནན་ཏན་བཀའ་ཡི་ཕྲེང་བ་ལན་མང་དུ། །
སྤྱི་བོར་བབས་པས་རྣམ་ཐར་རགས་རིམ་ཞིག །
འདིར་ནི་སྤེལ་ལ་གཟུར་གནས་བློ་ལྡན་དག །
འཕགས་པའི་ངོ་མཚར་སྒྱུ་མར་དད་སྐྱེད་མཛོད། །
མི་མཐུན་ཉེས་སྤྱོད་དྲི་མའི་སྐྱོན་དང་བྲལ་ཞིང་རྣམ་འདྲེན་སྲས་དང་བཅས་པ་དགྱེས་པའི་གཏམ། །ངོ་མཚར་དོན་ལྡན་ཚིག་གི་འདོད་པ་འཇོ་བ་མཁས་མང་རྣ་བའི་བཅུད་དུ་ལྷུང་ལྷུང་འཁྲིགས། །སྒྱུ་མ་ལྟ་བུའི་རྣམ་པར་ཐར་པའི་འཕྲུལ་གྱིས་རང་དོན་ཙམ་ཞིག་རྗེས་སུ་མི་གཞོལ་བར། །གཞན་དོན་བརྩེ་བ་ཤུགས་དྲག་སྤྱོད་པའི་གདངས་སྙན་ལྷ་ཡི་ཏམྦུ་ར་ཡི་རྒྱུད་ལས་སྒྲོགས། །
དེའང་ཇི་སྐད་དུ། དམ་ཆོས་པད་དཀར་ལས། རིགས་ཀྱི་བུ་གང་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སངས་རྒྱས་ཀྱི་གཟུགས་ཀྱི་སེམས་ཅན་རྣམས་ལ་ཆོས་སྟོན་པའི་འཇིག་རྟེན་གྱི་ཁམས་དག་ཡོད་དོ། །གང་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་བྱང་ཆུབ་སེམས་དཔའི་གཟུགས་ཀྱིས་ཆོས་སྟོན་པའི་འཇིག་རྟེན་ཁམས་དག་ཀྱང་ཡོད། སེམས་ཅན་ཁ་ཅིག་ལ་ནི་རང་སངས་རྒྱས་ཀྱི་གཟུགས་ཀྱིས་ཆོས་སྟོན་ཏོ། །ཁ་ཅིག་ལ་ཉན་ཐོས་ཀྱི་གཟུགས་ཀྱིས། ཁ་ཅིག་ལ་ཚངས་པའི་གཟུགས་ཀྱིས། ཁ་ཅིག་ལ་བརྒྱ་བྱིན་གྱི་གཟུགས་ཀྱིས། ཁ་ཅིག་ལ་དྲི་ཟའི་གཟུགས་ཀྱིས། ཁ་ཅིག་ལ་གནོད་སྦྱིན་གྱི་གཟུགས་ཀྱིས། ཁ་ཅིག་ལ་དབང་ཕྱུག་ཆེན་པོའི་གཟུགས་ཀྱིས་ཆོས་སྟོན་ཏོ། །འཁོར་ལོས་སྒྱུར་བའི་རྒྱལ་པོས་འདུལ་བའི་སེམས་ཅན་རྣམས་ལ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་གཟིགས་ཀྱིས་ཆོས་སྟོན་ཏོ། །ཞེས་གསུངས་པ་ལྟར་གདུལ་བྱའི་ཁམས་དང་། བསམ་པ་དང་། བག་ལ་ཉལ་དང་། དུས་དང་། སྐལ་བའི་ཁྱད་པར་དུ་མ་ཞིག་གིས་དེ་དག་རྗེས་འཛིན་པའི་བཀོད་པ་དང་མཛད་པ་གཅིག་ཏུ་མ་ངེས་པར་སྟོན་པའི་མི་ཟད་རྒྱན་གྱི་འཁོར་ལོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཁོ་ནས་མཁྱེན་པ་ལས་འཕགས་པ་གཞན་གྱིས་ཀྱང་མཁྱེན་ཅིང་གཟིགས་པའི་ཡུལ་ལས་རིང་དུ་འདས་ན། སོ་སྐྱེ་ཐ་མལ་པ་དག་གིས་ཚད་དུ་བཟུང་ནས་འདི་ནི་འདིའོ་ཞེས་སྨྲ་བ་ག་ལ་ནུས། ཕལ་པོ་ཆེ་ལེའུ་སོ་གཅིག་པ་ལས།
བཅུ་པ་རྒྱལ་བས་དབང་བསྐུར་རྒྱལ་པོ་དབང་ཐོབ་བཞིན། །
ཡོན་ཏན་རིན་ཆེན་དག་པས་དེ་བཞིན་རིམ་དུ་ཕར། །
ཕྱོགས་རྣམས་ཀུན་གྱི་ཞིང་རྣམས་བཤིབས་ཏེ་བགྲང་བར་ནུས། །
རྣམ་ཤེས་གཅིག་གིས་འགྲོ་བ་ཀུན་སེལ་ཤེས་པར་རུང་། །
ནམ་མཁའི་དབྱིངས་ཀུན་སྒྲ་ཡིས་གཞལ་བར་ནུས་སྲིད་ཀྱི། །
རྒྱལ་བའི་ཡོན་ཏན་བསྐལ་པ་ཁྲག་ཁྲིག་བཤད་མི་ནུས། །
ཞེས་ས་བཅུ་པ་དབང་བསྐུར་ཐོབ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མིང་ཙམ་ལས་དོན་རྒྱལ་བའམ་སངས་རྒྱས་སུ་ངེས་ཤིང་། ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་བམ་པོ་རེ་ལྔ་པ་ལེའུ་བཅུ་གཅིག་པར། དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་པ་ལ་གནས་པ་དེ་བཞིན་གཤེགས་པ་ཉིད་ཅེས་བྱ་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཕ་རོལ་དུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོར་ཡང་དག་པར་རིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པར་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པ་དང་། སྙིང་རྗེ་ཆེན་པོ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་གྱུར་པ་དག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་ལ་གནས་པ་ནི་དེ་བཞིན་གཤེགས་པ་ཉིད་ཅེས་བྱའོ། །ཞེས་དང་། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་ལ་སྤྱོད་པའི་ཚེ། དཀར་པོ་རྣམ་པར་མཐོང་བའི་ས་ལས་ཡང་དག་པར་འདའ། སྲབ་པའི་ས་ལས་ཡང་དག་པར་འདའ། འདོད་ཆགས་དང་བྲལ་བའི་ས་ལས་ཡང་དག་པར་འདའ། བྱས་པ་རྟོགས་པའི་ས་ལས་ཡང་དག་པར་འདའ། རང་སངས་རྒྱས་ཀྱི་ས་ལས་ཡང་དག་པར་འདའ། བྱང་ཆུབ་སེམས་དཔའི་ས་ལས་ཡང་དག་པར་འདའ་སྟེ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ས་དགུ་ལས་ཡོངས་སུ་འདས་ཏེ་སངས་རྒྱས་ཀྱི་ས་ལ་གནས་ཏེ་ཞེས་དང་། མངོན་རྟོགས་རྒྱན་གྱི་སྐབས་དང་པོ་ལས།
ས་དགུ་འདས་ནས་ཡེ་ཤེས་ནི། །
གང་གི་སངས་རྒྱས་སར་གནས་པ། །
དེ་ནི་བྱང་ཆུབ་སེམས་དཔའི་ས། །
བཅུ་པ་ཡིན་པར་ཤེས་པར་བྱ། །
ཞེས་དང་། ཕལ་ཆེན་ཀུན་ཏུ་བཟང་པོའི་སྤྱོད་པ་བསྟན་པ་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་མདོའི་བམ་པོ་གཉིས་པ་ཕྱོགས་མཚུངས་པར། དེ་ལྟར་ཡོན་ཏན་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཞེས་བྱའོ། །རྒྱལ་བ་ཞེས་བྱའོ། །སྟོན་པ་ཞེས་བྱའོ། །ཞེས་གསུངས་སོ།།
དེ་ལྟ་བུའི་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་ཀྱི་རྣམ་པར་ཐར་པ་ནི་ཐ་མལ་བའི་བློའི་ཡུལ་ལས་ཆེས་རིང་དུ་འདས་པ་ཡིན་ཞིང་། བྱེ་བྲག་ཏུ་བདག་ཅག་རྣམས་རྗེས་སུ་འཛིན་པའི་ཕྱིར་དུ་འཕགས་པ་འཇིག་རྟེན་དབང་ཕྱུག་མིའི་གཟུགས་ཀྱི་རྣམ་པར་རོལ་པ་མཚན་བརྗོད་པར་དཀའ་བ་དགག་བྱའི་དུས་བསྟུན་གྱི་མཚན་འཇིགས་མེད་རྡོ་རྗེ་ཤེས་བྱ་ཀུན་མཁྱེན་ནམ། སླར་སྦྱར་བྱའི་མཚན་ངག་དབང་ཆོས་གྲགས་རྒྱ་མཚོ་དཔལ་བཟང་པོ། དོན་དངོས་ཀྱི་མཚན་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་ཞེས་ཞུ་བ་འདི་ནི་ངེས་དོན་དུ་བསྐལ་པ་གྲངས་མེད་པའི་སྔ་རོལ་ནས་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་འོད་ཟེར་ཀུན་འཕགས་དཔལ་བརྩེགས་ཀྱི་རྒྱལ་པོར་སངས་རྒྱས་ཟིན་ཀྱང་། རྒྱལ་བ་འོད་དཔག་མེད་ཀྱི་སྲས་ཀྱི་ཐུ་བོ་ཕྱག་ན་པདྨོའི་ཚུལ་བཟུང་བ་ལ་སོགས་པའི་དག་མ་དག་གི་ཞིང་ཁམས་རབ་འབྱམས་སུ་སྐུའི་བཀོད་པ་ཇི་སྙེད་པས་གདུལ་བྱ་གང་ལ་གང་འདུལ་གྱི་མཛད་པ་མཐའ་ཡས་པ་བསྟན་པ་རྣམས་ནི་བྱིས་པ་ཤིན་ཏུ་རྨོངས་པའི་ཁང་བུར་ཆུད་པ་བདག་ལྟ་བུས་སྨྲ་བ་དང་། བསམ་པ་དང་། དཔྱོད་པའི་ཡུལ་ལས་རིང་དུ་འདས་པར་མ་ཟད། རྗེ་བླ་མ་དམ་པ་རང་ཉིད་ནས་ཡོན་ཏན་ཐམས་ཅད་ནང་དུ་སྦེད་ཅིང་། ཐ་ན་འཁྲུངས་ཡུལ་གྱི་ས་ཆ། གདུང་རུས་སོགས་ཀྱང་ཤིན་ཏུ་སྦེད་པའི་ཚུལ་མཛད་ཅིང་། ཕྱིའི་མཛད་སྤྱོད་ཀྱང་སྐུ་མདུན་དུ་ཡུན་རིང་བཅར་བའི་ཞབས་ཕྱི་བ་རྣམས་ཀྱིས་ཀྱང་དེ་ཡིན་འདི་མིན་གྱི་ཚད་བཟུང་དཀའ་ཞིང་ཆ་མི་ཐེངས་པའི་ཐུགས་ཤིན་ཏུ་སྒམ་པ་དང་། རྒྱུས་མེད་པ་ཚོས་བླ་མ་ཉིད་ཀྱི་འཁྲུངས་ཡུལ་དང་གདུང་རུས་དགུང་ལོ་ག་ཙམ་བཞེས་སོགས་ཞུས་པ་ན། ང་རང་ཆུང་དུས་ནས་འཁྱམས་ནས་ཡུན་རིང་ལོན་པས་ཕ་མ་སོགས་བརྗེད་འདུག་གསུངས་པ་དང་། མཚན་ཙམ་ཅི་ཡིན་ཞུས་པ་ན་ཡང་ང་ལ་མིང་མེད་ཅེས་གསུངས་པ་དང་། ཡང་འགའ་རེས་རྒྱུས་ཡོད་པ་ལྟ་བུར་ཞུས་པ་བྱུང་ན་ཐུགས་མི་མཉེས་པར་མཛད་དེ། རང་གིས་རང་སུ་ཡིན་མི་ཤེས་པ་ལ་ཁྱོད་ཀྱིས་ང་གང་ནས་ཤེས་ཞེས་བཀའ་བཀྱོན་པར་མཛད་པ་དང་། ས་ཆ་འདིར་ཕེབས་ནས་རིང་ཞིག་ལོན་པ་ན། དབུས་ནས་སྔགས་རམས་པ་ཟེར་བ་སྔར་ཐུགས་རྒྱུས་ཡོད་པ་ཞིག་བྱུང་ནས་བླ་མ་འདི་དམ་པ་འདི་ཞེས་བྱ་བ་ཡིན་ཞེས་བཤད་སོང་བར། ཁྱོད་ལ་ཁྱབ་འཇུག་གིས་ལྟོས་ཤིག་གསུངས་མ་ཐག་གྲྭ་པ་དེ་ལ་གཟའ་བརྒྱབ་སོང་ནས་ཕྱིས་སུ་ཡང་དེ་ལྟར་ཡོད།
ཁ་ཅིག་རྒྱལ་སྲས་རིན་པོ་ཆེར་སྤྲུལ་སྐུ་འདྲ་མིན་གཉིས་བྱུང་བ་གཅིག་ཡིན་པར་སྒྲོག་པ་དང་། ཁ་ཅིག་༸རྒྱལ་དབང་ལྔ་པ་ཆེན་པོར་སྤྲུལ་སྐུ་འདྲ་མིན་མང་པོ་བྱུང་འདུག་པ་དེའི་གཅིག་ཡིན་ནམ་སྙམ་པས་གླེང་བ་བྱས་ཚེ་དེ་འདྲ་རྐང་ནས་མ་ཟེར། ཁོང་རྣམ་པ་ས་ཆ་དེ་དང་དེར་འཁྲུངས་པ་ད་ལྟར་དེ་དང་དེ་ན་བཞུགས་ཡོད་སྒྲོ་འདོགས་དེ་འདྲ་མ་ཟེར་ཞེས་ཡང་དང་ཡང་དུ་འགོག་པར་མཛད། དབུས་གཙང་ནས་ཡོང་བའི་གྲྭ་པ་རྒྱུས་ཡོད་དང་། གཞན་མདོ་སྨད་སོགས་ནས་གྲྭ་པ་བགྲེས་པ་སྔར་མཇལ་མ་མྱོང་གི་རིགས་ལ་དམ་པ་ཉིད་ནས་རེ་ཞིག་གཞན་ལ་མི་སྨྲ་བའི་དམ་བསྒྲགས་ནན་ཏན་མཛད་ཅིང་། ཆོས་སྐྱོང་ལའང་གཉེར་གཏད་མཛད་པ་བཅས་དགོངས་གཞི་ཁྱད་པར་བ་ཞིག་ཡོད་འདུག་པའི་སྟབས། སུ་གང་གིས་ཀྱང་སྔར་ཇི་ལྟར་མཛད་པ་སོགས་ཀྱི་རྣམ་པར་ཐར་པ་བར་སྐབས་ཤིག་གི་བར་དུ་ཞུ་སྤོབས་པ་མེད་ལ། རྗེ་དེ་ཉིད་ཀྱི་ཞལ་ནས་ཀྱང་ང་ལ་དེ་ཡིན་དེ་མིན་གྱི་མིང་མང་པོ་མ་བཏགས། ཧ་ཅང་གསལ་དྲགས་ན་ཆུ་ནང་གི་ཉའི་དཔེ་ཡིན། བླ་མ་ལྷག་པའི་ལྷ་དང་ངོ་བོ་དབྱེར་མེད་དུ་གསོལ་བ་བཏབ་ན་ལྷ་དེའི་བྱིན་རླབས་འཇུག་པ་ཆོས་ཉིད་ཡིན་པས་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་གྱིས་བརླབས་པའི་བླ་མ་ཞིག་ཡིན་འགྲོ་སྙམ་པ་གྱིས་ལ་གསོལ་བ་ཐོབས་དང་། དེ་ག་རང་དགེ་ཞེས་གསུངས།
གཞན་ཐུགས་སྣང་དག་པ་དང་ཞབས་ཕྱི་ནང་མ་ལ་སྔར་ཁོང་རང་ཁམས། དབུས་གཙང་། རྒྱ་གར། བལ་ཡུལ་སོགས་གནས་ཆེན་མང་པོར་གསང་སྟབས་ཀྱིས་ཕེབས་པ་དང་། དེར་གྲུབ་པ་མཛད་པ་དང་དཀའ་བ་སྤྱད་པ་རེས་ངུ་བྲོ་རེས་དགོད་བྲོ་བ་སོགས་ངོ་མཚར་ཅན་མང་པོ་ཐོར་རེ་གསུངས་ཤིང་། དེའང་གཞན་ལ་མ་བཤད་ཅེས་ནན་ཏན་ཆེ་བ་མཛད་པ་ལས་དཀྱུས་སུ་ཆེར་གསལ་པོ་ཡེ་མི་གསུངས་ལ། ཕྱིས་སུ་དགུང་ལོ་བགྲེས་སྐབས་གསེར་ཁོགས་ཀྱི་བླ་མ་གྲུབ་པའི་དབང་ཕྱུག་ཆེན་པོ་ཞྭ་ལུ་བ་བློ་བཟང་དཔལ་ལྡན་པའི་ཞལ་སྔ་དང་། ཐག་རིང་བླ་མ་གོང་མ་ཞབས་དྲུང་སོགས་མང་པོས་རེ་ཞིག་གསང་དགོས་རྣམས་ལ་དགོས་པ་ཁྱད་པར་ཅན་ཞིག་ཡོད་འགྲོ་བས་དེ་མིན་ཐུན་མོང་བའི་རིགས་ཀྱི་རྣམ་པར་ཐར་པ་ཅིས་ཀྱང་གནང་དགོས་ཞེས་ནན་ཏན་ཆེན་པོས་ཡང་དང་ཡང་དུ་གསོལ་བ་བཏབ་པར་བརྟེན་ངོ་མཚར་བ་རགས་རིམ་ཙམ་ཤོག་དྲིལ་མཛད་ཡོད་ལ། ཕྱིས་སུ་ཞིང་གཞན་དུ་ཕེབས་རྗེས་དམ་པ་དེ་ཉིད་ལ་ཐུན་མོང་མ་ཡིན་པའི་དད་པ་ཐོབ་པའི་སློབ་མ་མང་པོ་དང་། ཁྱད་པར་རྡོ་རྗེ་འཆང་ཆེན་པོ་ཁྲི་རིན་པོ་ཆེ་རྒྱ་ནག་པའི་ཞལ་སྔ་ནས་བདག་ལ་དམ་པ་དེ་ཉིད་ཀྱི་རྣམ་པར་ཐར་པ་ངོ་མཚར་བ་བློར་ངེས་པ་ཚོ་ཅིིས་ཀྱང་ཡི་གེར་ཐོབ་གསུངས་པ་རྣམས་ལས་ད་ལྟ་བྲིས་རུང་འགལ་བ་མེད་ཅེས་གསུང་ནན་ཆེ་བར་ཕེབས་པ་དང་། རྡོ་རྗེ་འཆང་བྱམས་པ་རིན་པོ་ཆེ་ནས་ཀྱང་ང་དམ་པ་དེ་ལ་དག་སྣང་ཆེན་པོ་ཡོད་པས་རྣམ་པར་ཐར་པའི་སྐོར་བྲིས་ལ་སྐུར་ཅིག་ཅེས་གསུངས་ཡོད་པས། དེང་དུས་སློབ་མ་འགའ་ཞིག་གིས་རང་གི་བླ་མ་གཞན་དད་པ་བསྐྱེད་པའི་ཆེད་སྒྲོ་བཏགས་ནས་ཡོན་ཏན་མང་པོ་བརྗོད་པ་དང་། ཁ་ཅིག་བླ་མའི་རྣམ་ཐར་གྱི་ཞོར་རང་གི་ཆེ་བ་འདོན་པའི་ཐབས་དང་། གཞན་སུན་འབྱིན་པ་སོགས་བྱེད་ཀྱང་ཁོ་བོས་དངོས་སུ་གྲུབ་པའང་བཤད་པ་ལ་སྤོབས་པ་ཞན་པ་དང་། ལས་འབྲས་ཤིན་ཏུ་ཕྲ་བའི་སྟབས་རང་ལ་སྐྱེ་བ་བརྒྱུད་མར་གནོད་པའི་སྒྲོ་སྐུར་དེ་འདྲ་བཤད་པ་ལ་ཕན་པ་ཅུང་ཟད་ཀྱང་མེད་པའི་ཁར་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱིས་ཐུགས་ཁྲེལ་བ་དང་། ཁོ་བོ་ཙམ་དུ་མ་ཟད་རྒྱུས་ཡོད་པའི་མཆོག་དམན་ཇི་སྙེད་ཅིག་ད་ལྟ་ཡོད་པ་དུ་མས་ཀྱང་ཁྲེལ་བའི་གནས་སུ་འགྲོ་བ་དང་། གཞན་ཡང་དམ་པ་འདི་ཉིད་དུས་ཀྱི་དབང་གིས་རེ་ཞིག་དགག་བྱ་ཆེ་བར་གྱུར་པའི་ཕྱིར། བླ་མ་དམ་པ་རྣམས་ཀྱི་བཀའ་བཞིན་རྣམ་ཐར་གསལ་པོ་ཞིག་སྔར་ནས་བྲི་དགོས་ཡོད་པ་དུས་སུ་མ་བབས་པས་རེ་ཞིག་འགྱངས་པ་ནི་དམ་པ་ཉིད་སྐྱོན་དང་དྲི་མས་གོས་པའམ། བསྟན་སྲིད་དང་འགལ་བའི་བྱ་བ་མཛད་པའམ། འཇམ་དབྱངས་གོང་མའི་ཐུགས་ལ་ཕོག་པ་སོགས་སྤུ་ཙམ་ཡང་མེད་མོད། རྒྱུ་མཚན་ནི་གཞན་དོན་ཁོ་ན་ཡིན་པ་འོག་ཏུ་འཆད་པར་འགྱུར་རོ།།
དེ་ལྟར་རང་ཉིད་ཡོན་ཏན་ཐམས་ཅད་ནང་དུ་སྦེད་ཅིང་། གཞན་གྱི་ཡོན་ཏན་ཀུན་ཏུ་བསྒྲགས་པ་ནི་དམ་པ་རྣམས་ཀྱི་ངང་ཚུལ་ཡིན་ཞིང་། དུས་སྙིགས་ཀྱི་སྐྱེ་བོ་ཕལ་མོ་ཆེས་དེ་ལྟར་དུ་མི་རྟོགས་པར་འགའ་ཞིག་གིས་སྙིང་རྗེ་གོ་ལོག་གིས་སྐྱེས་བུ་དམ་པའི་ཡོན་ཏན་སྦེད་གྲོགས་བྱེད་པ་ཡང་འདུག་པ་མཐོང་། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོས།
ལར་ད་ལྟ་གངས་རིའི་ཁྲོད་འདི་ན། །
རང་བསྟན་པ་འཛིན་པར་ཁས་ལེན་ཅིང་། །
གཞན་བསྟན་འཛིན་དགྲ་བོའི་དྭངས་མར་འཛིན། །
ཚུལ་འདི་ལ་སྐྱོ་བ་གཏིང་ནས་སྐྱེ། །
ཞེས་དང་། རྗེ་ཀུན་དགའ་ལེགས་པའི་རྣམ་ཐར་ལས། ང་ཡི་ཕྲག་དོག་སྟོར་བས་སེ་འབྲས་ཀྱིས་ཁྱེར་ཏེ། མིང་སྦས་ནས་ལ་རྒྱ་ཞེས་བཏགས་འདུག་ཅེས་སོགས་གསུངས་པ་ལྟར། འགའ་ཞིག་ལ་དམ་པ་འདིའི་ཡོན་ཏན་ནང་དུ་སྦས་ནས་རེ་ཞིག་ཏུ་ཕྱིར་མ་བསྒྲགས་པ་དཔལ་དུ་ཤར་བའང་ཡོད་མོད། འོན་ཀྱང་ད་ལྟ་རྣམ་ཐར་ཁོ་ན་སྐབས་སུ་བབས་ནས་འཆད་པ་ལ་འཇུག་པའི་དུས་ཡིན་གྱི་དོན་གཞན་མི་སྤྲོས་སོ།།
དེ་ལ་འདི་སྐད་ཅེས་བྱ་སྟེ། རྗེ་ཕྱོགས་ལས་རྣམ་རྒྱལ་གྱིས། རྒྱལ་བ་རྣམས་ཀྱི་ཐུགས་རྗེ་རབ་སྨིན་པ། །ལྔ་བརྒྱའི་མཐའ་འདིར་ཐམས་ཅད་མཁྱེན་པ་ཞེས། །འབྲུག་གི་གད་མོ་ལྟར་སྒྲོག་བདུན་འབྱུང་བར། །བཀའ་གདམས་བསྟན་པའི་ཁུད་པ་དེ་ལས་བྱུང་། །དེ་ཉིད་གསལ་བར་སྒྲོག་པ་སྙན་པའི་གཏམ། །བདག་གིས་ཁ་བ་ཅན་ལྗོངས་སྐལ་བཟང་ལ། །སྲིད་མཐའི་བར་དུ་བསྒྲགས་སོ་ལེགས་བཤད་འདི། །རྣ་བའི་རྒྱན་དུ་གྱིས་ལ་གར་བྱོས་ཤིག །ཅེས་གསུངས་པ་ལྟར། རྒྱལ་བ་རྣམས་ཀྱི་ཐུགས་རྗེ་རབ་ཏུ་སྨིན་པ་ལྔ་བརྒྱའི་མཐའ་འདི་ལ་འབྲུག་གི་གད་མོ་ལྟར་སྒྲོག་པའི་སྐྱེས་རབས་ཀྱི་ཕྲེང་བ་བདུན་འབྱུང་བར་གསུངས་པའི་ཡ་གྱལ། དྲུག་པ་འདི་ཉིད་ཀྱི་རྣམ་པར་ཐར་པ་གཏན་ནས་སྦེད་པར་འདོད་པ་ནི་གད་མོའི་གནས་ཡིན་ལ། མ་འོངས་པ་ན་རྗེ་བཙུན་བྱམས་མགོན་ནས་མོས་པའི་བར་གྱི་རྣམ་འདྲེན་སྟོང་གིས་ཀྱང་རྗེ་ཉིད་ཀྱི་རྟོགས་བརྗོད་འཆད་པར་འགྱུར་བ་ནི་གོར་མ་ཆག
ད་ལྟར་ཡང་དུས་གསུམ་གསལ་བར་གཟིགས་པ་རྣམས་ཀྱི་ཕྱོགས་བཅུའི་ཞིང་ཁམས་རྣམས་སུ་རང་རང་གི་འཁོར་བྱང་ཆུབ་སེམས་དཔའི་ཚོགས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པར་ཐར་པ་ཇི་སྙེད་པ་དེ་དག་མ་ལུས་པ་གསལ་བར་བསྟན་ཅིང་འཆད་པར་མཛད་ན། འདི་ལྟ་བུའི་དམ་པ་གཞན་ལས་ཁྱད་པར་དུ་འཕགས་པའི་སྙིང་སྟོབས་རྨད་དུ་བྱུང་བ་དང་། ཐུགས་རྗེའི་རླབས་ཕྲེང་ཆེས་ཆེར་གཡོ་བའི་སེམས་པ་ཆེན་པོ་འདི་ཉིད་ཀྱི་རྣམ་པར་ཐར་པ་ཅིས་མི་སྒྲོགས། དེ་ལྟར་ན་ཁམས་གསུམ་གྱི་སྐྱེ་རྒུ་མཐའ་དག་དགེ་བློ་དང་བསམ་པ་གཅིག་ཏུ་བྱས་ནས་བཀག་པར་འདོད་ཀྱང་ངལ་བ་ཁོ་ནའི་རྒྱུར་འགྱུར་རོ།།
རྣམ་ཐར་གཞན་ལ་མི་སྒྲོག་པའི་ཆེད་དུ་ཆོས་སྐྱོང་ལ་གཉེར་གཏད་མཛད་པ་ཞེས་པ་ནི་དེ་དུས་སྐབས་སུ་མ་བབས་པས་ཡིན་གྱི། བཅོམ་ལྡན་འདས་ལ་མུ་སྟེགས་ཀྱི་སྟོན་པ་དྲུག་པོས་ཆོ་འཕྲུལ་འགྲན་པར་བསྐུལ་བ་ན། དུས་ལ་བབས་ནའོ་ཞེས་ཡང་ཡང་གསུངས་པ་ལྟར་གང་དང་གང་ལའང་དུས་ལ་སྦྱར་དུ་ཡོད་པས་རྣམ་པ་གཅིག་ཏུ་འདིར་མ་ཁྱབ། དགག་བྱ་ཆེ་ཞེས་པ་ནི་དེང་སྐབས་ལས་དང་སྨོན་ལམ་གྱི་མཐུ་ནུས་དུས་སུ་བབས་པ་སུས་ཀྱང་བཟློག་ཏུ་མེད་པར་གྱུར་ནས། དམ་པ་ཉིད་ས་མཐའ་ལ་འཁྱར་བའི་ཚུལ་བསྟན་ཟིན་འཕྲལ་དུས་ཐོག་གི་མི་ཀུན་ངོ་ཤེས་བཞིན་ཡོད་པའི་སྐབས་སུ་ཧ་ཅང་གསལ་དྲགས་ན་བར་སྐབས་གཅིག་གི་བྱ་བ་རྣམས་རྫོགས་སོང་བའི་མཚམས་ཡིན་གཤིས། ཕལ་ཆེར་བོད་གངས་ཅན་པ་ལ་དཀའ་ལས་ཡོང་བར་དོགས་ནས་གསང་སྟབས་མཛད་པ་ཡིན་གྱི། དེ་ལས་གཞན་པའི་དགོས་པ་རྐང་ནས་མེད་དོ།།
ད་ནི་ལས་འབྲས་དཔང་བཞག་གི་སྒོ་ནས་དད་པ་རྣམ་པར་དག་པས་མཚམས་སྦྱར་ཏེ། དཔལ་ལྡན་བླ་མ་དམ་པའི་རྣམ་པར་ཐར་པ་སྔར་ཞལ་གསུངས་ལས་ཤོག་དྲིལ་དུ་ཕབ་པ་དང་། རང་ལ་ཉམས་མྱོང་མཐོང་ཆོས་སུ་གྱུར་པ་དང་། ཡང་ཞལ་ལས་ཐོས་པ་ཡིད་འཇོག་བྱས་པ་རྣམས་ཕྱོགས་གཅིག་ཏུ་དྲིལ་ནས་འབྲི་བ་ལ་མངོན་དུ་ཕྱོགས་ཏེ། ཇི་སྐད་དུ།
གཞན་གྱི་སེམས་ནི་བསྲུང་བའི་ཕྱིར། །
རྩོད་པ་ཐམས་ཅད་སྤང་བྱ་ཞིང་། །
རྟག་ཏུ་བཟོད་དང་ལྡན་པར་བྱ། །
ཞེས་གསུངས་པ་སྐབས་སུ་བབས་པར་གྱུར་ཏོ།།
དེ་ལྟ་བུའི་རྣམ་པར་ཐར་པ་འཆད་པ་ལ་གསུམ། ངོ་མཚར་རྨད་དུ་བྱུང་བའི་དམ་པ་དེ་ཉིད་དང་པོ་ཡུལ་གང་དུ་སྐུ་འཁྲུངས་པ་དང་རབ་ཏུ་བྱུང་ནས་གདན་སར་ཕེབས་པའི་ཚུལ། གཉིས་པ་གཞན་དོན་དུ་དཀའ་བ་སྤྱད་ཅིང་སྒྲུབ་པ་མཛད་པའི་ཚུལ། གསུམ་པ་མདོ་སྨད་དུ་ཕེབས་ནས་བསྟན་འགྲོའི་དོན་མཛད་དེ་མཐར་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་དང་གསུམ་ལས།
ལེའུ་དང་པོ། ཡུལ་གང་དུ་སྐུ་འཁྲུངས་པ་དང་
རབ་ཏུ་བྱུང་ནས་གདན་སར་ཕེབས་པའི་མཛད་པ།
དང་པོ་ནི། གླེགས་བམ་རིན་པོ་ཆེ་ལས། ང་ཁྲིམས་ལྡན་མཁན་པོའི་སྐུར་བསྟན་ཀྱང་། །ཞེས་སོགས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་དང་། ང་རིག་ལྔ་མཁྱེན་པའི་པཎྜི་ཏ། །ཞེས་དབྱངས་ཅན་བཞད་པ་དགེ་འདུན་རྒྱ་མཚོའི་དཔལ། །མི་ང་ཡི་སྤྲུལ་པ་ཕྱོགས་རིས་མེད། །ཅེས་ཁམས་གསུམ་འགྲོ་བའི་བླ་མ་བསོད་ནམས་རྒྱ་མཚོ། མི་ང་ཡི་བསྟན་པ་བཤིག་པ་རྣམས། །ཞེས་བདེ་ཆེན་ཆོས་ཀྱི་རྒྱལ་པོ་མཐུ་སྟོབས་ཡོན་ཏན་རྒྱ་མཚོ། ང་ཕན་བདེའི་འབྱུང་གནས་རིན་ཆེན་ལ། །ཞེས་རྗེ་བཙུན་༸རྒྱལ་བའི་དབང་པོ་ངག་དབང་བློ་བཟང་རྒྱ་མཚོ་རྣམས་རིམ་པར་མཐར་ཆགས་སུ་བསྟན་མུས།
ཀྱེ་ཁྱུང་ཆེན་མཁའ་ལ་ལྡིང་བ་ལ། །
བྱ་མཚའ་ལུས་ཁྱིམ་ནས་འཕྱ་བ་བཞིན། །
ང་ཡེ་ཤེས་དབྱིངས་སུ་ལྡིང་བ་ལ། །
སེམས་ཁོང་སྐྲན་ཅན་དེས་འཕྱ་བར་བྱེད། །
ཅེས་རྗེ་བཙུན་བླ་མ་༸རྒྱལ་བའི་དབང་པོ་དྲུག་པ་འདི་ཉིད་དངོས་སུ་བསྟན་པ་ཡིན་ཅིང་། རིག་འཛིན་གཏེར་བདག་གླིང་པའི་གནམ་ལྕགས་བྲག་གི་ཨ་ཏི་ཟབ་དོན་སྙིང་པོའི་ལུང་བསྟན་ལས། ཁྱད་པར་འདི་ཉིད་འཛིན་པའི་ལས་ཅན་ནི༔ ཤམ་པོ་གངས་ཀྱི་ལྷོ་ནུབ་ཉེ་འདབས་སུ༔ འགྲོ་བའི་མགོན་པོ་རྩོད་པ་མེད་པ་འབྱུང་༔ འདི་ཡིས་བསྟན་པ་བཟུང་ནས་འགྲོ་བ་སྐྱོང༔ ཞེས་འཁྲུངས་ཡུལ་གྱི་ཕྱོགས་གསལ་བར་བསྟན་ལ། ལྷ་འདྲེ་བཀའ་ཐང་ལེའུ་ཉེར་བཞི་པ་ལས།
ང་རྒྱལ་ལས་བྱུང་དམག་འཁྲུགས་འབྱུང་བའི་དུས༔
མི་རྣམས་སྐྱོ་ཤས་ཆེ་བས་ཆོས་ཀྱིས་འདུལ༔
ཨོ་རྒྱན་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཞིག༔
གཏོང་བའི་ལས་ཅན་ཆུ་ཁམས་ཆུ་མོ་ཕག༔
བསྟན་པའི་བདག་པོ་ཨོ་རྒྱན་གླིང་པ་འབྱུང་༔
ཞེས་དགུང་སྙིང་ཆུ་ཕག་ཡབ་གཞིས་ཀྱི་མཚན་སྒྲ་བཅས་གསལ་བར་བསྟན། དུས་ཐོག་ཏུ་མ་སོང་བའི་གཏེར་ལུང་རྙིང་པ་གཏེར་སྟོན་ཆོས་ཀྱི་རྒྱལ་མཚན་གྱི་གཏེར་ལུང་ལས།
དེ་ནས་ཕག་དང་བྱི་བ་ཤར་བའི་ཚེ༔
ཕག་ལོ་པ་གཅིག་འབྱུང་འགྱུར་ཏེ༔
ཨོ་རྒྱན་པདྨ་བདག་གི་བུ༔
བསྟན་པ་གསོ་ཕྱིར་སྤྲུལ་ནས་སྟོན༔
ཕག་དང་བྱི་བ་མ་ཤར་བར༔
སྦས་པའི་ཚུལ་དུ་འགྲོ་དོན་བྱེད༔
ཅེས་དགུང་སྙིང་ཕག་ལོར་བལྟམས་པ་ལོ་སྐོར་གཅིག་གསང་རྒྱའི་ཚུལ་གྱིས་འགྲོ་དོན་སྤྱོད་པ་སོགས་གསལ་བར་བསྟན། ལུང་བསྟན་འདི་རྣམས་སྡེ་སྲིད་ཀྱི་ལོ་འཁོར་གཅིག་ཏུ་བཀྲལ་ཡང་སྐུ་ཚེ་རིལ་པོར་སྦས་པའི་བརྟུལ་ཞུགས་མཛད་པར་མངོན་ནོ།།
འཁྲུངས་པའི་ཡུལ་ནི། ཨོ་རྒྱན་སངས་རྒྱས་གཉིས་པས་བྱིན་གྱིས་བརླབས་ཤིང་། ཟབ་གཏེར་དུ་མས་རྒྱས་བཏབ་པ་སྦས་ཡུལ་མཁན་པ་སྟེང་དང་འདབས་འབྲེལ་འབྲུ་སྣ་བཅུ་གསུམ་སྨིན་པ། རྩི་ཤིང་ནགས་ཚལ། སྨན་སྤོས་མེ་ཏོག་སྣ་ཚོགས་སྐྱེས་པ་སྣ་ལ་འོག་ཡུལ་གསུམ། དུས་ནི་ངུར་སྨྲིག་གར་རོལ་ལྔ་པ་ཆེན་པོ་དངོས་ཀྱིས་གདུལ་བྱ་རྣམས་རྫོགས་ཤིང་། དྲུག་པ་ཉིད་ཀྱི་ཐུགས་བསྐྱེད་སྨོན་ལམ་དུས་སུ་བདོ་བས་དགའ་ལྡན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཕོ་བྲང་གི་ཆོས་སྲིད་བླ་ནས་བླར་འཕགས་ཏེ་ཟ་འོག་ཐགས་སུ་བསྐྲུན་པ་ནས། ཛཱ་ཏིའི་མེ་ཏོག་གཡུར་དུ་ཟ་བའི་ཡུལ་གྲུའི་བར་གྱི་སྐྱེ་རྒུ་རྣམས་དགེ་བ་བཅུའི་ལམ་དུ་འགོད་པས་འཇིག་རྟེན་གྱི་ཁམས་སུ་འཁྲུག་རྩོད་ཡམས་ནད་མུ་གེ་ལ་སོགས་པའི་འཚེ་བ་དང་བྲལ་བའི་དུས། རྒྱུད་ནི་འོད་གསལ་ལྷ་ལས་བབས་པ་ནས་བཟུང་ཕ་མེས་དང་མ་མེས་ཟུང་བདུན་གྱི་བར་སྤྱོད་པ་སྐྱོན་མེད་ཅིང་། ཕ་དང་མ་དང་རྒྱུས་ཀྱི་དག་པ། མཁས་པ། མཛངས་པ། གསལ་བ། ཡིད་གཞུངས་པ། བརྟན་ཅིང་དུལ་ལ་ཆོག་ཤེས་པ། བཟོ་དང་ཚད་མ་ལ་མཁས་པ། སྡིག་སྤོང་དགེ་སྒྲུབ་ལ་སོགས་པ་ལས་འབྲས་ལ་བལྟ་བའི་མིག་དཀྱུས་མཁར་ལྟར་ཡངས་པ། ཡབ་རིག་འཛིན་པདྨ་གླིང་པའི་ཡང་ཚ། རིག་འཛིན་བཀྲ་ཤིས་བསྟན་འཛིན་ཏེ་སྔགས་རྒྱུད་རྨ་མེད་པ། བུད་མེད་དམ་ཡུམ་ནི་ཀུན་གྱིས་མངོན་པར་ཤེས་པ། སྤྱོད་པ་ལ་གླགས་མི་མཐོང་བ། རིགས་ཆོ་འབྲང་གཟུགས་ཆུ་ཞེང་། མིང་རྣམས་ཕུན་སུམ་ཚོགས་པ། སྔོན་ཆད་མ་བཙས་པ། ཚུལ་དང་ལྡན་པ། གཏོང་ཕོད་པ། བཞིན་འཛུམ་པ། གསལ་བ། དུལ་བ། འཇིགས་པ་མེད་པ། མང་དུ་ཐོས་པ། མཁས་པ། གཡོ་དང་སྒྱུ་མེད་པ། མི་ཁྲོ་བ། ཕྲག་དོག་དང་སེར་སྣ་བྲལ་བ། མི་རྒོད་པ། མི་གཡེང་བ། ཅ་ཅོ་མེད་པ། བཟོད་ཅིང་ངེས་པ། ཁྲེལ་ཡོད་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཤས་ཆུང་བ། བུད་མེད་ཀྱི་སྐྱོན་དང་བྲལ་བ། ཁྱིམ་ཐབ་ཀྱི་བརྟུལ་ཞུགས་དང་ལྡན་པ་ཡོན་ཏན་ཕུན་སུམ་ཚོགས་པ་སྟེ་མདོ་རྒྱ་ཆེ་རོལ་པ་ནས་བྱང་ཆུབ་སེམས་དཔའ་བལྟམས་པའི་ཡུམ་གྱི་ཡོན་ཏན་སུམ་ཅུ་རྩ་གཉིས་སུ་བཤད་པ་ལྟར་བུད་མེད་ཀྱི་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པའི་རྒྱལ་རིགས་ཚེ་དབང་ལྷ་མོ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་གོང་གི་ལུང་བསྟན་དང་མཐུན་པར་ཆུ་ཕག་ལོར་སྐུ་འཁྲུངས་པ་ཡིན། དེ་དུས་ཉི་མ་བདུན་དུས་གཅིག་ཏུ་ཤར་བ་སོགས་ལྟས་བཟང་བསམ་གྱིས་མི་ཁྱབ་པ་མང་པོ་བྱུང་ཞིང་། ལོ་སྐོར་གཅིག་ལྷག་པར་གསང་རྒྱའི་ཚུལ་གྱིས་རང་ཡུལ་དུ་བཞུགས་པར་མཛད།
དེ་དུས་སྡེ་སྲིད་སངས་རྒྱ་མཚོ་ཕོ་བྲང་པོ་ཏ་ལ་གསར་གསོས་དང་མཆོད་སྡོང་ཆེན་མོ་བཞེངས་པས་མ་ཁོམ་ཞིང་། ༸རྒྱལ་དབང་ལྔ་པས་ལུང་བསྟན་པའི་ལོ་ཚད་དུས་སྐབས་སོགས་ཀྱང་གཞན་ལ་སྒྲོགས་མི་རུང་བའི་ནང་ཉམས་ཅན་ཞིག་ཡོད་གཤིས། དགུང་ལོ་བཅོ་ལྔ་པ་དང་དབང་ཕྱུག་ཅེས་པ་མེ་གླང་ལོར་གདན་སར་ཕེབས་པ་ཡིན་ཅིང་། ལྔ་པ་ཆེན་པོའི་ལུང་བསྟན་པ་ལ་གསང་རྒྱ་ལོ་བཅུ་གཉིས་ཙམ་དུ་བྱེད་དགོས་པར་གནང་ཡང་སྡེ་སྲིད་ཐུགས་དབང་བཙན་པའི་སྟབས་ཀྱིས་ལོ་འགའ་ཐལ་བས་རྟེན་འབྲེལ་འཆུགས་པའི་རྐྱེན་དུ་གྱུར་ཅེས་སྔར་གྱི་མཁས་པ་རྣམས་གླེང་།
མེ་གླང་ལོར་སྣ་དཀར་རྩེ་ལ་ཧོར་ཟླ་དགུ་པའི་ཚེས་བཅུ་བདུན་གྱི་ཉིན་ཆུ་ཚོད་བཅོ་ལྔ་དང་ཆུ་སྲང་གསུམ་འདས་པའི་ཐོག་རྒྱལ་བ་འོད་དཔག་མེད་མིའི་གཟུགས་ཀྱི་རྣམ་པར་རོལ་པ་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་ཀྱིས་མཁན་སློབ་སྦྲགས་མ། སྡོམ་བརྩོན་རིག་པ་འཛིན་པ་འཇམ་དབྱངས་གྲགས་པས་གྲིབ་ཚོད། ལས་གྲལ་ཁ་སྐོང་ཆོས་རྗེ་ལྔ་རིག་པ་ཟིལ་གནོན་རྡོ་རྗེ། དར་མོ་བ་བློ་བཟང་ཆོས་གྲགས། སྔགས་པ་དཔོན་སློབ་འཇམ་དབྱངས་ཆོས་འཕེལ་རྣམས་ཀྱི་དབུས་སུ་རབ་བྱུང་གི་དངོས་པོར་ཡང་དག་པར་བཞེས་ཏེ་མཚན་ཐམས་ཅད་མཁྱེན་པ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་ཞེས་གསོལ་ནས་རྣམ་པར་འགྲོ་བ་ལྷ་དང་བཅས་པའི་ཡོན་གནས་སུ་གྱུར།
དེ་ནས་དབང་ཕྱུག་ཅེས་པ་མེ་གླང་ལོ་འདིའི་གསོ་དཔྱད་དང་ཧོར་ལུགས་མཐུན་པའི་ཟླ་བ་བཅུ་པ། ཕྱོགས་གཉིས་ལས་དམར་པོའི་ཕྱོགས་ཀྱི་རྫོགས་པ་གཉིས་པ། མ་ཚོགས་ཌཱ་ཀི་མ་བསྡུས་པར་ཡང་སྤྲིན་ལྟར་འདུ་ཞིང་། དམ་པའི་ཆོས་ཀྱི་འཁོར་ལོས་སྒྱུར་བ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ཡིད་དགའ་ཆོས་འཛིན་དུ་གཤེགས་པའི་དུས་ཆེན་ཁྱད་པར་དུ་འཕགས་པ་ཉེར་ལྔའི་ཉིན་ཆུ་ཚོད་ལྔ་དང་ཆུ་སྲང་སུམ་ཅུ་འདས་པའི་ཐོག་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་གྲུ་འཛིན་གྱི་རི་བོ་ཕོ་བྲང་པོ་ཏ་ལ་ཆེན་པོའི་སྲིད་ཞི་ཕུན་ཚོགས་ཀྱི་དབུས་ན་འཇིགས་བྲལ་སེང་གེས་བཏེགས་པའི་ཆོས་ཀྱི་ཁྲི་ཆེན་པོར་ལྷར་བཅས་འགྲོ་བའི་མགོན་སྐྱབས་དང་དཔུང་གཉེན་དམ་པར་བཞུགས་པར་མཛད་དོ།།
འདིར་སྨྲས་པ། ཤེས་རབ་རང་བཞིན་ཉེས་པའི་རྡུལ་བྲལ་ཡུལ་གྱི་ལྷ་ལམ་དེ། །ངོ་མཚར་སྐྱེས་མཆོག་དམ་པའི་ཉིན་བྱེད་འདི་ཡིས་ལེགས་བཟུང་ཚེ། །འཛིན་མའི་ཁྱོན་དེ་འོད་ཀྱིས་འགེངས་ཤིང་མུན་ལམ་རྣམ་རྒྱལ་ཞེས། །གྲགས་པའི་སྒྲ་ཆེན་རབ་ཏུ་སྒྲོགས་ཤིང་ས་གསུམ་དགའ་སྟོན་འགྱེད། །
གང་ཚེ་མ་དེའི་ཆུ་འཛིན་ལས། །
ཁྱོད་སྐུའི་ཟླ་དཀྱིལ་ཤར་བས་ན། །
བརྩེ་ལྡན་མགོན་དེ་འོངས་སོ་ཞེས། །
གངས་ཅན་སྐྱེ་རྒུས་དགའ་བྲོ་འཁྲབ། །
ཀུན་རྟོག་མུན་པའི་ཚོང་དུ་གནས་འཆའ་བའི། །
མཁས་རློམ་སྲིད་བྱའི་ཚོགས་ཀྱང་ཤེས་བཞིན་བསྟེན། །
འཕགས་པས་བྱིན་རླབས་གངས་ལྗོངས་ཡུལ་གྱི་རྩེར། །
ངུར་སྨྲིག་གར་བསྒྱུར་ཉི་གཞོན་གསལ་འདི་ལྟོས། །
གང་ཞིག་སྐྱེ་རྒུའི་གཉེན་ཁྱོན་ཟམ་མ་ཆད་པར་ངུར་སྨྲིག་གི །ཚུལ་གྱི་རིན་ཆེན་ཕྲེང་བ་བདུན་གྱི་ལུང་བསྟན་གསལ་བ་ལྟར། །གྲུ་འཛིན་གཉིས་པའི་གཞལ་མེད་ཁང་གི་དབུས་སུ་སེང་ཁྲིའི་སྟེང་། །མཐོང་ཐོས་དྲན་པས་འགྲོ་བ་ཡོངས་ལ་ཕན་བདེའི་ལེགས་ཚོགས་སྤེལ། །
ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་ཕུལ་དུ་བྱུང་བའི་མཛད་པ་བཟང་པོའི་གཏམ་སྙན་ལྷའི་ཏམྦུ་རའི་རྒྱུད་ཀྱི་སྒྲ་དབྱངས་ཞེས་བྱ་བ་ལས། སྐུ་འཁྲུངས་པ་དང་རབ་ཏུ་བྱུང་ནས་གདན་སར་ཕེབས་པའི་ལེའུ་སྟེ་དང་པོའོ།། །།
ལེའུ་གཉིས་པ། གཞན་དོན་དུ་དཀའ་བ་སྤྱད་ཅིང་སྒྲུབ་པར་གཞོལ་བའི་མཛད་པ།
དང་པོ། ཐོས་བསམ་སློབ་གཉེར་གྱི་བྱ་བས་
དུས་འདའ་བའི་མཛད་པ།
གཉིས་པ་སོ་སོའི་སྐྱེ་བོ་བློ་གྲོས་དང་ཤེས་རབ་དམན་པ་རྣམས་ཀྱིས་རྟོགས་པར་དཀའ་བའི་གནས་དམ་པ། རྒྱལ་བ་སྲས་དང་བཅས་པས་ལན་གཅིག་མ་ཡིན་པར་ཡང་ནས་ཡང་དུ་ཆེས་ཆེར་བསྔགས་པ། བདེ་བ་ཐམས་ཅད་འབྱུང་བའི་སྒོ་གཅིག་པུ་རིན་པོ་ཆེ་ལྟ་བུའི་བླ་ན་མེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རང་དོན་ཕུན་ཚོགས་ཕྲ་མོ་ཙམ་དོན་དུ་མི་གཉེར་བར་སྐྱེ་རྒ་འཆི་ནའི་ཆུ་སྲིན་འཇིགས་སུ་རུང་བར་གནས་འཆའ་བའི་འཁོར་བའི་རྒྱ་མཚོ་ཆེན་པོར་ལས་དང་ཉོན་མོངས་པའི་རྦ་རླབས་དྲག་ཏུ་འཁྲུགས་ཤིང་། ཤེས་རབ་ཀྱི་མིག་དང་བྲལ་བས་བླང་དོར་གྱི་གནས་ཚུལ་མི་མཐོང་བར་མ་རིག་པའི་མུན་པ་མུན་ནག་གིས་ཁྱབ་པའི་སྡིག་པ་མི་དགེ་བའི་རྦ་ཀློང་ཟབ་མོར་བྱིང་ཞིང་ལྷུང་བའི་མ་རྒན་གྱི་འགྲོ་བ་མཐའ་དག་ཉམ་ཐག་པར་གཟིགས་ནས་དེ་དག་ལ་ཆེད་དུ་དམིགས་པའི་ཐུགས་ཀྱི་བརྩེ་ཆེན་ཤུགས་དྲག་པོས་རང་དབང་མེད་པར་བསྐྱོད་དེ་མ་དག་པའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་བསྐལ་པ་གྲངས་མེད་པར་ཡང་མི་སྐྱོ་བར་གང་ལ་གང་འདུལ་གྱི་སྐུའི་བཀོད་པ་དང་། རྫུ་འཕྲུལ་རབ་འབྱམས་མཐའ་ཡས་པའི་སྒོ་ནས་འགྲོ་བ་རྣམས་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་བཟང་པོ་ལ་བཀྲི་བའི་དཔལ་ལྡན་ཀུན་ཏུ་བཟང་པོའི་སྤྱོད་པ་བསམ་མི་ཁྱབ་པའི་རོལ་པས་འཁོར་བ་ཇི་སྲིད་མ་སྟོང་པ་དེ་སྲིད་དུ་བརྩོན་པར་མཛད་པ་ནི་ཆོས་ཉིས་ཡིན་ནོ།།
དེས་ན་རྗེ་བཙུན་བླ་མ་དམ་པ་དེ་ཉིད་ཀྱང་ལུས་ཅན་སྤྱི་དང་། ཁྱད་པར་དུ་གླེགས་བམ་རིན་པོ་ཆེ་ལས།
རི་བོ་པོ་ཏ་ལ་ཡི་རྩེ་མོ་ནས། །
ཐུགས་སྤྲུལ་པའི་འོད་ཟེར་ཕྱོགས་བརྒྱར་འགྱེད། །
མི་ཁོ་བོའི་སྤྲུལ་པ་དམ་པ་ཞིག །
བོད་བྱང་གི་ཕྱོགས་ནས་བྱང་ཕྱོགས་སུ། །
འབངས་མགོན་མེད་མང་པོ་འདྲེན་དུ་འགྲོ། །
ཞེས་གསུངས་པ་ལྟར་བྱང་ཕྱོགས་ཀྱི་གདུལ་བྱ་མགོན་དང་བྲལ་བ་རྣམས་ལ་རང་གི་བུ་གཅིག་པུ་ནད་ཀྱིས་བཏབ་པ་ལ་ཤིན་ཏུ་བརྩེ་བའི་མ་ལྟ་བུར་ཟབ་ཅིང་བརླིང་བའི་ཐུགས་བསྐྱེད། ལམ་རྒྱ་ཆེན་པོས་སྙིང་སྟོབས་རྨད་དུ་བྱུང་བའི་བཟོད་པའི་གོ་ཆ་ལེགས་པར་བགོས་ཏེ་བརྩེ་བ་ཤུགས་དྲག་པོས་རང་དབང་མེད་པར་བསྐྱོད་བཞིན་པའི་ངང་ནས་གདན་ས་ཆེན་མོར་དགུང་ལོ་ཉེར་ལྔའི་བར་དུ་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་ལ་སོགས་པ་རྒྱལ་སྲས་དམ་པ་རྣམས་ཀྱི་རྣམ་ཐར་གཙང་མའི་གོས་ཀྱིས་མཛེས་པར་བཀླུབས་ཏེ་སྐུ་ཕྲེང་གོང་མ་རྣམས་ཀྱི་དུས་བཞིན་བསྟན་སྲིད་ཀྱི་ཕྱག་སྲོལ་ཇི་ལྟར་བཙུགས་པ་རྣམས་ཁུར་བུ་བླངས་ཤིང་། རྒྱན་དུ་བཞེས་པའི་སྒོ་ནས་སྐྱོང་བར་མཛད་པ་ཡིན་ལ། རྒྱས་པར་ནི་འདིར་མ་སྤྲོས་སོ།།
ཁྱད་པར་མདོར་བསྡུས་ཙམ་ཞིག་བརྗོད་ན། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས། ཁྲི་རིན་པོ་ཆེ་ཅོ་ནེ་ཚུལ་ཁྲིམས་དར་རྒྱས། དགེ་སློང་འཇམ་དབྱངས་གྲགས་པ། མངའ་རིས་ཞལ་སྔ་ནས་རྗེ་དགེ་ལེགས་རྒྱ་མཚོ་སོགས་ཞྭ་སེར་ཅོད་པན་འཛིན་པ་དུ་མའི་སྤྱན་སྔ་ནས་སྔགས་ཕྱོགས་ཀྱི་དབང་དང་། རྗེས་གནང་། མན་ངག །རྒྱབ་བརྟེན་གྱི་ལུང་དང་། རྒྱུད་ཀྱི་བཤད་པ། བསྐྱེད་རྫོགས་ཀྱི་ཁྲིད་མཐའ་དག་དང་། མདོ་ཕྱོགས་ཀྱི་ལུང་རྣམས་དང་། ལམ་རིམ་རྒྱས་བསྡུས་མཐའ་དག་གི་ཁྲིད་དང་། བཤད་ལུང་ཐམས་ཅད་གསན་པར་མཛད་ཅིང་། ཁྱད་པར་དུ་དགེ་སློང་འཇམ་དབྱངས་གྲགས་པ་རྩ་བའི་བླ་མར་བསྟེན་ནས་གསན་ཡིག་གངྒཱའི་ཆུ་རྒྱུན་པོ་ཏི་བཞིར་ལོངས་པའི་ནང་བཞིན་ལོ་གསུམ་གྱི་དབྱར་དགུན་དཔྱིད་གསུམ་སོགས་དུས་བཞིའི་རིང་ལ་བརྩོན་པ་དྲག་པོས་གསན་པར་མཛད་གསུངས། དེ་དུས་སྡེ་སྲིད་དབང་བཙན་པ་དེ་ཉིད་ཀྱིས་དགེ་སློང་འཇམ་དབྱངས་གྲགས་པ་ལ་བཀའ་ནན་ཆེས་ཆེར་མཛད་ནས་དབང་རྗེས་གནང་སོགས་སྤྲུལ་པའི་སྐུ་རིན་པོ་ཆེའི་གསན་པ་གནང་དགོས་ཀྱི་སྐོར་མཐའ་དག་རེམ་རེམ་ནན་ཏན་གྱིས། གལ་ཏེ་དེ་འདྲ་མ་བྱུང་ན་ཞེས་སོགས་ཀྱི་གསུང་བབ་ལྕི་སེ་བ་གནང་འདུག་ཅིང་། དེ་དུས་ང་ན་ཕྲ་བའི་སྟབས་ཀྱིས་ལུང་གནང་བ་འགའ་ཞིག་གི་སྐབས་སུ་ཚུལ་བཞིན་དུ་མ་ཉན་པར་ལངས་ནས་ཕར་འགྲོ་ཚུར་འགྲོ་བྱེད་སྐབས་སུ་རྩ་བའི་བླ་མ་དེ་ཉིད་དབུ་སེ་རི་ལི་ཡར་བཞེངས་ཏེ་དཔེ་ཆ་ཕྱག་ཏུ་བསྣམས་ནས་ངའི་རྗེས་ལ་བྱོན་ནས་སྐུ་མཁྱེན་གསུང་མཁྱེན་དེ་འདྲ་མ་གནང་། བཞུགས་ཏེ་འདི་གསན་རོགས་མཛོད། ཁྱོད་ཀྱི་གལ་ཏེ་མ་གསན་ན་ང་ལ་སྡེ་སྲིད་ཀྱི་བཀའ་བཀྱོན་ཡོང་གསུངས་ནས་ཕྱག་ཐལ་མོ་སྦྱར་བར་མཛད་པའི་སྐབས་སུ་ངས་ཀྱང་གསུང་ལ་ཉན་ཏེ་དེ་གར་བསྡད་པས་ཁོང་ཡང་ངའི་མདུན་དུ་བཞུགས་ནས་ལུང་གི་འཕྲོ་གནང་བའམ་སྐབས་རེར་བྱུང་བ་དྲན་གྱི་འདུག །ངའི་མགོ་ལ་མཐོ་དམན་སྐྱིད་སྡུག་སྣ་ཚོགས་བྱུང་བ་འདི་རང་ཡིན་གསུངས་ནས་དབུ་ལ་ཕྱག་གི་ཁུ་ཚུར་གྱིས་བསྣུན་བསྣུན་མཛད་ནས་སྤྱན་ཆབ་བསིལ་བ་གནང་གི་ཡོད།
རྩ་བའི་གཞུང་དངོས་ལ་འཇུག་སྟེ། བཀའ་འགྱུར་གྱི་ལུང་སྡེ་སྲིད་ཀྱི་མདུན་ནས་ཚར་ཅིག །རྩ་བའི་བླ་མ་དགེ་སློང་འཇམ་དབྱངས་གྲགས་པའི་མདུན་ནས་ཚར་གཅིག །ཕྱིས་སུ་གཏེར་སྟོན་རཏྣ་གླིང་པའི་མདུན་ནས་ཕྱེད་གཅིག་བཅས་ཀུན་འདྲིལ་ཕྱེད་དང་གསུམ་གསན་པར་མཛད་གསུངས། མདོར་ན་ས་སྐྱ་དགེ་ལུགས་རྙིང་མ་སོགས་བོད་གངས་ཅན་གྱི་ལྗོངས་སུ་བཞུགས་པའི་གྲུབ་མཐའ་ཐམས་ཅད་ཀྱི་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ཁྲིད་ལུང་མན་ངག་སོགས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་དག་གྲུབ་མཐའ་དང་བསྟན་པའི་ཕྱོགས་རིས་མེད་པར་གསན། ཕྱིས་སུ་སྐབས་འགར་དགུན་ཁ་བ་བབས་པའི་སྐབས་སུ་རྗེ་བཙུན་ཉིད་ར་བ་མཐིལ་དུ་བྱོན་ནས་ཁ་བའི་སྟེང་དུ་སྔར་དགེ་ལུགས་ཀྱི་གར་སྦྱངས་པའི་སྐབས་སུ་འདི་འདྲ་ཡིན་གསུངས་ནས་རྡོ་རྗེ་རྩེ་གཅིག་པ། རྩེ་གསུམ་པ། རྩེ་ལྔ་པ། སྣ་ཚོགས་རྡོ་རྗེ་རྣམས་ཀྱི་འགྲོས་མཛད་ཅིང་གར་གནང་སྟེང་ངའི་རྐང་རྗེས་ལ་ལྟོས་ཤིག་གསུང་གི་ཡོད་པས། དེ་དུས་ང་ཚོ་ན་སོ་གཞོན་པའི་སྟབས་ཀྱིས་ལྟད་མོ་ཙམ་དུ་བླངས་ནས་བལྟས་པ་མ་གཏོགས་ཡོན་ཏན་དུ་བླངས་ནས་དོན་གཉེར་བྱེད་དགོས་པ་སེམས་ལ་མ་ཤར། ཕྱིས་སུ་དགོན་པ་པོ་རོལ་ན་ཡོད་དུས་ལོ་གཅིག་སྐུ་ཞབས་ཉིད་ཀྱིས་འཇིགས་བྱེད་བཅུ་གསུམ་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་སྒྲུབ་པར་མཛད་པའི་སྐབས་ཤིག་ང་ལ་བཀའ་གནང་སྟེ་ཁྱོད་ཀྱིས་རྗེས་སོར་དགོན་པ་འདི་ལ་དགེ་ལུགས་ཀྱིས་གར་ཞིག་བཙུགས་ན་བཟང་བས་གསུང་སོང་བ་ངའི་སེམས་ལ་བཞག་བཞིན་པའི་ངང་ནས་ཕྱིས་སུ་སྐུ་ཞབས་རིན་པོ་ཆེ་ཞིང་བརྗེས་ནས་ངེད་རང་བོད་དུ་དགོངས་རྫོགས་ལ་ཕྱིན་ཏེ། ༸རྒྱལ་དབང་རིན་པོ་ཆེ་ལ་དགེ་ལུགས་ཀྱི་གར་འཛུགས་རྩིས་ཡོད་ཅེས་རྒྱུ་མཚན་ཞུས་པར། ༸རྒྱལ་དབང་རིན་པོ་ཆེ་ནས་ཀྱང་རྣམ་རྒྱལ་གྲྭ་ཚང་ལ་དགེ་ལུགས་ཀྱི་ས་གར་འཛུགས་རྩིས་བྱས་ཏེ། དགེ་ལུགས་ཀྱི་ས་གར་ཤེས་མཁན་བཙལ་བས་མངའ་རིས་བར་དུ་བཙལ་ཀྱང་རྩད་མ་ཆོད། ཞྭ་ལུ་ནས་རྒྱུན་བྱས་ཏེ་བུ་ལུགས་ཀྱི་ས་གར་ཞིག་འཛུགས་རྩིས་ཡོད། འཕངས་པ་དེ་འདྲའི་ཕྱག་ལེན་ཁྱད་པར་ཅན་ད་ལྟ་ཁྲི་སྐོར་བཅུ་གསུམ་ན་བཙལ་བས་ཀྱང་མ་རྙེད་ནུབ་འདུག །ཁམས་ཕྱོགས་ན་ལེགས་པར་བཙལ་ན་རྙེད་ཤས་ཆེ་གསུངས་ཤིན་ཏུ་གཅེས་འདུན་ཆེ་བར་མཛད་སོང་། དེ་སྐབས་རྗེ་བཙུན་བླ་མའི་རྣམ་ཐར་ལ་དད་པའི་སེམས་མངོན་དུ་ཕྱོགས་ཏེ་ད་ལྟ་བཞུགས་ནའང་ཅི་མ་རུང་བསམ་སེམས་མི་དགའ་ལྷང་ལྷང་བ་བྱུང་ཡང་། སྤྱོད་འཇུག་ལས། གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། །ཞེས་པ་ཐོག་ཏུ་བབས་པར་གྱུར་ཏོ།།
རྩ་བའི་གཞུང་དངོས་ལ་འཇུག་སྟེ། རབ་འབྱམས་པ་གྲགས་པ་ཆོས་འཕེལ་གྱིས་གཙོ་བོའི་དགེ་བའི་བཤེས་གཉེན་རྣམས་བགྲོ་གླེང་ཞབས་ཕྱི་པར་བརྟེན་ནས་བསྡུས་གྲྭ་སོགས་མཚན་ཉིད་ཀྱི་སྐོར་ལ་ཡང་སྦྱངས་པ་རྒྱ་ཆེར་གནང་འདུག །སྙན་ངག་ལ་མཁས་པའི་ཚད་དུ་འཇོག་པར་བྱེད་ཀྱང་། སྦྱངས་པ་ཇི་ལྟར་གནང་ཡོད་པ་ནི་མ་ཤེས། རྩིས་ལ་ཡང་སྦྱངས་པ་ཕུལ་དུ་བྱུང་བ་ཞིག་གནང་ཞེས་གླེང་།
གཉིས་པ། བོད་ཀྱི་དུས་འཁྲུགས་ལས་རྗེ་ཉིད་
རྒྱ་ནག་ཏུ་གདན་དྲངས་པའི་ཚུལ་གྱི་མཛད་པ།
ད་ནི་གོང་གི་ལུང་བསྟན་ལྟར་བྱང་ཕྱོགས་ཀྱི་གདུལ་བྱ་རྗེས་སུ་འཛིན་པའི་དུས་ལ་བབས་པར་ཉེ་བ་ན། འདིའི་ཉེར་ལེན་ལྟ་བུར་རྐྱེན་འགའ་ཞིག་གིས་སྡེ་སྲིད་དང་ལྷ་བཟང་གཉིས་ཀྱི་མཚམས་སུ་མདའ་ལྔ་པས་གླགས་བཙལ་བ་དང་། བོད་ཀྱི་བསོད་ནམས་དམན་པའི་སྟོབས་ཀྱིས་འཁྲུགས་གཞི་ཆེན་པོ་བྱུང་བར་བརྟེན་ནས་རྒྱ་ནག་ཏུ་ལྷ་བཟང་གིས་རྗེ་ཉིད་སྤྲུལ་སྐུ་ཡིན་མིན་གྱི་དོགས་གཞི་ཡོད་པའི་ཡི་གེ་ཞིག་བཏང་བར། གོང་མས་མི་དཔྱད་མཁན་མཁས་པའི་ཚད་དུ་འཇོག་པ་ཞིག་བཏང་བ་ཁོས་སླེབས་ནས་རྗེ་ཉིད་ཀྱི་སྐུ་གཅེར་བུར་བྱུང་སྟེ་ཁྲི་ཞིག་ལ་བཞུགས་སུ་གསོལ་ནས་སྐུའི་མདུན་རྒྱབ་གཡས་གཡོན་ཐམས་ཅད་ནས་ཞིབ་ཏུ་བལྟས་ནས་མཚན་མ་དཔྱད་དེ། བླ་མ་འདི་༸རྒྱལ་དབང་ལྔ་པའི་སྤྲུལ་སྐུ་ཡིན་མིན་ནི་མི་ཤེས། འཕགས་པའི་སྐུའི་མཚན་ཉིད་ཡོངས་སུ་རྫོགས་པ་ཞིག་ཡིན་འདུག་ཅེས་བཤད་ནས་ཕྱག་ཕུལ་ཏེ་ཕྱིར་རང་ཡུལ་དུ་ལོག །དེའི་རྗེས་ལ་འཁྲུགས་རྩོད་ཆེར་སོང་བ་དང་། གོང་མས་མཁྱེན་ནས་སྡེ་སྲིད་དང་ལྷ་བཟང་གཉིས་ལ་འཆིང་བྱེད་པར་ཕྱག་ན་བླ་མ་དང་ཨཱ་ནནྡ་ཁཱ་གཉིས་རྫོང་བདའ་མཛད་པ་ཁོང་གཉིས་མ་སླེབས་མཚམས་ནས་ལྷ་བཟང་གིས་སྡེ་སྲིད་བཀྲོངས་ནས་འཁྲུགས་པའི་རྦ་རླབས་ཆེས་ཆེར་གཡོ་བའི་སྐབས་དེར་གསེར་ཡིག་པ་ཁོང་གཉིས་ཀྱང་འབྱོར་པར་ལྷ་བཟང་བདུད་དུ་བབས་ནས་གསེར་ཡིག་པ་གཉིས་ལ་ཅི་བྱ་གཏོལ་མེད་གྱུར་པའི་ཚིག་སྣ་ཚོགས་སྨྲས་ཏེ། དེའི་རྐྱེན་གྱིས་རྗེ་ཉིད་དགུང་ལོ་ཉེར་ལྔར་ཕེབས་པའི་མེ་ཕག་ལོའི་སྟོན་ཀ་རྒྱ་ནག་ཏུ་གདན་དྲངས།
དེ་སྐབས་ཡངས་པ་ཅན་བརྒྱུད་དེ་གཉན་ཆེན་ཐང་ལྷའི་མདུན་ཐད་དུ་སླེབས་སྐབས་ཐང་ལྷས་བསུ་བ་བྱས་པའི་རྣམ་པ་བྱུང་གསུངས། རིམ་གྱིས་བྱང་ལམ་བརྒྱུད་ནས་སྟོད་རུ་མཚོ་ནག་ཏུ་འབྱོར་སྐབས་རྒྱ་ནག་གོང་མས་གསེར་ཡིག་བླ་མ་དང་། ཨཱ་ནནྡ་ཁཱ་སོགས་ལ་ཁྱོད་ཚོས་༸རྒྱལ་དབང་རིན་པོ་ཆེ་འདིར་དྲངས་ནས་བཞུགས་ས་གང་དུ་བྱེད། བསྙེན་བཀུར་ཇི་ལྟར་བྱེད་སྙམ་པ་ཡིན། གོ་མ་ཆོད་འདུག་ཅེས་བཀའ་བཀྱོན་དྲག་པོ་མཛད་པས་ཁོ་རང་ཚོ་སྲོག་ལ་གནོད་པའི་ཞེད་སྣང་ཆེན་པོ་བྱུང་ནས་ཐབས་ཅི་དྲག་ལ་ཐུག་སྟེ། ང་ལ་ཁྱེད་རང་དབང་ཐོབ་པས་གཤེགས་པའམ་སྐུ་ཡལ་བ་ལྟ་བུ་ཞིག་མ་མཛད་ན་ངེད་ཚོའི་སྐེ་ལ་ཐུག་པར་འདུག་ཅེས་ཡང་དང་ཡང་དུ་འདུན་པ་གཅིག་མིན་སྣང་བས། ཁྱོད་རང་ཚོས་དང་པོ་རྒྱལ་པོ་ལྷ་བཟང་དང་གྲོས་གང་འདྲ་བྱས་པ་ལྟར། ད་རེས་འཇམ་དབྱངས་གོང་མའི་ཕོ་བྲང་གི་གསེར་གྱི་ཐེམ་པར་སླེབས་ནས་ཞལ་མ་མཐོང་བར་ཕྱིར་མི་ལྡོག་ཅེས་ལབ་པས། མི་སྣ་རྣམས་ཤིན་ཏུ་འཇིགས་ཏེ་རང་སྲོག་ལ་གནོད་པའི་གྲབ་བྱེད་པ་ཐོས་ནས། ད་འོ་ན་ངས་ཁྱོད་ཚོ་ལ་གནོད་ཅིང་རང་ལ་རྒྱལ་ཁ་ཐོབ་པ་ཞིག་བྱས་པས་ཡོང་རྒྱུ་གང་ཡང་མི་འདུག །དེ་བས་ང་རང་འཆི་བ་དྲགས། འོན་ཀྱང་རེ་ཞིག་རྟེན་འབྲེལ་ཞིག་བརྟག་པར་བྱའོ་བྱས་པས་ཁོང་རྣམས་ཤིན་ཏུ་དགའ་འདུག །དེ་ནས་མཚོ་ཁའི་མཇལ་ཁ་མང་པོ་ཡང་སླེབས་བྱུང་། ཉིན་གཅིག་ཞག་སྡོད་བྱེད་སར་ཤིང་ཞིག་ཁྱེར་ཤོག་བྱས་པས་རས་གུར་གྱི་ཤུག་པའི་ཀ་བ་ཞིག་ཁྱེར་བྱུང་བ་ས་ལ་བཙུགས་ནས་བཞག་པ་ཕྱི་ཉིན་སྐྱེས་འདུག
གསུམ་པ། རང་དབང་ལྡན་པའི་འཁྱམ་པོའི་
ཚུལ་གྱི་མཛད་པ།
གཅིག མདོ་སྨད་ཕྱོགས་སུ་དཀའ་སྤྱད་
བཞེས་པའི་ཚུལ་གྱི་མཛད་པ།
དེ་ནས་ཀུན་དགའ་ནོར་ཟེར་བའི་ས་ཆར་བསྡད་པའི་གུར་སྒོའི་འགག་ཏུ་རས་གུར་ཡོད་པའི་བར་ནས་སོག་པོ་རྒས་པོ་ཞིག་གིས་མགོ་ཉུག་ཉུག་བྱས་ཏེ་བལྟས་འདུག་པར་ཁྲིད་ཤོག་བྱས་པས་ཁྲིད་སླེབས་བྱུང་བར། མགྲོན་གཉེར་བི་དུར་དཔོན་པོས་ལོ་ཙཱ་བྱས་ཏེ་ས་འདིའི་མིང་ཅི་ཡིན། ཁྱོད་རང་གི་མིང་ལ་གང་ཟེར་དྲིས་པས། ས་འདི་ལ་ཀུན་དགའ་ནོར་ཟེར། ངའི་མིང་ལ་ཨར་པ་སི་ལང་ཡིན་ཟེར། སོག་སྐད་ཀྱི་སེང་གེའི་མིང་ཡིན་འདུག །དེ་ཀུན་ལ་དགའ་བ་དང་། ནོར་བུ་དང་། འཇིགས་པ་མེད་པར་ཡོང་བའི་རྟེན་འབྲེལ་དུ་འདུག་པས། ཁོ་རང་ཚོའི་འདོད་པ་ལྟར་སྒྱུ་མའི་ཚུལ་བྱའོ་སྙམ་སྟེ་དཀོན་མཆོག་ལ་གསོལ་བ་བཏབ་པས་མཚན་མ་གཞན་ཡང་བཟང་བ་དང་། ཁྱད་པར་དཔལ་ལྡན་ལྷ་མོའི་ལུང་བསྟན་གསལ་བར་བྱུང་བ་ལྟར་དེ་ནུབ་བི་དུར་དཔོན་པོ་དང་། གསོལ་མགྲོན་གཉིས་དང་རྒྱ་ནག་གི་མི་སྣ་ངོ་མ་མ་གཏོགས་སུ་གཅིག་གིས་ཀྱང་མ་ཤེས་པར་བྱས་ཏེ་མཚན་མོའི་ཐུན་དང་པོ་ལ་གོས་སེར་པོའི་ལྭ་བ་དང་། ཊཾ་ཁ་དམར་པོའི་ལྭ་བ་བརྩེགས་ནས་གྱོན། འབོག་ཐོའི་ཞྭ་དང་། སོག་ལྷམ་དང་། གཞན་ནས་ལུས་ལ་འཆང་བཞིན་པ་རྒྱལ་པོ་མ་སྐྱེས་དགྲའི་རྟེན་སྐལ་གྱི་འཕེལ་གདུང་ཨ་མ་བྱ་ཕོའི་སྒོ་ང་ཙམ་ཡོད་པ། ཙནྡན་དམར་པོའི་ཕྲེང་བ། གློ་ཁུག་ཏུ་ཐེའུ་རྩེ་རྟགས་ཅན་གཅིག །སྐེད་པར་རིག་འཛིན་གཏེར་བདག་གླིང་པས་གནང་བའི་གཏེར་ཕུར་གཅིག་རྣམས་མ་གཏོགས་གཞན་དངོས་པོ་གང་ཡང་མེད་པ་བཅས་འགྲོ་ཁར་གསོལ་མགྲོན་གཉིས་ལ་བཀའ་བསྒོ་དང་བསླབ་བྱ་བྱས། ཁོང་གཉིས་ཀྱང་མིག་མཆི་མས་གང་ཞིང་སྐྱོ་བ་ཚད་མེད་པ་འདུག །དེ་ནས་གློ་བུར་དུ་ཐོན་ཏེ་ཤར་ལྷོའི་ཕྱོགས་སུ་ཁ་བལྟས་ཏེ་ཕྱིན་པས་དེ་མ་ཐག་གནམ་ས་གཡོས་པ་ལྟ་བུའི་ཐལ་རླུང་དྲག་པོ་ལངས། རེ་ཞིག་མགོ་འཐོམས་པ་ལྟར་བྱུང་བའི་སྐབས་ཤིག་རླུང་འཚུབ་ཀྱི་ནང་མེ་སྟག་ཁྲོམ་ཁྲོམ་བྱེད་པ་འདུག་པར་བལྟས་པས་བུད་མེད་འབྲོག་མོའི་ཆས་བྱས་པ་ཞིག་ཕར་འགྲོ་བཞིན་འདུག །ང་རང་ཡང་དེའི་རྗེས་ལ་ཕྱིན། ནམ་ལངས་པར་ཉེ་བ་ན་བུད་མེད་དེའང་མི་འདུག །རླུང་འཚུབ་ཀྱང་ཞི་ནས་ཡུལ་ཁམས་ཐམས་ཅད་དུ་ཐལ་རྡུལ་གྱིས་གང་ནས་འདུག་གསུངས། འདི་ནི་སྐུ་ཚེ་འདིའི་གཞན་དོན་དཀའ་སྤྱད་ཀྱི་ཐོག་མ་ཡིན་ནོ།།
འོད་སྲུང་གི་ལེའུ་ལས། འོད་སྲུང་འདི་ལྟ་སྟེ། དཔེར་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེ་ནི་གང་ནས་གང་འགྲོ་བ་ཐམས་ཅད་དུ་མི་འཇིགས་མི་སྐྲག་པ་ཉིད་དུ་འགྲོའོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐོས་པ་དང་། ཚུལ་ཁྲིམས་དང་། བསླབ་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་དང་། ཏིང་ངེ་འཛིན་དང་ཡེ་ཤེས་ལ་གནས་པ་ཡང་། གང་ནས་གང་དུ་འགྲོ་བ་ཐམས་ཅད་དུ་མི་འཇིགས་ཤིང་མི་སྐྲག་པ་ཉིད་དུ་འགྲོའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ།
རི་དྭགས་རྒྱལ་པོ་སེང་གེ་རལ་གཅིག་ཅན། །
འཇིགས་པ་མེད་པར་གང་དུ་འདོད་པར་འགྲོ། །
དེ་བཞིན་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དང་། །
ཐོས་དང་ཡེ་ཤེས་གནས་པ་དགའ་མགུར་འགྲོ། །
ཞེས་གསུངས་པ་ལྟར་དམ་པ་ཉིད་ཀྱང་དེ་དུས་གདན་ས་ཆེན་པོ་དེ་དང་ཁྲི་སྐོར་བཅུ་གསུམ་གྱི་རྒྱལ་སྲིད་ལམ་ཁའི་རྩྭ་བཞིན་དོར་ནས་འཇིགས་པ་མེད་པར་རྒྱ་གར་གྱི་གྲུབ་ཐོབ་རྣམས་སྤྱོད་པ་ལ་གཤེགས་པ་ལྟར་གདུལ་བྱའི་དོན་དུ་ཚམ་ཚོམ་མེད་པར་གཤེགས་པར་མཛད་པ་ནི་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་ཆེས་ཆེར་རབ་ཏུ་བསྔགས་པའི་གནས་དམ་པ་ཡིན་ནོ།།
དེ་ལ་འདི་སྐད་ཅེས་བྱ་སྟེ།
ཀྱི་ཧུད་བདག་གི་བླ་མ་༸རྒྱལ་བའི་དབང་། །
མཚན་དང་ལང་ཚོ་གསར་པའི་དཔལ་ལྡན་པ། །
རྙིང་པའི་ཞིང་ཁམས་གངས་ཅན་ལྗོངས་བོར་ནས། །
བརྩེ་བ་མེད་པར་གང་དུ་གཤེགས་པར་བྱེད། །
ཀྱི་ཧུད་བདག་གི་བླ་མ་༸རྒྱལ་བའི་དབང་། །
ཚངས་པའི་དབྱངས་ཀྱིས་འགྲོ་བ་སྐྱོང་བ་ཁྱོད། །
བོད་ཀྱི་གདུལ་བྱའི་ཚལ་རབས་ཡོངས་བཏང་ནས། །
མི་བསུན་དྲག་པོའི་འདུལ་ཡུལ་ཅི་ལ་སྨོན། །
སྔོན་དུས་གངས་ཅན་ལྗོངས་ཀྱི་པད་མཚོ་ན། །
མཁས་མང་ངང་པའི་ཚོགས་ཀྱིས་དགའ་སྟོན་འགྱེད། །
དེ་དུས་གཡུལ་ངོར་ཕམ་པའི་དཔུང་ཚོགས་བཞིན། །
ཀུན་ཀྱང་རང་རང་མྱ་ངན་ཁང་བུར་ཞུགས། །
ཁྱོད་ཞལ་པདྨ་ལ་ཆགས་བློ་གསལ་གྱི། །
རྐང་དྲུག་གཞོན་ནུའི་ཚོགས་རྣམས་དེ་དག་ཀྱང་། །
གླང་པོས་བཅོམ་པའི་པད་མཚོར་འཁོར་བ་བཞིན། །
ད་ནས་སྐྱབས་དང་བསྟེན་ས་གང་ལ་འཆའ། །
འོན་ཀྱང་བྱང་གླིང་ཉི་མ་ནུབ་པའི་དུས། །
འཛམ་བུ་གླིང་ལ་ཉིན་མོར་བྱུང་བ་བཞིན། །
གངས་ཅན་མཁས་པ་ཀུན་གྱི་གཙུག་ནོར་དེ། །
བདག་སོགས་མཐའ་འཁོབ་གདུལ་བྱའི་དཔལ་དུ་ཤར། །
རྩ་བའི་གཞུང་ལ་འཇུག་སྟེ། དེ་ནས་ནམ་ལངས་པ་ན་སྤང་མཐོན་པོ་གཉིས་ཀྱི་བར་སླེབས་འདུག །སྔར་གཅིག་པུར་རྐང་ཐང་ལ་འགྲོ་མ་མྱོང་བ་དང་། ཁ་ཡང་ཤིན་ཏུ་སྐོམ་ཞིང་རྐང་མཐིལ་དུ་ཆུ་བུར་ཐོན་ནས་ཐང་ཆད་འདུག་པས་རེ་ཞིག་ངལ་གསོ་ཞིང་མཐོ་བའི་ཐ་མ་གུད་པ། འདུས་པའི་ཐ་མ་བྲལ་བ། བསགས་པའི་ཐ་མ་འཛད་པ་འདི་ལྟ་བུ་འོང་སྙམ་པའི་མི་རྟག་པའི་སྣང་བས་སྐྱོ་བ་དང་། ད་རེས་གང་བྱས་ཀྱང་རང་དབང་ཡོད་པ་འདི་དཀོན་མཆོག་གི་ཐུགས་རྗེ་ཡིན་པས་བྱ་བྲལ་བ་བྱས་ཏེ་སྡིག་སྒྲིབ་འདག་ཕྱིར་གནས་སྐོར་དང་སྒོམ་སྒྲུབ་ངོས་དག་ཅིག་བྱེད་དགོས་སྙམ་པའི་དགའ་སྤྲོ་སྐྱེས་སོ།།
དེ་ནས་ཡང་ཕྱིན་པས་ལམ་པོ་ཆེ་གཅིག་ལ་ཐུག་བྱུང་བ་ཨ་རིག་གི་ཚོང་པ་ཚན་ཞིག་ཟི་ལིང་ནས་ཡར་ལོག་འགྲོ་བ་ལམ་ཁར་གྲོ་བཏབ་པ་དང་ཐུག་བྱུང་། དེར་ཁ་སྐོམ་དྲགས་ན་ཇ་འཐུང་འདོད་ཀྱང་སྔར་གཞན་ལ་སློང་མ་མྱོང་བས་སློང་བ་ལ་ཤིན་ཏུ་འཚེར་བ་ཞིག་བྱུང་སྟེ་དེ་ཚོའི་ཉེ་སར་བསྡད་པས། དེའི་ཁྲོད་ནས་རྒས་པོ་ཞིག་གིས་གྲྭ་པ་ཁྱོད་སུ་ཡིན། ཇ་ཨེ་འཐུང་ཞེས་དྲིས་བྱུང་བར་ཇ་འཐུང་སྟེ་ཁ་ཕོར་མེད་བྱས། གཞན་མ་ལབ། གཅིག་གིས་ཕོར་པ་ནག་པོ་ཆེན་པོ་ཞིག་ཇས་བཀང་སྟེ་བྱིན་བྱུང་། སྔར་གཞན་གྱི་ཁ་ཕོར་ལ་འཐུང་མ་མྱོང་བ་དང་བཙོག་ལྟ་བ་བྱུང་ཡང་འཐུང་བས་ཁ་སྐོམ་པའི་སྟབས་ཇ་དེ་ཞིམ་པོ་ཚད་མེད་པ་ཞིག་བྱུང་། དེར་ཁོ་རང་ཚོ་ཐམས་ཅད་འཚོགས་ནས་ང་ལ་ལྟད་མོ་བལྟས་ཤིང་མཚར་མཚར་བྱེད་དེ་འདི་རང་ག་བ་མ་རེད། གོས་ལོག་དང་གདོང་མདོག་འདི་འདྲ་ཨང་ཟེར་ཙག་ཙག་ཟེར། དེ་དུས་མི་ཚོས་གཟུགས་དེ་མི་ལས་འདས་ནས་ལྷ་ལ་བསྙེགས་ཙམ་ཡོད་ཟེར། ཁྱོད་ག་ནས་ཡིན། གར་འགྲོ། ཟླ་བོ་གང་ན་ཡོད་ཅེས་དྲིས་བྱུང་བར་ཟེར་རྒྱུ་ཡང་མ་རྙེད། རྫུན་ལབ་པ་ལ་ཤིན་ཏུ་འཚེར་སྣང་ཡང་སྐྱེས་ཏེ། འོན་ཀྱང་འདི་ལྟར་ལབ་པ་དྲག་སྙམ་སྟེ། ང་བོད་པའི་གྲྭ་པ་འགའ་ཞིག་མར་ཡོང་བའི་ལམ་ནས་མགོ་ལོག་གི་ཇག་པས་ཟོས་ནས་ཁ་འཐོར་ནས་ཡོང་བ་ཡིན་ཅེས་རྫུན་གྱི་ཐོག་མར་བཏང་བས་ཐམས་ཅད་ཀྱིས་སྙིང་རྗེ་རྗེ་བྱེད་ཅིང་། ལྷག་པར་ཚོང་པ་དེ་ཚོའི་གཙོ་བོ་རྒས་པོ་བནྡེ་སྐྱབས་ཟེར་བ་ཞིག་འདུག་པ་ཤིན་ཏུ་བྱམས་པར་འདུག །དེར་དེ་རྣམས་ཁལ་བཀལ་ནས་འགྲོ་གྲབས་བྱས་ཏེ་ད་ཁྱོད་ངེད་རྣམས་དང་མཉམ་དུ་ཨེ་འགྲོ་ཟེར་བར། རྐང་པ་ན་ནས་འགྲོ་མི་ནུས་པར་འདུག་བྱས་པས། གཡག་ཡན་པ་མང་པོ་འདུག་པའི་ཁྲོད་ནས་གཡག་གླང་སྒ་བསྟད་པ་ཞིག་བྱིན་བྱུང་བ་བཞོན་ནས་སོང་བས་གླང་སྒའི་ཤིང་གིས་བརླ་ཕུག་པས་བརླ་ན་ནས་ཅི་ལས་ཀྱང་སྡུག་པར་བྱུང་། ད་ང་འགྲོ་མི་ཐུབ་པར་འདུག་བྱས་པས། རྒས་པོས་སྣམ་བུའི་ཕྱུ་པ་སྟེང་མ་ཕུད་ནས་གླང་སྒའི་བར་སྟོང་བཀག ཐག་པས་ཡོབ་ཆེན་བྱས་ནས་ཞོན་དུ་བཅུག་པས་བདེ་ཉམས་བྱུང་། ཁོང་ཚོའི་གཡག་འདེད་རོགས་བྱས་ཏེ་ཤིན་ཏུ་དགོད་བྲོ་བ་བྱུང་། ཁོང་རང་ཚོས་ཀྱང་འདིར་སྔར་འདི་འདྲ་མ་མྱོང་བ་ཞིག་རེད་ཟེར་དགོད་བཞིན་སྙིང་རྗེ་བྱེད་པར་འདུག །གཏམ་མང་པོ་ལབ་བཞིན་འདུག་ཀྱང་ངས་ལབ་པ་ཁོང་ཚོས་ཆེར་མི་ཤེས་པར་འདུག །ལམ་དེ་ནས་ཚོང་པ་གསར་དུ་ཡོང་བ་མང་པོ་དང་ཐུག་བྱུང་བ་ཐམས་ཅད་ཀྱིས་ང་ལ་མཚར་མཚར་བྱེད། ངས་ཊཾ་ཁ་དམར་པོའི་ལྭ་བ་འདི་གྲྭ་པ་ཞིག་དང་ཐུག་བྱུང་ན་གོ་ལག་རྙིང་པ་ཞིག་དང་བརྗེ་དགོས་བསམ་ཞིང་སོང་བས། སྐབས་ཤིག་ཡང་ཚོང་པ་མང་པོ་དང་ལྷན་དུ་གྲྭ་པ་སྣམ་བུ་སེར་པོ་གྱོན་པ་ཞིག་བྱུང་བར་ཁྱོད་ཀྱི་སྣམ་བུ་སེར་པོའི་ལྭ་བ་དེ་ངའི་གོས་འདི་དང་ཨེ་བརྗེ་ཞེས་དྲིས་པས་ཁོས་མི་བདེན་ནམ་སྙམ་འདུག །ངས་གོས་ལྭ་བ་དམར་པོ་ཕུད་ནས་ཁོ་ལ་བྱིན་པས་ཁོ་དགའ་དྲགས་ནས་སྣམ་སེར་གྱི་ལྭ་བ་དེ་ང་ལ་བྱིན་བྱུང་། ཀུན་ཡ་མཚན་བྱེད་པར་འདུག །གཞན་གྱི་ཕོར་པ་དང་གོས་ཀྱིས་གྲིབ་ཕོག་སྟེ་ཞག་མང་པོའི་བར་ཁ་དང་གདོང་པ་སྐྲངས་ཏེ་ན་ཡང་རེ་ཞིག་ནས་ལུས་ཁམས་བདེ་བར་གྱུར་ཏོ།།
དེར་ཁོང་ཚོའི་ཡུལ་དུ་ལྷོ་ལམ་དང་བྱང་ལམ་གཉིས་ཡོད་པའི་ལྷོ་ལམ་བརྒྱུད་ན་རྨ་ཆུ་སྒྲོལ་དགོས་མ་གཏོགས་ལམ་ཉེ་བར་ཡོད་འདུག་པས་རྨ་ཆུ་ལ་དར་ཆགས་ཡོད་མེད་ཀྱི་ཐེ་ཚོམ་བྱས་ཏེ་ང་ལ་མོ་འདེབས་ཨེ་ཤེས་དྲིས་པར། མོ་འདེབས་པ་ལྟར་བྱས་ཏེ་དར་ཆགས་འདུག་བྱས་པའི་ལྷོ་ལམ་དེ་ཀར་སོང་བས་རྨ་ཆུ་ཡང་དར་ཆགས་འདུག་པས་ང་ལ་མཐོང་ཆེར་སོང་། རྨ་ཆེན་སྤོམ་ར་དགའ་བའི་ཉམས་བྱུང་། དེ་ནས་ཨ་རིག་གི་ཡུལ་དུ་རྒས་པོ་བནྡེ་སྐྱབས་ཀྱིས་ཀྱང་དད་འདུན་ཆེ་བ་དང་། དེའི་རྒད་མོས་ཀྱང་ཤིན་ཏུ་བྱམས་པར་བྱས་ཏེ་རེ་ཞིག་བཞུགས་དགོས་ཞེས་ཡང་ཡང་བཤོལ་བ་ལྟར་ཟླ་ངོ་གཉིས་ཙམ་བསྡད། བརྒྱད་སྟོང་པ་བཏོན། ཁོང་རྣམས་ལ་ལས་འབྲས་ཀྱི་ཆོས་བཤད་པས་ཤིན་ཏུ་དད་དེ་ཕྱིར་གཞན་ལ་ངའི་རྒྱུ་མཚན་མི་བཤད་པའི་དམ་བཅའ་བྱས། ཐམས་ཅད་ལ་བཀའ་བསྒོ་དང་། སྐ་རགས་ཀྱི་ཁ་ཚར་ལ་མདུད་པ་རེ་བྱས་ཏེ་བྱིན། རྒད་མོས་ལྷམ་དང་། སྣམ་བུ་གསར་པས་གོས་བཙེམས་ཏེ་བྱིན་པ་རྣམས་དང་། ཇ་དང་མར་ཕྱུར་ཅུང་ཟད་བླངས། གཞན་འབུལ་བ་བྱས་པ་མ་བླངས། འགྲོ་ཁར་ཐམས་ཅད་སེམས་སྐྱོ་ཞིང་ངུ་བར་འདུག །དེ་ནས་རྒས་པོ་ཕ་བུ་གཉིས་ཀྱིས་ཉིན་གཅིག་གི་སར་སྐྱེལ་ཞིང་། ངས་ཀྱང་སྨོན་ལམ་ལེགས་པར་བཏབ་སྟེ་སོང་ངོ་། །དེ་སྤྲང་ཆས་བྱས་པའི་ཐོག་མ་ཡིན། སྦྱིན་བདག་གཅིག་ལ་དེ་ལས་དྲིན་ཆེ་བ་མེད་གསུངས། དེ་ལ་འདི་སྐད་ཅེས་བྱ་སྟེ།
ཞི་གནས་མངོན་དུ་མ་བྱས་ཕལ་རྣམས་ལ། །
མངོན་པར་ཤེས་པ་འབྱུང་བར་མི་འགྱུར་ཞིང་། །
ཞི་གནས་ཐོབ་པའི་ཉན་རང་ཚོགས་ཀྱིས་ཀྱང་། །
སེམས་དཔའི་ཡོན་ཏན་རྟོགས་པར་ག་ལ་ནུས། །
གཞན་གྱིས་བསྐྲུན་མེད་༸རྒྱལ་བའི་དབང་པོ་འདི། །
སྒྲིབ་པ་རྣམ་པར་སེལ་བའི་ཏིང་འཛིན་ཏེ། །
རྒྱལ་སྲས་གཞན་གྱི་ཐོབ་པར་དཀའ་དང་མཚུངས། །
དེ་ཕྱིར་སྒྱུ་མ་ལྟ་བུའི་འཁྲུལ་འཁོར་འདི། །
ཚད་བཟུང་སུས་ཀྱང་བྱེད་པ་ཤིན་ཏུ་དཀའ། །
འོན་ཀྱང་ལས་འབྲས་ཕྲ་ཞིང་ཕྲ་བ་ལའང་། །
དྲན་དང་ཤེས་བཞིན་བསྟེན་པར་ཤིན་ཏུ་རིགས། །
རྗེ་བཙུན་བདག་ཉིད་ཆེན་པོ་འདིས་ཀྱང་ནི། །
ལས་སྨོན་རྗེས་སུ་འདི་བཞིན་འབྲང་བྱེད་ན། །
ཁམས་གསུམ་འཁོར་བའི་གནས་སུ་ཚང་འཆའ་བའི། །
ལུས་ཅན་ཕལ་པའི་ཚོགས་ལ་སྨོས་ཅི་འཚལ། །
དེ་ལྟར་ན་ཡང་ཀུན་རྫོབ་སྣང་བ་ཀུན། །
དེ་ཉིད་རྟོགས་པའི་རྣལ་འབྱོར་ཚོགས་རྣམས་ལ། །
བདེན་པར་སྣང་བ་ཡུད་ཙམ་འབྱུང་མི་སྲིད། །
སྒྱུ་མ་ལྟ་བུའི་འཕྲུལ་དུ་ཤེས་པར་གྱིས། །
རྩ་བའི་གཞུང་དངོས་ལ་འཇུག་སྟེ། དེ་ནས་ཨ་ཤུལ་གྱི་སྡེ་བྲང་སྒང་ཟེར་བར་འབྱོར། དེ་ནས་མི་གཅིག་དང་འགྲོགས་ནས་ཞག་ཁ་ཤས་ནས་གྲོང་དང་བོན་དགོན་ཞིག་ཏུ་སླེབས། མི་དེ་གཞན་དུ་སོང་། ང་རང་གཅིག་པུར་སོང་བའི་འབྲུག་པའི་དགོན་ཆུང་ཞིག་ཏུ་སླེབས། དེར་མང་ཇ་བཏང་བ་དང་ཐུག་ནས་འདུ་ཁང་གི་སྒོར་མང་ཇ་བླངས་ཏེ་འཐུང་ནས་འགྲོ་གྲབས་བྱས་པར་གྲྭ་པ་བགྲེས་པོ་ཞིག་སླེབས་བྱུང་ནས་ཁོ་རང་གི་ཤག་ཏུ་འགྲོ་ཟེར་བ་ལྟར་ཕྱིན་པས་ཕྱུག་པོ་ཞིག་འདུག །ང་ལ་གདན་འདྲེན་ནས་བསྙེན་བཀུར་བཟང་པོ་བྱེད། དེའི་སྔ་ནུབ་རྨི་ལམ་ལ་གནས་སྐོར་བ་འདི་འདྲ་ཞིག་ཡོད་ན་བསྙེན་བཀུར་བྱེད་དགོས་ཟེར་བ་རྨིས་པ་ཁྱོད་ཡིན་རྒྱུ་རེད་ཟེར་ནས་དག་སྣང་བྱེད་ཀྱིན་འདུག །ཁོང་ཟུར་ཆོས་དབྱིངས་རང་གྲོལ་གྱི་སློབ་མ་ཡིན་ཟེར། གསེར་ཞོ་གང་དང་དངུལ་རྡོག་པོ་གཅིག་བྱིན་པ་མ་བླངས། ལྕགས་ཁོག་ཅིག་དང་ཇ་མར་རྩམ་པ་བྱིན་པ་ཅུང་ཟད་བླངས། ཁོང་གིས་ང་ལ་སྐྱེལ་ཐུང་བྱས་ཏེ་སེམས་སྐྱོ་སྐྱོ་བྱེད་པར་འདུག།
འཇང་གི་ཡུལ་དུ་འགྲོ་བའི་ལམ་དྲིས་ཏེ་སོང་ཡང་འགྲོར་མ་ཐུབ། སླར་རྒྱལ་མོ་རོང་གི་ཕྱོགས་སུ་བལྟས་ཏེ་སོང་བས་དཀར་རྒྱ་དགོན་ཟེར་བཻ་རོའི་ཆོས་ལུགས་བྱེད་པ་ཞིག་ཏུ་སླེབས། དེའི་ཉེ་སྐོར་བཻ་རོའི་བཞུགས་གནས་བྲག་ཕུག་བཟང་པོ་ཞིག་འདུག་པར་ཟླ་ཤས་བསྡད་པས་ཐུགས་དམ་གྱི་བོགས་དང་ལྟས་ཁྱད་པར་ཅན་འགའ་རེ་བྱུང་། དཀོན་མཆོག་གི་དྲིན་གྱིས་ཡས་མས་ནས་འཚོ་བ་སྟེར་མཁན་ཡང་མང་རབ་བྱུང་།
དེ་ནས་ཚ་བ་རོང་གི་ཕྱོགས་སུ་སོང་བའི་དོར་དགེ་ཟེར་བའི་ལུང་སྟོང་ནགས་ཚལ་ཤིང་ཐོག་སྣ་ཚོགས་ཡོད་པ་ཤིན་ཏུ་སྐྱིད་པ་ཞིག་ཏུ་ས་བྱི་ལོའི་ཟླ་བ་བདུན་པའི་ནང་དུ་འབྱོར། དེ་སྐབས་ཁམས་ཀྱི་ཡུལ་དུ་འབྲུམ་པའི་ནད་ཡམས་མཆེད་ནས་མི་མང་པོ་ཤི །གྲོང་ཡང་མང་པོ་སྟོང་འདུག །སྐབས་དེར་ང་གཟུགས་པོ་ན་ནས་འགྲོར་མ་ཐུབ། ད་ནད་ངན་དེས་ཐེབས་ཡོད་པ་འདྲ་བསམས་ནས་རྒུན་འབྲུམ་གྱི་ཤིང་ཞིག་གི་རྩར་ཉལ་ནས་བསྡད་པས་ཐོར་པས་གཟུགས་པོ་ཐམས་ཅད་ཁྱབ་ནས་སྐྲངས། ན་ཟུག་དྲག་པོ་ཚད་མེད་པ་བྱུང་། གདོང་དང་གཟུགས་པོ་ཐམས་ཅད་སྐྲངས་ནས་མིག་འབྱེད་པ་འགུལ་བསྐྱོད་ཙམ་ཡང་མི་ནུས། བཟང་བཏུང་མེད་པའི་སྟབས་བཀྲེས་སྐོམ་གྱིས་ཀྱང་གདུང་། ཉིན་པར་ཉི་མ་ཚ་བ་དང་མཚན་མོར་ལྷགས་པ་གྲང་བ་སོགས་ཀྱིས་སེམས་ཅན་དམྱལ་བའི་སྡུག་བསྔལ་ཙམ་ཚད་མེད་ཅིང་བཟོད་བླགས་མེད་པ་དངོས་སུ་མྱངས་ནས་རེས་འགའ་བརྒྱལ་ནས་ཉིན་མཚན་ཅི་སོང་ཡང་མི་ཤེས་པར་འདུག །གསོན་པོའི་རེ་ཐག་ཆོད་ནས་བླ་མ་དཀོན་མཆོག་ལ་གསོལ་བ་དྲག་ཏུ་བཏབ། སྔོན་གྱི་ལས་ངན་དག་པ་དང་། ཡུལ་ཕྱོགས་འདིའི་འབྲུམ་ནད་ཀྱང་འདིས་ཆད་པར་གྱུར་ཅིག་སྙམ་ནས་བསྡད་པས་ཞག་བཅུ་ཙམ་ནས་རྨ་ཐམས་ཅད་སྨིན་ནས་རྣག་ཏུ་སོང་སྟེ་གོས་ལ་འབྱར། འབུ་སྲིན་གྱིས་ཀྱང་གཙེས་ནས་ཅི་ནས་ཀྱང་སྡུག་བསྔལ་ཆེ་རུ་སོང་། ལག་པ་བསྒུལ་བསྐྱོད་ཐུབ་ཙམ་བྱུང་ནས་རྒུན་འབྲུམ་བླངས་ཏེ་ཅུང་ཟད་རེ་ཟོས་པས་ཤིན་ཏུ་ཕན་སྙམ་བྱུང་།
དེ་ལྟར་ཞག་ཉི་ཤུ་རྩ་གྲངས་ནས་ནད་དེ་སོས་ཙམ་བྱུང་ཡང་ཟས་མེད་པའི་སྟབས་གཟུགས་པོ་རིད་ནས་འགྲོར་མ་ཐུབ། ད་ནད་དེས་མི་ཤི་ཡང་ལྟོགས་གྲིར་འཆི་བ་འདུག་སྙམ་ནས་ཡོད་པའི་ཚེ་སྐབས་ཤིག་ཕོ་རོག་གིས་རི་དྭགས་ཀྱི་ཤ་ལག་པ་གཅིག་ཉེ་ཀོར་དེར་བསྐྱུར་བྱུང་བ་བླངས་ནས་ཅུང་ཟད་རེ་ཟོས་པས་གཟུགས་པོ་ཅུང་དྲག་ཏུ་སོང་། ད་ཤ་འདི་མ་ཟས་གོང་གྲོང་ཞིག་ཏུ་ཨེ་སླེབས་བལྟ་དགོས་སྙམ་ནས་འཁར་བ་ལ་བརྟེན་ནས་དལ་བུས་ཕྱིན་ཀྱང་འདར་ནས་ཆེར་འགྲོ་མི་ཐུབ་པར་འདུག །ཤིང་ཐོག་དམར་པོ་སྐྱེ་བའི་ཤིང་མང་པོ་འདུག་པའི་ཤིང་ཐོག་དེ་ལས་བླངས་ནས་ཟོས་པས་ཡང་སྔར་གྱི་དུག་རོའི་ནད་གཞི་ལངས་ནས་རྒྱུ་མར་ཟུག་སྐྱེས་ནས་ཤི་ལ་ཁད་པའི་སྡུག་བསྔལ་བྱུང་། ལས་མ་ཟད་ན་སྲོག་ཆད་དཀའ་བར་འདུག །ད་དུང་ཡང་སྡུག་བསྔལ་དེ་བསམས་ནས་སྙིང་ན་བར་འདུག །ད་ལྟ་ཁྱེད་ཚོས་ནད་ཅུང་ཟད་རེའི་སྡུག་བསྔལ་མི་ཁྱོགས་པའང་གསུང་གི་ཡོད། དེ་ནས་ནད་རོའི་ཟུག་དེ་ཅུང་ཟད་ནས་གཉིད་དུ་སོང་བའི་རྨི་ལམ་དུ་ལོ་ཉི་ཤུར་ལོན་ཅིང་ཤ་རྩ་དྭངས་པ་གོས་སེར་པོ་གྱོན་པ་ཞིག་ཁྱེད་བསུར་འོང་བ་ཡིན་ཟེར་ནས་སླེབས་བྱུང་། དེར་མཁའ་མཁའ་ནས་གཟུགས་མི་མཐོང་བའི་སྒྲ་ཞིག་ལ་འདི་ལ་དུག་སྨན་དུ་བསྒྱུར་བའི་སྐྱེས་བུ་ལ་སྐྱོན་ཏེ། ཧ་ཧ།
གང་གི་སྣང་བར་དུག་བྱུང་བ། །
ཤིང་གི་འབྲས་བུ་དུག་ཡིན་ཀྱང་། །
རོ་མཆོག་ལྡན་པ་བདུད་རྩིའི་ཟས། །
ད་ནི་ལུས་སྦྱངས་བདེ་བར་འབར། །
ཆས་ཤིག་འགྲོ་བའི་དགའ་སྟོན་གྱིས། །
ཟེར་བ་ཐོས་པ་དང་གཉིད་སད་པས། ལུས་ཤིན་ཏུ་བདེ་ཉམས་བྱུང་། ཉི་མ་ཡང་དྲོ་བར་འདུག
དེ་ནས་ལུང་པ་དེའི་མདོ་རོང་བརྒྱུད་ནས་སོང་བས་སྐབས་ཤིག་མི་སྟོད་གོས་སེར་པོ་གྱོན་པ་ཞིག་ཕར་འགྲོ་བཞིན་འདུག་པ་ཕ་ཝང་ཆེན་པོ་ཞིག་ལ་བརྟེན་ནས་བསྡད་པ་དང་འཕྲད་དེ་དགའ་ཉམས་བྱུང་། སྐད་ཆ་དྲིས་པར་ཁོས་ལམ་རྒྱུས་དང་གྲོང་པ་དང་མི་ཡོད་ལུགས་ཞིབ་ཏུ་བཤད་ནས། ད་ཁྱོད་རང་འདི་ནས་མར་སོང་ལ་གྲོང་པའི་ལྟག་ཏུ་ཕུག་པ་བྱིན་ཅན་ཅིག་ཡོད་པ་དེར་བཞུགས། ང་ད་ལྟ་ཅུང་མི་ཁོམས། སྐབས་ཤིག་ནས་ཁྱེད་ལ་མཐུན་རྐྱེན་སྦྱོར་ཟེར་ནས་ནགས་གསེབ་ཏུ་གར་སོང་ཆ་མེད་དུ་གྱུར། དེ་ནས་ཁོས་ཇི་ལྟར་བཤད་པ་བཞིན་སོང་སྟེ་སྦྲ་ནག་ཆེན་པོ་ཟོག་རྐྱང་མང་པོ་ཡོད་པའི་སྒོར་སླེབས་པས་ནང་ནས་རྒས་པོ་ཞིག་སླེབས་བྱུང་། དེ་ལ་ང་ཐོར་པ་བྱུང་བ་ཡིན་པས་ཁྱེད་འཛེམ་དགོས་ཡོད་དམ་མེད། ཟས་ཤིག་བྱིན་དང་བྱས་པ། རྒས་པོས་འཛེམ་དགོས་མེད་དེ། ནང་དུ་ཤོག་ཅེས་བོས་ནས་ཐོག་མར་ཇ་གཅིག་བླུགས་པ་འཐུང་པས་དེ་མ་ཐག་བརྒྱལ་ནས་ཡུན་རིང་ཞིག་ལོན་ནས་སད་པར་རྒན་རྒོན་སོགས་ཀྱི་ཁྱིམ་མ་ཐམས་ཅད་ངུ་ཞིང་སྙིང་རྗེ་བྱེད་པར་འདུག །དེར་ཞག་གཉིས་བསྡད། ལུང་པ་འདིར་སྒྲུབ་ཕུག་འདྲ་ཡོད་དམ་དྲིས་པར། འདིའི་ཕུ་ན་སྒྲུབ་ཕུག་བྱིན་ཅན་ཟེར་བ་གོང་འོག་གཉིས་ཡོད་ཟེར། སྒྲུབ་ཕུག་དེར་སྔ་མ་སུ་བཞུགས་མྱོང་བྱས་པས། བཻ་རོའི་སློབ་མ་གཡུ་སྒྲ་སྙིང་པོ་བཞུགས་མྱོང་། དེའི་གོང་གི་སྒྲུབ་ཕུག་ཅིག་ཏུ་ཨོ་རྒྱན་རིན་པོ་ཆེ་བཞུགས་ཟེར་བ་ཁ་རྒྱུན་ལ་འདུག་ཟེར། མིང་དྲིས་པས་ཀ་ཆུ་སྐྱབས་ཡིན་ཟེར། དེ་ནས་རྒས་པོ་དང་ལྷན་དུ་སྒྲུབ་ཕུག་ཏུ་ཕྱིན་ནས་ང་དེ་ནུབ་དེར་བསྡད། ཕྱག་ཀྱི་རྗེས་མང་པོ་དང་། སྐུ་འདྲ་རྙིང་པ་འགའ་ཞིག་འདུག །རྒས་པོ་ཁྱིམ་དུ་སོང་ནས་ཕྱིས་ཉིན་རྒས་པོ་ཕ་བུ་གཉིས་ཀྱིས་གཡག་གཅིག་ལ་ཕྱིང་པ་དང་ཆས་ཀ་བཀལ་ནས་ཡོང་སྟེ་ང་ལ་ཕུག་པ་འོག་མ་དེར་སྡོད་ས་བཅོས། ཇ་བསྐོལ་ཏེ་ང་ལ་བླུགས། ཁོང་གཉིས་ཀྱིས་ཀྱང་འཐུང་ནས་ནང་དུ་ཕྱིར་ལོག་སོང་། དེ་ནས་དཀའ་ལས་ཆེན་པོ་བྱུང་བ་དང་། གནས་དེ་ཡང་ཤིན་ཏུ་སྐྱིད་པ་དང་། རྒས་པོས་བྱིན་པའི་བཟའ་བཏུང་ཡང་བཟང་བ་སོགས་ཀྱིས་ཤིན་ཏུ་སྐྱིད་པར་བྱུང་། དེ་ནས་སྒྲུབ་ཕུག་གོང་མ་དེར་ཞག་གཅིག་བསྡད་དེ་སླར་ཡང་འོག་མ་དེར་འོངས་ནས་དགེ་སྦྱོར་བྱེད་ཀྱིན་བསྡད་པས། ཉིན་གཅིག་སྔོན་ལམ་འཕྲང་དུ་འཕྲད་པའི་མི་དེ་འོང་ནས་ང་ཡུལ་འདིའི་གཞི་བདག་ཡིན། ཁྱེད་རབ་ལོ། མིན་ཡང་ཟླ་བ་ཁ་ཤས་འདིར་ཅིས་ཀྱང་བཞུགས། འཚོ་བ་ཐམས་ཅད་ངས་སྦྱོར་ཟེར་ཏེ་སོང་། དེ་ལྟར་ཕུག་པ་དེར་ཟླ་བ་གསུམ་མ་ལོང་ཙམ་གྱི་བར་ཉིན་མཚན་ཁོར་ཡུག་ཏུ་དགེ་སྦྱོར་གཅིག་དྲིལ་དུ་འབད་པས་བོགས་ཁྱད་པར་ཅན་བྱུང་།
དེ་ནས་སླར་ཡང་རྒས་པོའི་ཁྱིམ་དུ་ཞག་བཅུ་ཙམ་བསྡད། ཁོང་རྣམས་ལ་ལས་འབྲས་དང་སྐྱབས་འགྲོའི་ཆོས་བཤད་པས་ཤིན་ཏུ་དད་ཅིང་ཡོན་བྱིན་པ་མ་བླངས། གྲོ་ཅུང་ཟད་བླངས། རྒས་པོས་ཞག་གཅིག་ཙམ་གྱི་སར་བསྐྱལ། ཚ་ཁོའི་ཕྱོགས་སུ་ཕྱིན་ཏོ།།
རྒས་པོ་ཀ་ཆུ་སྐྱབས་འདི་གོང་གི་གནས་བདག་དེའི་བུ་ཡིན་པར་འདུག །དེ་དུས་ཇ་ཐུག་བསྐོལ་ལུགས་ལེགས་པར་མི་ཤེས་པས་རྒས་པོས་བསྐོལ་ལུགས་བསླབ་བྱུང་། དེ་ལ་འདི་སྐད་ཅེས་བྱ་སྟེ།
སྟོན་པ་ཤཱཀྱའི་སྲས་པོ་དེས། །
རང་གཞན་དོན་གཉིས་མཐར་ཕྱིན་ཀྱང་། །
ནེ་རཉྫ་ནའི་འགྲམ་དག་ཏུ། །
ལོ་དྲུག་དཀའ་བ་སྤྱད་པར་མཛད། །
ཁྱོད་ཀྱང་བསྐལ་པ་དཔག་མེད་ནས། །
དཔལ་བརྩེགས་རྒྱལ་པོར་སངས་རྒྱས་ཀྱང་། །
གདུལ་དཀའི་འགྲོ་བའི་དོན་སླད་དུ། །
མཛད་པ་དུ་མའི་ཚུལ་ཡང་བསྟན། །
དེ་ཕྱིར་བློ་དང་ལྡན་རྣམས་ཀྱིས། །
ཚུལ་མཆོག་འདི་འདྲ་མཐོང་བའི་མོད། །
བདག་ཉིད་ཚེ་འདིའི་རྟོགས་བརྗོད་ལ། །
གང་ཞིག་དད་པར་མི་འགྱུར་བ། །
འཇིག་རྟེན་འདི་ན་ཡོད་མིན་ཅིང་། །
འཁོར་བའི་ཕུན་ཚོགས་དོན་གཉེར་ཏེ། །
འཇིག་རྟེན་སྣང་བ་རྒྱས་རྣམས་ཀྱང་། །
དག་པའི་བློ་གྲོས་བརྩོན་པར་རིགས། །
རྩ་བའི་གཞུང་ལ་འཇུག་པ་སྟེ། དེ་ནས་རིམ་པར་ཞག་ཉི་ཤུ་ཙམ་གྱིས་གྲོང་དང་འབྲོག་ཁྱིམ་མང་པོ་བརྒྱུད་ནས་ཚ་ཁོའི་གྲོང་དུ་སླེབས། དེར་ཞག་གསུམ་བསྡད། ཚ་ཁོའི་དགོན་པར་སོང་བའི་དགོན་པ་དེ་རང་ཅག་གི་རྗེ་བླ་མའི་སྲས་ཀྱིས་ཐུ་བོ་ཆོས་རྗེ་ངག་དབང་གྲགས་པའི་དགོན་པ་ཡིན་པའི་སྟབས་ཀྱིས་དགེ་ལུགས་ཤ་སྟག་མཛད་པ་ཞིག་འདུག་པའི་སེམས་ལ་སྤྲོ་བ་ཆེན་པོ་སྐྱེས་བྱུང་། མགོན་ཁང་དུ་འཇིགས་བྱེད་དང་ཆོས་སྐྱོང་རྣམས་དང་། འདུ་ཁང་གི་ཕུག་ན་རྗེ་ཡབ་སྲས་ངག་དབང་གྲགས་པ་ཉིད་ཀྱི་སྐུ་སོགས་རྟེན་བྱིན་ཅན་མང་པོ་འདུག་པས་ཞིབ་ཏུ་མཇལ། དེ་ཀར་ཞག་བཅུ་ལྷག་ཙམ་སོང་།
དེ་ནས་ས་དཀར་བརྒྱུད་ནས་དར་རྩེ་མདོར་སོང་བས་དེར་བོད་ཀྱི་ཚོང་པ་མང་པོ་འབྱོར་འདུག་པར་དེ་དང་བསྡོངས་ནས་བོད་དུ་འགྲོ་དགོས་བསམ་ཡོད་སྐབས། དཔལ་འབར་ཡིན་ཟེར་བའི་གནས་སྐོར་བ་ཞིག་དང་འཕྲད་ནས་ཕན་ཚུན་གནས་སྐོར་བྱས་པའི་གཏམ་མང་པོ་གླེང་བས་རྒྱ་ནག་གླང་ཆེན་གྱི་གནས་ཚུལ་མང་དུ་སྨྲས་པར་ཁྱོད་དེར་འགྲོ་མྱོང་ངམ་དྲིས་པར་འགྲོ་མྱོང་བའི་ལམ་རྒྱུས་སོགས་གཏམ་བྱུང་། དེར་བདག་ཀྱང་འགྲོ་འདོད་ནས་བདག་གནས་དེར་འགྲོ་དགོས་པ་ལ་རྒྱ་སྐད་སོགས་མི་ཤེས་པའི་གང་འདྲ་བྱེད་བྱས་པས། དེ་ན་རེ། ཁྱོད་རང་འགྲོ་ན་ཁོ་ཡང་འགྲོ་ཆོག་ཟེར།
གཉིས། རྒྱ་ནག་གླང་ཆེན་འགྱིང་རིར་
གནས་སྐོར་དུ་ཕེབས་པའི་མཛད་པ།
དེ་ནས་དེ་དང་ལྷན་དུ་དར་རྩེའི་གཡས་ཕྱོགས་བརྒྱུད་ནས་སོང་བར་རེ་ཞིག་ན་ཆུ་ཀླུང་ཤིན་ཏུ་ཆེན་པོ་ཤར་ཕྱོགས་སུ་འབབ་པར་རྡོ་ཟམ་བཙུགས་འདུག་པར་བརྒལ་ནས་སོང་བར་ལམ་དུ་རྒྱ་མིའི་གྲོང་མང་པོ་ཟམ་མ་ཆད་པར་འདུག །དེ་ནས་སོང་བས་འཕྲང་ལམ་དོག་པོ་ཞིག་ནས་ཇ་དང་དཀར་ཡོལ་སྨྱུག་སྒྲོམ་ནང་དུ་བླུགས་ནས་ཚུར་ཁུར་ཡོང་མཁན་གྱི་ཚོང་པ་ཡང་མང་པོ་རྒྱུན་མི་ཆད་པར་འདུག །དེ་ལྟར་ཞག་བཅུས་གླང་ཆེན་གྱི་ཚུན་རྒྱ་ཡི་གྲོང་ཁྱེར་ཆེན་པོ་ཞིག་གི་ནང་དུ་འབྱོར། དེར་ལྷ་ཁང་ཞིག་ཏུ་རྒྱ་ཡི་ཧྭ་ཤང་ཞིག་འདུག་པ་དེ་ནུབ་དེར་བསྡད། དཔལ་འབར་བས་དེའི་ལོ་ཙཱ་བྱས་ནས་སྐད་ཆ་དྲིས་པར། དེ་ན་རེ། འདི་ནས་ཕར་གླང་ཆེན་གྱི་རི་ཐག་ཉེ་བར་ཡོད། རི་དེར་དགོན་པ་དང་། གཙུག་ལག་ཁང་མང་པོ་དང་། ཆུ་མིག་ཀྱང་མང་པོ་ཡོད། རི་དེ་ཤིན་ཏུ་མཐོ་བའི་རྩེ་མོ་ཉི་ཟླ་ལ་བསྙེགས་པ་འདྲ་བ་སོགས་ཡོན་ཏན་མང་པོའི་གཏམ་བྱུང་། དེ་ནུབ་ངའི་ཟླ་བོ་གནས་སྐོར་བ་དེ་ཉིད་གར་སོང་ཆ་མེད་དུ་སོང་། ཕྱི་ཉིན་བཙལ་བས་ཀྱང་མ་རྙེད་པར་དེ་ནས་རང་ཉིད་གཅིག་པུར་སོང་བས་གླང་ཆེན་རིའི་རྩེར་སླེབས་པ་ན་དེར་རྒྱ་བན་གོས་གསར་པ་གྱོན་པ་ཞིག་སླེབས་བྱུང་། དེ་དང་མཉམ་དུ་རི་རྩེར་ཕྱིན་ཏེ་ལྷ་ཁང་མང་པོ་དང་ཆུ་མིག་སོགས་ཐམས་ཅད་མཇལ་ནས་ཞག་བཅུར་སོང་། ཧྭ་ཤང་རྣམས་ཀྱིས་བྱམས་བྱམས་བྱས་ཤིང་འཚོ་བ་སྦྱར།
གསུམ། ལི་ཐང་སོགས་སུ་གནས་སྐོར་དང་
འགྲོ་དོན་བསྐྱངས་པའི་མཛད་པ།
དེ་ནས་ང་རང་གཅིག་པུ་ཡར་བོད་ཕྱོགས་སུ་སོང་། རིམ་གྱིས་ཁམས་ཀྱི་ལི་ཐང་དགོན་དུ་སླེབས། མཆོད་མཇལ་བྱས། རེ་ཞིག་སྡོད་རྩིས་བྱས་ཀྱང་དེ་སྐབས་ཐོར་ཀོ་ཧར་སྒོ་མང་བླ་ཟུར་ལི་ཐང་པའི་མཁན་པོ་ཡིན་པའི་སྟབས་ངོ་ཤེས་ཀྱིས་དོགས་ནས་ཞག་གསུམ་ལས་མ་བསྡད། ཡང་སོང་བའི་ཉིན་གཅིག་ཁྱིམ་ཚང་ཞིག་ཏུ་སླེབས་པས། དེ་ན་མི་མགོ་བོ་མེད་པ་ཞིག་འདུག །དེའི་བཟའ་པ་སོགས་ལ་རྒྱུ་མཚན་དྲིས་པས། རྐེ་ཕྲེང་བྱུང་ནས་མགོ་ཆད་དེ་ལོ་ངོ་གསུམ་ཙམ་སོང་ཡང་འཆི་མི་འདུག་ཟེར། སྙིང་རྗེ་ཚད་མེད་པ་ཞིག་སྐྱེས་ནས་བལྟས་བསྡད་པས། ཁོས་བྲང་ལ་ལག་པས་བརྡུང་གི་འདུག །འདིས་ཅི་བྱེད་དྲིས་པས། མི་ཞིག་གིས་འདི་ལྟོགས་འདུག་ཟེར་ནས་སྐེ་ཆད་པའི་ཤུལ་དུ་བུ་ག་གཉིས་འདུག་པ་གཅིག་གི་ནང་དུ་བུམ་པའི་ནང་ནས་རྩམ་ཐང་དྲོ་འཇམ་ཞིག་ཅུང་ཟད་རེ་བླུགས་ནས་ཚོམ་པ་རེ་བྱེད་སྐབས་རླུང་གིས་ཡར་དེད་དེ་ལྦུ་བ་ལྷོག་ལྷོག་བྱེད་ཅིང་ཅུང་ཞིག་བསྡད་ནས་མར་ཁོག་ཏུ་འབབ་པར་འདུག །སེམས་ཅན་གྱི་ལས་བསམ་གྱིས་མི་ཁྱབ་པ་འདི་འདྲའང་བསམས་ནས་ལས་འབྲས་ལ་ངེས་པ་རྙེད་པ་ཞིག་བྱུང་།
མདོ་ལས་སྦྱིན་པའི་ཕར་ཕྱིན་གྱི་ཐད་དུ་རྒྱལ་སྲས་རྣམས་ཀྱིས་སངས་རྒྱས་འཐོབ་པའི་ཕྱིར་དུ་རང་གི་མགོ་བོ་ལན་སྟོང་གཏོང་དགོས་པར་གསུངས་ཤིང་། དེ་ཡང་མགོ་བོ་ནི་ཡན་ལག་གི་མཆོག་ཡིན་པས་བཅད་ན་སླར་མི་སོས་པར་གསུངས་པ་ནི་སྤྱིར་བཏང་ལ་དགོངས་ནས་གསུངས་པ་ཡིན་གྱི། སེམས་ཅན་བྱེ་བྲག་པའི་ལས་བྱེ་བྲག་པ་ཁྱད་པར་ཅན་ཉམས་སུ་མྱོང་བ་ནི་ཤིན་ཏུ་དཔག་པར་དཀའ་ཞིང་། བསམ་གྱིས་མི་ཁྱབ་པའི་གནས་ཡིན་ནོ་ཞེས་གསུངས། དེ་ལ་འདི་སྐད་ཅེས་བྱ་སྟེ།
མགོན་ཁྱོད་འགྲོ་དོན་ལ་བསྐྱོད་ཅིང་། །
འཁོར་བའི་གནས་འདི་ཉུལ་ཙ་ན། །
ཡན་ལག་མཆོག་དང་བྲལ་གྱུར་པའི། །
རྐང་གཉིས་པ་ཞིག་གཟིགས་པ་ཡིས། །
འཕགས་པ་གཞོན་ནུ་ནོར་བཟང་གི །
ངོ་མཚར་ལྟད་མོ་མིག་དང་མཚུངས། །
སྣ་ཚོགས་མཐོང་སྣང་འདི་དག་ཀྱང་། །
ཁྱོད་ཀྱི་རྟོགས་པའི་རྒྱན་དུ་གྱུར། །
དེ་ལྟར་མོད་ཀྱང་རྙོག་བྲལ་མཚོར། །
གཟུགས་བརྙན་ཡོངས་སུ་གསལ་བ་བཞིན། །
ཁྱོད་ཐུགས་མཁྱེན་པའི་དཀྱིལ་འཁོར་ལ། །
ཤེས་བྱའི་གནས་ཚུལ་དེ་དང་མཚུངས། །
རྩ་བའི་གཞུང་ལ་འཇུག་སྟེ། སྐབས་ཤིག་འབའ་ཐང་གི་ལུང་པར་སོང་བས་ཐག་རིང་པོ་ནས་གྲོང་ཞིག་འདུག་པ་མཐོང་སྟེ་སློང་མོ་བྱེད་པར་སོང་བས། གྲོང་གི་རྩར་སུ་གང་ཡང་མི་འདུག །ནང་དུ་བལྟར་ཕྱིན་པས་བུ་མོ་ལོ་བཅུ་གཉིས་ཙམ་དང་། བུ་ཚ་ལོ་དགུ་ཙམ་འགྲོ་བ་གཉིས་ཐོར་པས་ན་ནས་ཤི་ལ་ཁད་དུ་འདུག །གོ་ཁར་དེ་གཉིས་ཀྱི་མ་རྒན་མོ་ཐོར་པས་ཤི་འདུག་པར་སྙིང་རྗེ་ཚད་མེད་པ་ཞིག་སྐྱེས་ཏེ། དེར་འཕྲལ་དུ་བྱིས་པ་གཉིས་ལ་ཐུག་པ་བསྐོལ་ནས་བླུད་པས་ཡང་ཡང་བརྒྱལ་ནས་མཐར་དབུགས་རྒྱུ་ཙམ་བྱུང་། རྒན་མོའི་རོ་ལ་འཕོ་བ་བརྒྱབ་སྟེ་ལམ་སྟོན་དང་བསྔོ་སྨོན་བྱས་ཏེ། རོ་དེ་རུལ་ནས་མི་ཚུགས་པར་འདུག་ཀྱང་ནན་ཏན་བསྐྱེད་ནས་སྒྱེ་མོའི་ནང་དུ་བླུགས། ཐག་པས་བསྡམས་ནས་ཁུར་བས་མགོ་གར་ཡོ་བའི་ཕྱོགས་སུ་ཕུང་པོ་དེ་ཡང་ཡོ་ནས་ཁུར་མི་བདེ་བ་དང་། ལྕིད་ཆེན་པོ་འདུག་ཀྱང་ནན་ཏན་བསྐྱེད་ནས་ཐག་རིང་པོའི་གྲོག་པོ་ཞིག་ཏུ་བསྐྱལ། དེར་དེ་གཉིས་ཀྱི་ནད་གཡོག་བྱས་ནས་རེ་ཞིག་བསྡད་དགོས་བྱུང་། ཞག་མང་པོ་སོང་ནས་སྐབས་ཤིག་དེ་གཉིས་ཀྱི་ཞང་པོ་ཡིན་ཟེར་བའི་མི་ཞིག་སླེབས་བྱུང་བར་ཁོང་མིང་སྲིང་གཉིས་པོ་སྤྲད་ནས་འགྲོ་གྲབས་བྱས་པར། དེ་རྣམས་ཀྱིས་འཇུས་ཤིང་ངུས་ནས་མི་གཏོང་བར་འདུག་པས་རང་ལ་གང་ཡོད་ཀྱི་ཆས་ཀ་རྣམས་བྱིན་ཏེ་སེམས་འཕྲེང་བར་འདུག་ཀྱང་ཞག་ཁ་ཤས་སོང་བའི་མཚན་མོར་སྦས་ནས་སོང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ།
ཚེ་སྔོན་བསྐལ་པ་དཔག་མེད་པར། །
ཡང་ཡང་ཁྱོད་ཀྱི་ཡུམ་གྱུར་ཏམ། །
ཡང་ན་སློབ་དཔོན་བྱས་པའམ། །
འདི་འདྲའི་ལས་འབྲེལ་བཟང་པོ་ཞིག།།
ད་ལྟ་རྒྱལ་བ་བཞུགས་གྱུར་ཏེ། །
ཀུན་དགའ་བོ་ཡིས་ཞུས་གྱུར་ན། །
དེ་ལ་རྫོགས་པའི་སངས་རྒྱས་ཀྱིས། །
ཇི་ལྟར་ཞིག་ནི་གསུངས་པར་འགྱུར། །
ཆོས་རྒྱལ་གཉའ་ཁྲི་བཙན་པོའི་ཁྲི། །
ཁྱོད་ཀྱིས་ལམ་རྩྭ་བཞིན་དོར་ནས། །
གཉའ་བར་བུད་མེད་རོ་རུལ་ཞིག།།
སྙིང་རྗེའི་ཤུགས་ཀྱིས་ཁུར་བར་མཛད། །
ཀྱེ་མ་འདི་འདྲའི་འཁོར་བའི་གནས། །
བྲིས་པའི་པ་ཁྲའི་རྐང་འགྲོས་བཞིན། །
སྟེང་འགྲོ་འོག་འགྲོའི་ཆ་མི་ཆོད། །
མྱུར་བར་འདི་ལས་བྲོས་པར་རིགས། །
འོན་ཀྱང་བདག་ཉིད་ཆེ་རྣམས་ལ། །
འཁོར་བའི་སྐྱོན་གྱིས་མི་གོས་ཤིང་། །
བྱམས་དང་སྙིང་རྗེའི་ཆུས་བརླན་པས། །
འདམ་སྐྱེས་པདྨ་དཀར་པོ་བཞིན། །
རྩ་བའི་གཞུང་ལ་འཇུག་སྟེ། དེ་ནས་ས་གླང་ལོའི་ཟླ་བ་བཞི་པར་རིམ་གྱིས་ཀཱ་མ་རུར་སླེབས་པས་སྔགས་པ་ཞྭ་ནག་དང་ཕོད་ཁ་གྱོན་པ་ལག་ན་རྐང་དུང་ཁྱེར་བ་ཞིག་ཁྱོད་བསུར་ཡོང་བ་ཡིན་ཟེར་བ་དང་འཕྲད། ལུང་པ་འདིའི་ཕུ་ན་ངའི་ནང་ཡོད་པས་ཅིས་ཀྱང་ཕེབས་ཟེར་བར། འདི་ཅི་ཡིན། ང་ཤེས་དོན་མེད་སྙམ་པའི་ཐེ་ཚོམ་གྱིས་ཁོ་དང་འགྲོགས་སོང་བའི་བྲག་ཕུག་ཆེན་པོ་ཞིག་གི་ནང་དུ་ཚོགས་རྫས་མང་པོ་བཤམས་འདུག །དེར་ཁོ་རང་གཅིག་པུ་མ་གཏོགས་སུ་ཡང་མི་འདུག །རྐང་དུང་ཞིག་བཏང་སོང་བས་ངོ་མི་ཤེས་པའི་སྐྱེ་བོ་ཕོ་མོ་འབྲོག་ཆས་བྱས་པ་མང་པོ་འདུས་བྱུང་བར་ཚོགས་འཁོར་བསྐོར་ཏེ་དེ་རྣམས་ལ་བཀྱེ་བ་དང་། སྔགས་པས་ང་སྐྱེལ་ཐུང་བྱས་ཏེ་ཕྱིར་ལོག་སོང་གསུངས། དེ་སྐབས་དཔལ་འཁོར་ལོ་སྡོམ་པའི་གཟིགས་སྣང་སོགས་ངོ་མཚར་བ་ཨེན་ཙམ་གསུང་ཡང་ཆེར་མི་གསུང་བར་འདུག །དེ་ལ་འདི་སྐད་ཅེས་བྱ་སྟེ།
དཔལ་མགོན་བྲམ་ཟེའི་གཟུགས་ཅན་གྱིས། །
སྔགས་པའི་གཟུགས་ཀྱིས་ཁྱོད་བསྙེན་བཀུར། །
སྣང་སྲིད་མཁའ་འགྲོའི་ཚོགས་རྣམས་ཀྱིས། །
ཁྱོད་ལ་ཚོགས་ཀྱི་མཆོད་པ་ཕུལ། །
མདུན་གྱི་ལྷ་ལམ་ཁྱོན་ཀུན་ཀྱང་། །
དཔལ་ལྡན་འཁོར་ལོ་སྡོམ་པ་སོགས། །
དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ཀྱིས། །
མ་ལུས་པར་ནི་ཡོངས་སུ་གང་། །
མགོན་ཁྱོད་ཕྱོགས་བཅུའི་རྒྱལ་རྣམས་དང་། །
ཡེ་ཤེས་གཅིག་ཏུ་འདྲེས་ལགས་ཀྱང་། །
ཡི་དམ་དམ་ཅན་ཚོགས་རྣམས་ཀྱིས། །
ཁྱོད་ཀྱི་མདུན་བདར་འདི་ཀོ་མཚར། །
བཞི་པ། དབུས་ཀྱི་ཀ་ཚལ་དང་སེ་འབྲས་སོགས་སུ་གནས་སྐོར་དང་སྒྲུབ་པ་ཉམས་ལེན་ལ་
གཞོལ་བའི་མཛད་པ།
རྩ་བའི་གཞུང་ལ་འཇུག་སྟེ། དེ་ནས་རིམ་གྱིས་ཡོང་བས་ཤར་གངས་ལ་དང་། ནུབ་གངས་ལའི་བར་དེར་ཇག་པ་མི་བཞི་དང་འཕྲད་དེ་ཆས་ཀ་ཆེན་པོ་མེད་ཀྱི། རྩམ་པ་དང་ཇ་ཅུང་ཟད་ཡོད་པ་རྣམས་འཕྲོག་སོང་བས་བོད་ཀྱི་ས་སྣེ་མ་ཟིན་བར་དུ་དཀའ་ཚེགས་ཆེན་པོ་བྱུང་གསུངས། བོད་ཀྱི་སྣེ་ཟིན་ནས་སློང་མོ་དང་གནས་མཇལ་བྱེད་བཞིན་པས་ལྷ་སར་འགྲོ་བསམས་ནས་ཡོང་བས་ཀ་ཚལ་དགོན་པའི་སྐོར་ལམ་དུ་བུད་མེད་གཞོན་ནུ་མ་རྒྱན་ཆས་བཟང་པོ་བྱས་པ་ཞིག་དང་ཐུག་བྱུང་བའི་མོས་ང་ལ་ཞིབ་ཏུ་ལྟ་ཞིང་གནས་སྐོར་བ་ཁྱེད་ག་ནས་ཡིན་ཟེར་བར། ང་ཁམས་ནས་ཡོང་བ་ཡིན། ལྷ་ས་མཇལ་དུ་འགྲོ་བྱས་པས། མོ་ལྷ་སར་སོང་ནས་ཡོང་བ་ཡིན་པས་ད་ལྟ་གནས་བསྐོར་བའི་རིགས་ལྷ་སར་འགྲོ་བ་གང་འདྲ་ཡིན་ཟེར་ནས་ཅུང་ཟད་འཛུམ་བྱུང་། ཐེ་ཚོམ་པ་ཞིག་བྱུང་ནས་ཡང་འགྲོ་གྲབས་བྱས་པས། རིངས་ཁྱད་མེད་ན་མོས་གནས་ཚང་གཡར་གྱི། རེ་ཞིག་བཞུགས་ན་ཟེར་བར། འོ་ན་དེ་ཀ་བྱེད། ཁྱེད་རང་གི་ནང་གར་ཡོད་དྲིས་པས། ངའི་ནང་ལ་ད་ལྟ་བཞུགས་ཆོག་པ་མེད། རྒྱབ་རིའི་རི་ཁྲོད་འདི་འགོལ་ཞིང་སུ་མེད་པས་དེར་ཕེབས་དང་ངས་ཞབས་ཏོག་བྱེད་ཟེར་བས། གང་ལྟར་ཤ་ཚ་བ་ཞིག་འདུག་པས་འདིའི་ཟེར་བ་ལྟར་བྱེད་སྙམ་ནས་ཀ་ཚལ་གྱི་རྩེ་དེའི་རི་ཁྲོད་དུ་ཕྱིན་པས་མོས་ཟེར་བ་ལྟར་འདུག །མུན་སྲོས་ཙམ་ན་བུད་མེད་དེས་ཆུ་ཆུ་བེམ་གང་དང་། མེ་ཤིང་། རྩམ་པ་ཅུང་ཟད་བཅས་བསྐྱལ་ནས་ཁྱེད་རང་འདི་གར་རེ་ཞིག་བཞུགས་དང་འདི་རྣམས་ཟད་པ་ན་མོས་སྐབས་སྐབས་སྐྱེལ་ཆོག་ཟེར་ནས་སོང་ངོ་།།
དེར་ཞག་གཉིས་སོང་བའི་ཕྱི་དྲོར་གྲྭ་པ་བགྲེས་པ་དགོན་པའི་གཉེར་པ་ཡིན་ཟེར་བ་ཞིག་བྱུང་ནས་སྐད་ཆ་འདྲི་འཕྲོ་ལ་ཆུ་བེམ་དེ་མཐོང་ནས་འདི་ངའི་ཡིན། ཁྱོད་ཀྱིས་བརྐུས་འདུག་ཟེར་ནས་ཐོད་རྩ་ནས་བཟུང་སྟེ་འགྲམ་ལྕག་ཚ་བེར་བ་ཞིག་བཏང་སོང་བ་ན། ཤིན་ཏུ་ངོ་གནོང་ནས་ཟེར་རྒྱུ་ཅང་མ་རྙེད། དེར་ཁོ་འབར་འབར་ནས་ཁྱོད་ཀྱི་བཟོ་ལྟ་བཅོས་ཆོག་ཟེར་ནས་ཆུ་བེམ་ཁུར་ཏེ་སོང་བའི་རྗེས་ལ་བལྟས་པས། ཁོ་མ་ཀིའི་ལྷ་ཐོའི་རྩར་སླེབས་པ་དང་འདྲེད་ནས་ཆུ་འཕོ། ཆུ་བེམ་ཡང་ཆག་སོང་བ་དང་ཕར་ལྟ་ཚུར་ལྟ་བྱེད་ཅིང་མགྱོགས་པར་དགོན་པར་ལོག་སོང་། དེར་ངའི་བསམ་པ་ལ་གར་སོང་ཡང་འདི་འདྲའི་དཀའ་ལས་རེ་དང་ཐུག་ཡོང་བ་རང་བསམ་ནས་སེམས་སྐྱོ་ཞིང་བསྡད་པས་ཡང་བུད་མེད་དེ་སླེབས་བྱུང་བར། ཁྱོད་ཀྱིས་མིའི་ཆུ་བེམ་ཁྱེར་ཡོང་བ་བདག་པོ་འོངས་ནས་འདི་འདྲ་བྱས་སོང་། རྐང་ནས་ཡག་པོ་མ་བྱུང་། མ་ནས་ཁྱོད་ཅི་འདྲ་ཡིན་མི་ཤེས་པར་འདུག་པས་ང་ཡང་འགྲོ་རྒྱུ་ཡིན་བྱས་པས། མོ་སུ་ཡིན་རྗེས་ནས་ཤེས་ཡོང་། སྐྱོན་མེད། ཅིས་ཀྱང་རེ་ཞིག་བཞུགས་ཟེར་ནས་ལངས་སོང་། གར་འགྲོ་སྙམ་ནས་རྗེས་ལ་བལྟས་པས་ཕར་སོང་ནས་མི་སྣང་བར་གྱུར་པས་མི་མ་ཡིན་ཞིག་ཡིན་པ་འདྲ་སྙམ་བྱུང་། དེར་མཚན་མོར་སྒོ་ཁྲོག་ཁྲོག་ཕྱེས་བྱུང་བའི་ཡང་མོས་ཆུ་བསྐྱལ་བས་ང་ལ་རྐང་ནས་རང་མི་དགོས་བྱས་ཀྱང་མ་ཉན་པར་བཞག་ནས་སོང་། དེ་ནུབ་རྨི་ལམ་དུ་ལྷ་མོ་གཡུ་སྒྲོན་མའི་ཆོ་འཕྲུལ་ཡིན་པའི་རྟགས་བྱུང་། ཕྱི་ཉིན་ཉི་མ་དྲོས་ཙམ་ན་ཀ་ཚལ་དགོན་པ་དེའི་བླ་མ་ལྟག་པར་ལྦ་བ་ཆེན་པོ་ཞིག་ཡོད་པ་སྔར་ནས་ཁྱོད་སུ་ཡིན་གང་ནས་འོང་སོགས་སྐད་ཆ་དྲིས་བྱུང་བ། དེ་སྐབས་ང་ཁམས་སྐད་བདེ་པོ་ཡོད་པས་ང་ཁམས་ནས་ཡོང་བའི་གནས་སྐོར་བ་ཡིན་ཅེས་ལབ་ནས་ཁ་རོག་བསྡད་པས། དེར་ཁོང་གིས་ངའི་གདོང་ལ་ཡང་ཡང་བལྟ་ཞིང་གོས་ཀྱི་ཐུ་བ་ནས་བཟུང་སྟེ་སྣོམ་སྣོམས་ནས་ཤུགས་རིང་ཞིག་བྱས་ཏེ་བཤུམ་བྱུང་བར། ཁྱེད་དེ་འདྲ་མ་གནང་། ང་ཁམས་པའི་གནས་སྐོར་བ་རང་བཞིན་ཞིག་ཡིན། ཁྱེད་ཀྱིས་གཞན་ཞིག་དང་ནོར་བ་འདྲ་བྱས་པས། སྐད་ཀྱི་གདངས་ཤིག་ལ་བརྟགས་སམ་ངས་གོ་ཟེར་ནས་ཕྱག་འཚལ་བྱུང་། དེར་ཁོང་གིས་ཀྱང་གཞན་ལ་མི་བཤད་པའི་དམ་བཅའ་མཛད་དེ། ཟླ་བ་གཅིག་ཙམ་རིང་རི་ཁྲོད་དེ་གར་མཚམས་བྱས་ནས་བསྡད། བླ་མ་དེས་ཀྱང་མཐུན་རྐྱེན་གཟབས་ནས་མཛད། སྔར་གྱི་ཆུ་བེམ་གྱི་བདག་པོ་གྲྭ་པ་དེ་ཡང་དེ་ནས་བཟུང་སྙིང་ཁམས་མི་བདེ་བ་ཞིག་བྱུང་ནས་ཡིད་མ་ཆེས་པར་འོངས་ནས་བཟོད་གསོལ་བྱས་བྱུང་། དེ་སྐབས་ཤིག་ཏུ་བླ་མ་དེས་ཁོ་རང་གི་ནང་དུ་བོས་བྱུང་བ་ལྟར་ཕྱིན་པས་དེ་ན་སྤྲེའུ་མོ་ཞིག་འདུག་པ་དེས་ང་མཐོང་ནས་རེས་དགའ་ཚོར་མང་པོ་བྱེད། རེས་ངུ་ཞིང་སྐྱོ་བར་འདུག །ངས་དེའི་ལས་འབྲེལ་ལ་བརྟགས་པས་ངེད་རང་ཆུང་དུས་ཕ་ཡུལ་ན་ཡོད་པའི་སྐབས་སུ་ཕ་གཅིག་ལས་ཆད་པའི་ཨ་ཅེ་ཆོས་སྒྲོལ་ཟེར་བ་ཞིག་ཡོད་པ་དེ་ཡིན་པར་འདུག་གསུངས། ངེད་ནས་དེ་ཅིའི་ཕྱིར་དེ་འདྲ་བྱུང་ལགས་ཞུས་པས། ང་ཆུང་དུས་ཕ་མའི་རྩ་ནས་ཡོད་པའི་དུས་སུ་ངེད་ཀྱི་གྲོང་པའི་རྒྱབ་ཏུ་བྲག་ཡབ་ཁ་ལྷོར་བལྟས་པ་ཞིག་ཡོད་པས། ང་དེར་སོང་ནས་བྱིས་པ་འགའ་ཞིག་དང་ལྷན་དུ་རྩེད་མོ་བལྟས་ནས་བསྡད་པས། སྐབས་ཤིག་ལ་ཨ་ཅེ་ཆོས་སྒྲོན་སླེབས་ནས་ངའི་སྐེ་ན་པཎ་ཆེན་ཐམས་ཅད་མཁྱེན་པས་གནང་བའི་ཕྱག་མདུད་ཅིག་ཡོད་པས་ཨ་ཅེས་དེ་ལ་འཇུས་ནས་ང་ལ་གཅེར་བུ་ཡིན་པས། ཕ་ཝང་ལེབ་མོ་ཡོད་པའི་སྟེང་དུ་ང་དྲུད་ནས་ཁྱེར་ཏེ་གན་རྐྱལ་དང་ཁ་སྦུབ་ཏུ་མནན་ནས་བརྡུངས་པའི་སྐབས་སུ་ངའི་མདུན་རྒྱབ་ཐམས་ཅད་ཀྱི་རྗེས་རྡོའི་སྟེང་དུ་བབས་བྱུང་བར་མོས་གློ་བུར་དུ་མཐོང་བ་ནས་བཟུང་འགྱོད་སེམས་བྱེད་ཀྱིན་ཡོད་ཀྱང་། བྱང་ཆུབ་སེམས་དཔའ་བརྡུང་བའི་རྣམ་སྨིན་གྱིས་ལུས་དེ་འདྲ་བླངས་པ་ཡིན་གསུངས།
ཡང་སྐབས་སྐབས་ཨ་ཅེ་དེ་ལ་དམིགས་ནས་དགེ་རྩ་ཡང་གནང་གི་ཡོད། དེ་ནས་ཀ་ཚལ་དགོན་གྱི་བླ་མ་དེ་ལ་སོང་བའི་རྗེས་ལ་སྤྲེའུ་འདིས་ང་དྲན་པས་སྡུག་བསྔལ་གྱིས་འཆི་ཡོང་། གལ་ཏེ་ཤི་ན་ཁྱོད་ཀྱིས་སྦྱིན་སྲེག་སོགས་འདིའི་དགེ་རྩ་བཟང་པོ་གྱིས་ཞེས་བསྒོས་ནས་སོང་གསུངས། དེ་ལ་ཡང་འདི་སྐད་ཅེས་བྱ་སྟེ།
རྗེ་བཙུན་རྡོ་རྗེ་གཡུ་སྒྲོན་མ། །
ཁྱོད་ཀྱི་བྲན་དུ་འཁོལ་གྱུར་ཏེ། །
བདེ་བ་ཆེན་པོའི་གྲོགས་གྱུར་ཅིང་། །
ཞི་སོགས་ལས་ཀུན་བསྒྲུབ་པར་མཛད། །
སྲིང་མོ་ཆོས་ཀྱི་སྒྲོན་མ་དེ། །
དུད་འགྲོའི་ལུས་སུ་འཕངས་པ་དེའི། །
ལས་འབྲས་ཕྲ་ཞིང་ཕྲ་བ་ཀུན། །
མངོན་སུམ་གཟིགས་ནས་གྲོལ་བར་མཛད། །
ལུས་ཅན་ཀུན་གྱིས་ལས་རྣམས་ནི། །
སྐད་ཅིག་གཅིག་ལ་མངོན་སུམ་དུ། །
ས་ལེར་གཟིགས་པའི་སྤྱན་མངའ་བ། །
མགོན་པོ་ཁྱོད་ལས་གཞན་པ་སུ། །
རྩ་བའི་གཞུང་ལ་འཇུག་སྟེ། དེ་ནས་ལྷ་ས་དང་སེ་འབྲས་རྣམས་སུ་མཇལ་ཞིང་སེ་ར་རྩེའི་རི་ཁྲོད་དུ་ཕྱིན་པས། རྗེ་དགེ་ལེགས་རྒྱ་མཚོས་མཁྱེན་ནས་སྒྲུབ་ཁང་གི་སྒོ་ཕྱིར་གཅིག་པུར་ཕེབས་བྱུང་བ་དང་མཇལ་འཕྲད་བྱས་པས་བླ་མ་ཡང་ཐུགས་སྐྱོ་ཞིང་། ང་ཡང་སེམས་འཚེར་ཆེན་པོ་བྱུང་། དེར་སྒྲུབ་ཁང་གི་ཕུགས་སུ་བཞག །བླ་མ་སྐུ་མཚམས་དམ་པོ་གནང་ཚུལ་གྱིས་གསོལ་བཞེས་སོགས་བུག་པ་ནས་གནང་། ཐ་ན་གསོལ་དཔོན་སོགས་སུ་གང་གིས་ཀྱང་མ་ཤེས་པར་ཟླ་གཅིག་ཙམ་གྱིས་རིང་འཇམ་མགོན་བླ་མའི་བཞུགས་གནས་ཁྱད་པར་ཅན་དུ་སྐྱེས་བུ་དམ་པ་དང་ལྷན་དུ་ཆོས་ལ་སྤྱོད་པའི་སྐལ་པ་བཟང་པོ་བྱུང་། དེ་སྐབས་ང་ལ་ཁྲག་རླུང་སྟོད་འཚང་གི་ནད་ཆེན་པོ་ཡོད་པར་རྗེ་དགེ་ལེགས་རྒྱ་མཚོས་རྗེ་བླ་མ་བསྟེན་པའི་བླ་མའི་རྣམ་འབྱོར་ཞིག་གནང་བྱུང་བ་བསྒོམས་པས་ནད་དེ་ཡང་གཏིང་ནས་སངས། ཉམས་ཁྱད་པར་ཅན་ཡང་སྐྱེས། གཞན་ཡང་ཆོས་ཟབ་མོ་མང་དུ་ཞུས། བླ་མས་དགོས་གསུངས་པ་ལྟར་ཕར་ལམ་རིམ་འཇམ་དཔལ་ཞལ་ལུང་གི་ལུང་ཕུལ། དེར་ཡུན་རིང་སྡོད་དགོས་ཚུལ་གསུངས་ཀྱང་། བསྡད་ན་བླ་མ་སྐུ་བགྲེས་པས་འོ་བརྒྱལ་བ་དང་། གཞན་མཇལ་མཁན་སོགས་ཁེགས་པར་འདུག་པས་འགྲོ་རྩིས་བྱས། བླ་མས་ཀྱང་གང་ཅིའི་གསུང་གླེང་མང་དུ་གནང་། རྗེས་སོར་ཡོང་རྩིས་བྱས་ཏེ་རེ་ཞིག་དགའ་ལྡན་དུ་ཕྱིན་ཏོ།།
དེ་ནས་དགའ་ལྡན་ཤོད་དུ་གཙང་མདོག་སྤོ་བ་ཟེར་བའི་ཁྱིམ་བདག་དད་ཅན་ཞིག་འདུག་པར་གནས་ཚང་གཡར་ཞིང་། ཉེ་སྐོར་རྣམས་སུ་བསོད་སྙོམས་བྱས། དགའ་ལྡན་གསེར་གདུང་རིན་པོ་ཆེ་མཇལ་བར་ཕྱིན་པས་དཀོན་གཉེར་གྱིས་མཇལ་ཁ་མ་བཏང་བར་རྗེ་བླ་མའི་སྐུ་གདུང་ལའང་མཇལ་དབང་མེད་པའི་འདི་ཨང་བསམས་ནས་སྐྱོ་བ་ཚད་མེད་བྱུང་ནས། གཙུག་ལག་ཁང་གི་སྒོ་རྩར་ངུ་ཞིང་བསྡད་པས་དམ་ཅན་ཆོས་རྒྱལ་དངོས་སུ་བྱུང་བའི་ཉམས་བྱུང་། དེར་དཀོན་གཉེར་གྱིས་ཟངས་ཁྱེམ་བཟུང་ནས་ཡོན་ཆབ་ཀྱི་ཆུ་གཤེགས་པར་ཐོན་སོང་བ་དེ་སྐས་རྩེར་འཛེགས་ཏེ་སྟེང་ནས་རྐང་པ་འདྲེད་དེ་ཁ་སྦུབ་ཏུ་ལྷུང་ནས་གདོང་ཐམས་ཅད་བཤུས་འདུག་པས། ང་ལ་བསྙད་འདོགས་ཤས་ཆེ་བསམ་ཕྱིར་བྲོས།
དེ་ནས་ཉིན་གཅིག་མཇལ་ཁ་བ་འགའ་ཞིག་དང་མཉམ་དུ་མཇལ་ཞིང་། ད་རྗེ་བླ་མའི་བཞུགས་གནས་མཐོང་སར་རེ་ཞིག་སྒྲུབ་པ་བྱེད་དགོས་བསམས་ནས་བྲག་སོག་དགོན་དུ་སོང་བའི་བྲག་སོག་བླ་མ་དེ་སྔར་ནས་ངེད་ལ་དད་པས་རིམ་གྱིས་ཤེས་ནས་ཁོང་གི་ཁང་པའི་རྩེ་ཐོག་གནམ་སྒོ་བཅད་དེ་ཐོག་མར་ཟླ་བ་ཁ་ཤས་ཀྱི་བར་བཤགས་སྦྱང་དང་། དེ་ནས་མཚམས་དམ་པར་བཅད་དེ་དེར་ལོ་གཅིག་ཙམ་སོང་། དེ་གའི་རིང་སྒྲུབ་རྒྱགས་གཙང་མདོག་སྤོ་བས་སྦྱར་ཞིང་། མཚམས་གཡོག་བླ་མ་དང་གཞན་དེ་གའི་གྲྭ་པ་དགེ་སློང་དངོས་གྲུབ་ཟེར་བ་གཉིས་ཀྱིས་བྱས་ཤིང་། དགེ་སྦྱོར་ཤིན་ཏུ་འཕེལ་བར་བྱུང་།
ལྔ། ལྷོ་གནས་དང་ཙ་རི་སོགས་སུ་གནས་སྐོར་ལ་ཕེབས་མཐར་ལྷ་བཟང་གི་བསྐྱར་བཟུང་
ལས་ཐར་བའི་མཛད་པ།
དེ་ནས་མཚམས་གྲོལ་ཏེ་དགེ་སློང་དངོས་གྲུབ་ཁྲིད་དེ་ལྷོ་ཁ་ཕྱོགས་སུ་ཕྱིན་ཏེ་བསམ་ཡས། ཁྲ་འབྲུག །འོལ་ཁ། མེ་ཏོག་ཐང་རྣམས་མཇལ་ཞིང་། ལྕགས་སྟག་ལོའི་ནང་ཙ་རི་བསྐོར་དུ་ཕྱིན་ཏེ། དེ་ལ་འདི་སྐད་ཅེས་བྱ་སྟེ།
དགེ་མཚན་བཀྲ་ཤིས་བཅུད་ཀྱིས་ཉེར་གཏམས་པའི། །
ལྷ་ལྡན་ཆོས་འཁོར་དཔལ་གྱི་ལྷ་ས་ཞེས། །
ཕྱག་ན་པདྨོས་སྤྲུལ་པའི་གཙུག་ལག་ཁང་། །
ཤཱཀྱའི་སྲས་པོའི་ཕོ་བྲང་གང་དེར་གཤེགས། །
བཤད་སྒྲུབ་བསྟན་པ་རིན་ཆེན་འབྱུང་བའི་གནས། །
དཔལ་ལྡན་འབྲས་དཀར་སྤུངས་སོགས་རྣམ་གསུམ་མཇལ། །
ཁྱད་པར་ཇོ་བོ་དཔལ་ལྡན་ཨ་ཏི་ཤའི། །
རྣམ་འཕྲུལ་རྗེ་བཙུན་དགེ་ལེགས་རྒྱ་མཚོའི་མགོན། །
གང་དེར་ཕན་ཚུན་ཟབ་བརླིང་དམ་ཆོས་ཀྱི། །
གྲུ་ཆར་བླ་ན་མེད་པའི་དགའ་སྟོན་འགྱེད། །
དེ་ནས་འཇམ་མགོན་བླ་མའི་བསྟི་གནས་མཆོག །
དགའ་ལྡན་ཆོས་ཀྱི་འཁོར་ལོའི་གླིང་དུ་མཇལ། །
དེར་ནི་དམ་ཅན་ཆོས་ཀྱི་རྒྱལ་པོ་ཡིས། །
རབ་འབྱམས་འཕྲིན་ལས་སྒྲུབ་བཞིན་བྲན་དུ་འཁོལ། །
དེ་ལྟའི་བྱིན་རླབས་དང་ལྡན་གནས་མཆོག་དེ། །
གསང་སྔགས་ཟབ་མོའི་སྒྲུབ་པ་རྩེ་གཅིག་མཛད། །
བླ་མ་ཡི་དམ་མཁའ་འགྲོའི་ཞལ་གཟིགས་ཤིང་། །
ནང་གི་རྟོགས་པའང་མཐོན་པོར་གཤེགས་ཚུལ་མཛད། །
རྩ་བའི་གཞུང་ལ་འཇུག་སྟེ། དེ་སྐབས་ཙ་རི་གཅིག་ཅར་དུ་བཀའ་བརྒྱུད་ཀྱི་གྲུབ་ཐོབ་དམར་པོ་ཟེར་བ་རླུང་སེམས་ལ་དབང་ཐོབ་པ་ཞིག་འདུག་པར་ཁོང་གི་དྲུང་དུ་བདེ་མཆོག་ལཱུ་དྲིལ་གཉིས་ཀྱི་དབང་དང་ཁྲིད། ལྷག་པར་ནཱ་རོ་ཆོས་དྲུག་གི་མྱོང་ཁྲིད་ལུས་སྦྱོང་བཅས་ཞུན་ཐར་བཅད་དེ་ཞུས། དགེ་སློང་དངོས་གྲུབ་རང་ཡུལ་དུ་བཏང་། དེ་ནས་ཙ་རི་གཅིག་ཅར་དུ་གཅིག་པུར་མི་ཟས་སྤངས། གོས་རང་རྐྱང་བྱས་ཏེ་སྒྲུབ་པ་ལ་ནན་ཏན་བྱས་པས་གཏུམ་མོའི་མེ་དྲོད་འབར་བ་སོགས་བྱུང་། སྐབས་སྐབས་བླ་མའི་དྲུང་དུ་ཕྱིན་ཏེ་དོགས་གཅོད་ཞུ་དགོས་ཞུས་ཤིང་། ཟླ་བ་ཁ་ཤས་ཀྱི་རིང་བསྡད་པས། ཉིན་གཅིག་བུད་མེད་དར་མ་རས་གཟན་གྱོན་པ་ཞིག་བྱུང་ནས་ངེད་ཀྱི་གཙོ་མོས་ཚོགས་འཁོར་བྱེད་སར་འབོད་པར་བཏང་བར་ཟེར་བར། དེར་བླ་མ་ལ་ཞུས་ཏེ་བླ་མའི་གྲྭ་པ་ཞིག་དང་ལྷན་དུ་མོའི་རྗེས་ལ་ཕྱིན་པས་བྲག་སྒོ་ཆེན་པོ་ཞིག་ཕྱེས་བྱུང་བ་དང་། བུད་མེད་དེས་གྲྭ་པ་དེ་ལ་ཁྱོད་ཡོང་མི་ཆོག་ཟེར་ཕྱིར་དེད། ངེད་ནང་དུ་ཞུགས་པ་དང་བྲག་སྒོ་རང་འགྲིགས་སུ་སོང་། བུད་མེད་དེས་ལམ་རྒྱུས་བྱས་ཏེ་རིང་ཙམ་སོང་བ་དང་། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁང་བཟང་གི་ནང་དུ་མཁའ་འགྲོ་མ་མང་པོའི་དབུས་སུ་མཁའ་འགྲོ་མ་མི་མོའི་རྣམ་པ་ཅན་ཞིག་འདུག་པ་རྡོ་རྗེ་རྣལ་འབྱོར་མ་ཡིན་ནམ་སྙམ་པ་བྱུང་། དེར་ཚོགས་ཀྱི་འཁོར་ལོ་དང་མཁའ་འགྲོ་མ་རྣམས་ཀྱིས་རྡོ་རྗེའི་གླུ་དང་གར་བསྒྱུར་བ་སོགས་ངོ་མཚར་བ་མང་པོ་བསྟན། ཞག་གཅིག་ཙམ་ལས་མ་སོང་སྙམ་ཡང་ཚུར་ཡོང་བས་ཞག་བདུན་ལོན་འདུག་གསུངས། དེ་སྐབས་ངོ་མཚར་བའི་གཟིགས་སྣང་གཞན་ཡང་བྱུང་འདུག་ཀྱང་བཀའ་རྒྱ་དམ་པས་མ་བྲིས་སོ།།
དེ་ལ་འདི་སྐད་ཅེས་བྱ་སྟེ།
དེ་ནས་དཔལ་ལྡན་ཧེ་རུ་ཀའི། །
སྒྲུབ་གནས་བྱིན་ཆེན་ཁྱད་པར་ཅན། །
གངས་དཀར་ཏི་སེ་ཞེས་བྱ་དང་། །
འདི་ལ་ཙཱ་རི་ཞེས་བྱ་སྟེ། །
དེ་ལྟའི་ཡ་མཚན་དབེན་གནས་སུ། །
མི་ལ་བཞད་པ་རྡོ་རྗེ་བཞིན། །
མི་ཟས་སྤངས་ནས་བཅུད་ལེན་བསྟེན། །
ན་བཟའ་མེད་པའི་རས་གོས་བཞེས། །
མཚན་ལྡན་བླ་མ་ཚུལ་བཞིན་བསྟེན། །
ཉམས་ཁྲིད་ཟབ་མོ་མཐའ་དག་མནོས། །
ཐུགས་དམ་ཟབ་མོའི་མཐིལ་དུ་བླངས། །
གཏུམ་མོའི་མེ་དྲོད་འབར་བ་སོགས། །
ཡ་མཚན་དྲོད་རྟགས་སྣ་ཚོགས་བྱུང་། །
ངོ་མཚར་མཆོག་གི་དངོས་གྲུབ་བརྙེས། །
སྐུ་ལུས་འདོད་དགུར་བསྒྱུར་བ་སོགས། །
གང་ལའང་ཐོགས་པ་མེད་པར་མཛད། །
དེ་ཡང་རྡོ་རྗེ་རྣལ་འབྱོར་མས། །
ཌཱ་ཀིའི་ཕོ་ཉས་ཁྱོད་ཉིད་དྲངས། །
ཚོགས་ཀྱི་འཁོར་ལོའི་གཙོ་བོར་བཀོད། །
ཨེ་ལཾ་ཟུང་དུ་འཇུག་པར་མཛད། །
གཞན་ཡང་མཁའ་འགྲོ་མ་ཚོགས་ཀྱིས། །
རྡོ་རྗེའི་གླུ་དབྱངས་ལེན་པ་དང་། །
ཟློས་གར་སྣ་ཚོགས་བསྒྱུར་བ་སོགས། །
ངོ་མཚར་ལྟས་མང་ཁྱོད་ལ་བསྟན། །
ཨེ་མ་འདི་ལྟའི་སྐྱེས་བུ་མཆོག །
ཁྱོད་འདྲ་འཇིག་རྟེན་འདི་ན་དཀོན། །
དོན་དུ་དཀོན་མཆོག་ཁྱོད་ལ་གནས། །
ནམ་ཡང་ཁྱོད་དང་མི་འབྲལ་ཤོག །
རྩ་བའི་གཞུང་ལ་འཇུག་སྟེ། དེ་ནས་རྗེ་བླ་མས་སྒྲུབ་པ་མཛད་པའི་འོལ་ཁ་གངས་ནང་གི་རི་ཁྲོད་དུ་ཕྱིན་ཏེ་རྗེའི་སྒྲུབ་ཕུག་གི་ནང་དེར་རེས་བ་ལུའི་མེ་ཏོག་གི་བཅུད་ལེན་དང་། རེས་རྡེའུ་བཅུད་ལེན་བྱས་ཏེ་ཟླ་བ་བཅུ་གཅིག་ཙམ་གྱི་རིང་དགེ་སྦྱོར་རྐྱང་པས་དུས་འདའ་བར་བྱས། ཉིན་གཅིག་མདུན་གྱི་ནམ་མཁར་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་གྱི་དབུས་སུ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ཐུགས་ཀར་འཇམ་དབྱངས་དམར་སེར་བཞུགས་པ། རྗེ་བླ་མའི་མཐའ་སྐོར་དུ་རྒྱལ་ཚབ་རྗེ་དང་། མཁས་གྲུབ་ཐམས་ཅད་མཁྱེན་པ། འཁོར་དག་པ་རྣམ་བརྒྱད་བཅས་བཞུགས་པ་མཐོང་བས་སྐྱོ་ཤས་ཚད་མེད་པ་དང་གསོལ་བ་དྲག་ཏུ་བཏབ་པས་སེམས་ལ་རྗེ་བླ་མའི་བྱིན་རླབས་ཞུགས་སྙམ་པའི་དགའ་ཚོར་བྱུང་།
ཡང་ཉིན་གཅིག་བདེ་མཆོག་ཡབ་ཡུམ་ཞལ་ཕྱག་ཡོངས་རྫོགས་ཅན་གྱི་གཡས་སུ་ཇོ་བོ་ཆེན་པོ་ཨ་ཏི་ཤ །གཡོན་དུ་སློབ་དཔོན་པདྨ། མདུན་དུ་རྗེ་བླ་མ་བཞུགས་པའི་མཐའ་སྐོར་དུ་མཁའ་འགྲོ་མང་པོས་གར་བྱེད་ཅིང་འདུག་པ་མཐོང་། དེ་སྐབས་འབྲས་ཀྱི་ཆར་བྲག་ཕུག་ཁྱབ་པར་བབས་པ་བསྐོལ་ནས་འཐུང་བས་དགའ་བདེ་ཆེས་ཆེར་གཡོ་བ་བྱུང་གསུངས། བཅུད་ལེན་གྱི་མཐུས་ལུས་བདེ་བ་ཡང་བ། ཏིང་ངེ་འཛིན་ལས་སུ་རུང་བ། སྐྱེ་བ་དྲན་པ་དང་མངོན་ཤེས་དང་རྫུ་འཕྲུལ་སོགས་སྣ་ཚོགས་ཡོང་བར་འདུག །ད་ལྟ་མི་ཟས་དང་ལྷག་པར་དཀོར་ཟས་ཀྱིས་རྟོགས་པ་མི་སྐྱེ་བའི་ཁར་སྔར་ཡོད་རྣམས་ཉམས་འགྲོ་བར་འདུག་གསུངས། དེ་སྐབས་ཐུགས་ལ་རྟོགས་པ་འཁྲུངས་ཚུལ་གཞན་ཞིབ་པར་མི་གསུང་བར་འདུག །དེ་ལ་འདི་སྐད་ཅེས་བྱ་སྟེ།
འཇམ་མགོན་བླ་མའི་སྒྲུབ་གནས་སུ། །
དཀའ་བ་སྤྱད་ནས་བཅུད་ལེན་བསྟེན། །
རྩེ་གཅིག་སྒྲུབ་ལ་གཞོལ་བའི་ཚེ། །
གཡོ་མེད་ཏིང་འཛིན་ཐུགས་ལ་འཁྲུངས། །
ཡེ་ཤེས་ལྔས་མཚོན་འཇའ་ཚོན་དབུས། །
རྗེ་བཙུན་བདག་ཉིད་ཆེན་པོ་ཡི། །
ཐུགས་ཀར་ཡེ་ཤེས་སེམས་དཔའ་དང་། །
ཡང་དག་འཁོར་དང་བཅས་ཏེ་བྱོན། །
ཆོས་སྐུའི་དབྱིངས་སུ་ཁྱོད་ཉིད་དང་། །
ཡེ་ཤེས་གཅིག་ཏུ་འདྲེས་ལགས་ཀྱང་། །
གཟུགས་སྐུའི་རྣམ་པ་ཐ་དད་ཕྱིར། །
ཁྱོད་ལ་བྱིན་རླབས་ཚུལ་དུ་མཛད། །
གཞན་ཡང་བླ་མ་ཡི་དམ་དང་། །
མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་འདུས། །
དངོས་གྲུབ་འབྲས་ཆར་ཕབ་པ་སོགས། །
གྲུབ་པ་ཆེན་པོའི་མཚན་མར་བསྟན། །
དེ་སྐབས་མངོན་ཤེས་རྫུ་འཕྲུལ་དང་། །
ཟད་པར་གྱི་ནི་ཏིང་འཛིན་སོགས། །
ཕྱི་ནང་ཡོན་ཏན་མངོན་རྟོགས་ཀུན། །
ཐུགས་ལ་འཁྲུངས་པའི་ཚུལ་ཡང་བསྟན། །
རྩ་བའི་གཞུང་ལ་འཇུག་སྟེ། དེ་ནས་རྗེ་ཉིད་ཀྱི་བཀའ་ལས། ལྕགས་ཡོས་ལོ་ཟླ་བ་བདུན་པའི་ནང་དུ་བསམ་གཏན་གླིང་དུ་འགྲོ་བར་འདོད་དོ། །རིའི་རྩ་བར་བསྐོར་ན་ཐག་རིང་བར་འདུག་པས་རིའི་རྩེ་མོར་བརྒྱུད་ནས་ཞོར་ལ་རི་རྩེར་བསང་ཞིག་ཀྱང་གཏོང་བསམས་ནས་བསང་ཤིང་ཐུ་བ་གང་བཟུང་སྟེ་འོ་དེ་གུང་རྒྱལ་གྱི་གངས་རིའི་རྩེར་ཕྱིན་པས་དེ་ཉིད་རླུང་དང་སྤྲིན་མེད་ཅིང་། ནམ་མཁའ་དྭངས་ཤིང་ཉི་མ་དྲོ་བར་བྱུང་། རིའི་རྩེར་བསང་ཆེན་པོ་བཏང་ནས་མར་བསམ་གཏན་གླིང་གི་ཕྱོགས་སུ་བབས་པས། གངས་ཀྱི་ཐོག་ཁྱིའི་རྗེས་ལྟ་བུ་ཞིག་སོང་འདུག་པ་ཅི་ཡིན་བསམ་བཞིན་རྗེས་དེད་ནས་སོང་བས། སྐབས་ཤིག་རྒྱང་ནས་ར་ཕོ་སྔོན་པོ་འདྲ་བ་ཞིག་མཐོང་ནས་ཉེ་སར་སླེབས་པ་ན་སེང་གེ་རལ་པ་སྔོན་པོ་ཅན་ཞིག་འདུག །དེའི་སྔོན་ལ་སེང་གེ་མཐོང་མ་མྱོང་བའི་ཡ་མཚན་པ་བྱུང་། གངས་ཀྱི་ཐོག་ལ་འགྲོ་བ་ཤིན་ཏུ་དཀའ་ཞིང་། གངས་གས་པའི་བར་གཏིང་སྔོ་སངས་སངས་བྱེད། ལྷུང་ན་འདོན་ཐུབ་པར་མི་འདུག།
དེ་ནས་རིམ་གྱིས་བབས་པས་གངས་དང་ནགས་ཚལ་གྱི་མཚམས་སུ་སླེབས་པ་ན། བསམ་གཏན་གླིང་གི་གྲྭ་པ་གོ་ལག་བཟང་བ་ཞིག་བཙུན་ཆུང་གཞན་ཞིག་དང་བཅས་བསུར་ཡོང་ནས། དེ་རིང་གངས་རིའི་ངོས་ནས་དམར་ཧྲིལ་ཧྲིལ་ཡོང་མཁན་ཞིག་འདུག་པ་སྔར་གངས་རིའི་རྩེ་འདིར་སུ་འགྲོ་བ་མེད་པས་འདི་ཅི་ཡིན་སྙམ་ནས་བལྟས་པས་གྲྭ་པ་ཞིག་འདུག་པ་བལྟ་བར་ཡོང་བ་ཡིན། ཁྱོད་གང་འདྲ་བྱས་ནས་འགྲོ་ཐུབ་པ་ཡིན་ཟེར་ནས་ཤིན་ཏུ་ཡ་མཚན་པར་བྱེད་འདུག །གྲྭ་པ་ཆེ་ཤོས་དེ་མཁས་པ་ཆེན་པོ་བླ་མ་ཡོན་ཏན་དར་རྒྱས་པ་ཡིན་འདུག །དེར་ཁོང་གི་ཤག་ཏུ་འགྲོ་གསུངས་ཀྱང་མ་སོང་། དེ་ནུབ་དེ་གར་སྔར་རྗེ་བླ་མ་བཞུགས་པའི་ཕུག་པ་ཞིག་འདུག་པར་བསྡད། བླ་མས་བཙུན་ཆུང་དེ་བཏང་ནས་ཇ་བླངས་ཏེ་བྱིན་ཅིང་། ཡིད་མ་ཆེས་པ་ཞིག་བྱུང་ནས་ཕེབས་གསུངས། དེ་ཉིན་འོ་དེ་གུང་རྒྱལ་གྱི་བསང་གི་དུད་པ་ཐམས་ཅད་ཀྱིས་མཐོང་ཞིང་ལྟས་ཤིག་ཡིན་པར་བསམ་ནས་གཞུང་ལ་ཡི་གེ་བཏང་འདུག་ཟེར། ཕྱི་ཉིན་བསམ་གཏན་གླིང་དུ་སོང་ནས་དེར་ཡུན་རིང་ཙམ་བསྡད། དེ་སྐབས་ང་དེར་ཡོད་པ་རྒྱལ་པོ་ལྷ་བཟང་གིས་ཐོས་ཏེ་རྩད་གཅོད་པ་བཏང་བས་རིམ་གྱིས་རྩད་ཆོད་ནས་འོལ་ཁ་སྟག་རྩེ་རྫོང་གི་རྩེ་ཐོག་ཏུ་ཁང་པ་ཞིག་ལ་བསྐོར་ནས་བཞག །མཐར་ཉིན་མཚན་མེལ་ཚེ་བྱེད་ཅིང་མི་མང་གིས་བསྲུང་། རྫོང་དཔོན་སོག་པོ་ཇས་སང་ཞིག་དང་། བོད་པ་དྲུང་འཁོར་ངོ་ཤེས་པ་གཉིས་འདུག་པའི་བོད་པ་དེས་དད་ཞེན་བྱེད་ཅིང་། སོག་པོ་དེ་ཅུང་སྡང་སེ་བ་འདུག །ངེད་རང་ཉིན་མཚན་མེད་པར་དགེ་སྦྱོར་སྦྱངས་ཤིང་བསྡད། ནུབ་གཅིག་ཁང་པའི་ནང་ཐམས་ཅད་འོད་དཀར་པོ་ཟླ་བ་ཤར་བ་ལྟ་བུ་འདུག་པར་ཅི་ཡིན་སྙམ་ནས་བལྟས་པས། མདུན་གྱི་ནམ་མཁར་རྡོ་རྗེ་འཇིགས་བྱེད་སྣང་བ་བྱུང་། སྣང་བ་དེ་འགགས་ནས་ཡུད་ཙམ་ལ་སྒོ་དང་སྒེ་ཁུངས་ཐམས་ཅད་རང་ཕྱེས་སུ་སོང་འདུག །དེ་སྐབས་ངེད་རང་ཐོན་ནས་ཡོང་ཆོག་པར་འདུག་ཀྱང་མ་སོང་། སྲུང་མཁན་རྣམས་གཉིད་ལ་སོང་འདུག་པ་བསླངས་ནས་ཁྱོད་ཚོས་ཅི་སྲུང་བ་ཡིན། སྒོ་སྒེ་ཁུང་ཐམས་ཅད་ཕྱེས་འདུག་བྱས་པས་ལངས་ནས་སྒོ་རྒྱག་བཞིན་འགའ་ཞིག་ངུས་ནས་ད་གི་ནས་ཕེབས་ཆོག་པ་ལ་ཟེར་ཞིང་འདུག།
དེ་ཞག་བཅོ་ལྔ་ཙམ་སོང་ནས་རྒྱལ་པོའི་ཡི་གེ་བྱུང་ཟེར་ནས། ངེད་གཡག་གཅིག་ལ་བསྐྱོན་ནས་མི་བཅུ་གཉིས་དང་བཅས་ལྷ་སར་བཏང་བ་རྒོད་དཀར་ལའི་རྟིང་སླེབས་པ་ན། གློ་བུར་དུ་ཐལ་རླུང་དམར་པོ་ལངས་པའི་ནང་ལྷ་མོ་དངོས་སུ་བྱུང་ནས་ད་འགྲོ་ཟེར་བའི་སྣང་བ་བྱུང་བ་དང་མི་དེ་རྣམས་ཐམས་ཅད་རེངས་ཤིང་དྲན་མེད་ལྟ་བུར་གྱུར་སོང་། དེར་ཡང་རླུང་དམར་དེ་དང་ལྷན་དུ་སོང་བས་རྒོད་དཀར་ལའི་ཁར་ཐོན་ཏེ་བསམ་བློ་ཞིག་བཏང་བས། ད་ནི་རྒྱལ་པོ་ལྷ་བཟང་གིས་ཀྱང་གོ་འདུག །མི་རྣམས་ཀྱང་ཐེ་ཚོམ་དུ་གྱུར་འདུག་པས་རྒྱང་རིང་པོར་མ་སོང་ན་མི་ཡོང་བསམས་ནས་ཉིན་མཚན་མཐུད་ནས་སོང་བས་ཀོང་ཡུལ་དུ་སླེབས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ།
རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས། །
ངོ་མཚར་རིན་ཆེན་བྱ་བས་གང་བ་ཡི། །
ཡན་ལག་བརྒྱད་དང་ལྡན་པའི་མ་ཕམ་མཚོ། །
མི་གཙང་ཁྲོད་ན་བཙོག་ཆུས་འཚོ་བ་ཡི། །
ཁྭ་ཏའི་ཚོགས་ཀྱིས་དུག་ལྟར་རིང་དུ་སྤངས། །
སྔོན་དུས་རིན་ཆེན་གླིང་ནས་འོངས་པ་ཡི། །
བསམ་འཕེལ་དབང་གི་རྒྱལ་པོ་ཡིན་ནོ་ལོ། །
དེང་དུས་འཆིང་བུའི་རྡོ་དེས་ཅི་ཞིག་བྱ། །
ཕྱག་དར་ཁྲོད་དུ་དོར་བར་རིགས་ཞེས་སྨྲས། །
འོད་ཟེར་སྟོང་ལྡན་རྟ་བདུན་རྒྱལ་པོ་ཡིས། །
གླིང་བཞིའི་གྲིབ་མ་མ་ལུས་སེལ་ནུས་ཀྱང་། །
རྟག་པར་བྱང་དུ་ཁ་བལྟས་བྲག་ཕུག་གི །
གྲིབ་མ་མ་བསལ་ཉི་མའི་སྐྱོན་མ་ཡིན། །
སྤྲིན་བྲལ་ལྷ་ཡི་ལམ་བཟང་ཉམས་དགའ་བར།
དཀར་གསལ་ཟླ་བའི་གཟུགས་དེ་ཅིས་མི་མཛེས། །
རྙོག་མས་གང་བའི་བ་ཚྭའི་རྫིང་བུ་དེར། །
མཛེས་པར་མ་ཤར་ཟླ་བའི་སྐྱོན་མ་ཡིན། །
ཀྱི་ཧུད་ཐུབ་པའི་བསྟན་པའི་བྱ་བ་རྒྱང་བསྲིངས་ནས། །
རྫུན་དང་ཕྲག་དོག་གཡོ་སྒྱུའི་རང་བཞིན་དག།།
བསྟན་འཛིན་གཟུགས་སུ་རློམས་པ་མཐོང་བས་སྐྱོ། །
ཕན་བདེའི་འབྱུང་གནས་འདི་ལ་མི་གནོད་ན། །
བདག་འདྲའི་བྱ་བ་ཇི་ལྟར་བྱས་ཀྱང་སླ། །
བདེན་རྫུན་དྲང་པོའི་མིག་གིས་ལེགས་ལྟོས་ལ། །
གྲོགས་དག་སྙིང་ལ་གདུང་བར་མ་བྱེད་ཅིག།།
ཅེས་ཐུགས་དབྱུང་བའི་གསུང་གནང་བ་ལྟར་དེ་སྐབས་དམ་པ་དེ་ཉིད་ལ་ཡང་དོན་འདི་དངོས་སུ་བྱུང་ཞིང་། རྒྱལ་པོ་ལྷ་བཟང་དང་། འདིའི་འཁོར་གཏོགས་པའི་བདུད་ཀྱི་རིགས་སུ་གྱུར་པའི་མི་སྐྱ་སེར་ཆེ་ཆུང་སྣ་ཚོགས་ཀྱི་སྙིང་ལ་དགའ་རབ་དབང་ཕྱུག་གིས་བྱིན་གྱིས་བརླབས་ཏེ་ཕན་བདེའི་འབྱུང་གནས་བོད་གངས་ཅན་གྱི་བསྟན་སྲིད་ལ་ཅི་དྲག་གང་དྲག་གིས་ཕན་གནོད་ཆེན་པོ་བྱས་པ་འདི་བོད་འབངས་སྡུག་བསྔལ་བའི་དུས་སུ་སླེབས་པ་ན་རྒྱན་དུ་གྱུར་ཅིང་དཔལ་དུ་ཤར་ནས་ལྟས་ངན་གཡང་དུ་བླངས་པར་བྱས་སོ།།
དེ་ལྟར་མོད་ཀྱང་དམ་པ་འདིའི། །
སྐྱེ་ཕྲེང་གཅིག་ཙམ་མ་ཡིན་ཅིང་། །
སྐྱེ་རབས་གཞན་དང་གཞན་ལ་ཡང་། །
འདི་འདྲ་བྱུང་བ་ཤིན་ཏུ་མང་། །
རྒྱལ་པོ་དཀོན་མཆོག་འབངས་ཀྱི་དུས། །
སྲིན་པོའི་ཡུལ་དུ་སྐྱུགས་པ་དང་། །
༸རྒྱལ་བ་དགེ་འདུན་རྒྱ་མཚོའི་དཔལ། །
གཙང་ནས་དབུས་སུ་སྐྱུགས་པ་དང། །
༸གོང་ས་༸སྐྱབས་མགོན་ལྔ་པའི་དུས། །
སྡེ་སྲིད་གཙང་པས་འོ་བརྒྱལ་ཞུས། །
འདི་འདྲའི་རྣམ་པ་བྱུང་བ་དེས། །
འདི་ལ་ངེས་པ་རྙེད་པར་འགྱུར། །
བློ་ལྡན་ཟླ་གཅིག་ཟླ་གཉིས་སུ། །
མཐོང་བས་གཅིག་ཏུ་ངེས་རྙེད་བཞིན། །
གཞན་ཡང་སྲིད་པའི་གངས་ཆེན་ལ། །
འདབ་ཆགས་ཅན་ལྟར་གཤེགས་པ་དང་། །
སེང་གེ་རོལ་དུ་ཁྲིད་པ་སོགས། །
སྔོན་ཆད་འདི་འདྲ་མྱོང་བ་སུ། །
ཁྱོད་ལ་རྒོལ་བ་མ་མཆིས་ཀྱང་། །
ལྔ་བདོའི་འགྲོ་བ་འདྲེན་ཕྱིར་དུ། །
ཅིར་ཡང་འཆར་བའི་ཚུལ་བསྟན་པ། །
ལྷས་བྱིན་གྱིས་ནི་རྒྱལ་བ་བཞིན། །
སྒྱུ་མའི་རྒོལ་བ་བྱུང་ཙམ་ལའང་། །
ཡི་དམ་རྡོ་རྗེ་འཇིགས་བྱེད་དེ། །
སྐུ་མདོག་ཕྱག་མཚན་དཀར་པོར་བཞེངས། །
ཞི་བའི་སྒོ་ནས་འདུལ་བར་མཛད། །
ཁྱད་པར་དཔལ་ལྡན་རེ་མ་ཏི། །
ཁྱོད་ཀྱི་སྐྱེ་ཕྲེང་དུ་མ་རུ། །
མ་ལྟར་སྐྱོང་བའི་དཔལ་མྱུར་མས། །
སྡོང་གྲོགས་བྱ་ར་ཡིད་བཞིན་མཛད། །
དྲུག་པ། ཀོང་ཡུལ་ནས་འཕགས་ཡུལ་ལ་
ཞལ་ཕྱོགས་པའི་མཛད་པ།
རྩ་བའི་གཞུང་ལ་འཇུག་སྟེ། ཀོང་སྨད་རྒྱ་ལ་སིང་དོང་ཟེར་བ་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་ཕུག་དང་། གླིང་རྗེ་གེ་སར་གྱིས་བདུད་དེད་ནས་འོངས་པ་ཤིང་སྡོང་ཆེན་པོ་ཞིག་ལ་ཐིམ་པ་ལ་མདའ་བརྒྱབས་ནས་བཏུལ་བས་ཤིང་སྡོང་དེའང་བསྐམས་འདུག །མདའ་དེ་སྡོང་སྐམ་ལ་ཐལ་བྱུང་དུ་འཛེར་འདུག །ཨོ་རྒྱན་ཆེན་པོས་སྲིན་མོ་མནན་པའི་ཕ་ཝང་ཆེན་པོ་སུམ་བརྩེགས་ལ་ཕྱག་རྗེས་དང་། ཕ་ཝང་གི་འོག་ཏུ་སྲིན་མོའི་རྩིབས་མ་རྣམས་བསྐམས་པའི་སྣེ་མོ་རྣམས་མངོན་སུམ་དུ་ཐོན་འདུག །དེ་ནས་སྒྲུབ་ཕུག་དེར་ཟླ་བ་འགར་བཤགས་སྦྱངས་དང་མཚམས་དམ་པར་བཅད་དེ་བསྡད་པས་ཤིན་ཏུ་སྤྲོ་བ་ཞིག་བྱུང་གསུངས།
དེ་ནས་ཡང་གཅིག་པུར་སོང་སོང་བས། ཀོང་པོའི་མི་རྣམས་ཀྱི་ལུགས་སྟོན་ཀ་མར་ལེན་པའི་སྐབས་སུ་བུད་མེད་ཀྱི་རིགས་ལ་འཛེམས་པའི་དེ་རིགས་ཀྱི་བཟའ་བ་རྣམས་ཤོད་དུ་བསྐྱུར་ནས། ཁྱོ་གའི་སྐོར་རྣམས་ཀྱིས་སྦྲ་ནག་ཁྱེར་ཏེ། སྤང་རིའི་སྒང་མཐོན་པོར་སོང་ནས་ཤེ་གསོག་བྱེད་པ་ཡིན་པས། དེ་སྐབས་ཀོང་པོའི་ཁྱིམ་ཚང་ཕྱུག་པ་མཛོ་མོ་སྟོང་ཕྲག་གཉིས་ཙམ་ཡོད་པ། བྲན་པོ་བརྒྱ་རྩ་བརྒྱད་ཙམ་ཡོད་པ་ཞིག་སྒང་ཤིན་ཏུ་མཐོ་ཞིང་ཡངས་པ་སྤང་ལྗོངས་དང་ནགས་ཚལ་རབ་ཏུ་རྒྱས་ཤིང་། ཤིན་ཏུ་དབེན་པའི་གནས་ཤིག་ན་འདུག་པ་མཐོང་སྟེ་ནགས་ལམ་ཕྲ་མོ་ཞིག་ལ་ཞུགས་ནས་སོང་བས། རེ་ཞིག་ན་ཕར་ངོས་ཀྱི་ནགས་འདབས་རྒྱང་རིང་བ་ཞིག་ནས་མི་ན་གཞོན་པ་ཞིག་གིས་སྐད་བྱུང་སྟེ་འདོགས་ཁྱི་ཤོར་སོང་ངོ་། །མི་དེས་རེམ་ཞིག་ཟེར་བྱུང་བ་དང་གློ་བུར་དུ་ཀོང་ཁྱི་ཆེན་པོ་གཡག་ལོ་གསུམ་ལོན་པ་ཙམ་གྱི་བོངས་ཚད་ཅན། སྤུ་ཁ་རྒྱ་དམར་བ་གཉིས་སླེབས་ཏེ་ངའི་དཔྱི་གཡས་གཡོན་ལ་འཇུས་སོང་བར། ལག་ན་དབྱུག་པ་ཡང་མེད། རྡོ་ཡང་མ་རྙེད། ཅི་ལོན་གྱིས་བྱུང་བའི་ས་སྦར་གཉིས་ཀྱིས་ཁྱི་གཉིས་ལ་རེ་རེ་བརྒྱབས་པས། ཁྱི་གཉིས་རང་དེ་ནས་ཤི་འཕོས། རྗེས་ལ་མི་འགའ་རྒྱུག་བྱུང་ནས་ང་ཚོའི་ཁྱི་བསད་སོང་ཟེར་ནས་འབར་ཞིང་འདུག །ང་ལ་རྨ་ཡང་བཟོས། ཁྲག་མང་པོ་འཛག་བྱུང་བས་འགྲོར་མི་བཏུབ་ཅིང་། ན་ཚ་ཡང་མི་བཟོད་པར་བྱུང་། དེ་ནས་མི་དེ་རྣམས་ལ་ཁྱེད་རྣམས་ཀྱི་ཁྱི་གཉིས་ལ་ངས་དབྱུག་པ་དང་རྡོ་དང་མཚོན་བརྒྱབ་པ་མིན། ང་ལ་ལག་ཆ་ཡང་མེད། ས་སྦར་མོ་གང་གཏོར་བ་ཙམ་གྱིས་ཤི་འགྲོ་བ་མི་ཁྱི་རྣམས་ཀྱི་སྔོན་ལས་སུ་འདུག་བྱས་པས། འགའ་ཞིག་གིས་ཁྱོད་ཀྱི་གྲོགས་པོ་རལ་གྲི་ཐོགས་པ་གཉིས་ཀྱིས་ཁྱི་ལ་རལ་གྲིས་བརྒྱབས་ནས་བསད་པ་ཡིན་པས། དེ་གཉིས་གང་དུ་སོང་ཟེར། འགའ་ཞིག་གིས་ཁོ་གཅིག་པུ་ཡིན་ཟླ་བོ་མེད་ཟེར་ནས་མཐོང་སྣང་དང་ཁ་མ་མཐུན། ངས་ཁོང་ཚོ་ལ་ཁྱི་ལ་རལ་གྲིས་བསད་པ་ཡིན་ན་ཁྱི་ལ་རྨ་ཡོད་དགོས་པས་མི་འདུག་མོད། སྔོན་ལས་འབའ་ཞིག་ཡིན་བྱས་ཀྱང་ཁོང་ཚོ་ཡིད་མ་ཆེས། དེ་སྐབས་སྐད་རྒྱང་གཏོང་མཁན་ན་གཞོན་དེ་སླེབས་བྱུང་སྟེ། ལས་ཤིག་གིས་ང་ལ་སྙིང་རྗེ་རྗེ་བྱེད་ཅིང་། ཁྲག་བཀྲུས། རྨ་ཁ་སྐེ་རགས་ཀྱིས་བསྡམས་ནས་ཁུར་ཏེ་ནང་དུ་ཁྱེར་བས། དེ་ན་ཁྱིམ་བདག་རྒན་པོ་སྐྲ་དང་ཁ་སྤུ་དཀར་སེར་སོང་བ་ཞིག་འདུག་པ་དེས་ང་ལ་ཤིན་ཏུ་བྱམས་བྱམས་བྱས་ཤིང་། ཇ་དང་ཞོ་ལ་སོགས་པ་འཐུང་རྒྱུ་བྱིན་ནས་ཁྱི་བསད་ཀྱང་འགྱོད་པ་མེད། མི་འདི་མ་བསད་པ་ཤིན་ཏུ་བཟང་ཟེར་ནས། རྒས་པོ་དེ་དང་ན་གཞོན་དེ་གཉིས་ཀྱིས་ཉིན་རེ་བཞིན་རྨ་ཁ་བཀྲུས་པ་སོགས་ང་ལ་ཕན་ཅི་ཐོགས་བྱས་པས། ཟླ་བ་གཅིག་ཙམ་ནས་འཚོ་བ་བྱུང་། གཞོན་པ་དེ་ལ་ལོ་བརྒྱ་ཟེར། རལ་གྲི་ཐོགས་པ་གཉིས་དཔལ་མགོན་དང་ལྕམ་སྲིང་ཡིན་གསུངས།
དེ་ནས་ང་ཡང་འགྲོ་རན་ནས་འགྲོ་གྲབས་བྱས་པས། ལོ་བརྒྱས་ཁྱོད་གང་ལ་འགྲོ་ཟེར། ང་རྒྱ་གར་ལ་འགྲོ་བྱས་པས། འོ་ན་ང་ཡང་ཁྱོད་དང་འགྲོགས་ནས་འགྲོ་ཟེར། ཁྱོད་ཀྱིས་ཁྱིམ་གྱི་གཙོ་བོ་དང་གྲོས་མཐུན་ན་འགྲོ་ཆོག་བྱས་པས། ཁོས་རྒས་པོ་དང་གྲོས་བྱས་པས་གྲོས་བྱུང་སྟེ་འགྲོ་བར་ཆས། དེ་ནས་ལོ་བརྒྱ་དང་ལྷན་དུ་ཞག་མང་པོའི་སར་སོང་བས་ཉིན་གཅིག་ལུང་པ་དཀྱུས་རིང་བ་ནགས་ཚལ་མཐུག་པ་གཞུང་ཆུ་ཆེན་པོ་འབབ་པ་ཞིག་གི་ཆུ་འགྲམ་བརྒྱུད་དེ་ཕྱིན་པས་ཉི་མ་མདུང་རྩེ་ཙམ་སོང་བའི་ཚོད་ཙམ་ལ་ལུང་པ་དེ་ནས་ཡར་སེམས་ཅན་མིའི་བོངས་ཚོད་ལས་ཆེ་བ་གཟུགས་ཕལ་ཆེར་མི་དང་འདྲ་བ་སྤུ་མང་བ་གཉིས་འགྲོགས་ནས་སླེབས་བྱུང་བ་རྒྱང་རིང་པོ་ནས་མཐོང་ཞིང་། ལོ་བརྒྱས་ང་ལ་དེ་གཉིས་ཅི་རེད་ཟེར་བྱུང་བས་ངའི་བསམ་པ་ལ་སྔར་བོད་དུ་སྲིན་པོ་བྱུང་བའི་ལོ་རྒྱུས་འགའ་རེ་ཐོས་མྱོང་བས་སྲིན་པོ་ཡིན་པ་འདྲ་སྙམ་སྟེ། ལོ་བརྒྱ་ལ་དེ་གཉིས་སྲིན་པོ་ཡིན་པ་འདྲ་བྱས་པས་ཁོ་དཔའ་རྩལ་ཅན་ཞིག་ཡིན་ཀྱང་ན་གཞོན་པའི་སྟབས་ཀྱིས་ངའི་གཏམ་ལ་འཇིགས་དྲགས་ནས་ཁོ་གློ་བུར་དུ་བརྒྱལ་སོང་། དེ་ནས་ངས་བལྟས་བསྡད་པས་སེམས་ཅན་དེ་གཉིས་ཆུ་ལ་བརྒལ་ནས་ཕར་ངོས་ཀྱི་ནགས་ཚལ་དུ་སོང་ནས་ཐང་ཤིང་ཀ་བ་འབྲིང་ཙམ་ཡོད་པ་གཉིས་ཀྱི་ཡལ་ག་ཐམས་ཅད་བཏུས་ཏེ་ཕྲག་པ་ལ་བཀལ་ནས་བཟུང་སྟེ། ཆུ་ལ་ཚུར་བརྒལ་ནས་སླེབས་བྱུང་བས་ངས་ལོ་བརྒྱ་ཁུར་ནས་ལ་ཆེན་པོ་གསུམ་བརྒྱབས་ཏེ་བྲོས་པས། ཆུ་འགྲམ་ཞིག་ཏུ་སླེབས་ནས་ལོ་བརྒྱ་ལ་ཆུ་བཏབ་ནས་སོས་ཙམ་བྱུང་བའི་སྐབས་སུ་ད་ལྟའི་སེམས་ཅན་གཉིས་ཀྱང་རྗེས་དེད་ནས་སླེབས་བྱུང་བ། ལོ་བརྒྱས་མཐོང་ནས་སླར་དྲན་མེད་དུ་སོང་ཡང་ངས་ཁུར་ནས་ལ་ལུང་མང་པོ་བརྒྱབ་ནས་བྲོས་ཏེ་རེ་ཞིག་ན་རི་ཁྲོད་བཙན་པོ་ཞིག་ཏུ་སླེབས་པར། དེ་ན་རི་ཁྲོད་པ་ཡང་ཁ་ཤས་འདུག་ལ་རྒྱུ་མཚན་ཞིབ་ཏུ་བཤད་པས་རི་ཁྲོད་པ་ཞིག་གིས་དེ་སྲིན་པོ་ཡིན་དོགས་མེད། མི་དྲེད་ཡིན། སྒོ་དམ་པོར་མ་བཅད་ན་ཁོ་ཁོང་སྐྲན་ཆེ་བ་ཞིག་ཡིན་ཟེར་ནས། སྒོ་རྡོ་མང་པོས་མནན་ནས་ལོ་བརྒྱ་ལ་ཆུས་བཏབ་ནས་གསོས་ཏེ་རི་ཁྲོད་པ་རྣམས་དང་ལྷན་དུ་ཇ་འཐུང་ནས་བསྡད་ཡོད་པའི་སྐབས་ལ། སྔར་གྱི་མི་དྲེད་གཉིས་བྱུང་ནས་རི་ཁྲོད་དེའི་ཕྱི་སྒོའི་མ་ཐེམ་འོག་ནས་བརྐོས་ཏེ་ཁུང་བུ་ཞིག་བྲུས་ནས་སྦར་མོ་ཡུག་ཡུག་བྱེད་ཅིང་འདུག་པར་ལོ་བརྒྱས་མི་དྲེད་ཡིན་པར་ཤེས་ཏེ་འཇིགས་སྐྲག་མེད་པར་གྲི་ཞིག་ཁྱེར་ཏེ་ལག་པར་ཁུང་བུའི་ཁ་ནས་གྲི་འགའ་བརྒྱབ་བྱུང་བས་དྲེད་གཉིས་ཀྱང་དེ་ནུབ་བྲོས་ནས་ནགས་གསེབ་ཏུ་སོང་། སང་ཉིན་ངེད་གཉིས་ཉི་མ་རྩེ་ཤར་ཙམ་ལ་ཐོན་ནས་སོང་བས་དྲེད་གཉིས་ཀྱིས་ཀྱང་རྗེས་དེད་ནས་སླེབས་བྱུང་བར་རི་གཟར་མཐོན་པོ་ཞིག་གི་རྩེར་བྲོས་ཏེ། རི་རྩེ་ནས་རྦབ་མང་པོ་བསྙིལ་བས། མི་དྲེད་ཆེ་བ་དེ་བསད། ཆུང་བ་དེ་ལ་ཞིག་བརྒྱབས་ནས་བྲོས་སོང་། དེ་ནས་རིམ་གྱིས་སོང་སྟེ་ཉིན་གཅིག་མོན་ཡུལ་དུ་མ་སླེབས་མཚམས་ལ་རྒྱགས་ཆད་ཡོད་པས་ལུང་པ་ཞིག་ལ་སླེབས་པར། སྒང་ཁ་ཞིག་ཏུ་ལ་བཙས་ཤིག་འདུག་པ་དེར་ཅུང་མ་སླེབས་མཚམས་ལ་སྒང་ཁ་དེ་ནས་ཚུར་ཨ་ཙ་ར་ཞིག་སླེབས་བྱུང་བ་ལ་སྒང་སྟོང་དེ་ན་ཁྱིམ་ཚང་ཁ་ཤས་ཡོད་པ་དེ་ནས་ཁྱི་འགའ་རྒྱུག་བྱུང་བར། ཨ་ཙ་ར་དེས་ལ་བཙས་དེ་ལས་རྡོ་བ་གཉིས་བླངས་ནས་ཁྱི་ལ་གཡུགས་བྱུང་བས་ཁྱི་གཉིས་ལོག་སོང་། ངས་རྡོ་བ་དེ་གཉིས་ལ་ཞིབ་ཏུ་བལྟས་པས་དེ་རྡོ་བ་མ་ཡིན་པར་རྒྱ་ནག་གི་དངུལ་རྟ་མིག་མ་གཉིས་སུ་འདུག །ངས་འདི་ཅི་འདྲ་སྙམ་ལོ་བརྒྱ་ལ་རྟ་མིག་མ་དེ་གཉིས་བྱིན། ཁྱོད་ཀྱིས་ཁྱེར་ཏེ་ཨ་ཙ་ར་ལ་བྱིན། འདི་ལ་ཁྱོད་ལ་མི་དགོས་སམ་ཞེས་དྲིས་ཤིག་ཅེས་སྨྲས་པས། ཁོས་ཁྱེར་ནས་བསྟན་པས་ང་ལ་རྡོ་བ་མི་དགོས་ཟེར་ནས་མ་བླངས། ལྷ་མཁའ་འགྲོའི་དངོས་གྲུབ་ཡིན་པ་འདྲ་བསམས་ནས་ངེད་གཉིས་ཀྱིས་ཁྱེར་བས་མོན་ཡུལ་སོགས་ལ་ལམ་གྱི་ཆས་ཀ་འདོང་བ་བྱུང་། དེ་ལ་འདི་སྐད་ཅེས་བྱ་སྟེ།
ཚེ་སྔོན་བསོད་ནམས་མ་བསགས་ཤིང་། །
དཔག་མེད་ལས་ངན་བསགས་པའི་མཐུས། །
གཅན་གཟན་ཁྱི་ཡི་ལུས་སུ་གྱུར། །
འཕགས་པའི་སྐུ་ལས་མཚལ་ཆེན་བྱུང་། །
དཔལ་གྱི་མགོན་པོ་ཞལ་བཞི་དང་། །
ཆོས་སྐྱོང་དྲེགས་པ་ལྕམ་སྲིང་གིས། །
དུད་འགྲོའི་ལས་ངན་སྐད་ཅིག་ལ། །
བསྒྲལ་ནས་ཆོས་ཀྱི་དབྱིངས་སུ་བསྟིམ། །
དེ་ཡང་མགོན་པོ་ཁྱོད་ཉིད་ལ། །
རྐྱེན་ངན་གྲོགས་སུ་ཤར་ནས་གདའ། །
ལས་འཕྲོ་བཟང་པོའི་གྲོགས་དང་འཕྲད། །
འགྲོ་དོན་རྒྱ་ཆེར་སྤེལ་བར་མཛད། །
དེ་གཞན་དུད་འགྲོའི་འཚོ་བ་ཡི། །
རི་མོར་བྲིས་པའི་རྗེས་འགྲོར་བྱས། །
གྲོགས་ལ་བརྩེ་དང་དཔའ་བཏུལ་སོགས། །
ཁྱོད་སྐུའི་ཡོན་ཏན་གསལ་བར་གྱུར། །
བགྲང་ཡང་བསྐལ་པའི་སྔོན་རོལ་ནས། །
སྦྱིན་སོགས་ཕྱིན་དྲུག་མཐར་ཕྱིན་པས། །
མཁོ་དགུའི་ལོངས་སྤྱོད་མ་ལུས་པ། །
ཁྱོད་ཀྱི་མདུན་ན་ཉེ་བར་གནས། །
བདུན་པ། བལ་ཡུལ་དང་རྒྱ་གར་དུ་གནས་གཟིགས་དང་མཚམས་བསྙེན་སྒྲུབ་ལ་གཞོལ་བའི་མཛད་པ།
རྩ་བའི་གཞུང་ལ་འཇུག་སྟེ། དེ་ནས་རིམ་གྱིས་བལ་པོ་ཁོ་ཁོམ་གྱི་གྲོང་ཁྱེར་དུ་སླེབས། གྲོང་ཁྱེར་དེའི་མིང་ལ་རྒྱ་གར་དང་བལ་པོའི་སྐད་ལ་གྷ་མ་རུང་ཡང་ཟེར། གྷ་དྷ་བུར་ཡང་ཟེར། ཆུ་འབྲུག་ལོའི་དགུན་མགོ་མའི་ཚེས་པ་བཞིའི་ཉིན་བལ་པོ་ཁོ་ཁོམ་གྱི་རྒྱལ་པོ་བཙུན་མོ་བློན་པོའི་ཚོགས་དང་བཅས་པ་རྒྱ་གར་གྱི་གནས་ཆེན་ཞིག་ཏུ་གནས་མཇལ་ལ་འགྲོ་བར་ཆས་འདུག་པས། ངེད་གཉིས་ཀྱིས་ཀྱང་མཆོད་རྟེན་བྱ་རུང་ཁ་ཤོར་སོགས་རྟེན་བྱིན་རླབས་ཆེ་བར་གྲགས་པ་ཕལ་ཆེར་ལ་ཞིབ་མཇལ་བྱས། དེ་ནས་དབང་ཕྱུག་གི་རྟགས་ལིངྒ་རང་བྱུང་ཡོད་པ་དེ་ཡང་ཞིབ་ཏུ་བལྟས། བལ་པོའི་ལུགས་ལྟར་འོ་མས་མཆོད་པ་ཞིག་ཀྱང་བྱས། སྔར་ཕམ་མཐིང་པ་སྐུ་མཆེད་འཁྲུངས་ཤིང་གྲུབ་པ་བརྙེས་པ། ངོ་བོ་འཇའ་མ་ལི་ཡང་བཞུགས་པ་དང་། བོད་ཀྱི་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་སོགས་ལོ་ཙཱ་བ་རྣམས་ཀྱི་བཞུགས་གནས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ །ཕ་དམ་པ་སངས་རྒྱས། དྷརྨ་བྷོ་དྷི་སོགས་རྒྱ་གར་གྱི་མཁས་ཤིང་གྲུབ་པ་བརྙེས་པ་དུ་མས་བྱིན་གྱིས་བརླབས་པ། ཁྱད་པར་དུ་དབང་ཕྱུག་གི་རྟགས་རང་བྱུང་དུ་ཡོད་ཅིང་། མཁའ་འགྲོ་མའི་གནས་ཉེར་བཞིའི་ཡ་གྱལ་དུ་གྱུར་པ། རྒྱུད་ལས་ཀྱང་དབང་ཕྱུག་གི་རྟགས་རང་བྱུང་ཡོད་པའི་གནས་སུ་རྣལ་འབྱོར་པས་སྒྲུབ་པ་བྱས་ན་མྱུར་དུ་འགྲུབ་པར་གསུངས་ཡོད་པས། ངས་གནས་ཆེན་འདི་ནས་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་པ་བྱེད་རྒྱུ་བྱུང་ནའང་སྙམ་སྨོན་ལམ་ནན་ཏན་དུ་བཏབ། དེ་ནས་བལ་པོའི་རྒྱལ་པོ་འཁོར་དང་བཅས་པ་རྒྱ་གར་ཕྱོགས་སུ་གནས་སྐོར་ལ་ཕེབས་པར་ངེད་གཉིས་ཀྱང་འགྲོགས་ནས་ལྷན་དུ་ཟླ་བ་གཅིག་ཙམ་སོང་བའི་མཐར། བལ་པོའི་རྒྱལ་པོས་ངེད་གཉིས་ལ་གསེར་དངུལ་གྱི་བདག་རྐྱེན་མཛད་ནས་བྱང་དུ་ཕྱོགས་པའི་ལམ་ཞིག་ལ་ཕེབས། ངེད་གཉིས་ལྷོ་ལམ་ཞིག་ལ་སོང་ནས་རྒྱ་གར་གྱི་གྲོང་དང་གྲོང་ཁྱེར་མང་པོ་བརྒྱུད་དེ་མཐར་གྱིས་སོང་བས། ཉིན་གཅིག་གྲོང་པ་ཆེན་པོ་གཅིག་ལ་སླེབས་པར་གྲོང་པའི་མི་ཕོ་མོ་མང་པོ་འཚོགས་ཏེ་ང་ལ་བལྟས་བལྟས་ནས་ཕན་ཚུན་དུ་སྐད་ཆ་མང་པོ་ལབ་ལབ་པའི་མཐར་མི་འགའ་ཞིག་སོང་ནས། རྒན་མོ་ཞིག་བོས་ནས་སླེབས་བྱུང་། རྒན་མོ་དེ་མཚན་མཁན་མཁས་པ་ཞིག་ཡིན་རྒྱུ་རེད། མོས་ང་ཁྲིད་ནས་ཁང་པ་ཞིག་གི་ནང་དུ་ཁྱེར་ཏེ་གཅེར་བུར་ཕྱུང་ནས་མདུན་རྒྱབ་ཐམས་ཅད་ནས་བལྟས་ཏེ་དད་དད་ཆེན་པོ་བྱས་སོང་བས། གྲོང་པ་དེའི་སྐྱེ་བོ་ཕོ་མོ་ཐམས་ཅད་འདུས་ནས་ངེད་ལ་ཕྱག་འཚལ་ཞིང་བསྙེན་བཀུར་བཟང་པོ་བྱས་སོང་། དེ་དུས་ངེད་གཉིས་ཀྱིས་རྒྱ་གར་ཕལ་སྐད་ཙམ་ཡང་ཆེར་མི་ཤེས་པའི་སྟབས་ཀྱིས་ཕན་ཚུན་གཏམ་གླེང་མ་ཐུབ་མོད། ཞག་གཅིག་ཙམ་གྱི་རིང་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང་། སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ཏེ་ལེགས་པར་བྱས་ནས་སོང་།
རྒྱ་གར་གྱི་ཡུལ་ནི་ཕལ་ཆེར་ཐང་ཤིན་ཏུ་ཡངས་པ་ལ་རྩྭ་ཀུ་ཤ་མང་དུ་སྐྱེས་ཤིང་། རྨ་བྱས་ཁེངས་པ། ལམ་ཆེན་ལྟ་བུ་ཡོད་ཀྱང་དེ་ལ་རེ་ཞིག་ལ་སོང་ན་ཀུ་ཤའི་ཚལ་མཐུག་ནས་འགྲོ་ས་མི་རྙེད་པ་འདུག་ཅིང་། ལམ་ཆེན་པོ་ལྟ་བུ་ནི་རྨ་བྱ་ཆུ་དང་རྩྭ་ལ་འགྲིམ་པའི་ལམ་ཡིན་པར་འདུག །གླང་པོ་ཆེ་དང་། མ་ཧེ་དང་། བསེ་རུ་དང་། སྤྲེའུ་དང་། སྦྲུལ་ལ་སོགས་པ་མང་པོ་འདུག །བྱ་རིགས་ཀྱང་སྣ་ཚོགས་པ་འདུག །སྐབས་འགའ་ཞིག་ན་ཐང་ཤིང་སྨྱུག་སྡོང་ཆེན་པོ་དང་། གོ་ཡུའི་སྡོང་པོ། ཨ་རུ་ར། ཛཱ་ཏི་སོགས་སྨན་རིགས་དང་། སྡོང་རིགས་ཤིང་རིགས་སྣ་ཚོགས་པ་ཤིན་ཏུ་མང་པོའི་ཚལ་རབ་ཏུ་རྒྱས་པ། དགུན་ཡང་འབྲུག་སྒྲ་སྒྲོགས་ཤིང་ཆར་འབབ་པ་སོགས་ཡ་མཚན་པར་འདུག །དེ་ལ་འདི་སྐད་ཅེས་བྱ་སྟེ།
རྡོ་རྗེ་འཆང་གི་ལུང་བསྟན་པའི། །
མཁའ་འགྲོའི་གནས་ཆེན་བལ་པོའི་གྲོང་། །
རྒྱ་བལ་བོད་ཀྱི་ལོ་པཎ་ཀུན། །
ཞབས་སེན་བཀོད་པའི་གནས་མཆོག་དེའི། །
མི་དབང་ས་སྐྱོང་ཆེན་པོ་ཡིས། །
རྒྱ་གར་བགྲོད་པའི་མཐུན་རྐྱེན་སྦྱར། །
དེ་ནས་བདག་ཉིད་ཆེན་པོ་དེ། །
འཕགས་པའི་ཡུལ་དུ་བསྐྱོད་པར་མཛད། །
སྲིང་མོ་མཚན་མཁན་མཁས་པ་ཡིས། །
ཁྱོད་སྐུའི་མཚན་གྱིས་འཕགས་པར་ཤེས། །
སྐལ་བཟང་གདུལ་བྱའི་ཚོགས་རྣམས་ཀྱིས། །
ཤིན་ཏུ་དད་ཅིང་བསྙེན་བཀུར་བགྱིས། །
མགོན་པོས་བྱམས་དང་སྙིང་རྗེས་བསྐྱངས། །
རྩ་བའི་གཞུང་ལ་འཇུག་སྟེ། དེ་ནས་ཉིན་གཅིག་སོང་བས་བོད་ཀྱི་གྲྭ་པ་གནས་སྐོར་བ་འགའ་ཞིག་དང་འཕྲད་ནས་ལྷན་དུ་ཞག་ཁ་ཤས་ཀྱི་བར་སོང་བས་ཉིན་གཅིག་གྲོང་སྟོང་ཞིག་ལ་སླེབས་པ་ན་མི་གཅིག་ཀྱང་མི་འདུག །གྲོང་པའི་དཀྱིལ་ཚད་ན་ལྷ་ཁང་འདྲ་བའི་ཁང་པ་ཆེན་པོ་ཞིག་འདུག་པའི་ཁྱམས་དེར་སོང་ནས་དཔོན་གཡོག་ཐམས་ཅད་ཞག་བསྡད་བྱས་པས། མཚན་མོ་ས་རུབ་པའི་ཚོད་ཙམ་ལ་ལྷ་ཁང་འདྲ་བ་དེའི་སྒོ་ནང་ནས་མནན་འདུག་པ་གློ་བུར་དུ་ཧར་གྱིས་ཕྱེས་ཏེ་རོ་ལངས་ཕོ་མོ་གཉིས་གར་འཁྲབ་ཏེ་མཆོང་ཞིང་རྒྱུག་ནས་ཐལ་གྱིས་སླེབས་བྱུང་བར། གཞན་ཟླ་བོ་རྣམས་ཕྱོགས་ཕྱོགས་སུ་བྲོས་ནས་རྒྱུག་པའི་སྐབས་སུ་རོ་ལངས་ཕོ་མོ་གཉིས་ཀྱིས་བྱིའུའི་ཁྱུ་ལ་ཁྲ་འཛུལ་བ་ལྟར་ཕྱོགས་ཕྱོགས་སུ་དེད་ནས་རང་དབང་མེད་པར་སླེབས་ཏེ། ང་རང་མ་གཏོགས་པ་མི་རེ་ལ་འགྲམ་ལྕག་མེ་འབར་བ་འདྲ་བ་རེ་བཏང་ནས་ཧ་སྒྲ་སྒྲོགས་ཤིང་རྣམ་འགྱུར་ཡ་མ་ཟུང་བརྒྱད་དུ་བསྒྱུར་ནས་རྒྱུག་པའི་རྗེས་ལ་ངས་དེད་ནས་རེ་ཞིག་ནས་སླེབས་ཏེ་རོ་ལངས་གཉིས་ཀྱི་སྐྲ་ལ་འཇུས་ཏེ་ས་ལ་བརྡབས་ནས་གཉིས་བརྩེགས་སུ་མནན་ཏེ་སྐེད་པའི་ལྕགས་ཀྱི་གཏེར་ཕུར་བཏོན་ནས་བརྡུངས་པས་རོ་ལངས་གཉིས་དྲན་མེད་དུ་བརྒྱལ་སོང་། ཟླ་བོ་ཚོ་ལ་རྡོ་བ་ཁྱེར་ཤོག་ཅེས་ལབ་ཀྱང་འཇིགས་སྐྲག་སྐྱེས་དྲགས་ནས་ངག་ལ་མི་ཉན་པར་རྒྱང་རིང་པོར་སོང་། ང་རང་གཅིག་པུས་རྡོ་བས་བརྡུངས་ནས་ཐལ་བའི་རྡུལ་དུ་བརླག་པར་བྱས་ཏེ། ཟླ་བོ་རྣམས་ལ་སྐད་བརྒྱབས་ནས་བོས་ཏེ་འཇིགས་སྐྲག་མི་དགོས་པའི་རྒྱུ་མཚན་ལབ་པས་དེ་རྣམས་རིམ་གྱིས་འདུས་ནས་ལྟད་མོ་བལྟས་ཏེ་ཡ་མཚན་དུ་གྱུར་ནས་གནས་སྐོར་བ་འདི་གྲུབ་ཐོབ་སྦས་པའི་བརྟུལ་ཞིག་ཅན་ཞིག་ཡིན་པ་ལ་ཐེ་ཚོམ་མི་འདུག་ཅེས་ཕན་ཚུན་དུ་གླེང་ཞིང་། རྗེ་གྲུབ་ཐོབ་ཆེན་པོ་ཁྱེད་འདྲ་བ་ཞིག་དེ་རིང་མ་བཞུགས་ན་ང་ཚོ་ཐམས་ཅད་སྐབས་འདིར་རོ་ལངས་གཉིས་ཀྱིས་བསད་ནས་རྣམ་ཤེས་རྣམས་བར་དོར་འཁྱམས་པའི་སྐབས་ཡིན་པར་གདོན་མི་ཟ་བས། ཉིད་ཀྱི་བཀའ་དྲིན་བྱང་ཆུབ་མ་ཐོབ་བར་དུ་བཟློག་ཐབས་མེད་ཅེས་གྲྭ་པ་བགྲེས་པ་ཞིག་གིས་སྨྲས་ཤིང་། གཞན་ཀོང་པོ་ལོ་བརྒྱ་དང་གནས་སྐོར་བ་ཐམས་ཅད་ངུ་ཞིང་ཕྱག་འཚལ་ནས་ངའི་རྐང་པ་ནས་ཞབས་དབང་བླངས་སོང་བར། ངས་ཁོང་ཚོ་ལ་ད་ལྟའི་རོ་ལངས་ཀྱི་འཇིགས་པ་འདི་ནི་ཆུང་ཤོས་ཙམ་ཡིན་ལ། སྤྱིར་འཁོར་བ་དང་། བྱེ་བྲག་ཏུ་ངན་སོང་གསུམ་གྱི་འཇིགས་པ་དེ་འཇིགས་པ་ཐམས་ཅད་ཀྱི་ནང་ནས་ཆེ་བ་དང་། ཡུན་རིང་བ་དང་། ཉིན་མཚན་ཁོར་མོ་ཡུག་ཏུ་རྗེས་བསྙེགས་པ་ཞིག་ཡིན་ལ། རབ་ཏུ་བྱུང་ན་སྤྱིར་འཁོར་བ་དེ་ལས་གཏན་བྲལ་ཞིག་བྱུང་ན་མཆོག་ཡིན་ཅིང་། བྱེ་བྲག་ཏུ་ངན་སོང་གི་འཇིགས་པ་དེ་ལས་ཐར་བ་རང་ཁོ་ན་ཙམ་འདོད་ན་དཀར་ནག་གི་ལས་འབྲས་ལ་ཡིད་ཆེས་ཀྱི་ངེས་པ་རྙེད་ནས། ལས་དགེ་སྡིག་གཉིས་ཀྱི་བླང་དོར་ཚུལ་བཞིན་དུ་བརྟེན་པ་གལ་ཆེ། དེ་ལྟར་བགྱི་བ་ལ་རྒྱུན་དུ་གོམས་ན་རིམ་གྱིས་ཐར་པ་ཐོབ་པ་ལའང་རྒྱང་མི་རིང་བ་ཡིན། དེ་ལྟར་མ་བསྒྲུབས་པར་མིག་གིས་གཟུགས་ཡིད་དུ་འོང་བ་ཞིག་མཐོང་ན་ཆགས་ཤིང་། ཡི་གར་མི་འོང་བ་ཞིག་ལ་འཇིགས་ཤིང་སྐྲག་ནས་བྲོས་པས་ཡོང་རྒྱུ་གང་ཡང་མེད། རྗེ་བཙུན་མི་ལ་རས་པས། ནང་གི་སེམས་ཉིད་མ་བྲོས་པར། །ལུས་པོ་བྲོས་པས་ཅི་ལ་ཕན། །ཅེས་གསུངས་པ་ཁྱོད་ཚོས་མ་ཚོར་རམ་ཞེས་སོགས་ཀྱིས་ཚེ་འདི་ཕྱི་ལ་ཕན་པའི་ལབ་ལབ་མང་པོ་ཞིག་བྱས་ཀྱང་ཕལ་ཆེར་ད་ལྟ་ང་རང་གིས་བརྗེད་འདུག
རོ་ལངས་དེ་གཉིས་གཅིག་གི་རུས་གོང་རྒྱུས་པས་འབྲེལ་བ་ཞིག་དང་། གཅིག་ན་ཤ་པགས་སྐྲ་དང་བཅས་པ་འཇིགས་སུ་རུང་བ་སྲིན་པོ་འདྲ་བ་གཉིས་འདུག །རྒྱུས་པ་ལ་ཞུགས་པའི་རོ་ལངས་དེ་འདུལ་དཀའ་ཞེས་སྔར་དམ་པ་རྒན་རབས་རྣམས་ཀྱི་ཞལ་ནས་ཐོས་མྱོང་བས་ཤིན་ཏུ་མད་པར་འདུག་གསུངས།
དེ་ནས་དེ་ནུབ་འཇིགས་སྐྲག་སྤུ་ཙམ་ཡང་མེད་པར་སྔར་གྱི་ཁང་པའི་ཁྱམས་ནས་ཟ་འཐུང་འདྲ་བྱས་ནས་ཟླ་བོ་རྣམས་དང་ལྷན་དུ་ལུས་སེམས་བདེ་འབོལ་ལེ་བའི་ངང་ནས་ཉལ་ཞིང་། སང་སྔ་བར་ནས་ལངས་ཏེ་ཟླ་བོ་རྣམས་དང་ལྷན་དུ་དེ་ལས་ཕར་ལ་རིམ་གྱིས་སོང་ནས་ཞག་ལྔའི་མཚམས་ལ་གྲོང་པ་ཆེན་པོ་ཞིག་ཏུ་སླེབས་པར། མི་འགའ་ཞིག་ཡོང་ནས་ཁྱོད་ཚོ་གང་འདྲ་བྱས་ནས་འོངས་པ་ཡིན། སྔར་ང་ཚོའི་ཕ་མ་གཉིས་ཤི་ནས་རོ་ལངས་སུ་གྱུར་ཏེ་གྲོང་པ་ཐམས་ཅད་སྟོངས་པར་བྱས་ནས་ང་ཚོ་འདི་རུ་བྲོས་ནས་འོངས་པ་ཡིན། དེ་ནས་བཟུང་ལམ་དེ་ལ་ཡོང་མཁན་གཅིག་ཀྱང་མེད་པར་ཟེར་ནས་ཡ་མཚན་བྱེད་ཅིང་འདུག །མོན་གྱི་གནས་སྐོར་བ་རྒྱ་སྐད་ལ་མཁས་པ་ཞིག་གིས་ལོ་ཙཱར་བྱས་ནས་གོང་གི་རོ་ལངས་བཏུལ་བའི་རྒྱུ་མཚན་རྣམས་རྒྱས་པར་བཤད་སོང་བས། ཁོང་ཚོ་ཧ་ལས་ཤིང་ངོ་མཚར་དུ་གྱུར་ནས་འདུག་གསུངས། རོ་ལངས་ཀྱི་ཆོས་ཉིད་ནི་མིའི་མགོ་ལ་ལག་པ་བཞག་ན་བཞག་ཚད་འཆི་བས། ཁོས་ལས་དབང་གིས་མི་ཐུབ་པ་སོགས་ལ་འགྲམ་ལྕགས་གཏོང་བ་ཡིན་པས། དེ་སྐབས་ཁོང་ཚོས་ངའི་དྲིན་ཡིན་ཟེར་ཡང་། རོ་ལངས་ཀྱིས་འགྲམ་ལྕག་བཏང་སོང་བ་དགེ་གསུངས། དེ་ལ་འདི་སྐད་ཅེས་བྱ་སྟེ།
སྔོན་ཚེ་བཅོམ་ལྡན་རྟ་བདུན་དབང་། །
འཕྲིན་ལས་མཁའ་ཁྱབ་འོད་སྟོང་འབར། །
གླིང་འདིའི་མུན་ཚོགས་འཇོམས་པའི་ཚེ། །
ཤཱ་རིའི་བུ་དེས་སྐུ་སྐེད་ལས། །
སྔགས་ཕུར་བཏོན་ནས་རོ་ལངས་བཏུལ། །
རྒོལ་ངན་མཐའ་དག་ཟིལ་གྱིས་མནན། །
རྒྱལ་བུ་རྒྱལ་བྱེད་ཚལ་མཆོག་དེར། །
ཀུན་དགའ་ར་བའི་ཆོས་གྲྭ་བཏབ། །
སྙིགས་དུས་འཇམ་མགོན་བླ་མ་འདིས། །
རྒྱ་གར་འཕགས་ཡུལ་བགྲོད་ལམ་དུ། །
སྔགས་ཕུར་བཏོན་ནས་རོ་ལངས་བཏུལ། །
གྲོགས་དག་འཇིགས་པའི་གནས་ལས་བསྐྱབས། །
རྒྱ་བོད་ཡོངས་ལ་གྲགས་པས་ཁྱབ། །
གནས་ཆེན་འགྲིམ་པའི་བར་ཆད་ཞི། །
གྲུབ་ཐོབ་ཡིན་པར་ཀུན་གྱིས་རྟོགས། །
འདི་འདྲ་བོད་ལ་སྐྱེས་པ་དཀའ། །
རྩ་བའི་གཞུང་ལ་འཇུག་སྟེ། དེ་ནས་ཆུ་སྦྲུལ་ལོའི་ས་ག་ཟླ་བའི་ཚེས་ཀྱི་ཉིན་བཅོམ་ལྡན་མཉམ་མེད་ཐུབ་པའི་དབང་པོ་དེ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་སྟོན་པར་མཛད་པའི་གནས་ཆེན་ངེས་པ་དོན་གྱི་ཁྱད་པར་དུ་འཕགས་པ་བྱ་རྒོད་ཀྱི་ཕུང་པོའི་རིར་ངེད་རྣམས་ཀྱང་སླེབས། དེ་དུས་རྒྱ་གར་གྱི་ཡུལ་གྲུ་རྣམས་དང་། བལ་པོ། འཛུམ་ལང་། བོད་སོགས་ཀྱི་གནས་སྐོར་བ་ཤིན་ཏུ་མང་པོ་སླེབས་འདུག །དེ་སྐབས་ངའི་མཐོང་སྣང་ལ་བྱ་རྒོད་ཀྱི་ཕུང་པོའི་རི་དེ་ཐ་མལ་གྱི་རི་ལྟ་བུའི་ས་རྡོ་བྲག་སོགས་ལས་གྲུབ་པ་མ་ཡིན་པར་ལཉྩའི་པོ་ཏི་སྤུངས་པ་འབའ་ཞིག་ཏུ་མཐོང་ནས་རི་རྩེ་ན་བཅོམ་ལྡན་འདས་ཀྱི་བཞུགས་ཁྲི་ཡོད་པ་དེར་མཇལ་བ་ལ་ཡང་པོ་ཏི་འགོམ་པ་ལ་འཇིགས་ཏེ་མ་སོང་། གཞན་མཇལ་མཁན་རྣམས་ནི་དོགས་པ་གང་ཡང་མེད་པར་པོ་ཏིའི་སྟེང་དུ་འགོམ་ནས་སོང་སྟེ། བཞུགས་ཁྲི་ལ་མཇལ་ནས་ཕྱག་སྐོར་བྱེད་ཀྱིན་འདུག །ང་རང་གཅིག་པུས་རིའི་རྩ་བ་དེ་ནས་མཉམ་མེད་ཐུབ་པའི་དབང་པོའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན་ནས་སེམས་ལ་སྐྱོ་བ་དང་དགའ་བདེ་ཚད་མེད་པ་ཞིག་སྐྱེས་ཏེ་དབྱངས་སྙན་པོས་གླུ་འདི་བླངས་སོ།།
གླིང་ཀུན་གྱི་མཆོག་གྱུར་འཛམ་གླིང་འདི། །
སྐྱབས་དམ་པའི་ཆོས་ཀྱི་བང་མཛོད་ཡིན། །
སྒོས་རྒྱ་གར་འཕགས་པའི་ཡུལ་གྲུ་འདི། །
དཔལ་རྣམ་འདྲེན་སྟོང་གི་འཁྲུངས་ས་ཡིན། །
ལར་བྱ་རྒོད་ཕུང་པོའི་རི་བོ་འདི། །
མགོན་ཟས་གཙང་སྲས་ཀྱི་བཞུགས་གནས་ཡིན། །
འཁོར་ཡོངས་སུ་དག་པའི་དཀྱིལ་འཁོར་དབུས། །
དོན་ཟབ་མོའི་ཆོས་འཁོར་བསྐོར་ས་ཡིན། །
ང་ལས་འཕྲོ་བཟང་པོའི་བྱ་བྲལ་བ། །
དུས་དེ་རིང་གདུགས་ཀྱི་སྔ་དྲོ་ལ། །
གནས་ཁྱད་འཕགས་ངོ་མཚར་ཅན་དང་མཇལ། །
ཁོང་དགའ་བདེས་གང་ནས་སྐྱིད་གླུ་བླངས། །
སེམས་ཐ་མལ་དུ་གནས་སྐྱེས་བུ་ལ། །
ཡོངས་གྲགས་ཀྱི་རི་བོ་འདྲ་ན་ཡང་། །
ང་ལྷ་མིག་དག་པའི་མཐོང་སྣང་དུ། །
ཆོས་ལཉྩའི་གླེགས་བམ་སྤུངས་པར་མཐོང་། །
བྱིན་རླབས་ལ་ཕྱོགས་རེས་མི་མངའ་བས། །
ས་འདི་ནས་ཡན་ལག་ལྔ་ཕྱག་འཚལ། །
ལུས་ས་ལ་ཕབ་པའི་བདག་ཀྱང་འབུལ། །
སྒོ་གསུམ་ལ་བྱིན་རླབས་འཇུག་པར་ཤོག།།
མ་འགྲོ་བ་ཡོངས་ལ་ཕན་པའི་ཕྱིར། །
ཚེ་འདི་ལ་སྐྱིད་སྡུག་སྤེལ་མར་མྱོང་། །
དུས་ད་ནས་བྱང་ཆེན་མ་ཐོབ་བར། །
མགོན་ཤཱཀྱའི་སེང་གེས་རྗེས་ཟུངས་ཤིག།།
ཡུལ་གང་དང་གང་ལ་འགྲོ་ཡང་རུང་། །
གནས་གང་དང་གང་དུ་བསྡད་ཀྱང་རུང་། །
ལས་གང་བརྩམས་གཞན་དོན་འབའ་ཞིག་ཡིན། །
དེ་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ། །
ཞེས་མགུར་དུ་བཞེངས་ནས་ཕྱག་མཛད་གསུངས།
དེ་ནས་ལོ་བརྒྱ་ཁོ་རང་གི་ངོ་ཤེས་པའི་ཟླ་བོ་འགའ་ཞིག་དང་འགྲོགས་ནས་གཞན་ཞིག་ཏུ་གནས་སྐོར་ལ་ཕྱིན། ང་གཅིག་པུ་རིམ་གྱིས་སོང་ནས་པུ་ལ་ཧ་རིའི་དགོན་པར་སླེབས། དེ་དུས་ང་ལ་རླུང་གི་ནུས་པ་དགའ་རབ་ཡོད་པས། མི་རང་ག་བས་ཞག་བདུན་གྱིས་འགྲོ་བའི་སར་ཉིན་གཅིག་ལ་འགྲོ་ཐུབ་པ་ཡོད། དེ་དུས་པུ་ལ་ཧ་རི་ན་པཎྜི་ཏ་ལྔ་བརྒྱ་ཚང་བ་བཞུགས་འདུག །གསེར་སྲང་འགའ་ཡོད་པ་ཕུལ་ནས་མང་ཇ་གཅིག་བཏང་ནས་གཙུག་ལག་ཁང་ཐམས་ཅད་ལ་ཕྱག་སྐོར་མང་དུ་བྱས་ཏེ་ཨུ་ཏཱ་ཞི་ཞིག་ལ་གནས་ཚང་གཡར་ནས་ཟླ་བ་དྲུག་གི་རིང་ལ་བདེ་མཆོག་དྲིལ་བུ་ལྷ་ལྔའི་སྒྲུབ་པ་ཉམས་སུ་བླངས་ནས་ཉིན་མཚན་ཁོར་མོ་ཡུག་ཏུ་བརྩོན་པ་བྱས་པས་ཉམས་རྟོགས་སོགས་དགའ་རབ་བྱུང་། རྒྱ་གར་འཕགས་པའི་ཡུལ་འདི་སངས་རྒྱས་མང་པོས་བྱིན་གྱིས་བརླབས་པའི་གནས་ཡིན་ཟེར་བ་ལ་དགོས་པ་ཁྱད་པར་ཅན་ཞིག་ངེས་པར་འདུག །དེ་དུས་བོད་ཡུལ་དུ་སྒྲུབ་པ་ལོ་གཅིག་བྱས་པ་ལས་པུ་ལ་ཧ་རི་ན་ཞག་གཅིག་སྒྲུབ་པ་བྱས་པ་ལྷག་པའི་ཚོད་དུ་གདའ་གསུངས།
གཞན་ཡང་དེ་སྐབས་ཞལ་གཟིགས་ཉམས་སྣང་མཐའ་ཡས་པ་ཡོད་ཀྱང་བཀའ་རྒྱ་ཡོད་པས་འདིར་མ་བྲིས། དེ་ལ་འདི་སྐད་ཅེས་བྱ་སྟེ།
སྟོན་པས་ཆོས་ཀྱི་སྒོ་མོ་དང་། །
ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས། །
དེ་ལས་ཀུན་གྱི་མཆོག་རབ་ནི། །
ཤེར་མདོ་ཡིན་པར་རྒྱལ་བས་གསུངས། །
གསེར་རི་ལྟ་བུའི་ཉན་ཐོས་དང་། །
སེམས་དཔའི་འཁོར་ཚོགས་རྒྱ་མཚོའི་དབུས། །
རྣམ་འདྲེན་ལྷུན་པོ་འདྲ་བ་དེས། །
བྱ་རྒོད་ཕུང་པོའི་རི་བོ་འདིར། །
དབང་པོ་རྟུལ་དང་རྣོན་པོ་ཡི། །
གདུལ་བྱའི་ཁམས་དང་བསམ་པ་བཞིན། །
ཤེར་ཕྱིན་རྒྱས་འབྲིང་བསྡུས་སོགས་གསུངས། །
འདི་ལྟའི་གནས་ཆེན་ངོ་མཚར་བར། །
རྗེ་བཙུན་བདག་ཉིད་ཆེན་པོ་འདིས། །
ཐུགས་ཀྱི་མཁྱེན་རབ་རྒྱ་མཚོ་ནི། །
ཤིན་ཏུ་གསལ་ཞིང་དྭངས་བ་ལ། །
མཉམ་མེད་ཟས་གཙང་སྲས་པོ་དེའི། །
གསང་གསུམ་རྒྱན་གྱི་འཁོར་ལོའི་གཟུགས། །
མ་ལུས་པ་ནི་བཀོལ་བྱས་ཏེ། །
གླུ་དབྱངས་དང་བཅས་ཕྱག་ཀྱང་མཛད། །
གཞན་དོན་ལྷུན་གྱིས་འགྲུབ་པའི་ཕྱིར། །
མཁའ་ཁྱབ་རིན་ཆེན་སྨོན་ལམ་ཕྲེང་། །
བརྒྱ་སྟོང་རི་བ་མགུར་དུ་བཞེངས། །
འགྲོ་ཀུན་སྨིན་ཅིང་གྲོལ་བར་མཛད། །
གཞན་ཡང་པུ་ལ་ཧ་རི་ཞེས། །
དཔལ་ལྡན་ནཱ་རོ་ཏ་པ་སོགས། །
གྲུབ་ཐོབ་ཡོངས་ཀྱི་བཞུགས་གནས་དེར། །
འཁོར་ལོ་སྡོམ་པའི་དུས་བསྙེན་མཛད། །
ཤིན་ཏུ་གསང་བ་རིམ་གཉིས་ཀྱི། །
རྣལ་འབྱོར་ཟམ་མོ་རྩེ་གཅིག་གཞོལ། །
ཁྱད་པར་རྫོགས་པའི་རིམ་པ་ལ། །
གཡོ་བ་མེད་པའི་བརྟན་པ་ཐོབ། །
ཟླ་ཉིའི་རྒྱུ་བ་སྒྲ་གཅན་གྱིས། །
ཟོས་པའི་དྷཱུ་ཏིའི་སྒོ་ལམ་ཕྱེས། །
ཡས་བབས་མས་བརྟན་དགའ་བཞི་ཐོབ། །
སྙིང་གི་རྩ་མདུད་གྲོལ་བ་སོགས། །
ཤིན་ཏུ་ཕྲ་བའི་རྟོགས་པ་རྙེད། །
རྩ་བའི་གཞུང་ལ་འཇུག་སྟེ། ད་ནི་གླང་ཆེན་ས་ལ་རབ་བརྟན་དང་མཇལ་བའི་རྟོགས་བརྗོད་འདིའི་གླེང་གཞི་རྒྱ་གར་གྱི་ཡུལ་གང་ནས་གཟིགས་པ་དེ་དུས་ཡི་གེར་མ་བཀོད་པས་བློ་ལ་གསལ་པོ་ཞིག་མི་འདུག་ཀྱང་། རྟོགས་བརྗོད་ངོ་མཚར་བ་ཞིག་ཡིན་པས་བློ་ན་ཡོད་པའི་ཚོད་ཀྱིས་བྲི་བ་ལ་ལྷ་མཁའ་འགྲོས་གནང་བ་སྩོལ་ཅིག །དེ་དུས་ཟླ་བ་ཞིག་གི་ཚེས་བརྒྱད་ཀྱི་ཉིན་ཡིན་གསུངས། ཀུ་ཤའི་ཐང་ཆེན་པོ་མི་རྐང་ནས་མེད་པ་ཞིག་ལ་ཞག་མང་པོའི་སར་ཕྱིན་པས་ཚེས་བརྒྱད་ཀྱི་ཉིན་གཅིག་ལ་ཐག་རིང་པོ་ནས་གངས་རི་ནུར་བ་འདྲ་བ་ཞིག་མཐོང་བས་འདི་ཅི་ཡིན་སྙམ་ཞིང་། ཁ་རྒྱུན་ལ་གངས་རི་ནུར་ནས་འགྲོ་བ་སྲིད་ཟེར་བ་ཐོས་མྱོང་བ་དེ་འདྲ་ཞིག་ཡིན་ནམ་སྙམ་པ་བལྟས་བསྡད་པས། རིམ་གྱིས་ཇེ་ཉེར་སོང་བས་སེམས་ཅན་འདྲ་བ་ཞིག་འདུག་པར་ཤེས། དེ་ནས་ཡང་རིམ་གྱིས་ཉེ་བ་ན་གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་དང་ལྡན་པ་མཛེས་ཤིང་བལྟ་བས་ཆོག་མི་ཤེས་པ། ཡིད་དུ་འོང་བ། དྲི་བཟང་པོ་འཐུལ་བ། སྒལ་པའི་དཀྱིལ་ནས་འཇའ་ཁ་དོག་སྣ་ལྔ་པ་ནམ་མཁའི་མཐོངས་སུ་ཟུག་པ་ཞིག་གིས་སྣ་ལྗགས་ཀྱིས་ལུངས་པ་རེ་རེའི་ཀུ་ཤ་བཅད་ནས་ཟ་བཞིན་དལ་བུས་སླེབས་བྱུང་བར། ངས་སེམས་ལ་བཀའ་འགྱུར་ནས་གསུངས་པའི་བཅོམ་ལྡན་འདས་བསོད་ནམས་ལས་གྲུབ་པའི་གླང་པོ་རིན་པོ་ཆེ་དེ་ཡིན་ལས་ཆེ་བསམས་ཏེ་གླང་པོ་ཆེའི་མདུན་ནས་མཉམ་མེད་ཐུབ་པའི་དབང་པོ་དེ་ཉིད་ཀྱི་ཡོན་ཏན་རྗེས་སུ་དྲན་ཞིང་སེམས་ཤིན་ཏུ་སྐྱོ། མིག་མཆི་མས་གང་བཞིན་པས་ཕྱག་ལན་གསུམ་བཙལ་ནས། གླང་པོ་ཆེ་དེའི་མདུན་ནས་གཡོ་འགུལ་ཅུང་ཟད་ཙམ་ཡང་མེད་པར་འཚོམས་ནས་ཡུན་རིང་པོའི་བར་དུ་མིག་མི་འཛུམ་པར་བལྟས་བལྟས་པའི་མཐར། ང་ལ་གཡས་སྐོར་གཅིག་རྒྱག་རིང་ང་ཡིས་ཕྱོགས་བཞི་ནས་ཞིབ་ཏུ་བལྟས་བཞིན་པ་ནས་བསྐོར་བ་གཅིག་འགྲུབ་པ་དང་ངའི་མདུན་དུ་ལྕི་བ་ཆེན་པོ་ཞིག་བཏང་། དལ་བུས་བསྐྱོད་ནས་ཐག་རིང་པོར་ཕེབས་སོང་།
དེ་ནས་བོད་ཕྱོགས་ལ་མངོན་དུ་ཕྱོགས་ནས་ཚུར་འཁོར་ཏེ་ཞག་མང་པོའི་སར་ཡོང་ནས་གྲོང་ཁྱེར་ཞིག་ཏུ་སླེབས། དེ་དུས་རྒྱ་གར་ཕལ་སྐད་ཡག་པོ་ཤེས་པས། རྒན་མོ་གོས་ཆས་བཟང་བ། ཟིལ་ཆེ་བ་ཞིག་ལ་གླང་པོ་ཆེ་མཐོང་བའི་སྐད་ཆ་ཞིབ་རྒྱས་ལབ་པར། མོ་ན་རེ། ང་ཚོའི་ཕ་མ་སོགས་ལོ་བརྒྱད་ཅུ་དགུ་བཅུ་ལོན་པའི་རྒན་རབས་རྣམས་ཀྱི་ངག་ལས། ལོ་བརྒྱ་ཕྲག་རེ་རེའི་ཚོད་ཙམ་ལ་གླང་ཆེན་དེ་རྒྱ་གར་ལ་ལན་རེ་འོང་བ་སྲིད་ཙམ་ཡིན་ཟེར། ཁྱེད་རང་ལས་དང་སྐལ་བ་བཟང་པོ་ཅན་ཞིག་ཏུ་འདུག །ང་ཚོས་རྣ་བས་ཐོས་ཙམ་ཞིག་ལས་གཏན་ནས་མཐོང་མ་མྱོང་། སངས་རྒྱས་ཁྱིམ་དུ་བཞུགས་ན་འཁོར་སྒྱུར་དུ་འགྱུར་བའི་རྒྱལ་སྲིད་སྣ་བདུན་གྱི་གླང་པོ་རིན་པོ་ཆེ་དེ་ཉིད་ཡིན། ངོ་མཚར་སུ་ཁ་ཧེ་ཧེའི། ཨ་ནནྟ་ཧེའི་ཟེར་ནས་རྒན་མོས་དགའ་སྤྲོ་དཔག་མེད་བྱས་གསུངས།
དེ་ནས་རིམ་གྱིས་ཚུར་ལ་ཡོང་བས་ཟླ་བ་འགའ་ནས་གྲོང་ཞིག་ཏུ་སླེབས་པར་ལོ་བརྒྱ་ཡང་གནས་སྐོར་བ་འགའ་དང་འགྲོགས་ནས་དེར་སླེབས་འདུག་པ་དང་འཕྲད་ནས་ལྷན་དུ་བལ་པོར་སླེབས།
དེ་ནས་ཟླ་བ་འགར་མཚམས་བཅད་ནས་སྒྲུབ་པ་བྱས་པས་ཤིན་ཏུ་སྤྲོ་བ་དང་སྐྱིད་པ་ཞིག་བྱུང་། ཀོང་པོ་ལོ་བརྒྱ་དེས་མཚམས་གཡོག་བྱས་ནས་ཤ་ཚ་བ་དང་སྙིང་རུས་ཆེ་བ་བཅས་ཕན་ཐོགས་པོ་བྱུང་། སྙིང་རྗེ་བ་དེ་ད་ལྟ་ཡོད་ན་ཨང་གསུང་གི་ཡོད། དེ་ལ་འདི་སྐད་ཅེས་བྱ་སྟེ།
གཞོན་ནུ་ཁྱིམ་དུ་བཞུགས་གྱུར་ན། །
འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། །
གལ་ཏེ་རབ་ཏུ་བྱུང་གྱུར་ན། །
རྫོགས་སངས་རྒྱས་ནས་འགྲོ་དོན་གཞོལ། །
དེ་དོན་མཚན་མཁན་དྲང་སྲོང་གིས། །
ལུང་དུ་བསྟན་པ་ཇི་བཞིན་དུ། །
ཁྱིམ་དུ་བཞུགས་ན་འཁོར་སྒྱུར་སྲིད། །
དེ་ལ་རྒྱལ་སྲིད་སྣ་བདུན་སྲིད། །
དེ་ཕྱིར་འདྲེན་པ་མཉམ་མེད་དེས། །
ས་མཚོ་གྲགས་འཛིན་གྱིས་མཚོན་པས། །
བཙུན་མོ་བརྒྱད་ཁྲི་ཡོངས་སྤངས་ཏེ། །
རབ་ཏུ་བྱུང་ནས་རྫོགས་སངས་རྒྱས། །
དེ་ལྟའི་མཆོག་གི་སྤྲུལ་སྐུ་དེའི། །
བགྲང་ཡས་བསོད་ནམས་རྒྱ་མཚོ་ལས། །
ཉེ་བར་ཐོན་པའི་གླང་མཆོག་དེ། །
སྟོན་པའི་རྣམ་འཕྲུལ་ཡིན་པར་བཤད། །
དེ་ཡང་འཇིག་རྟེན་ཁམས་ཀུན་གྱི། །
བཀྲ་ཤིས་བདེ་ལེགས་དཔལ་དུ་ཆགས། །
ཁྱད་པར་ལྷོ་རྒྱལ་འཛམ་གླིང་འདིའི། །
ཕུན་ཚོགས་བདེ་ལེགས་དཔལ་ལ་ཆགས། །
དེ་ཉིད་ཚེས་བཅུ་རྣམ་གཉིས་སོགས། །
མཁའ་འགྲོ་ཚོགས་འཁོར་བསྐོར་བའི་ཉིན། །
ལོ་བརྒྱ་འདས་ཚེ་རེ་གཉིས་འབྱུང་། །
རེས་འགའ་འབྱུང་ངམ་མི་འབྱུང་སྲིད། །
འོན་ཀྱང་བདག་ཅག་འདྲེན་པ་མཆོག།།
༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཉིད། །
གཞན་ལས་ཁྱད་པར་འཕགས་པའི་ཕྱིར། །
གླང་མཆོག་དེ་ཡང་མདུན་དུ་བྱུང་། །
བརྒྱད། དིང་རི་དང་མོན་ཡུལ་བརྒྱུད་ཀོང་པོར་ཕེབས་ཏེ་བསྟན་འགྲོའི་དོན་ལ་གཞོལ་བའི་མཛད་པ།
རྩ་བའི་གཞུང་ལ་འཇུག་སྟེ། དེ་ནས་རིམ་གྱིས་ཤིང་རྟ་ལོར་གཉའ་ནམ་དིང་རི་སོགས་བརྒྱུད་དེ་ཕྲེང་ལ་རང་གི་སྐྱེས་ཡུལ་མོན་བརྒྱུད་ནས་རིམ་གྱིས་ཡར་ཀོང་པོ་བརྒྱུད་དེ་དྭགས་པོ་གྲྭ་ཚང་ལ་སོང་ནས་གསང་སྟབས་ཀྱིས་ཡུན་རིང་ཙམ་ཞིག་བསྡད་པས་དེ་དུས་ང་ལ་མི་ཚོས་དྭགས་པོ་ཞབས་དྲུང་དང་། དྭགས་པོ་བླ་མ་སོགས་ཟེར་བ་འདྲ་གསུངས། དྭགས་པོ་འོར་གྱི་མདའ་གཙང་པོའི་འགྲམ་དུ་ཆུ་བཞུགས་མཛད་པའི་སྐབས་གཙང་པོའི་འགྲམ་ཆམ་ནག་ཏུ་ཕ་ཝང་ཆེན་པོ་ཞིག་གི་ཁར་སྐུ་གཟུགས་ཚང་མའི་རྗེས་གསལ་བར་བཞག །དེར་སྐབས་ཤིག་བང་རིམ་ཆོས་སྡེར་མཚན་མོ་སྦས་ནས་ཨ་པོ་གནས་རྟེན་སོགས་ཞབས་ཕྱི་འགའ་དང་བཅས་བཙན་ཁང་དུ་ཕེབས་ནས་ཆོས་སྐྱོང་ལ་འཕྲིན་བཅོལ་མཛད་ནས་དེར་སྐུ་རྩེད་ཀྱི་རྣམ་པས་བཙན་ཁང་དུ་གང་ཡོད་ཀྱི་སྦུབས་ཆ་ཐམས་ཅད་ཤེད་ཆེན་པོས་ཡུན་རིང་བཀྲོལ་བར་ཞབས་ཕྱི་བ་རྣམས་ཀྱིས་གཞན་གྱིས་གོ་དོགས་ནས་ཤེད་པས་ཕྱི་རོལ་དུ་གཞན་སུ་གཅིག་གིས་ཀྱང་མ་ཚོར་བར་མཛད་པ་དང་། དྭགས་པོ་གྲྭ་ཚང་ལྷ་ཁང་ཕུག་ཏུ་གཟའ་རྒོད་ཀྱི་སྐུ་ཤིན་ཏུ་གདུག་རྩུབ་ཆེ་བ་གྲྭ་མང་ལ་ཤིན་ཏུ་གནོད་པའི་སྐབས་པེ་ཧར་ཁོག་ཞུགས་བྱས་ནས་གཟའི་ལྟོ་བར་མདུང་བརྒྱབས་པའི་ཤུལ་ནས་ཁྲག་རྒྱུན་མ་ཆད་པར་ཡོང་བ་དང་གནོད་ཚབས་ཀྱང་སྔར་ལས་ཆེ་བ་ཡོད་ཚུལ་དྭགས་པོ་གྲྭ་ཚང་གི་བླ་མ་མངའ་རིས་དབུ་དཀར་བས་ཞུ་བ་དེར་མཚན་མོར་ཞབས་ཕྱི་འགའ་དང་བཅས་པ་ཕེབས། གཟའ་རྒོད་ལ་བསྡིགས་མཛུབ་མཛད་ནས་གཟིར་བས་སྐུ་དེ་མངོན་སུམ་དུ་འདར་བ་གཞན་རྣམས་ཀྱིས་ཀྱང་མཐོང་། ལྟོ་བའི་བུག་པར་དར་གྱིས་ཁྲག་མི་ཡོང་བར་བཅད། ཞལ་གྱི་ནང་ཐམས་ཅད་གཞན་རྣམས་ཀྱི་མིང་ཡིག་ལིངྒ་སོགས་བཅུག་འདུག་པ་རྣམས་ཀྱང་གཟིགས་ནས་ཐམས་ཅད་བླངས། བཀའ་བསྒོ་དམ་བཞག་མཛད་པས་དེ་ནས་བཟུང་གནོད་ཚབ་ཆུང་ཞིང་གཙོ་བོ་འཁྲུགས་པ་རྣམས་ཀྱང་ཞི། འོར་གྱི་ཕུ་དགོན་སར་དུ་ཕེབས་ནས་ཉིན་གཅིག་བདེ་མཆོག་གི་ཚོགས་འཁོར་མཛད་པས་ནམ་མཁའ་ནས་འབྲས་ཀྱི་ཆར་གཟིམས་ཆུང་ནང་དུ་འཕྱག་རྒྱུ་ཡོད་པའི་ཚོད་དུ་བབས་པ་ཞབས་ཕྱི་ཡོད་པ་རྣམས་ཀྱིས་རུབས་ནས་བསྡུས་ཏེ་ཐུག་པ་གཡོས་ཏེ་དཔོན་གཡོག་ཐམས་ཅད་ཀྱིས་བཞེས་པས་གཞན་ཚོ་ལའང་བདེ་ཉམས་ཆེན་པོ་ཤར་སྐད། འོར་དུ་བཞུགས་སྐབས་སུ་སྐུ་རིམ་མཛད་དགོས་ཀྱི་སྐུ་ཆས་མ་འཛེམས་པར་ཐུགས་དགོངས་མཛད་པས་སུས་བསྐྱུར་མ་ཤེས་པར་སྐུ་གམ་དུ་ནམ་མཁའ་ཤེད་ནས་དངུལ་གྱི་ཐུམ་བུ་སྙིམས་པ་གང་ཙམ་བབས་པ་ཆོས་སྐྱོང་གིས་གནང་ངམ་གསུངས། ཨེའི་ཕྱོགས་ཀྱི་དགོན་པ་རོང་ཆ་དཀར་སོགས་ཐམས་ཅད་ལ་མཇལ། ལབ་ཀྱི་མ་གཅིག་ལབ་སྒྲོན་རང་བྱོན་གྱི་མདུན་དུ་ཟླ་བ་གཅིག་ལ་གཅོད་ཁྲིད་བསྐྱངས་ནས་བསྡད། དེ་ནས་རིམ་གྱིས་ཆོས་འཁོར་རྒྱལ་དུ་ཕྱིན། ལྷ་མོའི་བླ་མཚོ་མཇལ་སྐབས་ལྷ་མོས་ལུང་བསྟན་གསལ་བར་བྱུང་གསུངས། འདིའི་ཞིབ་ཆ་འོག་ནས་འཆད།
དགུ། སླར་གསང་སྟབས་ཀྱིས་ལྷ་སར་
ཕྱིར་ཕེབས་པའི་མཛད་པ།
དེ་ནས་ལོ་བརྒྱ་དང་ལྷན་དུ་ལྷ་སར་ཡོང་ནས་གསང་སྟབས་ཀྱིས་ཟླ་བ་འགའ་བཞུགས་གསུངས། དེ་ནས་ཤིང་ལུག་ལོའི་དགུན་འབྲིང་པོའི་ཚེས་གཉིས་ཀྱི་ལྷ་མཆོད་སྐབས་སྤྲང་ཆས་བྱས་ནས་པེ་ཧར་ལྕོག་ལ་སོང་བས། འབྲས་སྤུངས་ཚོགས་ཆེན་དེར་ཕེབས་འདུག །དེ་དུས་ང་མཐའ་དེ་ནས་ལངས་བསྡད་པས། གློ་བུར་དུ་ཆོས་སྐྱོང་གིས་རལ་གྲི་ཞིག་བསྣམས་ནས་གྲྭ་མང་གི་དཀྱིལ་གཤགས་ནས་ཕེབས་ཏེ། ངའི་མདུན་དུ་བྱུང་ནས་འབིམ་འབུལ་ཞིག་གནང་སོང་བར། ང་ངོ་ཚ་ནས་བྱེད་རྒྱུ་མ་རྙེད་པར་ཆོས་སྐྱོང་ལ་མིག་སྡང་ཞིག་བལྟས་པས། ཕྱོགས་བཞི་ལ་འབིམ་འབུལ་རེ་གནང་ནས་ཕེབས་སོང་བར་མི་ཚོས་དཔྱད་མ་ཞོག་པ་བྱུང་གསུངས། འོ་དེ་ལྟར་རྗེ་བཙུན་བླ་མ་དམ་པ་འདི་ཉིད་ཀྱིས་གཞན་སུས་ཀྱང་བྱ་དཀའ་བའི་དཀའ་སྤྱད་དང་སྒྲུབ་པ་ཟུང་དུ་འབྲེལ་བར་མཛད་སྐབས་སུ་སེམས་ཅན་གྱི་འདུ་ཤེས། གང་ཟག་གི་འདུ་ཤེས། སྲོག་གི་འདུ་ཤེས། རྣམ་རྟོག་གི་འཆིང་བ་ཅུང་ཟད་ཀྱིས་ཀྱང་མ་གོས། སེམས་ཅན་རྣམས་ཀྱི་དོན་དུ་འགྱུར་བར་གཟིགས་ནས་ཚམ་ཚོམ་མེད་པར་པདྨོའི་དྲྭ་བས་ལེགས་པར་བརྒྱན་ཅིང་། ཤིན་ཏུ་དྭངས་པའི་ཡིད་བཞིན་གྱི་མཚོ་ཆེན་པོར་ངང་པའི་རྒྱལ་པོ་འཇུག་པ་བཞིན་མངོན་དུ་མཛད་དོ།།
འདིར་སྨྲས་པ།
བསོད་ནམས་བྱེ་བས་བསྐྲུན་པའི་རྡོ་རྗེའི་སྐུ། །
རྨད་བྱུང་སྙིང་སྟོབས་རྟ་ལྗང་གིས་དྲངས་ཏེ། །
རྒྱལ་བའི་བསྟན་པ་སྒྲུབ་པས་འཛིན་པའི་ཉིས། །
འཛམ་གླིང་གནས་ཆེན་ཕལ་ཆེར་སྣང་བར་བྱས། །
དེ་གཟིགས་དུས་གསུམ་གསལ་གཟིགས་ཚོགས་རྣམས་ཀྱང་། །
རབ་དགྱེས་ཕྱག་གི་སོར་མོའི་པདྨོ་ཟུང་། །
སྤྱི་བོར་ཟུམ་ཞིང་འདི་ནི་ངོ་མཚར་ཞེས། །
གོང་མའི་འཆི་མེད་ཚོགས་ལ་གཏམ་དུ་བྱས། །
གང་གིས་མཚོན་པའི་བརྩེ་ཆེན་བསིལ་ཟེར་སྟོང་། །
རྫོགས་ལྡན་ཀུནྡའི་ཚལ་རབ་འགྲན་བཞིན་ཤར། །
ལྔ་བདོས་སྦགས་པའི་རྩོད་ལྡན་པདྨོའི་ཚོགས། །
ཆོས་སྐུའི་རྒྱ་མཚོའི་ཕ་མཐར་བྲོས་ནས་ཡིབ། །
སྐྱེ་དགུ་ཡོངས་ཀྱི་བསོད་ནམས་ཞིང་གྱུར་མདོ་སྔགས་འོད་སྟོང་ཟེར་གྱི་རྩེས། །ཅུང་ཟད་རེག་པས་བསྐལ་བཟང་གདུལ་བྱའི་པད་ཚལ་རབ་རྒྱས་ལུང་རྟོགས་ཀྱི། །སྦྲང་རྩིའི་རོ་དཔལ་ཀུན་ནས་མྱངས་པའི་རྐང་དྲུག་དམ་པའི་ཚོགས་རྣམས་ཀྱིས། །མགོན་པོ་གང་འདིའི་རྟོགས་བརྗོད་རྡོ་རྗེ་གླུ་དབྱངས་ལེན་ལ་ངལ་མ་གྱུར། །
ཅེས་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་ཕུལ་དུ་བྱུང་བའི་མཛད་པ་བཟང་པོའི་གཏམ་སྙན་ལྷའི་ཏམྦུ་རའི་རྒྱུད་ཀྱི་སྒྲ་དབྱངས་ལས། གཞན་དོན་དུ་དཀའ་བ་སྤྱད་ཅིང་སྒྲུབ་པ་མཛད་པའི་ལེའུ་སྟེ་གཉིས་པའོ།། །།
ལེའུ་གསུམ་པ། མདོ་སྨད་དུ་ཕེབས་པའི་མཛད་པ།
དང་པོ། གདུལ་བྱའི་ཚོགས་ལ་ཆོས་སྦྱིན་དང་
དགོན་པ་ཉམས་གསོ་དང་གསར་བཞེངས་
གནང་བའི་མཛད་པ།
མཁས་པའི་གསུང་ལས།
གང་གི་ངོ་མཚར་མཛད་པའི་མཐའ། །
རྒྱལ་བས་བཟུང་བར་མི་ནུས་མོད། །
འོན་ཀྱང་དད་པས་དྲངས་པ་ཡི། །
ཆ་ཤས་ཙམ་ཞིག་འདིར་འགོད་བྱ། །
ཞེས་གསུངས་པ་ལྟར་གང་གི་མཛད་པ་རྒྱ་མཚོ་ལྟ་བུ་ལས་མདོ་སྨད་དུ་ཕེབས་ནས་བསྟན་འགྲོའི་དོན་མཛད་པའི་ཚུལ་ལས། རྩྭ་རྩེའི་ཆུ་ཐིགས་ཀྱི་ཆ་ཤས་ཙམ་ཞིག་ལེན་པ་ལ་འདི་ལྟར་རོ།།
ནུབ་གཅིག་༸རྒྱལ་དབང་ལྔ་པ་ཆེན་པོའི་ཐུགས་རྨིས་ལ་པོ་ཏ་ལའ་སྒོ་ནས་དམག་བྱུང་བ་ལྟ་བུ་ལ་ཐུགས་ཞེད་སྣང་འཁྲུངས་ནས་པོ་ཏ་ལའི་ལྟག་སྒོར་ཐོན་ཏེ་མགོ་ཞྭ་རྐང་ལྷམ་མེད་པར་དགོད་ལ་བརྒྱབས་ནས་བྱང་ཕྱོགས་སུ་གར་སོང་ཆ་མེད་ཅིག་ལ་སོང་བ་རྨིས་པས་ནམ་ཞིག་ལ་དེ་འདྲ་ཞིག་ཡོང་རྒྱུ་ཡིན་པ་འདྲ་ཞེས་ལུང་བསྟན་གསལ་བར་མཛད་པ་དང་། གཞན་ཡང་གོང་དུ་དྲངས་པའི་གླེགས་བམ་གྱི་ལུང་བསྟན། རི་བོ་པོ་ཏ་ལ་ཡི་རྩེ་མོ་ནས། །ཞེས་སོགས་ཀྱི་ནང་དུ། བོད་བྱང་ཕྱོགས་ནས་བྱང་ཕྱོགས་སུ། །འབངས་མགོན་མེད་མང་པོ་འདྲེན་དུ་འགྲོ། །ཞེས་ཀྱང་གསལ་བར་གསུངས་ལ། འདིའི་དོན་ནི། བོད་ཅེས་པས་བོད་ཁྲི་སྐོར་བཅུ་གསུམ་བསྟན་པ་ཡིན་ལ། བྱང་ཕྱོགས་ཡོད་པའི་དང་པོ་དེས་ས་མདོ་སྨད་དང་། གཉིས་པས་སོག་ཡུལ་བསྟན་པ་ཡིན་ཅིང་། ལྷག་མས་མགོན་མེད་རྣམས་འདྲེན་ནོ་ཞེས་སོ།།
ཡང་རྒྱལ་པོ་བཀའི་ཐང་ཡིག་ལས། རྒྱལ་སྲས་སྐྱེ་ལུས་བཅུ་གཉིས་ཁ་འཐོར་མཐའ། །ཞེས་རྗེ་ཉིད་ཀྱི་སྐྱེ་བརྒྱུད་གཉོས་ལོ་སོགས་དམ་པ་མང་པོ་འཁྲུངས་པའི་ལྷ་སྲས་ཀྱི་སྐྱེ་བརྒྱུད་ཡིན་པ་དེའི་བཅུ་གཉིས་པ་དམ་པ་ཉིད་ཡིན་ལ། ཁ་འཐོར་ནས་མཐའ་ལ་འཁྱར་བ་གསལ་བར་བསྟན་པ་ཡིན་ནོ།།
ཡང་ལུང་བསྟན་འདིའི་རྗེས་ཐོག་དེ་མ་ཐག །སྒྱུ་མའི་སྐྱེས་བུ་རྗེ་རིགས་རྣལ་འབྱོར་པ༔ ཐ་མལ་མོན་བུ་ལྷ་སྲིན་དེད་དཔོན་གཅིག༔ ཐ་བྲག་རི་བོའི་གླིང་ནས་འོངས་ཞེས་པ༔ ཉི་མའི་ཟེར་ལ་དམར་ཐག་དུས་སུ་འབྱུང༔ སྔགས་ཀྱི་དངོས་གྲུབ་འདོད་པ་ཡོད་དམ་ཞེས༔ སྔོན་དུས་རྒྱལ་པོ་ད་ལྟ་ཡོད་དམ་ཞེས༔ སྔོན་དུས་རྒྱལ་པོའི་མན་ངག་ལོང་ཞེས་ཟེར༔ གསང་སྔགས་རྒྱ་མཚོ་ནང་གི་སྙིང་པོ་རྣམས༔ རིགས་པའི་བརྡ་ཡིས། ཞེས་ཚིག་རྐང་དང་པོས་དམ་པ་ཉིད་རྗེ་རིགས་ཀྱི་ཛོ་ཀི་ཡིན་པར་བསྟན། གཉིས་པས་འཁྲུངས་ཡུལ་མོན་ཡུལ་དང་ཆར་གཏོགས་ཡིན་པར་བསྟན་ནས་ལྷ་སྲིན་དེད་དཔོན་ཞེས་སྔགས་འཆང་དུ་བསྟན། གསུམ་པ་ཐ་བྲག་རི་བོའི་གླིང་ནས་འོངས་ཞེས་པས་ཐ་མ་བྲག་རིའམ་གངས་རིས་བསྐོར་བའི་གླིང་དབུས་གཙང་ནས་དམ་པ་ཉིད་འོངས་པ་སྟེ་ཕེབས་པ་ཡིན་འདུག་གོ་ཞེས་ཀུན་གྱིས་གླེང་བ་བསྟན། བཞི་པ་ཉི་མའི་ཟེར་ཞེས་སོགས་ནི་ཉི་མ་དམར་ཐག་འཆད་པའི་དུས་སུ་ཉི་ཟེར་ཤར་རམ་བྱང་ལ་འབྱུང་བ་ལྟར་དམ་པ་ཉིད་ཕྱོགས་དེར་འབྱུང་བ་བསྟན། ལྔ་པ་སྔགས་ཀྱི་དངོས་གྲུབ་འདོད་དམ་ཞེས། ཞེས་པ་དེ་སྐབས་བོད་ཀྱི་མི་ཆེ་ཆུང་ཕལ་ཆེ་བ་ལ་བདུད་ཀྱིས་བརླམས་པས་དམ་པ་ཉིད་ལ་སྒྲོ་སྐུར་ཞུས་པ་ནི་བཀའ་གདམས་གླེགས་བམ་ལས། ཀྱེེ་ཁྱུང་ཆེན་མཁའ་ལ་ལྡིང་བ་ལ། །ཞེས་པ་ནས། སེམས་ཁོང་སྐྲན་ཅན་དེས་འཕྱ་བར་བྱེད། །ཅེས་དངོས་བསྟན་ལྟར་དམ་སེལ་ཞུགས་ཡོད་པ་དེ་རྣམས་ལ། དེ་ནས་སྔགས་ཀྱི་དངོས་གྲུབ་འདོད་པ་ཡོད་དམ་མེད་ཅེས་བསྟན། དམ་ཞེས་པའི་རྗེས་ལ་མེད་ཅེས་འབྱུང་བས་ཐེ་ཚོམ་པ་བསྟན། དྲུག་པ་སྔོན་དུས་ཀྱི་རྒྱལ་པོ་ནི་བོད་རང་གི་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡིན་ལ། དམ་པ་ཉིད་དེའི་སྤྲུལ་པ་ཡིན་པས་དེ་སྐབས་བོད་ན་ད་ལྟ་དམ་པ་ཉིད་ཡུལ་ཕྱོགས་ཤིག་ཏུ་བཞུགས་ཡོད་དམ་མེད་ཀྱི་ཐེ་ཚོམ་དུ་གྱུར་པ་བསྟན། བདུན་པ་སྔོན་དུས་རྒྱལ་པོའི་སྒྲ་བཤད་གོང་དང་འདྲ་བ་མན་ངག་ལོང་ཞེས་པ་ནི། དམ་པ་ཉིད་བོད་དུ་མ་བཞུགས་པས་ཞལ་མཐོང་བ་དང་གསུང་ཐོས་པའི་སྐལ་བཟང་དང་བྲལ་བས་ལོང་བ་ལྟར་གྱུར་ཏོ་ཞེས་བསྟན། བརྒྱད་པས་གསང་སྔགས་ཀྱི་དམ་ཚིག་དང་ལྡན་པ་ནང་གི་སྙིང་པོ་ཡོད་པ་རྣམས་ལ། དགུ་པ་རིགས་པའི་བརྡ་ཡིས་བསྟན་ཏོ་ཞེས་གོ་རྒྱུ་ཡོད་པ་ཞིག་གིས་གསལ་བར་ཤེས་ནུས་པར་ལུང་བསྟན་པ་ལྟར། དམ་པ་ཉིད་མེ་སྤྲེལ་ལོར་རྨེ་རུ་བཞི་སྡེའི་འབུལ་སྡུད་པ་བཅོ་ལྔ། ཀོང་པོ་ལོ་བརྒྱ་ཉིད་བཅས་མི་བཅུ་བདུན་ལྷ་ས་ནས་དཔྱིད་ཀ་གསང་སྟབས་ཀྱིས་ཕེབས། ལམ་བར་རྗེ་ཉིད་བླ་མ་དང་། གཞན་རྣམས་གྲྭ་པའི་ཚུལ་དུ་ཕྱག་གཡོག་ཚུལ་བཞིན་ཞུས་ཤིང་། མཚན་ལ་ཞབས་དྲུང་ཚང་ཟེར་ནས་དད་གུས་ཚད་མེད་བྱེད་བཞིན་པར་ཕེབས་པ་ལས། གྲྭ་པ་གཅིག་ལམ་ནས་རྨ་ཆུས་ཁྱེར། འདིའི་རྒྱུ་མཚན་འོག་ཏུ་འཆད། གཞན་གྲྭ་དཔོན་གཡོག་ཞབས་ཞུས་ཚང་མ་སྟོན་ཀ་མཚོ་སྔོན་ལ་སླེབས། ཟླ་གཅིག་ཙམ་བཞུགས་ནས་གྲྭ་པ་དེ་རྣམས་ཀྱི་ནང་ནས་འགའ་ཡང་དབུས་ལ་སློག །ལོ་བརྒྱ་ཡང་ཐོར་པ་མ་ཐར་བའི་སྟབས་ཀྱིས་ང་འདི་ནས་མར་ལ་མི་འགྲོ་ཞེས་ཞུས་ནས་མཚོ་ཁར་བསྡད། རྗེ་ཉིད་ལ་གྲྭ་པ་གཞན་འགའ་ཞིག་གིས་ཕྱག་གཡོག་ཞུས་ནས་ཚུར་ལ་ཕེབས་དུས་ལོ་བརྒྱ་ལ་ཁྱོད་ང་ལ་དྲིན་ཤིན་ཏུ་ཆེ་བས་ངས་ཁྱོད་མི་བརྗེད་པའི་རྟེན་ལ་ཁྱོད་ཀྱི་གྲི་འདི་དང་མེ་ཆ་འདི་གཉིས་བྱིན་གསུངས་པས་དེས་ཀྱང་ཕུལ་བ་བསྣམས་ནས་ཕེབས། ཕྱིས་སུའང་གྲི་དང་མེ་ཆ་གཉིས་པོ་དེ་རྒྱུན་དུ་བསྣམས་ནས་ངའི་ལོ་བརྒྱ་དེ་ང་ལ་དྲིན་ཆེན་པོ་ཡིན་རང་གསུང་གི་ཡོད།
དེ་ནས་ཟླ་བོ་རྣམས་ཟི་ལིང་ན་བཞག །རྗེ་ཉིད་གཅིག་པུས་གནས་སྐོར་བའི་ཆ་ལུགས་ཀྱིས་གསེར་ཁོགས་སུ་ཕེབས་ཏེ་མཚན་མོ་གླིང་དུ་གྲྭ་པ་ཞིག་ལ་གནས་ཚང་གཡར་ནས་བཞུགས། དེ་སྐབས་མལ་བླ་མ་གྲུབ་ཆེན་ཚང་ལ་དེའི་མཚན་མོ་མགོན་པོས་ལུང་བསྟན་ནས་ཁྱོད་ཀྱི་སྒོ་འདི་ལ་སང་ཉིན་ཞོག་ཁ་༸རྒྱལ་བ་ཚངས་དབྱངས་རྒྱ་མཚོ་འབྱོར་རྒྱུ་ཡིན་འདུག་པས་རྟེན་འབྲེལ་གྱི་སྒོ་མ་འཆུགས་པ་གྱིས་ཞེས་གསུངས་པ་ལྟར་བླ་མ་དེ་སྐུ་ན་བགྲེས་ཤིང་ཞབས་བསྙུན་གཞི་ཅན་ཡིན་ཀྱང་། མགོན་པོའི་ལུང་བསྟན་དང་དུ་བླངས་ནས་མཚན་མོར་སྔ་བར་བཞེངས་ཏེ་གྲྭ་པ་སོགས་ལ་གསུངས་ནས་ཁང་པར་ཕྱགས་དར་བྱས་ཏེ་ཁྲི་བཤམས་ཤིང་། མཆོད་པ་ཚར་དུ་དངར་བ་བྱས་ནས་བཞུགས་སྐད། དེ་ཉིན་ནམ་ལངས་ཙམ་ལ་རྗེ་ཉིད་ནས་གསེར་ཁོགས་ཀྱི་འདུ་ཁང་ཆེན་མོར་ཕྱི་སྐོར་ལ་ཕེབས་པས། ཡང་དེ་ནུབ་རྗེ་བློ་བཟང་དཔལ་པར་མགོན་པོའི་ལུང་བསྟན་བྱུང་བའི་སྟབས་ཀྱིས་ཁོང་ཡང་བསུ་བའི་ཚུལ་དུ་འདུ་ཁང་གི་རྒྱབ་ཀྱི་གཡས་ཟུར་གྱི་གྲྭ་ལ་སྦས་ནས་བཞུགས་ཡོད་སྐབས། དམ་པ་ཉིད་ཀྱང་སྐོར་བ་མཛད་ནས་ཕེབས་པ་དང་། འདུ་ཁང་གྲྭ་ནས་བླ་མ་གཉིས་མཇལ་མ་ཐག་རྗེ་བློ་བཟང་དཔལ་ལྡན་པས་དམ་པ་ཉིད་ལ་ཕྱག་ཕུལ་བའི་སྐབས་སུ། དམ་པ་ཉིད་ཀྱི་ཞལ་ནས། ཞྭ་ལུ་ལེགས་པ་རྒྱལ་མཚན་ཁྱོད་འདིར་སླེབས་སམ་གསུངས་པ་འདི་ནས་བརྩམས་ཏེ་རྗེ་བློ་བཟང་དཔལ་ལྡན་ལ་ཞྭ་ལུ་པ་ཞེས་ཡོངས་སུ་གྲགས་པ་བྱུང་སྐད། དེ་ནས་ཉི་མ་རྩེ་ཤར་ཙམ་ལ་མལ་བླ་མ་གྲུབ་ཆེན་ཚང་གི་བླ་བྲང་གི་སྒོར་ཕེབས་པར། གྲུབ་ཆེན་གྱིས་ནང་ནས་མཁྱེན་ཏེ་ཁོང་གི་གསོལ་དཔོན་ལ་སྒོ་འདི་རུ་༸རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཕེབས་ཡོད་པས་ཁྱོད་ཀྱིས་ནང་དུ་གདན་དྲོངས་ཤིག་ཅེས་གསུངས་པར། གསོལ་དཔོན་ངའི་བསམ་པ་ལ་བླ་མ་སྐུ་ན་ཤིན་ཏུ་བགྲེས་པས་རླུང་སྟབས་ཀྱི་གསུང་ཡིན་པ་འདྲ་སྙམ་ཡང་བཟློག་མ་ནུས་པར་སྒོར་ཐོན་ནས་བལྟས་པས། གྲྭ་པ་གནས་སྐོར་བ་ཞིག་སླེབས་འདུག་པ་མཐོང་དོགས་པ་ཙམ་ཡང་མ་སྐྱེས་པར་ནང་དུ་སོང་ནས་གྲུབ་ཆེན་ལ་ཞུས་པས། གྲུབ་ཆེན་པའི་ཞལ་ནས་དེ་ཁོ་ན་རང་ཡིན། དེ་ལས་གཞན་པ་སུ་ཡོད། ད་ལྟ་གདན་དྲོངས་ཤིག་གསུངས་ནས། ཁོང་ཞབས་བསྙུན་པའི་སྟབས་ཀྱིས་ཡར་བཞེངས་མི་ཐུབ་པ་ཡིན་ནའང་ནན་ཏན་གྱིས་གྲྭ་པ་གཉིས་ལ་བསྐྱོར་ནས་སྒོའི་ཐད་དུ་སྤོས་ཤིག་བསྣམས་ནས་བསུ་བར་བྱོན། གསོལ་དཔོན་གྱིས་ཀྱང་གདན་དྲངས་པ་ལྟར་དམ་པ་ཉིད་ཐལ་གྱིས་ནང་དུ་བྱོན་ནས་གདན་ཁྲི་བཤམས་པའི་སྟེང་དུ་ཚམ་ཚོམ་མེད་པར་བཞུགས་པ་ལ་གྲུབ་ཆེན་གྱིས་ཀྱང་ཕྱག་ཕུལ་ནས་ཕྱག་དབང་ཞུས་པར། གྲྭ་པ་རྣམས་ཧ་ལས་ཤིང་ཀུན་ཐེ་ཚོམ་དུ་གྱུར་སྐད། དེ་ནས་དམ་པ་ཉིད་དང་གྲུབ་ཆེན་རྣམ་གཉིས་ཕན་ཚུན་གསུང་གླེང་མང་པོ་མཛད་པ་མཐོང་ཐོས་སུ་གྱུར་པས། གྲྭ་པ་དེ་རྣམས་སེམས་ཀྱི་སྒྲོ་འདོགས་ཆོད་ཅིང་དད་མོས་ཚད་མེད་པ་བྱས་འདུག །དེ་ནས་བཟུང་གསེར་ཁོགས་གྲྭ་མང་ཡོངས་ཀྱིས་དམ་པ་ཉིད་ཀྱི་རྒྱུ་མཚན་ལྐོག་ཏུ་གླེང་ཞིང་ཀུན་ཡ་མཚན་དུ་གྱུར་ནས་འདུག་སྐད། དེ་ནས་བཟུང་གསེར་ཁོགས་ཀྱི་ཚོགས་ཆེན་ལ་མཇལ་དུ་ཕེབས་པར། དེ་ཉིན་གསེར་ཁོགས་ཀྱི་ཚོགས་ཆེན་ལ་ཚོགས་ལངས་ཡོད་པའི་སྐབས་ཤིག་ཡིན་པར་འདུག་པས། དམ་པ་ཉིད་གདོང་གྲལ་བརྒྱུད་ནས་ཡར་ཕེབས་ཏེ་རྟེན་མཇལ་གནང་ནས་ཆབ་རིལ་གྲལ་ནས་མར་བྱོན་པས་གྲལ་མཚམས་སུ་དེ་ཉིད་ཀྱི་ཚོགས་ལངས་ཟླ་བོ་གཅིག་ཡོད་པ་དེ་སྔར་གྲྭ་སར་འདུག་སྐབས་ཁོས་རེས་མང་པོ་མཇལ་མྱོང་བའི་སྟབས་ཀྱིས་དམ་པ་ཉིད་མཐོང་མ་ཐག་ཏུ་ངོ་ཤེས་ཏེ་ཚོགས་གྲལ་ནས་ཡར་ལངས་ཏེ་ཕྱག་དབང་ཞུས་པར་དམ་པ་ཉིད་ཀྱིས་ཀྱང་ཕྱག་དབང་ཞིག་གནང་ནས་ཕེབས་སྐད། དེ་ཉིད་ཚོགས་ལངས་བྱས་པར་ཕྱག་དབང་ཞུས་པའི་གྲྭ་པ་རྒྱལ་བ་བྱུང་བས། སྔར་ཡིན་ན་ཁོའི་ཟླ་བོ་གཞན་དེ་སློབ་གཉེར་བཟང་བའི་ཚད་དུ་འཇོག་པར་བྱེད། དེ་རིང་ཁོ་རྒྱལ་བྱུང་བ་དེ་དམ་པ་དེའིི་ཕྱག་དབང་གི་བཀའ་དྲིན་ཞེས་དགེ་འདུན་ཡོངས་ཀྱིས་གསུངས་སྐད། དེ་ལ་འདི་སྐད་ཅེས་བྱ་སྟེ།
གངས་ཅན་གཙུག་ནོར་དམ་པ་དེ། །
མཐའ་འཁོབ་འཛིན་མར་འཕོས་ཙ་ན། །
བྱ་བྲལ་ཛོ་ཀིའི་ཚུལ་མཛད་ཅིང་། །
སྤྱོད་པ་གཤེགས་པའི་གྲུབ་ཆེན་བཞིན། །
རྒྱ་གར་བལ་བོད་ཐམས་ཅད་ནི། །
རྫུ་འཕྲུལ་ཤུགས་ཀྱིས་བསྐོར་མཛད་ཅིང་། །
གདུལ་བྱ་གང་ལ་གང་འདུལ་གྱིས། །
འགྲོ་དོན་བསྐྱངས་ནས་མདོ་སྨད་ཐེག།།
དེ་ཡང་དང་པོ་འཇམ་མགོན་བླ། །
ཙོང་ཁ་པ་ཉིད་འཁྲུངས་པའི་ཡུལ། །
གང་དེའི་ཆོས་ཀྱི་སྡེ་ཆེན་པོར། །
བླ་མ་དགེ་འདུན་བཅས་པས་བཀུར། །
མངོན་ཤེས་རྫུ་འཕྲུལ་ཏིང་འཛིན་སོགས། །
བརྙེས་པའི་འཕགས་པ་ཐམས་ཅད་ཀྱི། །
མགོན་པོ་འདི་ཉིད་མཐོང་བའི་མོད། །
ཤིན་ཏུ་དད་ཅིང་གཙུག་ཏུ་བཀོད། །
རྩ་བའི་གཞུང་ལ་འཇུག་སྟེ། དེ་ནས་དེ་སྐབས་དེ་ཙམ་ཞིག་མཛད་དེ། ཟི་ལིང་ནས་ཞབས་ཕྱི་རྣམས་ཁྲིད་དེ་ཤད་པར་ཨ་ལག་ཤ་རུ་བྱོན། ངེད་ཀྱི་ཕ་བཛྲ་སྐྱབས་ཐེ་རྗེ་དང་། ཨ་ཡེ་ངག་དབང་སྦྱིན་པ། ཨ་མ་རྣམ་འཛོམས་སོགས་ཆེ་བཞི་ཐམས་ཅད་འཛོམས་ཡོད་པའི་སྐབས་སུ་དགུན་ཟླ་ར་བའི་ཚེས་བཅུ་གཉིས་ལ་ཙབ་པུར་ཨོ་སུ་ཟེར་བར། སྐུ་ཞབས་རིན་པོ་དེ་ཉིད་ཆིབས་པ་རྟ་དཀར་པོ་སྒ་ཆ་ལེགས་པ་ཞིག་ལ་བཅིབས་ནས་གཉིས་སྡོམ་གནང་ཞིང་། སྐུ་ལ་སྟོད་འགག་ཤམ་ཐབས་སོགས་གྲྭ་ཆས་གསར་པ་སྤུས་ལེགས་ཤིག་ལ་སྐུ་གཟན་འགན་སྦྱར་སྦྲགས་ནས་བཞེས་ཏེ་གཟན་ནོན་མཛད་ཅིང་། དབུ་ལ་སྒོམ་ཞྭ་གསར་ལེགས་ཤིག་དང་། ཞབས་ལ་དབུས་ཀྱི་དར་ཟོན་མཛེས་པོ་ཞིག་མནབས་ནས། གཞན་གྲྭ་པ་བཅུ་གཅིག་སློབ་མའི་ཚུལ་ཏུ་ཕྱག་གཡོག་ཏུ་ཞུ་བཞིན་པར་ཕེབས་ཡོང་སྐབས་སུ། ངེད་ཚོ་ཐམས་ཅད་ཀྱི་མཆོད་གནས་ཡིན་པའི་ཐོར་ཀོངྷ་ཨ་ཡུ་ཁི་ཧན་གྱི་དགེ་སློང་བཀྲ་ཤིས་ཟེར་བའི་མངོན་ཤེས་ཐོགས་པ་མེད་པ་ཅན་ཞིག་ཡོད་པ་དེས་ཕྱི་ནས་རྒྱང་རིང་པོ་ནས་༸སྐྱབས་མགོན་ཕེབས་པ་མཐོང་ནས་དགེ་སློང་དེ་ནང་དུ་རྒྱུག་ཡོང་ནས། ནུབ་ཕྱོགས་ནས་བླ་མ་དཔོན་གཡོག་བཅུ་ལྷག་ཙམ་ཞིག་ཕེབས་བྱུང་བས། ཁྱེད་ཚོ་དཔོན་དཔོན་མོ་ཐམས་ཅད་ཀྱིས་རྟེན་འབྲེལ་མ་འཆུགས་པ་བསུ་བ་བགྱིས། ནང་དུ་གདན་མཐོན་པོ་བཤམས་ལ་ཐམས་ཅད་ཀྱིས་ཕྱག་ཕུལ་ནས་འཚོ་བ་གང་ལེགས་སྦྱོར། དད་མོས་ཡག་པོ་གྱིས་ལ་གསོལ་བ་དྲག་ཏུ་ཐོབ། བླ་མ་དེ་རང་བཞིན་ཞིག་མིན་པར་ངས་ཐག་ཆོད་ཟེར་ནས་ནན་ཆེར་བསྒོ་གཏམ་བགྱིས་པས། ངེད་ཚོའི་ཆེ་བཞི་རྣམས་ཀྱིས་ཀྱང་དེ་ལྟར་དང་བླངས་བྱས་ནས་ནང་དུ་གདན་དྲངས་ཏེ་དད་གུས་ཚད་མེད་པ་བྱས་ཤིང་། གསོལ་ཇ་གསོལ་སྟོན་སོགས་ཀྱང་རང་ཚོད་དང་མཐུན་པར་ལྕོགས་ཚོད་ཀྱིས་བསྒྲུབས་ནས་དེ་ནུབ་རང་སྒར་ལ་ཕེབས་ནས་བཞུགས་སྐད། དེ་དུས་ཁོ་བོ་ལོ་གཉིས་ཡིན་པ་བྱིན་པས་ལུས་པོ་མི་ཐེག་པས་གོག་ནས་སོང་སྟེ། རྗེ་ཉིད་ཀྱི་སྐུ་པང་གི་སྟེང་དུ་བསྡད་པས། རྗེ་ཉིད་ཀྱིས་ཀྱང་ཐུགས་ཤིན་ཏུ་བརྩེ་བརྩེ་མཛད་ཅིང་། ངའི་མགོ་ལ་བྱུག་པ་གནང་ནས་ཨ་ཙ་མ་གསུང་ཐུགས་ཤིན་ཏུ་མཉེས་མཉེས་མཛད་སྐབས་རྗེ་ཉིད་ཀྱི་སྐུ་པང་གི་སྟེང་དུ་ངེད་ནས་གཅིན་བཏང་བྱུང་བར་རྟེན་འབྲེལ་ཤིན་ཏུ་བཟང་གསུང་ཟེར། དེའི་ཕྱི་ཉིན་ནང་དུ་གདན་དྲངས་ནས་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ཞུས་པར། རྗེ་ཉིད་ཀྱི་ཐུགས་དགྱེས་བཞིན་པར་བཀའ་དྲིན་བསྐྱངས་པའི་མཇུག་ཏུ། གཙོ་བོས་ཇི་ལྟར་བཀའ་བསྒོས་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ཅེས་པའི་རྗེས་ཟློས་འདིའི་སྐབས་སུ། ངེད་ཀྱི་ཕ་བཛྲ་སྐྱབས་ཐེ་རྗེས་ཐལ་མོ་སྦྱར་ནས། སྐུ་ཞབས་ཉིད་འདི་ག་ནས་ངེད་ཚོའི་མཆོད་གནས་མཛད་དེ་བཞུགས་དགོས་ཞུས་པར། རྗེ་ཉིད་ཀྱིས་ཡོང་ཡོང་གསུང་ཟེར། ཆོས་ཐུན་གྲོལ་ནས་གསོལ་ཇ་བཞེས་པའི་སྐབས་སུ་ངེད་ཀྱི་ཕ་བཛྲ་སྐྱབས་ཀྱིས་ད་ལྟ་བཀའ་གནང་ལྟར་ཅི་ནས་ཀྱང་བཞུགས་དགོས་ཞེས་ཞུས་པར། ད་ལྟ་གང་ལབ་ཅེས་གསུངས་པར་ངེད་ཀྱི་ཕས་ད་ལྟའི་རྗེས་གནང་གི་མཚམས་སུ་བླ་མ་ཉིད་འདི་གར་བཞུགས་དགོས་ཞེས་ཞུས་སྐབས་སུ་བཞུགས་པའི་ཞལ་བཞེས་གནང་གྲུབ་པ་ལེགས་པས། ད་དུང་ཐུགས་རྗེས་འཛིན་པར་ཞུ་ཞེས་ཡང་བསྐྱར་གྱིས་ཞུས་པས། དམ་པ་ཉིད་ཀྱི་ཞལ་ནས་ད་ཀས་ངའི་སེམས་གཡེངས་ནས་ཁྱོད་ལ་ཡོང་ཞེས་ལབ་ཡོད་ན་ང་གཏམ་གཅིག་པ་ཡིན་པས། གལ་ཏེ་ཡུལ་ཕྱོགས་འདི་དག་ན་འདུག་དགོས་བྱུང་ན་ཕལ་ཆེར་ལ་ཁྱོད་ཀྱི་སྒོ་རྩར་འདུག་ས་བྱེད། སྤྱིར་ངའི་བསམ་པ་ལ་རི་བོ་རྩེ་ལྔ། རྒྱ་ནག་ཕོ་བྲང་། རི་བོ་གྲུ་འཛིན་སོགས་ལ་མཇལ་ནས་བྱང་ཤམྦྷ་ལར་འགྲོ་རྩིས་ཡོད་ཀྱང་། སྔར་ང་རང་རྒྱལ་མེ་ཏོག་ཐང་གི་ལྷ་མོའི་བླ་མཚོ་མཇལ་སྐབས་དམག་ཟོར་མས་བླ་མཚོའི་མེ་ལོང་ལ་རྒྱ་བོད་ཧོར་གྱི་ཡུལ་གྲུ་ཐམས་ཅད་དང་། ཁྱེད་ཚོའི་ཨ་ལག་ཤའི་དབྱིབས་མཚན་ཉིད་དང་། ཁྱོད་ཀྱི་སྡོད་ལུགས་དང་བཟའ་གྲངས་སོགས་གསལ་བར་བསྟན་ནས། ཁྱོད་ཀྱི་ཕྲུ་གུ་ཆུང་ཆུང་འདི་ཡང་མ་དེའི་པང་ན་ཡོད་པ་གསལ་བར་བསྟན་བྱུང་བས། ཕྲུ་གུ་འདིའང་སྐལ་ལྡན་ཞིག་ཡིན་ལས་ཆེ། འོན་ཀྱང་འདི་སྐོར་གྱི་ངའི་བསླབ་བྱ་མཐའ་དག་དང་། ཁྱད་པར་དུ་ད་བོད་ཕྱོགས་ནས་ཡོང་བའི་བླ་མ་ཞབས་དྲུང་འདི་འདྲ་བ་ཞིག་ཡིན་ཞེས་རེ་ཞིག་བར་དུ་གཞན་གང་ལའང་མ་བསྒྲགས། རེ་ཞིག་བར་དུ་ངས་བསྟན་འགྲོའི་དོན་ལ་སྔར་ལྟར་གནས་སྐོར་བའི་ཆ་ལུགས་སུ་འགྲོ་དགོས་པས་ཁྱོད་ཚོས་བར་ཆད་མ་བྱེད། ནམ་ཞིག་ན་ངའི་རྣམ་ཐར་ཡོངས་སུ་གསལ་ཞིང་ཀུན་གྱིས་ངོ་མཚར་དུ་གྱུར་ནས་ཚད་མར་འཛིན་པའི་དུས་ཤིག་ཡོང་བས་ཚ་དྲག་མི་དགོས་ཞེས་གསུང་སྐད།
དེ་ནས་ཚེས་ཉེར་ལྔའི་ཉིན་རྗེ་ཉིད་ཀྱིས་བདེ་མཆོག་གི་ཚོགས་འཁོར་མཛད་པའི་གྲལ་དུ་ངེད་ཀྱི་ཨ་ཡེ་དང་ཕ་མ་སོགས་སྦྱིན་བདག་རྣམས་དང་ཕྱག་གཡོག་པའི་གྲྭ་པ་བཅུ་ལྷག་བཀྲ་ཤིས་དགེ་སློང་སོགས་དང་། བོད་སོག་པོའི་གྲྭ་པ་སློབ་མར་གྱུར་པའང་མང་རབ་ཡོད་པའི་ཚོགས་གྲལ་དུ་རྗེ་ཉིད་ཀྱིས་མགུར་འདི་གསུངས་སོ།།
རྗེ་དུས་གསུམ་སངས་རྒྱས་འགྲོ་བའི་མགོན། །
ཕ་བློ་བཟང་ཡེ་ཤེས་ཞབས་ལ་འདུད། །
གཞན་འགྲན་གྱི་དོ་མེད་རྣམ་གསུམ་བཞུགས། །
དུས་རྟག་ཏུ་འབྲལ་མེད་སྤྱི་བོར་མཆོད། །
མི་ང་ཡིས་སྐྱོ་གླུ་ལེན་པ་ལ། །
ཁྱེད་འདིར་ཚོགས་རྣམས་ཀྱིས་ལེགས་པར་ཉོན། །
ང་གངས་ལྗོངས་ཡུལ་ནས་འཁྱམས་པ་དང་། །
ཁྱེད་མཐའ་འཁོབ་ཡུལ་དུ་སྐྱེས་པ་གཉིས། །
ཉིན་བཟང་དགུ་འཛོམས་པའི་ཚེས་ལ་མཇལ། །
རུས་ཆེ་དགུ་འཛོམས་པའི་སྦྱིན་བདག་རྣམས། །
ཆོས་ཟབ་དགུ་འཛོམས་དང་ལྷན་དུ་འཕྲད། །
དོན་འདོད་དགུ་འཛོམས་པའི་རྟེན་འབྲེལ་ཡོད། །
ངས་ཕ་ཡུལ་རྒྱབ་ཏུ་སྤངས་ལགས་ཀྱང་། །
ཁོང་འདི་ལ་འཕྲེང་བ་རྣམ་གསུམ་འདུག །
ཡིད་འདི་ལ་བཅགས་པ་རྣམ་གསུམ་ཡོད། །
སེམས་འདི་ལ་འཚེར་བ་རྣམ་གསུམ་གདའ། །
རྗེ་བློ་བཟང་ཡེ་ཤེས་ཐོག་དྲངས་པའི། །
མཚན་བརྗོད་པར་དཀའ་བ་འགའ་ཙམ་བཞུགས། །
དེའི་མཛད་པ་ཡོན་ཏན་དྲན་ཙ་ན། །
ངས་སྙིང་གི་ཁོང་ན་མ་བས་འཕྲེང་། །
གནས་ཆོས་འཁོར་དཔལ་གྱི་ལྷ་ས་རུ། །
ཇོ་བོ་ཤཱཀྱ་མུ་ནེས་ཐོགས་དྲངས་པའི། །
རྟེན་བྱིན་ཅན་བགྲང་ཡས་བརྗོད་མི་ལང་། །
དེ་རུས་པའི་ཁོང་ན་མ་བས་འཕྲེང་། །
ཕ་འཇམ་མགོན་བླ་མའི་གདན་ས་མཆོག།།
དཔལ་སེ་འབྲས་དགེ་གསུམ་ལ་སོགས་པའི། །
བཤད་སྒྲུབ་ཀྱི་བསྟན་པའི་འབྱུང་གནས་བཞུགས། །
དེ་སྙིང་གི་ཁོང་ན་མ་བས་འཕྲེང་། །
ལར་གཞུང་གི་བཀའ་མདའ་རྩིས་གསུམ་སོགས། །
ཕྱི་ནང་གི་དྲུང་འཁོར་ཆེ་འབྲིང་ཀུན། །
སྤང་གཤོང་གི་ཤྭ་ཕོ་རྭ་ཕོག་འདྲ། །
ཀུན་སྙིང་རྗེའི་ཡུལ་དུ་ཡིད་ལ་བཅགས། །
ཡང་ཆུང་དུས་ནས་འདྲེས་པའི་སློབ་མའི་ཚོགས། །
དུས་རྟག་ཏུ་ང་ཉིད་གཅིག་པུ་སེམས། །
ཆུ་གཞུང་ལས་བཏོན་པའི་ཉ་མོ་འདྲ། །
ད་གང་འདྲ་ཡོད་ཅེས་ཡིད་ལ་བཅགས། །
བོད་ཤིང་སྒོ་ཅན་གྱི་སྐྱེ་བོ་ཀུན། །
དུས་ད་ལྟ་བདེ་སྡུག་ཅི་འདྲ་ཞེས། །
འདི་ཡང་བསྐྱར་བསམས་ན་སྙིང་རེ་རྗེ། །
ངས་རྣམ་པ་ཀུན་ཏུ་ཡིད་ལ་བཅགས། །
སྤྱིར་བོད་འདི་ཁྲེལ་གཞུང་ཆུང་བའི་ཕྱིར། །
དྲིན་འཁོར་ཐབས་མེད་ཀྱང་ཤེས་མི་འགྱུར། །
སྒོས་དཔྱད་པ་ཕྱོགས་རེས་ཆེ་བའི་ཕྱིར། །
ལར་ཅི་འདྲ་འབྱུང་ཞེས་སེམས་ལ་འཚེར། །
གཞུང་དགའ་བའི་དགའ་ལྡན་ཕོ་བྲང་དེ། །
དུས་དེང་སང་ས་འོག་གཏེར་དང་འདྲ། །
སུའི་སྐབས་སུ་བབས་པ་དེ་ཡིས་དབང་། །
ཚུལ་འདི་ཡང་བྱ་བྲལ་སེམས་ལ་འཚེར། །
ཡང་བོད་འབངས་སྡུག་པའི་དུས་སུ་ཉེ། །
ལྷ་མཁའ་འགྲོ་ཀུན་ཀྱང་ལུགས་ཀྱིས་ཁྲེལ། །
ང་འདི་འདྲ་ཡིན་ཞེས་རློམ་པ་འགའ། །
སྟོབས་ནུས་མཐུ་ཆུང་བས་སེམས་ལ་འཚེར། །
ལོ་བརྒྱ་དང་ཟླ་མཐོང་བཅུ་ལྷག་ལ། །
གཞན་ཁོ་ནའི་ཆེད་དུ་དཀའ་བ་སྤྱད། །
མི་ང་ལ་བདག་འཛིན་མ་མཆིས་ཀྱང་། །
དུས་དེ་རིང་དྲན་ནས་སྐྱོ་སྣང་ཤར། །
དོན་ཤེས་ན་ཀུན་རྟོག་སྒྱུ་མ་ཙམ། །
དོན་མ་ཤེས་ཐ་མལ་ཚུལ་གྱིས་འཆོས། །
དེ་ཀུན་ཀྱང་སྒྱུ་མའི་རོལ་རྩེད་ཡིན། །
ལར་ཕོ་རུས་སྐྱེད་ཅིག་བྱ་བྲལ་བ། །
དུས་དེང་ནས་བྱང་ཆུབ་མ་ཐོབ་པར། །
ཕ་བླ་མའི་རིང་ལུགས་འཛིན་པ་དང་། །
མ་འགྲོ་དྲུག་ཐར་པར་འདྲེན་པ་ལ། །
བུ་སྙིང་རྗེའི་དེད་དཔོན་བྱེད་པར་ཤོག།།
གནས་ངེས་མེད་འགྲིམ་པའི་རྣལ་འབྱོར་དང་། །
ལས་སྨོན་ལམ་གྱིས་འབྲེལ་བའི་སྦྱིན་བདག་རྣམས། །
འཚང་མཉམ་རྒྱས་བྱེད་པའི་རྟེན་འབྲེལ་ཡོད། །
རྟེན་འབྲེལ་གྱི་ཡང་སྙིང་དད་པ་ཡིན། །
ཅེས་གསུངས་པར་དེ་ན་ཡོད་པ་ཀུན་གྱི་སེམས་སྐྱོ་ཞིང་དད་གུས་ཚད་མེད་པ་ཐོབ་ཅིང་། བོད་ཀྱི་གྲྭ་པ་བོད་སྐད་ཤེས་པ་རྣམས་ཀྱིས་ཀྱང་སེམས་ལ་སྐྱོ་བ་ཤིན་ཏུ་ཚད་མེད་སྐྱེས་ཤིང་། མིག་ནས་མཆི་མ་བྱུང་ནས་ཀུན་གྱིས་མགྲིན་གཅིག་ཏུ་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་རྗེ་ཉིད་དང་མི་འབྲལ་བའི་སྨོན་ལམ་བཏབ། དེ་ཉིན་རྗེ་ཉིད་ཀྱང་ཐུགས་སྐྱོ་ཚུལ་ཅུང་ཟད་བསྟན་པའི་རྗེས་ལ་སླར་ཡང་བཞད་མོ་གནང་ནས་རྣལ་འབྱོར་པའི་དྲན་རྟོག་ཐམས་ཅད་ཀུན་གཞིའི་ངང་ལ་ཞོག་ཟེར་བ་ཡིན་པས། ངས་གང་བྱས་པ་ཐམས་ཅད་རྨི་ལམ་དང་འདྲ། སྒྱུ་མ་དང་འདྲ། དེ་ལྟ་བུའི་ངང་ནས་ད་དུང་ཡང་བསྟན་འགྲོའི་དོན་ལ་འབད་པ་ལས་གཞན་ཅི་ཡོད་ཅེས་གསུང་སྐད། མགུར་མ་འདིའི་སྐོར་དེ་སྐབས་དགེ་སློང་བཀྲ་ཤིས་ཀྱིས་ཤོག་དྲིལ་དུ་ཕབ་ནས་བྲིས་འདུག །ཞུ་དག་བྱས་ཡོད་མིན་ནི་མ་ཤེས། དེ་ནས་ཉེ་སྐོར་དཔོན་རིགས་སོགས་སྦྱིན་བདག་གང་རིགས་ལ་གང་ལ་གང་དགོས་རིམ་གྲོ་དང་བསྔོ་བ་སྨོན་ལམ་འཕོ་བ་སོགས་འདོད་མོས་དང་མཐུན་པར་མཛད་ནས་ལོ་གསར་གྱི་བར་དུ་བཞུགས།
འཕོ་བ་གནང་སྐབས་ཐོད་པ་ཆག་ནས་ཀླད་པ་འཐོར་འགྲོ་བ་ཡོད། བྱ་ལོའི་ཚེས་ལ་ངེད་ཀྱི་ལྷ་གུར་ནང་དུ་དམག་ཟོར་མའི་གཤེགས་གཏོར་རྒྱས་པར་མཛད། ཚེས་གཉིས་ལ་རྒྱལ་གསོལ་ཟབ་རྒྱས་གནང་ནས་བཅོ་ལྔའི་བར་སྨོན་ལམ་གྱི་ཚུལ་གྱིས་ཉིན་རེ་བཞིན་རྟེན་གྱི་མདུན་དུ་མཆོད་པ་རྒྱས་པར་བཤམས་ནས་ཁྲུས་གསོལ་དང་སྨོན་ལམ་ཚད་མེད་མཛད། ཞབས་ཕྱི་གྲྭ་པ་རྣམས་ཀྱི་ནང་ནས་རྨེ་རུའི་འབུལ་སྡུད་པ་རྣམས་སྨད་ཀྱི་སོག་ཡུལ་དུ་བཏང་། གཞན་རྣམས་རི་བོ་རྩེ་ལྔར་གནས་མཇལ་དུ་རྫོང་བདའ་མཛད། དེ་ལ་འདི་སྐད་ཅེས་བྱ་སྟེ།
ཆིབས་པ་ཟླ་བའི་མདངས་འཛིན་དང་། །
ཞབས་ཆགས་དཀར་གསལ་མཛེས་པ་དེ། །
སྙིང་རྗེས་ཀུན་ནས་བསླངས་པ་ཡིས། །
འགྲོ་དོན་ཡོངས་སུ་སྤྱོད་པའི་རྟགས། །
རབ་བྱུང་ཆས་ཀྱིས་བརྒྱན་པ་དང་། །
སྐུ་སྐེད་ཕུར་པས་མཚན་པ་དེ། །
མདོ་དང་སྔགས་ཀྱིས་བསྡུས་པའི་བསྟན། །
འགྲོ་བའི་རྒྱུད་ལ་སྤེལ་བའི་རྟགས། །
སྒོམ་ཞུར་སེར་གསར་དྲི་མེད་པ། །
དབུ་ལ་མཛེས་པར་གསོལ་བ་དེ། །
འཇམ་མགོན་བླ་མའི་རིང་ལུགས་མཆོག།།
དྲི་མེད་མཐའ་ལ་སྤེལ་བའི་རྟགས། །
ཁྱོད་ཀྱི་ཞབས་མཆོག་གཡས་གཡོན་གཉིས། །
གླང་པོ་ཆེ་དང་རྟ་མཆོག་གིས། །
ལེགས་པར་བརྒྱན་ཅིང་མཛེས་པ་དེ། །
ཆོས་ཀྱི་འཁོར་ལོས་བསྒྱུར་བའི་རྟགས། །
གཞན་ཡང་འཁོར་ལོ་རྩིབས་བརྒྱད་ཀྱིས། །
ཤིན་ཏུ་མཛེས་པར་བརྒྱན་པ་དེ། །
རྒྱ་གར་འཕགས་ཡུལ་འགྲོ་བ་དང་། །
གནས་ཆེན་ཡོངས་རྫོགས་འགྲིམས་པའི་རྟགས། །
ཁྱོད་ཀྱི་ཕྱག་མཆོད་ཟུང་གི་གྲངས། །
རིམ་བཞིན་རིགས་གསུམ་མགོན་པོ་དང་། །
གནས་གསུམ་ཡིག་འབྲུས་མཚན་པ་དེ། །
སྐུ་གསུམ་མངོན་དུ་གྱུར་པའི་རྟགས། །
ཁྱོད་ཀྱི་སྐུ་ཡི་དཀྱིལ་འཁོར་ལས། །
ཚུལ་ཁྲིམས་དྲི་ངད་རབ་འཕྲོ་ཞིང་། །
སྣོམ་པ་ཙམ་གྱིས་གདུང་སེལ་བ། །
ཚུལ་སོགས་ཕྱིན་དྲུག་མཐར་ཕྱིན་རྟགས། །
ཁྱོད་ཀྱི་སྐུ་ཡི་དཀྱིལ་འཁོར་ནི། །
ཆུ་ཞིང་གབ་ཅིང་ཚང་བཟང་སོགས། །
མཚན་ཉིད་ཡོངས་སུ་རྫོགས་པ་དེ། །
བསྐྱེད་རིམ་མཐའ་རུ་ཕྱིན་པའི་རྟགས། །
མི་དང་དུད་འགྲོའི་རིགས་ཅན་ལ། །
འཕོ་བས་ཚེ་ནི་འཕོས་བྱས་ཏེ། །
སེ་གོལ་བརྡ་ཡིས་སོས་མཛད་པ། །
རྫོགས་རིམ་མཐའ་རུ་ཕྱིན་པའི་རྟགས། །
ཞལ་དཀྱིལ་རྫོགས་ཟླ་ལྟར་རྒྱས་ཤིང་། །
སྤྱན་རས་མཛེས་ཀྱང་བལྟར་མི་བཟོད། །
དབུ་སྐྲ་ལྕང་ལོར་འཁྱིལ་བ་སོགས། །
སྐུ་ཁམས་ཤིན་ཏུ་མཐོ་བའི་རྟགས། །
ཚེམས་དཀར་བཞི་བཅུའི་གྲངས་ལྡན་ཞིང་། །
དེ་ཡང་ཡས་ཀྱི་མདུན་སོ་གཡས། །
རིན་ཆེན་གཡུ་ལས་གྲུབ་པ་དེ། །
མཚན་ལྡན་གཞན་ལས་འཕགས་པའི་རྟགས། །
མདོར་ན་མཚན་དང་དཔེ་བྱད་ཀྱིས། །
མ་ལུས་པར་ནི་རབ་བརྒྱན་ཅིང་། །
བྱམས་དང་སྙིང་རྗེས་རྒྱུད་གཏམས་པ། །
སྤྱན་རས་གཟིགས་ཀྱི་སྤྲུལ་པའི་རྟགས། །
དེ་ལྟར་ཕྱི་ཡི་རྣམ་པ་དང་། །
ནང་གི་རྟོགས་པ་མཐོང་བའི་བརྡ། །
བློ་ལྡན་ཀུན་གྱི་སྤྱན་ལམ་དུ། །
གསལ་འགྱུར་དེ་ནི་སངས་རྒྱས་བཞིན། །
རྩ་བའི་གཞུང་ལ་འཇུག་སྟེ། རྗེ་ཉིད་ཀྱི་མདུན་དུ་ངེད་ཚོའི་འདི་གའི་ཨུན་དུར་དགེ་སློང་། ངག་དབང་ལྷུན་གྲུབ། ཤར་བནྡེ། ཤེས་རབ་རྒྱ་མཚོ་རྣམས་སྐུ་མདུན་དུ་བཅར་ཞིང་། དམ་པ་ཉིད་ཀྱང་སྐབས་འགར་ཡར་མར་ལ་ཕེབས་སྐབས་སྔར་རྒྱུན་ལྟར་གྲྭ་རྐྱང་ཚུལ་གྱིས་ཆིབས་པ་རེ་བཅིབས་ནས་གཅིག་པུར་ཕེབས་པར་མཛད། དེ་ནས་དཔྱིད་ཟླ་འབྲིང་པོའི་ནང་དུ་ཨ་བོ་ཝང་གི་ཡ་མུན་ཕྱོགས་སུ་གཅིག་པུར་རྟ་གཅིག་ཆིབས་ནས་ཕེབས་ཏེ། ཧོ་ཤུ་ཙ་ཁི་རུག་ཆི་ལྷ་རྒྱས་ཀྱི་སྒོ་རྩར་ཕེབས་པར། རྒས་པོས་ཀྱང་སྨོན་ལམ་གྱི་དབང་གིས་དམ་པ་ཉིད་མཐོང་བ་ནས་བཟུང་དད་གུས་བཟང་པོ་བྱས་འདུག་ཅིང་། ཉིན་པར་རྒས་པོའི་གུར་ཆེ་བར་གསོལ་བཞེས་ཀྱི་སྐོར་གནང་ནས། མཚན་མོ་ལྷ་གུར་དུ་ཐུགས་དམ་མཛད་ནས་བཞུགས་སྐད། མཚན་མོ་ཞིག་རྒས་པོའི་གུར་ཆེ་བའི་ནང་དུ་དམ་པ་ཉིད་དང་། སྦྱིན་བདག་རྒན་རྒོན་སོགས་ཐམས་ཅད་ཀྱི་ལྷན་དུ་ཐུག་པ་བཞེས་ནས་རྗེ་ཉིད་ལྷ་གུར་ནང་དུ་ཕེབས་པའི་རྗེས་ལ། སྦྱིན་བདག་ཚོའི་གཡོག་མོ་ལྷ་སྐྱིད་ཟེར་བའི་བུད་མེད་ཅིག་ཡོད་པ་མེ་ཤིང་ལེན་པར་ཕྱིར་ཐོན་ནས་མེ་ཤིང་ལེན་གྲབ་བྱས་པར་གློ་བུར་དུ་ལྷ་གུར་དང་གུར་ཆེ་བའི་མཚམས་ལ་མེ་ཆེན་པོ་ཞིག་དྲག་ཏུ་འབར་ནས་ཡོད་པ་མཐོང་ནས་མེ་ཤོར་འདུག་ཅེས་སྐད་བརྒྱབ་ནས་ཕར་རྒྱུག་ཚུར་རྒྱུག་བྱས་པར་ནང་གི་བཟའ་བ་རྣམས་ཀྱང་རྒྱུགས་ནས་བྱུང་བར། དམ་པ་ཉིད་ཀྱིས་གསན་ནས་མེ་གང་ནས་ཅི་ལན་གཉིས་ཙམ་གསུངས་ཤིང་། ཕྱིར་ཕེབས་ནས་གཟིམས་ཏེ་མེའི་ནང་ནས་སྐུ་གཟན་བླངས་ནས་ངའི་བཅིངས་གཟན་སྟོར་བ་རེད་གསུངས་ནས་སྐུ་གཟན་སྐུ་སྐེད་ལ་དྲིལ་བར་མཛད་པས་མེ་དེ་འཇའ་ཡལ་བར་ལྟར་གྱུར་པས་ཀུན་གྱིས་ཡ་མཚན་དུ་བྱས་ཏེ་ནམ་ལངས་ནས་ཞིབ་ཏུ་བལྟས་པས་མེ་འབར་བའི་རྗེས་ཙམ་ཡང་གཏན་ནས་མི་འདུག་ཟེར།
དེ་ནས་རྗེ་ཉིད་ཀྱིས་ཆིབས་རྟ་དེ་སྦྱིན་བདག་དེ་ཚོའི་རྟ་རྫི་ཞིག་ལ་བཅོལ་ནས་གནང་བ། ཁོས་ཁྱེར་ནས་ཉིན་གཅིག་སྒ་བརྒྱབས་ནས་ཞོན་ཏེ་རྟ་འཚོལ་དུ་སོང་བས། ཕོ་རོག་གཉིས་གློ་བུར་དུ་བྱུང་ནས་རྟ་རྫི་དེའི་གཡས་ངོས་ནས་འཛིན་གྲབ། གཡོན་ངོས་ནས་འཛིན་གྲབ་བྱས་ཤིང་གཤོག་འགྱུར་ཡ་མ་ཟུང་བསྟན་བྱུང་བར། དེས་འཇིགས་དྲགས་ནས་རྟ་ལས་བབས་ཏེ་སྒ་བླངས་ནས་རྟའི་སྒལ་པ་ལ་ས་སྤར་བ་གང་གིས་འཕུལ་འཕུལ་བྱས་ནས་བཏང་། དེའི་ཕྱི་ཉིན་རྟ་རྫི་དེ་སླེབས་བྱུང་བར་རྗེ་ཉིད་སྦྱིན་བདག་སོགས་དང་ལྷན་དུ་གསོལ་ཇ་བཞེས་སྐབས་ཤིག་ཏུ་རྟ་རྫི་དེ་ལ་ཁ་སང་ངའི་རྟ་དེ་ཁྱོད་ཀྱིས་ཞོན་པ་ངས་འདི་ནས་མཐོང་བྱུང་། ཙ་ཁི་རུག་ཆི་ལ་རྟ་སུམ་བརྒྱ་འདུག་པའི་ནང་ནས་ཁྱོད་ལ་རྟ་ཞོན་རྒྱུའི་རྟ་གཅིག་མི་འདུག་གམ། ངའི་རྟ་གཅིག་པུ་ཁྱོད་ཀྱིས་ཞོན་པ་ཡིན་ནམ་མིན་གསུངས་པས། དེས་ཀྱང་གཞན་ཞིག་གིས་ཁྱེད་ལ་རྫུན་ཞུས་པ་ཡིན་འགྲོ་ཞུས་པར། རྗེ་ཉིད་ཀྱིས་བཞད་མོ་མཛད་ནས་ཁྱོད་ཀྱིས་རྫུན་དེ་འདྲ་མ་ལབ། ཁ་སང་ཁྱོད་ཀྱིས་རྟ་དེ་ཞོན་ནས་ཕར་ཆུ་གཞུང་ཞིག་ལ་སླེབས་སྐབས། ངའི་ཆོས་སྐྱོང་གཉིས་ཕོ་རོག་གཉིས་ཀྱི་གཟུགས་སུ་སྤྲུལ་ནས་ཁྱོད་ཀྱི་ཕྲག་པ་གཡས་ནས་འཛིན་གྲབ་བྱས། གཡོན་ནས་འཛིན་གྲབ་བྱས་པ་ངས་འདི་ནས་མཐོང་ཞིང་། ཁྱོད་སེམས་ཅན་ཕྲན་བུ་ཞིག་ཡིན་པ་ལ་ངས་སྙིང་རྗེ་ཚད་མེད་པ་ཞིག་སྐྱེས་ནས་ཆོས་སྐྱོང་གིས་ཁྱོད་ལ་གནོད་པ་མི་བྱེད་པའི་འཕྲིན་བཅོལ་ཤུགས་དྲག་བྱས་པ་ཁྱོད་ལ་ཕན་ཙམ་བྱུང་ཡོད་ཤས་ཆེ་གསུངས་པར། རྟ་རྫི་དེ་སེམས་སྐྱོ་ཞིང་ངུ་བཞིན་པར་ཐལ་མོ་སྦྱར་ནས། བླ་མ་ཉིད་ངེས་པར་མངོན་པར་ཤེས་པའི་མཁྱེན་པ་ཐོགས་པ་མེད་པ་ཞིག་འདུག །ད་ཕན་ལ་སྐྱབས་འཇུག་གནང་བ་བཀའ་དྲིན་ཆེ། བདག་གི་ཉེས་པ་མཐོལ་ལོ་བཤགས་ཟེར་ནས་ཕྱག་ཕུལ་བས་སྔར་གྱི་སྦྱིན་བདག་བཟའ་པ་ཚང་མས་ནང་ཕན་ཚུན་དུ་གླེང་ཞིང་། ངོ་མཚར་དང་དད་པ་ཟུང་འབྲེལ་དུ་ཐོབ། ཕྱི་ཉིན་ཙ་ཁི་རུག་ཆིས་སོང་ནས་དཔོན་པོ་ཝང་ལ་དམ་པ་ཉིད་ཀྱི་མཛད་པ་ཁོས་མཐོང་སྣང་ལ་གང་ལ་གང་བྱུང་བ་ཐམས་ཅད་ལྷུག་ལྷུག་སུ་ལབ་པས། དཔོན་པོ་ཡ་མཚན་དུ་གྱུར་ནས་ངེས་པར་དེ་འདྲ་ཞིག་ཡིན་ན་ངས་མཆོད་གནས་བྱེད་དགོས་ཟེར་ནས་དགའ་སྤྲོ་དཔག་མེད་བྱས་ཟེར། སང་ཉིད་ཨ་བོ་ཝང་གི་ཙ་ཁི་རུག་ཆེས་གཙོ་བྱས་མི་བཟང་ཁ་ཤས་ཆེད་མངགས་བྱས་ནས་དཔོན་པོ་རང་གི་ཆིབས་པ་རྟ་དཀར་པོ་བཟང་བ་ཞིག་ཡོད་པ་དེ་ལ་སྒ་བསྟད་ནས་བསྐུར་ཏེ་དམ་པ་ཉིད་ཅི་ནས་ཀྱང་ཕེབས་དགོས་ཞེས་གདན་འདྲེན་ཞུས་པར། དམ་པ་ཉིད་ཀྱང་དེ་བཞིན་དཔོན་པོ་ཝང་གི་ཁྱིམ་ག་ལ་བ་དེར་ཕེབས་ནས། སྐབས་སུ་དཔོན་པོ་ཝང་དེས་ཀྱང་སྔོན་གྱི་ལས་འཕྲོ་བཟང་པོ་བསགས་པའི་མཐུས། དམ་པ་ཉིད་མཐོང་མ་ཐག་པ་ནས་བཟུང་དགའ་དད་ཚད་མེད་པ་ཐོབ་སྟེ་ཕྱག་འཚལ་ནས་ཁ་བཏགས་ཕུལ། ཕྱག་དབང་ཞུས་ནས་ཁྲི་མཐོན་པོའི་སྟེང་དུ་བཞུགས་སུ་གསོལ་ནས་གསོལ་ཇ་དང་དཀར་དྲོ་སོགས་ལེགས་པར་སྦྱར་ནས་གོང་གི་ཆིབས་ནས་བྱོན་པའི་རྟ་དཀར་པོ་དེ་ཆིབས་པ་ལ་ཕུལ། ཀེ་ཀེ་དང་ངེད་གཉིས་ཀྱིས་གཙོ་བྱས་ཡུལ་ཕྱོགས་འདིའི་སྤྱི་བླར་གནང་ནས་ཇི་སྲིད་འཚོའི་བར་དུ་བཞུགས་དགོས། ཁྱད་པར་དུ་ངེད་ཀྱི་བུ་ཆུང་བ་འདི་ལ་ཚེ་ཐག་རིང་བའི་སྐྱབས་འཇུག་མཛོད་ཅེས་ཞུས་པར། དམ་པ་ཉིད་ཀྱིས་ཝང་གིས་གཙོ་བྱས་ཡུལ་ཕྱོགས་འདིའི་སྐྱ་སེར་དྲག་ཞན་མཐའ་དག་སྔོན་གྱི་ཐུགས་སྨོན་གྱིས་བསྡུས་པའི་སྐལ་ལྡན་གྱི་གདུལ་བྱ་ཡིན་པར་གཟིགས་ནས། ང་སོག་ཡུལ་དུ་འདུག་དགོས་ན་ཁྱེད་ཚོའི་བླ་མ་བྱེད་མོད། ཁྱེད་ཚོ་ཐམས་ཅད་ཀྱིས་འདི་ཕྱིའི་དོན་འགྲུབ་པའི་ཆེད་དང་། ཡང་སྒོས་སུ་སྲས་འདི་ལ་སྐྱབས་འཇུག་ལོས་བྱེད་ཅེས་གསུངས་འདུག །
དེ་སྐབས་དཔོན་པོའི་གཟིམ་གུར་ཆེ་ལེགས་ཤིག་གཟིམ་ཆ་བཞུགས་གདན་དང་བཅས་པ་དབུས་གཙང་གྲ་འགྲིག་བྱས་ཡོད་པ་དེ་གར་བཞུགས་གདན་འཇགས་པར་འཚལ། རེ་ཞིག་དཔོན་མོ་ཀེ་ཀེས་སྣང་བརྟགས་མེད་པ་ལྟར་བསྡད་ཡོད་པ་ལས། ཉིན་གཅིག་རྗེ་ཉིད་སྔ་དྲོར་ཞལ་འདོན་མཛད་ནས་བཞུགས་སྐབས་ཤིག་ཀེ་ཀེས་ཉུག་རུམ་པ་དང་གཡོག་མོ་མང་པོའི་འཁོར་དང་བཅས་པ་གློ་བུར་དུ་ཕེབས་ནས་གོས་འབོལ་གདན་བདུན་བརྩེགས་བརྒྱབ་ནས་དེ་སྟེང་དུ་ནན་ཏན་གྱིས་འགོམ་སྟེ་སྟེང་དུ་བསྡད་ནས་ཚབ་རྔམ་ཆེན་པོ་བསྟན་པའི་མཐར། མོ་ན་རེ། ངས་བླ་མ་ཁྱོད་བལྟར་འོང་བ་ཡིན། མི་ཚོས་ཁྱོད་བླ་མ་དགའ་རབ་ཅིག་ཡིན་པར་འདུག་ཅེས་གླེང་ཡང་། ངས་ཚད་མར་འཛིན་མི་ཐུབ། གལ་ཏེ་ཁྱོད་ཀྱིས་ངས་མཐོང་ས་འདི་ནས་རྫུ་འཕྲུལ་སྟོན་ནུས་ན། ངས་ཁྱོད་ཀྱི་སྦྱིན་བདག་བྱེད་པར་དམ་བཅའ་བ་ཡིན། གལ་ཏེ་སྟོན་རྒྱུ་མེད་ན་ལམ་པོ་ཆེ་འདི་ལ་ཁྱོད་དང་འདྲ་བའི་གནས་སྐོར་བ་རྒན་གཞོན་གྲངས་མེད་འགྲོ་བས་དེ་ཐམས་ཅད་ལ་སུས་བསྐུར་ཞེས་ཞུས་ནས་དུང་སྦུག་ཤིན་ཏུ་རིང་པོ་ཞིག་ལ་ཐ་མ་འཐེན་ནས་བལྟས་བསྡད་པས། རྗེ་ཉིད་ཀྱིས་ལན་གང་ཡང་མ་གསུངས་པར་སྤྱན་བཙུམ་སྟེ་ཞལ་འདོན་གྱི་འཕྲོ་བསྐྱངས་ནས་བཞུགས། དཔོན་པོ་ཝང་གིས་བཞག་པའི་གྲྭ་པ་ཞིག་ཡོད་པ་དེས་གསོལ་ཇ་ཁྱེར་འོངས་པ་ནས་གསོལ་ཅན་དཀར་ཡོལ་ཡུ་རིང་ཞིག་ཡོད་པའི་ནང་དུ་ཇ་བླུགས་ནས་རྗེ་དེ་ཉིད་ཀྱི་ཕྱག་ཏུ་ཕུལ་བས། རྗེ་ཉིད་ཀྱིས་དཀར་ཡོལ་དང་བཅས་པ་འདམ་ལྟར་བརྫིས་ནས་བྱ་སྒོང་གི་དབྱིབས་ཅན་གྱི་རིལ་པོ་གཅིག་ཏུ་བྱས་ཏེ་ཕྱག་གཉིས་ཀྱིས་གཡས་གཡོན་དུ་འཐེན་པས་ཐག་པ་འདྲ་བར་རྒྱང་ནར་གྱིས་བྱུང་སྟེ་འདོམ་གང་ཡོད་པར་བྱས། སླར་ཡང་བརྫིས་ཏེ་རིལ་བུ་གཅིག་བྱས་ནས་གནམ་དུ་འཕངས་པས་གུར་ཀླད་ལ་ཐོག་མར་མདའ་རྒྱང་གི་ཚོད་ཙམ་དུ་འཕར་ལ་གཟིམ་གུར་གྱི་དཀྱིལ་ཚད་དུ་ཕྱིར་འབབ་སྐབས་སྔར་གྱི་དཀར་ཡོལ་དེ་མ་གྲུམ་མ་ཆག་མ་གས་པར་ཁ་གྱེན་དུ་བསྟན་ནས་ཇ་དང་བཅས་མིས་བཞག་པ་ལྟར་བབས་བྱུང་བ་ཀུན་གྱིས་ཡ་མཚན་དུ་གྱུར། མདོ་ལས། སོ་སོ་སྐྱེ་བོ་རྣམས་ནི་རྫུ་འཕྲུལ་ལ་སེམས་མྱུར་དུ་གཏོད་པ་ཡིན་པས་ཞེས་གསུངས་པ་ལྟར། དེ་དུས་དཔོན་མོ་ཀེ་ཀེ་དེས་རྗེ་ཉིད་ཀྱི་རྫུ་འཕྲུལ་བསྟན་པ་མཐོང་མ་ཐག་ཏུ་གདན་ལས་བབས་ནས་པུས་མོ་བཙུགས་ཏེ་ངུ་ཞིང་རྒྱ་ལུགས་ཀྱི་ཕྱག་འཚལ་ནས་མགོ་རྒྱན་དང་མགུལ་རྒྱན་ཐམས་ཅད་བཀྲོལ་ནས་ཕྱག་ཏུ་ཕུལ་བས། རྗེ་ཉིད་ཀྱིས་ང་གནས་སྐོར་བ་ཞིག་ལ་བུད་མེད་ཀྱི་རྒྱན་ཆ་མི་དགོས། ཁྱད་པར་དུ་ཁྱེད་ཀེ་ཀེ་ཀོང་ཇོའི་རྒྱན་ཆ་ངེད་ལ་མི་དགོས་ཞེས་མ་བཞེས་ཀྱང་། དད་པའི་རྟེན་དུ་བཞེས་དགོས་ཞེས་ཨུ་ཚུགས་ཀྱིས་ཕུལ་བས་ངོ་མ་ཆོག་པར་བཞེས་པར་མཛད།
དེ་ནས་རེ་ཞིག་བར་དུ་དཔོན་དཔོན་མོ་དང་ཡུལ་ཕྱོགས་ཐམས་ཅད་ལ་གང་དགོས་པའི་རིམ་འགྲོ་རྗེ་ཉིད་ཀྱིས་གནང་དགོས་ཞེས་ཞུས་པ་ལྟར། དམ་པ་ཉིད་ཀྱིས་ཟླ་ངོ་གཉིས་ཀྱི་རིང་ལ་སྦྱིན་བདག་གི་རེ་བ་སྐོང་བར་མཛད། དེ་སྐབས་ཀེ་ཀེ་དེས་ལྷག་པར་དད་ནས་མོ་རང་གི་སྐྲ་ལུང་བསགས་ཡོད་པ་རྣམས་བསྡུས་ནས་གཙུག་ཏོར་ཤིན་ཏུ་མཛེས་པ་ཞིག་ལ་རིན་པོ་ཆེ་སྣ་ཚོགས་པས་ཕྲ་བཏབ་པ་ཞིག་བཟོས་པས་ཅུང་མ་འདང་པ་ལ་མགོ་བོའི་ལན་བུ་ནས་ལྐོག་ཏུ་གྲི་ཆུང་གིས་བཅད་དེ་ཁ་བསྐངས་ནས་ལྷའི་གཙུག་ཏོར་འདྲ་བ་ཞིག་བཟོས། དེ་དང་མཐུན་པའི་རིགས་ལྔ་ཅོད་པན་སྟོད་གོས་སོགས་དབང་ཆས་ཚང་མ། པུ་ལ་ཀོ་ཧན་གྱི་ཏཱ་ཧུ། ཞང་ཞིང་གེ་ཙེན་སྦུག་ཆ། གཞན་ཡང་བཞུགས་མལ་དུ་བཏིང་རྒྱུའི་མཛོད་གོས་ཀྱི་གདན་རིང་ཆ། བཞུགས་གདན་འགའ། སྔས་འབོབ་རིང་ཐུང་སྣ་ཚོགས་ལན་ཚར་དང་འཚེམ་དྲུབ་ཀྱི་མེ་ཏོག་སྣ་ཚོགས་པས་མཛེས་པར་བྱས་པ་རྣམས་དང་། གཞན་ཡང་དངུལ་སྤྱད་སྣ་ཚོགས། དབྱར་དགུན་གྱི་ན་བཟའ། མུ་ཏིག་གི་ཕྲེང་བ་དངུལ་སྲང་སྟོང་ཕྲག་འགའ་འགྲོ་བ་ཞིག་དང་། གསེར་ཐང་། པུ་ལ་ཀོ་ཧན་གྱི་ཏཱ་ཞྭ། ཞབས་འཆགས་སོགས་བླ་ཆེན་ལ་ཉེ་བར་མཁོ་བ་མཐའ་དག་ཕུལ་ཞིང་། དེ་དུས་ཨ་ལག་ཤའི་སྡེ་ཡོངས་སུ་རྫོགས་པ་ཐུན་མོང་མ་ཡིན་པའི་སྦྱིན་བདག་གི་གཙོ་བོར་གྱུར་ཏོ།།
སྔར་རྗེ་ཉིད་དབུས་ན་བཞུགས་དུས་དགེ་ཚུལ་དང་བསྙེན་རྫོགས་མ་བཞེས་པར་འགྱངས་པའི་སྐབས་སུ་སེ་རའི་བྱ་རོག་ཆོས་སྐྱོང་གི་ལུང་བསྟན་ལས།
ཧྲི༔ ཀུན་གྱི་མཆོད་གནས་མཆོད་རྟེན་དཀར་ཆུང་འདིར། །
དུས་ད་ལྟ་གསེར་མདོག་སྒྲོན་ན་ལེགས། །
དེ་མ་བྱས་ཡུལ་གྱི་ས་མཐར་འཁྱམས། །
ཧོར་རྒན་པོ་ཞིག་གིས་བྱ་ར་བྱེད། །
དེ་བྱུང་ཚེ་སྤྲེའུ་ཨ་ཙ་མ། །
ཞེས་ལུང་བསྟན་པ་ནི་ཤིག་ཐོག་གི་མཛུབ་མོ་རང་བྱུང་བ་ལགས། ཧོར་རྒན་པོ་ནི་ཨ་བོ་ཝང་ཡིན། དེ་ལ་འདི་སྐད་ཅེས་བྱ་སྟེ།
མགོན་པོ་ཁྱོད་ཀྱི་ཐུགས་བསྐྱེད་དང་། །
སྨོན་ལམ་རྒྱ་མཚོས་བསྡུས་པའི་ཞིང་། །
ཨ་ལག་ཤ་ཞེས་བྱ་བའི་ཡུལ། །
འདི་ཡི་ལོ་རྒྱུས་མདོ་ཙམ་འབྲི། །
དེ་ཡང་སྒྲོ་འདོགས་དང་བྲལ་ཞིང་། །
རང་བཞིན་ཇི་ལྟར་བྱུང་བའི་ཚུལ། །
ཆོས་དང་འཇིག་རྟེན་རྣམ་གཉིས་ཀྱི། །
ལུགས་སུ་གོ་རིམ་བཞིན་དུ་འཆད། །
དང་པོ་མཉམ་མེད་ཐུབ་དབང་དེ། །
གླང་རི་ལུང་དུ་བསྟན་པའི་རིར། །
གཤེགས་སྐབས་འདིར་ནི་ཞབས་སེན་གྱི། །
པདྨོ་བཀོད་དེ་བྱིན་གྱིས་བརླབས། །
བར་དུ་འཕགས་པའི་གནས་བརྟན་རྣམས། །
རྒྱ་ནག་ཡུལ་དུ་གཤེགས་པའི་ཚེ། །
འདིར་ནི་དབྱར་གནས་ཞལ་གྱིས་བཞེས། །
བག་ཕེབས་ངལ་གསོ་མཛད་ཅིང་བཞུགས། །
དེ་སྐབས་དགེ་བསྙེན་དྷ་རྨ་དེའི། །
འཁྲུངས་ཡུལ་འདི་ཉིད་ཡིན་པའི་ཕྱིར། །
འཕགས་པའི་གནས་བརྟན་བཅུ་དྲུག་གི །
སྦྱིན་བདག་མཛད་ཅིང་བསྙེན་བཀུར་བསྟབས། །
དེ་ཡི་མདུན་དུ་འོད་དཔག་མེད། །
རང་བཞིན་གྱིས་ནི་འབྱོན་པ་དང་། །
གཞན་གྱི་ཆགས་སོགས་སྐྱོབ་པའི་ཕྱིར། །
སྤྲུལ་པའི་སྟག་ནི་ཁྲིད་པར་མཛད། །
དེ་ཡང་སྤྱན་རས་གཟིགས་དབང་གི །
རྣམ་འཕྲུལ་ཡིན་པར་མཁས་རྣམས་བཞེད། །
གཞན་ཡང་ཕྱག་ན་པདྨོའི་འཕྲུལ། །
གླིང་གི་སེང་ཆེན་རྒྱལ་པོ་དེས། །
ལྗོངས་སུ་བཅད་ནས་སྲིན་པོ་བཏུལ། །
བྲག་ལ་ཕྱག་རྗེས་ཞབས་རྗེས་བཞག།།
ཕྱིས་སུ་༸རྒྱལ་དབང་གསུམ་པ་དང་། །
བཞི་པ་དང་ནི་ཁྱད་པར་དུ། །
ངག་དབང་བློ་བཟང་རྒྱ་མཚོའི་སྡེས། །
ཞབས་ཀྱི་པདྨོ་བཀོད་པར་མཛད། །
གཞན་ཡང་དཔལ་ལྡན་ཧེ་རུ་ཀ།།
བཅོམ་ལྡན་འཁོར་ལོ་སྡོམ་པ་དང་། །
འཕགས་པ་ཕྱག་ན་རྡོ་རྗེ་ཡི། །
ཕོ་བྲང་ཡིན་པར་མཁས་རྣམས་བཞེད། །
འདི་འདྲའི་ངོ་མཚར་གནས་མཆོག་འདིའི། །
ཕྱི་ཡི་གནས་ཚུལ་བརྗོད་པ་ལ། །
གླང་རི་ལུང་དུ་བསྟན་པའི་རིར། །
རི་བརྒྱུད་གཅིག་ཏུ་འབྲེལ་བར་ནས། །
ཉིན་ལ་རྒྱ་ནག་ཡུལ་གྲུ་དང་། །
སྲིབ་ལ་ཧོར་གྱི་ཡུལ་དུ་ཆགས། །
ཀུན་ཀྱང་རང་རང་ལུགས་སུ་ནི། །
བདེ་སྐྱིད་ཕུན་སུམ་ཚོགས་པར་གནས། །
ཨ་ག་རུ་ཡི་སྡོང་པོ་ནི། །
དཀར་ནག་ཁྲ་གསུམ་ཚུལ་དུ་ཡོད། །
གཞན་ཡང་ཁམ་སྡོང་ཤུག་པ་དང་། །
ཐང་ཤིང་སྟག་པ་ཁམ་བུའི་ཤིང་། །
སེང་ལྡེང་དང་ནི་སྒྲོན་ཤིང་དང་། །
ཙནྡན་དཀར་པོ་ཇ་ཤིང་སོགས། །
ཤིང་རིགས་ཤིན་ཏུ་མང་པོ་ལྡན། །
དཀར་པོ་གཅིག་ཐུབ་ལ་སོགས་པའི། །
བཞི་བརྒྱ་རྩ་བཞིའི་ནད་ཀྱི་གཤེད། །
ནུས་པ་ཚ་གྲང་སྣ་ཚོགས་ཀྱི། །
སྨན་གྱི་རིགས་ཀྱང་ཚང་བར་གནས། །
ཤྭ་དང་གླ་བ་རྒོ་བ་སོགས། །
རི་དང་ཐང་ལ་གནས་འཆའ་བའི། །
རི་དྭགས་ཚོགས་ཀྱང་ཚང་བར་གནས། །
གཟིག་དང་སྤྱང་ཀི་འཕར་བ་དང་། །
གླག་དང་ནེ་ལེ་བྱ་རོག་སོགས། །
ཤ་ལ་རོལ་བའི་བྱ་རིགས་དང་། །
གཅན་གཟན་ཚོགས་ཀྱང་ཚང་བར་གནས། །
ཁྲུང་ཁྲུང་གསེར་མང་འཇོལ་མོ་དང་། །
ངང་པ་ངུར་པ་ཁུ་བྱུག་སོགས། །
རི་དང་ཆུ་ལ་ཚང་འཆའ་བའི། །
སྐད་སྙན་བྱ་ཡི་ཚོགས་ཀྱང་གནས། །
ཡུལ་འདིའི་མཐའ་སྐོར་བྱ་རི་དང་། །
སྙུག་མའི་ཚལ་དང་མཚོ་དང་ནི། །
ནེའུ་གསེང་འབབ་ཆུ་ཁྲོན་པ་སོགས། །
ཀུན་གྱིས་མཛེས་པར་བྱས་འདྲ་ཡོད། །
གཞན་ཡང་གསེར་དང་མ་ན་ཧོ། །
ནོར་བུ་ཁྱུང་སྐྱུགས་ཆུ་ཤེལ་སོགས། །
རིན་པོ་ཆེ་ཡི་རིགས་རྣམས་ཀྱང་། །
ཕལ་ཆེར་འདིར་ནི་ཚང་བར་ཡོད། །
ཁྱད་པར་དབང་ཕྱུག་ཆེན་པོའི་རྟགས། །
རང་བྱུང་དུ་ནི་ཡོད་པ་དང་། །
གནས་བརྟན་ལ་སོགས་འཕགས་རྣམས་ཀྱི། །
ཕྱག་རྗེས་ཞབས་རྗེས་མང་དུ་བཞག།།
རྒྱ་བོད་ཧོར་གྱི་ཡུལ་གྲུ་ཡི། །
སུམ་མདོ་འདྲེས་པའི་ས་མཚམས་ཡིན། །
གླིང་འདིའི་ཕྱོགས་བཞིའི་ལམ་ཆེན་གྱི། །
བཞི་མདོ་འདྲེས་པའི་ལྟེ་བ་ཡིན། །
མཉམ་མེད་ཐུབ་པའི་དབང་པོ་དང་། །
འཕགས་པའི་གནས་བརྟན་བཅུ་དྲུག་སོགས། །
ཀུན་གྱིས་བྱིན་གྱིས་བརླབས་པའི་གནས། །
འདི་ནི་མཐའ་འཁོབ་ཅེས་གྲགས་ཀྱང་། །
དོན་དུ་ཡུལ་དབུས་ཡིན་པར་གྲུབ། །
དེ་ཡང་སྔོན་ཚེ་རྒྱལ་བ་ཡི། །
ཡུལ་དབུས་མཉན་ཡོད་སོགས་དོར་ནས། །
མཐའ་འཁོབ་རྩྭ་ཅན་གྲོང་གཤེགས་ཏེ། །
མཛད་པ་ཡོངས་སུ་རྫོགས་པར་མཛད། །
སྙིགས་དུས་མགོན་པོ་ཁྱེད་ཉིད་ཀྱང་། །
ར་ས་འཕྲུལ་སྣང་སོགས་བཞག་ནས། །
མཐའ་འཁོབ་ཧོར་གྱི་ཡུལ་ཁམས་འདིར། །
རྒྱལ་བའི་མཛད་པ་ཉེ་བར་བསྐྲུན། །
གང་ལ་གང་འདུལ་འཕྲིན་ལས་ཀྱིས། །
འགྲོ་སྐྱོང་འདྲེ་སྲིན་འདུལ་བ་སོགས། །
ཞི་རྒྱས་དབང་དང་མངོན་སྤྱོད་ཀྱིས། །
གདུལ་བྱའི་ཞིང་ས་སྨིན་པར་མཛད། །
མདོར་ན་ཡིད་བཞིན་ནོར་བུ་དང་། །
བུམ་བཟང་རིག་སྔགས་གྲུབ་པ་དང་། །
སྨན་ཆེན་དང་ནི་དཔག་བསམ་བཞིན། །
ཀུན་ལ་ཉེར་མཁོའི་དཔལ་དུ་ཤར། །
རྩ་བའི་གཞུང་ལ་འཇུག་སྟེ། དེ་ལྟ་བུའི་རང་རེ་སྐལ་བ་དང་ལྡན་པ་རྣམས་ཀྱི་མིག་གི་བདུད་རྩིའི་དགའ་སྟོན་དུ་མཐོང་བ་རྗེ་བླ་མ་འདི་ཉིད་ཀྱི་སྐུའི་དཀྱིལ་འཁོར་གྱི་རྣམ་པ་ནི། སྐུ་ཧ་ཅང་མི་ཆེ་སྐུ་ཧ་ཅང་མི་ཆུང་ཞིང་མངོན་གསལ་ཆེ་བ་དང་། ན་བཟའ་ངན་ངོན་གང་འདྲ་བཞེས་ཀྱང་གཞན་གྱི་ཕྱོར་ཕྱོར་ལེགས་ལེགས་ཐམས་ཅད་ལས་ལྷག་པ། སྔར་མཇལ་མ་མྱོང་བའི་བླ་དཔོན་ཆེ་རིགས་ཁེངས་པ་དང་དྲེགས་པ་ཅན་མདུན་དུ་བྱུང་ནས་ལུས་དང་སྐད་འདར་ཞིང་ཤིན་ཏུ་དཔའ་ཁུམ་པར་གྱུར་ཏེ་ཞལ་ལ་བལྟ་མི་ནུས་པ་དང་། གསུང་ལན་འབུལ་དཀའ་བ་ཡོད་པ་དང་། ལྐོག་ཏུ་མི་དད་པ་འགའ་ཞིག་ཕྱག་མི་འཚལ་བའི་རྩིས་ཡོད་པ་ཡང་ཞལ་གྱི་དཀྱིལ་འཁོར་མཐོང་མ་ཐག་དད་པའི་སྤུ་ལོང་གཡོ་ཞིང་མིག་མཆི་མ་འཁྲུགས་པ་དང་བཅས་ཞབས་སྤྱི་བོར་བླང་བ་ཡོད་ལ། ཞལ་གྱི་དཀྱིལ་འཁོར་ཤིན་ཏུ་མཛེས་ཤིང་དཀར་ལ་དམར་བའི་མདངས་ཆགས་པ། དགུང་ལོ་དྲུག་ཅུ་ལྷག་བཞེས་དུས་ཀྱང་སུམ་ཅུའི་ཚོད་ཀྱི་གཞོན་ཉམས་དང་། རེས་འགའ་ཟླ་རེ་བཞིན་གསལ་དགོས་པ། རེས་འགའ་ཟླ་བ་བཞི་ལྔའི་རིང་མ་བསལ་ཀྱང་བསལ་ཚོད་ལས་ལྷག་མི་འཁྲུངས་པ། ཕྱག་པུས་མོའི་མཚམས་ལས་བརྒལ་ཞིང་ཕྱག་ཞབས་ཀྱི་མཐིལ་དམར་ལ་སྣུམ་པ། སོར་མོ་རྣམས་ལ་བར་སྟོང་མི་མངའ་ཞིང་ཚིགས་མི་གསལ་བ། ཚེམས་བཞི་བཅུ་ཐམ་པ་ཚང་ཞིང་ཐགས་བཟང་བ། དེ་ཡང་ཡས་ཀྱི་མདུན་སོ་གཡས་པ་གཡུ་ལས་གྲུབ་པའི་རྩེ་ཆག་པའི་རྩ་བ་གཡུ་ལྟར་ལྗང་བ་ཞིག་ཡོད་པ། རྗེ་ཉིད་ཀྱི་ཞལ་ནས། ང་སྔ་མོ་ཆུང་དུས་ཆོ་འཕྲུལ་སྨོན་ལམ་གྱི་སྐབས་མཚན་མོ་ཞིག་འཆམ་བརྒྱབ་ནས་རྩེད་མོ་བྱས་པས་ཁང་ཐོག་མཐོན་པོ་ཞིག་ནས་ལྷུང་བའི་འོག་ཏུ་རྡོ་བཅལ་ཡོད་པའི་སྟེང་དུ་བརྡབས་ནས་འདིའི་རྩེ་ཆག་པ་དེ་ནུབ་རང་ལ་གདོང་པའི་ཕྱོགས་རྣམས་ཤིན་ཏུ་ན་བར་གྱུར་ནས་དཀོན་མཆོག་ལ་གསོལ་བ་དྲག་ཏུ་བཏབ་པས་ནམ་ལངས་ཙམ་ནས་སྐྲངས་པ་ཞི་ནས་ནད་མེད་པར་གྱུར་པ་ཡིན། ད་འདི་མེད་ནའང་གསུངས་ཏེ་རྩ་བ་དེ་ཡང་ཡང་བཏེགས་པ་དང་དོགས་གནས་ཡོད་སར་བཞད་པའི་སྐབས་སོགས་སུ་སྦེད་པ་ཞིག་ཡོད། སྤྱན་དཀྱུས་རིང་ཞིང་སྤྱན་འབྲས་ཀྱི་མཐར་ཞིབ་ཏུ་མཇལ་ན་འོད་འཇའ་ཚོན་འདྲ་བ་འཁོར་བ། སྙན་ཤལ་རིང་ཞིང་དམ་པ་ཞལ་དཀྱིལ་མཛེས་པས་མཐོ་ཞིང་དྲང་བ། ཞལ་སྒྲོས་མཛེས་ཤིང་དམ་པ་ཞལ་གྱི་དཀྱིལ་འཁོར་མཛེས་པས་མཐོང་མ་ཐག་དང་བ་འདྲེན་ཅིང་ལྟ་མི་བཟོད་པ། སྐུ་ཐོར་བཞེས་པའི་རྗེས་ཡོད་ཀྱང་སྐབས་འགར་ཡེ་མི་གསལ་བར་འགྲོ་བ། དགུང་ལོ་བགྲེས་པའི་སྐབས་ཀྱང་ཕྱག་ཞབས་ཀྱི་རྩ་མི་གསལ་ཞིང་སྐུ་ལུས་དྲང་ཞིང་སྙོམས་པ། ཕྱག་གཡོན་པའི་མཐིལ་ན་སྤྱན་གྱི་རྣམ་པའི་རི་མོ་དང་། ཕྱག་གཡས་པའི་མཛུབ་མོའི་རྩེའི་ཅུང་ཟད་གཡོན་ངོས་སུ་ཕྱག་རྡོར་གྱི་སྐུ་འབུར་དུ་དོད་པ། ཆེ་ཆུང་སྤྱན་དང་དབུ་སྐྲ་ཚུན་ཆད་གསལ་བ། ཕྱག་དེའི་སྲིན་ལག་གི་རྩེའི་གཡས་ངོས་སུ་ཨོཾ་ཨཱ༔ཧཱུཾ་བརྩེགས་མ་ཤིན་ཏུ་གསལ་བར་རིང་བསྲེལ་ཡིན་མིན་བརྟགས་པར་མཛད་པ་ནི་ཡི་གེ་དེ་བསྟན་པས་རིང་བསྲེལ་འཁྲུལ་མེད་ཡིན་ན་ཡི་གེ་དེ་ལ་ཐག་རིང་ནས་སིབ་སྟེ་འདྲེན་པར་མཛད་པ་ཤིན་ཏུ་ངོ་མཚར་ཅན་ཡོད། ལུམ་དང་ཆབ་ཞུགས་སོགས་ཀྱི་སྐབས་རླུང་གི་ནུས་པས་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པར་མཛད་དེ། སྐུ་རྗེན་པར་རྡོ་རྗེ་སྐྱིལ་དྲུང་དང་ཕྱག་གཉིས་མཉམ་བཞག་མཛད་ནས་རླུང་བཟུང་སྟེ་བཞུགས་པ་ན་སྐུའི་དཀྱིལ་འཁོར་འདི་འདྲའི་མཛེས་པའང་སྙམ་པའི་ཡིད་འཕྲོག་པ། ཚུལ་ཁྲིམས་ཀྱི་དྲི་ངད་རྒྱང་རིང་དུ་འཕྲོ་བ། ཐ་ན་བཞུགས་མལ་དང་རྡེའུ་ཤིང་བུ་སོགས་ཕྱག་ཏུ་ཅུང་ཟད་བསྣམས་པར་མཛད་པ་ལའང་དྲི་དེ་ཉིད་ཀྱི་ངད་ལྡང་བ་ཡོད་ལ། རྗེ་ཉིད་ཀྱི་ཞལ་ནས་ང་སྤྲང་པོ་བྱས་ནས་སྤྲང་ཁྲོད་དུ་སྡོད་པ་ནའང་དྲི་འདིས་གཞན་གྱི་དོགས་པ་སློང་བ་ཡོད་ཅེས་གསུངས་ལ། སྒོག་མ་བཞེས་པས་ཞལ་རླངས་འཕྲོ་བར་མཛད་པ་ནི་སྒོག་དྲི་མེད་པར་སྨན་དྲི་བཟང་པོ་ལྟ་བུ་ཞིག་བྲོ་བ་དང་། ཐ་མ་ཁ་བཞེས་དུས་དུ་བ་ཞལ་ལ་བླངས་ནས་གཞན་ལ་ཕོག་པར་མཛད་པ་ན་སྤོས་དྲིར་ཚོར་བ་སོགས་ངོ་མཚར་བ་བསམ་གྱིས་མི་ཁྱབ་པ་ད་ལྟ་ཡོད་པའི་ཞབས་འབྲིང་པ་ཀུན་ལ་མཐུན་སྣང་དུ་གྱུར་པ་ཡིན། གཞན་ཡང་ཐུགས་རྒྱུད་སྙིང་རྗེ་ཆེན་པོས་གང་བས་གཞན་ན་བ་དང་ཤི་བ་དང་སྡུག་བསྔལ་བ་སོགས་གཟིགས་པའམ་གསན་པར་གྱུར་པ་ན་ཐུགས་མི་བཟོད་པ་ལྟར་མཛད་ནས་སྤྱན་ཆབ་བསིལ་ཞིང་། དེའི་རྐྱེན་སེལ་དང་སྨོན་ལམ་འདེབས་པ་སོགས་ནན་ཏན་མཛད་པ་གཞན་དོན་དུ་རང་གི་སྐུ་ལུས་ཀྱིས་དཀའ་སྤྱད་དང་། སྐུ་སྲོག་ལའང་ལྟོས་པ་མེད་པའི་རྣམ་པར་ཐར་པར་མཐའ་ཡས་པ་ཡོད་ལ། ཐག་ཉེ་རིང་དང་མངོན་ལྐོག་གང་འདྲ་ཞིག་ཡིན་ཡང་གསལ་སྒྲིབ་མེད་པ་ས་ལེར་མཁྱེན་པ་དང་། གཞན་གྱི་སེམས་ཀྱང་ཇི་བཞིན་དུ་མཁྱེན་ནས་གསུངས་པ་དང་། གཞན་གྱིས་ལྐོག་ཏུ་བརྗོད་པ་དང་། རྒྱང་རིང་པོ་སྒྲ་དུས་དེར་གསན་ནས་གསུང་བ་དེ་ཁོ་ན་ལྟར་ཡིན་པ་དང་། རྡོ་ལ་ཕྱག་ཞབས་ཀྱི་རྗེས་འདམ་ལ་འཇོག་པ་ལྟར་མཛད་པ་སོགས་རྫུ་འཕྲུལ་ཐོགས་པ་མེད་པ་མངའ་ཞིང་། ནང་གི་རྟོགས་པའི་ཡེ་ཤེས་ཀྱི་ས་མཐོན་པོར་གཤེགས་པ་ཕྱི་རོལ་དུ་གནས་ཆེན་རྣམས་སུ་སྤྱོད་པ་ལ་གཤེགས་ནས་དཔའ་བོ་མཁའ་འགྲོ་རྣམས་འདུ་བར་མཛད་པ་རྒྱ་གར་གྱི་གྲུབ་ཐོབ་བརྒྱད་ཅུ་སོགས་དང་། བོད་ཀྱི་རྗེ་བཙུན་མི་ལ་ལྟ་བུའི་ཀུན་སྤང་གི་སྤྱོད་པ་མཛད་པ་ཡིན་ནོ།།
དེ་ནས་སླར་ངེད་ཀྱི་གཞིས་ལ་ཕེབས་ནས་ཟླ་བ་ཁ་ཤས་ཀྱི་རིང་ཐག་ཉེ་རིང་སྦྱིན་བདག་རྣམས་ཀྱི་འདོད་དོན་སྐོང་བ་མཛད་ནས་བཞུགས་ཏེ། ལོ་འདིའི་སྟོན་ཟླ་ར་བའི་ཚེས་ལ་ཕྱག་གཡོག་པ་འགའ་དང་བཅས་ཀེ་ཀེ་དང་ལྷན་དུ་རྒྱ་ནག་ཕོ་བྲང་ཆེན་མོར་ཕེབས་ནས་ཝང་གི་ཕུ་ན་བཞུགས་ཏེ། ཙནྡན་གྱི་ཇོ་བོ་སོགས་བྱིན་རྟེན་ཐམས་ཅད་ལ་ཞིབ་མཇལ་མཛད་ཅིང་། གཞན་ཡང་རྒྱ་ནག་ཕོ་བྲང་དེ་སུམ་ཅུ་རྩ་གསུམ་ས་ལ་འཕོས་པ་ལྟ་བུར་འདུག་པ་དེ་ལ་ལྟད་མོའི་ཞོར་ཕྱག་སྐོར་ལེགས་པར་མཛད་གསུངས། དེར་མཚན་མོ་ཞིག་ཏུ་རྗེ་ཉིད་ཀྱིས་མངོན་པར་ཤེས་པས་གཟིགས་ནས། ངག་དབང་ལྷུན་གྲུབ་དང་ཤར་བནྡེ་གཉིས་ལ་ཁྱེད་གཉིས་ཀྱང་དོ་ནུབ་མ་ཉལ་བར་སྡོད་ལ་ངའི་དྲུང་འདི་ལ་གདན་ཞིག་རྒྱོབ་གསུངས། དེ་གཉིས་ཀྱང་མ་ཉལ་བར་བསྡད་པས། ནམ་ཕྱེད་མཚམས་ལ་ཨ་ལོ་ཡི་དཔོན་གཡོག་ཉུང་བསྡུས་བྱས་ནས་སླེབས་ཏེ་ཝང་གི་རྣམ་པ་བསྟན་ནས་གདན་བཤམས་པའི་སྟེང་དུ་བསྡད་དེ། ང་ཁྱོད་ལྟར་འོང་བ་ཡིན། ཁྱོད་ཀྱི་རྒྱུ་མཚན་ཐམས་ཅད་ངས་ཤེས་ཡོད། ངས་ཁྱོད་ལ་གདམ་ང་ཅན་གྱི་ཚིག་གཉིས་འདྲི་རྒྱུ་ཡོད་པས་ལན་དྲང་པོར་ཐོབ་ཅེས་ཞུས་པར། རྗེ་ཉིད་ཀྱིས་ཁྱེད་ཀྱིས་གང་ལབ་པ་ཉན་ནས་ངས་ནུས་སམ་མི་ནུས་པ་ལ་བལྟ་མོད་གསུངས་པར། ཁོས་བླ་མ་ཁྱེད་ཀྱི་རྒྱུ་མཚན་ངས་གསལ་བར་ཤེས་ཡོད་པས། ངས་ཁྱོད་གོང་མ་ལ་ཞུ་སྟེ་སྔར་གྱི་གདན་སར་བཞུགས་ཆོག་པ་ཞིག་བྱེད། ཡང་ན་ཐ་མ་ཁ་བླ་མ་གཤེགས་ནས་ད་ལྟ་བླ་མ་མེད་པའི་སྐབས་ཡིན་པས། ངས་གོང་མ་ལ་ཞུས་ནས་ཅང་ཡིད་ལ་འཇོག་པ་ཞིག་བྱེད་བྱས་པས། རྗེ་ཉིད་ཀྱིས་དེ་གཉིས་ཀ་གང་ལྷག་པ་ཞིག་འདུག་པས་ངས་དེ་འདྲ་རྐང་ནས་མི་ནུས། ང་རང་གནས་སྐོར་འགྲིམ་པའི་བྱ་བྲལ་བ་ཞིག་ལ་ལུང་ལས་སྐད་ཚན་ཆེ་བ་དེ་འདྲ་རྩ་བ་ནས་མི་དགོས་ཞེས་གསུངས་པར། ཁོས་ཅུང་མི་འདོད་པའི་རྣམ་འགྱུར་བསྟན་ནས། གོང་མའི་གསེར་ཡིག་ལན་གཅིག་ཙམ་བཏང་ན་བླ་མ་ཁྱོད་ཡུལ་གང་ན་ཡོད་ཀྱང་རང་དབང་མེད་པར་འགུགས་ནུས་ཞེས་ཞུས་པ་དང་། རྗེ་ཉིད་ཀྱིས་ཐུགས་ཅུང་ཟད་འུར་བ་ལྟར་མཛད་ནས། རྒྱལ་པོ་དང་ཁྱེད་གཉིས་ཀྱིས་ངའི་ལུས་པོ་འགུགས་ནུས་ཀྱང་ངའི་ཡིད་ཀྱི་རྣམ་པར་ཤེས་པ་བཀུག་མི་ནུས་ཞེས་གསུངས་པས། ཁོ་བགད་བགད་དེ་ཡར་ལངས་ནས་ཕྱག་ཕུལ་ཏེ། བླ་མ་ཁྱེད་གཏམ་དྲང་པོར་གསུང་མཁན་ཞིག་འདུག་ཀྱང་། རྗེས་ནས་དེ་འདྲ་མ་གསུངས། ཁྱེད་ཀྱིས་ངེས་པར་མཐོན་པོའི་གོ་ས་མི་བཞེས་ན་སང་གནངས་ནས་འཕྲལ་དུ་ཕེབས་དང་བཟང་། དེ་མོ་ཧུ་ཐོག་ཏུ་དེ་ངའི་བླ་མ་ཡིན། དེ་ཚ་ཡུལ་ལ་ཕེབས་ནས་ཆེན་པོ་མ་འགོར། དེ་མངོན་ཤེས་ཐོགས་མེད་ཅིག་ཡིན་པས། ཚ་ཡུལ་དུ་ཕེབས་སྐབས་ང་ལ་པོ་ཏི་འདི་དང་བུམ་པ་འདི་བཞག་ནས་ང་སོང་བའི་རྗེས་ལ་ཆོ་མཚན་ཉིད་ཕེར་ཆེར་ང་དང་འདྲ་བའི་བླ་མ་ཞིག་འདིར་འོང་རྒྱུ་ཡིན་པས། དེ་༸རྒྱལ་བ་ཚངས་དབྱངས་པ་ཡིན། ཁྱོད་ཀྱིས་ལྐོག་ཏུ་ཙ་ར་བྱས་ན་ཤེས་ཡོང་གསུངས་ཤིང་། ཕེབས་སྐབས་ཁྱོད་ཀྱིས་ངས་ཕུལ་བ་ཡིན་ཞེས་འདི་ཕུལ་ཅིག་ཅེས་གསུངས་ཡོད་ཟེར་ནས་པདྨ་བཀའ་ཐང་གི་པོ་ཏི་ཞིག་དང་བུམ་པ་ཞིག་ཕུལ་ནས། རེ་ཞིག་བཞུགས་དགོས་ན་ཉིན་པར་ཡར་མར་ལ་མང་པོ་མ་ཕེབས། མཚན་མོ་ངས་མཇལ་ཨེ་ཐུབ་བལྟ་ཟེར་ནས་དེ་ནུབ་མཚན་མོར་ཡོང་ནས་ཟླ་བ་གཅིག་ཙམ་ལ་ཆོས་བཀའ་སྣ་ཚོགས་པ་ཞུས། དེ་དུས་ཨེ་ཕུ་མགོན་པོ་སྐྱབས་དང་། ཐུ་པ་ཀྭན་ཧུ་ཐོག་ཐུ་གཉིས་ཀྱིས་ཀྱང་ཆོས་མང་དུ་ཞུས་འདུག་ཟེར་ཡང་ཞིབ་ཆ་མ་ཤེས།
དེ་དུས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྲས་སྡེ་པ་ངག་དབང་རིན་ཆེན། སྡེ་པ་དམག་ཟོར་ཚེ་རིང་། སྡེ་པ་ངག་དབང་བརྩོན་འགྲུས། གཞན་སྲས་མོ་གཅིག །དྲུང་འཁོར་འགའ་ཞིག་དང་ངོ་གཡོག་བཅས་མི་ཉི་ཤུ་སུམ་ཅུ་ཙམ་ལྷ་བཟང་གིས་རྒྱ་ནག་ཏུ་སྤྱུགས་པ་ཉིན་གཅིག་རྗེ་ཉིད་ཨན་ཏིང་མུན་བརྒྱུད་ནས་མཁར་ནང་དུ་ཕེབས་སྐབས་ཁོང་ཚོ་རུ་ཞི་མུན་གྱི་ལམ་ལ་ཁྱེར་བ། རྗེ་ཉིད་ཀྱིས་གཟིགས་བསྡད་པས་ཁོང་ཚོས་བོད་ནས་ཁྲིད་པའི་འདོགས་ཁྱི་ཞིག་ཡོད་པ་དེས་རྗེ་ཉིད་རྒྱང་རིང་པོ་ནས་མཐོང་སྟེ་རྒྱུག་ནས་སྐུ་མདུན་དུ་སླེབས་ཏེ་ན་བཟའ་ལ་བལྡགས་ཤིང་ཁྱིའི་ལུགས་ཀྱི་དགའ་ཚོར་མང་པོ་བྱས་བྱུང་། རྗེ་ཉིད་ཀྱི་ཐུགས་དགོངས་ལ་ཀྱེ་མ་འཁོར་བའི་གནས་འདི་ཡིད་བརྟན་མེད་པ་དང་མགོ་མཇུག་མེད་པ་ཅི་འདྲ་བ་ཨང་། ངས་ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་ལོ་འདི་ཀ་ཙམ་དུ་སོང་བ་ལ་རང་ཡུལ་གྱི་མི་གཅིག་ཙམ་གྱི་གདོང་མཐོང་རྒྱུ་མེད་པ་ལ་དུད་འགྲོ་གླེན་ལྐུགས་འདི་སླེབས་ནས་ང་ངོ་ཤེས་པ་ལྟར་དགའ་ཚོར་བྱེད་པ་འདི་ཡང་ཁོས་སེམས་ཀྱིས་ཚོར་བ་ཡིན་པ་འདྲ་སྙིང་རེ་རྗེ་ཞེས་ཐུགས་ཤིན་ཏུ་སྐྱོ་ཚུལ་བསྟན་འདུག །དེ་ནས་བཟུང་ཁྱི་དེ་རྗེ་ཉིད་དང་འབྲལ་བ་མེད་པར་འགྲོགས་ནས་སོག་ཡུལ་དུ་འོང་སྟེ་རྗེས་སོར་ཁྱི་དེ་ཤི་བའི་དུས་སུ་རྗེ་ཉིད་ཀྱིས་འཕོ་བ་དང་སྨོན་ལམ་རྣམ་པར་དག་པ་གནང་བ་ཡིན།
དེ་སྐབས་སྡེ་པ་ངག་དབང་རིན་ཆེན་སོགས་ཀྱིས་མཇལ་ཐུབ་མི་འདུག །སྲས་མོ་དེས་མོ་རང་གི་སོར་གདུབ་མི་གཅིག་བརྒྱུད་ནས་བསྔོ་འབྲས་ཞུས་ནས་ཕུལ་བ་ཕྱག་ཏུ་འབྱོར་འདུག །ཡང་དེ་སྐབས་སྨན་རམས་པ་ཀུན་བཟང་གོང་མའི་བླ་སྨན་ལ་ཡོད་ཡོད་པ་དེ་ན་ནས་ཐུ་མོ་ཡོད་སྐབས་དེའི་ཟླ་བོ་བོད་པ་ཞིག་གིས་ཨ་ལགས་ཤ་ཀེ་ཀེའི་བླ་མ་དགའ་རབ་ཅིག་ཡོད་འདུག་ཅེས་ཐོས་ནས་སྨན་རམས་པ་ཀུན་བཟང་ལ་ལབ་པར་བླ་མ་དེ་ལ་བསྟེན་ན་ཕན་ཐོགས་འདྲ་ཨེ་ཡོང་ཞེས་གླེང་ནས། རྗེ་ཉིད་གདན་འདྲེན་བྱས་པར་ཕེབས་ནས་གཟིགས་པས། ཁོ་ནད་ཀྱིས་གདུངས་ནས་གཟུགས་པོ་བསྐམ་ཞིང་ལྟ་ཉན་མེད་པར་གྱུར་ནས། རྗེ་ཉིད་ཀྱི་ཞལ་ཡང་མི་འཚོ་བར་འདུག་པ་ལ་རྗེ་ཉིད་ཀྱིས་ཐུགས་སྐྱོ་ནས་ད་འདིས་ཀྱང་ང་མི་ཤེས་པའི་དྲོས་ཡོད་པར་དགོངས་ནས། དེའི་ཞབས་ཕྱི་ཚོ་ལ་ཁྱེད་ཚོ་སྒོ་བརྒྱབ་ནས་ངས་འདོན་པ་བཏོན་པ་མི་ཚོར་སར་སོང་ནས་སྡོད། ངས་འདི་ལ་བཀའ་བསྒོ་ཞིག་དགོས་པར་འདུག་གསུངས་ནས་ཁོང་ཚོ་ཕྱིར་ཐོན་ནས་རེ་ཞིག་བསྡད་པའི་མཚམས་ལ་གསུང་གཟེངས་མཐོན་པོས། སྨན་རམས་པ་ཀུན་བཟང་ཁྱོད་ཀྱིས་ང་མི་ཤེས་པ་ཞེས་གསུངས་པར། ཁོས་ཉལ་ཡོད་པ་གསུང་གདངས་ངོ་ཤེས་ནས་ཧ་རེ་ལངས། ཞལ་ལ་རེ་ཞིག་བལྟས་བལྟས་ནས་སྡོང་པོ་རྩ་བ་ནས་བཅད་པ་ལྟར་ཁ་སྦུབ་ཏུ་འགྱེལ་ནས་བརྒྱལ་སོང་། རྗེ་ཉིད་ཐུགས་ཞེད་པ་ལྟར་གྱུར་ནས་ཡོན་ཆབ་ཀྱི་ཆུ་ཡོད་པ་རྣམས་ཀྱིས་བྲན་ནས་ནན་ཏན་གྱིས་དབུགས་རྒྱུ་བ་ཙམ་བྱུང་ནས་ཁྱེད་འདི་ལྟར་གྱུར་པ་གཏན་ནས་སེམས་ལ་མེད། རྒྱ་ནག་ཏུ་ཕེབས་པའི་ལམ་བར་དུ་སྐུ་ཡལ་བ་བདེན་བསམས་ནས་ཉིན་མཚན་དུས་དྲུག་གསོལ་བ་འདེབས་ཀྱིན་ཡོད། ངའི་ནད་འདི་ཡང་སེམས་སྡུག་དྲགས་པས་སྙིང་ཆུ་བསགས་པའི་ནང་དུ་འདུག །མི་ཕལ་པ་ཞིག་ལ་དཔྱད་ན་འདི་འདྲ་བྱས་ཕེབས་པ་ལས་གཤེགས་པ་དགའ་བའི་ཚོད་དུ་འདུག་ཀྱང་དམ་པའི་མཛད་པ་ཐ་མལ་པའི་བློ་ཡུལ་ལས་འདས་པ་ཞིག་ཡིན་ན་ཁྱེད་རང་མཁྱེན་རྒྱུ་རེད་ཟེར་ནས་མྱ་ངན་དང་སྨྲེ་སྔགས་བསམ་གྱིས་མི་ཁྱབ་པ་བྱས་པའི་མཐར་ཁོས་དྲན་པ་རྙེད་ནས། སླར་འདི་ཕྱིའི་སྐྱབས་འཇུག་དང་བཀའ་བསྒོ་ཞུས་ནས་གསེར་སྲང་བཅུའི་ཡོན་པོ། རྒྱ་ནག་གི་སྤོས་ཕོར་གཅིག་དང་ཁ་བཏགས་བཅས་ཕུལ་གསུངས། དེ་ལ་འདི་སྐད་ཅེས་བྱ་སྟེ།
ཙི་ནའི་ཡུལ་གྱི་རྒྱལ་ཁབ་ཏུ། །
མགོན་པོ་ཁྱོད་ཉིད་གཤེགས་ཙ་ན། །
ཤིན་ཏུ་སྦེད་པའི་ཚུལ་མཛད་ཀྱང་། །
ཉི་མ་སྦེད་པ་མི་ནུས་བཞིན། །
ཁྱོད་ཀྱི་སྙན་པའི་བ་དན་དཀར། །
ཕྱོགས་བཅུར་རབ་ཏུ་གཡོས་གྱུར་ཏེ། །
མདུན་ན་འདོན་སོགས་ཆེ་བཞི་ཀུན། །
ཁྱོད་ཀྱི་སྲས་ཀྱི་ཐུ་བོར་གྱུར། །
སྔོན་ཚེ་དགེ་འདུན་གྲུབ་དཔལ་ལ། །
བླ་མ་མངོན་ཤེས་ལྡན་པ་ཡིས། །
རྒྱ་ནག་ཡུལ་དུ་འཁྲུངས་གྱུར་པའི། །
ལུང་དུ་བསྟན་པ་བྱུང་བ་གང་། །
བོད་དུ་བསྟན་འགྲོའི་དོན་གྱི་ཕྱིར། །
བྲེལ་བ་ཆེ་བས་མ་སྐབས་ཀྱང་། །
དེང་འདིར་བསམ་པར་མཛད་པའམ། །
ཡང་ན་སྨོན་ལམ་མཐུ་ལས་བྱུང་། །
རྩ་བའི་གཞུང་ལ་འཇུག་སྟེ། དེ་ནས་ཁྱི་ལོའི་དཔྱིད་ཀ་ཀེ་ཀེ་དང་ལྷན་དུ་ཨ་ལག་ཤ་ལ་ཕེབས་ནས་ངེད་ཀྱི་གཞིས་ནས་ལོ་གཉིས་ཙམ་བཞུགས། བྱི་བ་ལོའི་ཟླ་བ་ལྔ་པར་དཔོན་གཡོག་འགའ་དང་བཅས་གསེར་ཁོགས་ལ་བྱོན་པར། ཆུ་བཟང་རིན་པོ་ཆེ་གཙོ་བའི་འདུས་སྡེ་ཐམས་ཅད་ཀྱིས་བཀུར་སྟི་བསམ་གྱིས་མི་ཁྱབ་པར་མཛད་ཅིང་། ཚོགས་ཆེན་གྱི་འདུ་ཁང་དུ་རྗེ་ཉིད་ཚོགས་དབུས་ལ་ཕེབས་དགོས་པའི་རྒྱུ་མཚན་ཞུས་པར། ཆུ་བཟང་རིན་པོ་ཆེ་ལ་རྗེ་ཉིད་ཀྱིས་ངས་ཞྭ་མོ་བཟུང་མེད་ཞུས་པས། ཁོང་རང་གི་དབུ་མནབས་རྩེ་ཞྭ་གསར་ལེགས་ཤིག་ཡོད་པ་ཕུལ་ནས། རྗེ་ཉིད་ཀྱིས་དབུ་ཞྭ་དེ་བཞེས་ཏེ་ཚོགས་དབུས་སུ་འབྱོན་སྐབས། སྦྱིན་བདག་བཟང་པོ་ཞིག་གིས་མང་ཇའི་ཐོག་བསྔོ་འབྲས་ཞུས་པར། སྡེ་སྲིད་ཀྱིས་གནང་བའི་ཕྱིན་དྲུག་ལ་སྦྱར་བའི་བསྔོ་བ་རྒྱས་པ་ཞིག་གནང་སྐབས། རྗེ་ཉིད་ཀྱི་གསུང་ནི་དོན་གྱི་ཚངས་པའི་དབྱངས་དང་འདྲ་བས་དགེ་འདུན་ཡོངས་རྫོགས་བཤུམ་པ་མཛད་ནས། ཀུན་གྱི་ཡིད་འཕྲོག་ཅིང་ངེས་པ་དང་བ་འདྲེན་པ་ཞིག་བྱུང་ནས་ཆོས་འབྲེལ་ཞུས་པར། ལམ་རིམ་བསྡུས་དོན་གྱི་བཤད་ལུང་ཞིག་གནང་བའི་ཀུན་གྱིས་ནང་ཕན་ཚུན་དུ་གླེང་ནས། རྗེ་ཉིད་ཀྱི་སྐུའི་དབྱིབས། གསུང་གི་གདངས་སོགས་ཀྱི་ཡོན་ཏན་དང་བསྔགས་པ་ཡོངས་སུ་བརྗོད་ཅིང་། ཁྱད་པར་དུ་རྗེ་འདི་ས་མཐའ་ལ་འཁྱར་བ་ངེད་ཚོ་སྐལ་བ་བཟང་བ་དང་། ང་ཚོའི་དཔལ་དུ་ཤར་བ་ཡིན་ནོ་ཞེས་གླེང་འདུག
དེ་ནས་བཟུང་གསེར་ཁོགས་ཀྱི་བླ་མ་དགེ་འདུན་སྡེ་དང་བཅས་པའི་མཆོད་གནས་སུ་གྱུར་ནས། ཆུ་བཟང་རིན་པོ་ཆེ། མལ་གྲུབ་ཆེན་ཚང་སོགས་ཀྱི་གཙོ་བོའི་བླ་ཆེན་རྣམས་ཀྱིས་ཆོས་བཀའ་ཡང་ཅི་རིགས་ཞུས་ནས་ནང་ཕན་ཚུན་དུ་ཐུགས་ནང་ཤིན་ཏུ་གཙང་བ་དང་། དད་པ་དམ་ཚིག་གི་འབྲེལ་བས་ལྷ་ལམ་གསེར་གྱི་རྡོ་རྗེའི་ཐག་པ་ལུ་གུ་བརྒྱུད་དུ་འབྲེལ་ནས་ཇི་སྲིད་དུ་རྗེ་ཉིད་རྡོ་རྗེ་གདན་གྱི་སྤོ་ནས་ཆོས་ཀྱི་འཁོར་ལོ་ཐོག་མཐའ་བར་གསུམ་དུ་བསྐོར་བར་མཛད་པ་དེ་སྲིད་དུ་འཕྲིན་ལས་ཆད་པ་མེད་པར་གྱུར་ཏོ། །མར་འབྱོན་པར་ཆས་པས་ཆུ་བཟང་རིན་པོ་ཆེ་སོགས་ཀྱིས་སང་ཕོད་འབྱོན་དགོས་ཀྱི་སྙན་གསན་ཞུས། དེ་སྐབས་རྗེ་ཞྭ་ལུ་བློ་བཟང་དཔལ་ལྡན་དེ་ཉིད་རྗེ་ཉིད་ཀྱི་རྡོ་རྗེ་སློབ་མའི་གཙོ་བོ་སྟེ་སྲས་ཀྱི་ཐུ་བོར་གྱུར་ནས་རྗེ་མི་ལ་བཞད་པ་རྡོ་རྗེ་དང་། རས་ཆུང་རྡོར་གྲགས་ཡབ་སྲས་ལ་འགྲན་པར་གྱུར། ཡང་དེ་དུས་གསེར་ཁོགས་ཀྱི་ཆོས་རའི་ནང་དུ་སྤྱན་རས་གཟིགས་ཀྱི་སྐུ་བྱིན་རླབས་ཤིན་ཏུ་ཆེ་བ་ཞིག་བཞུགས་པ་དེ་ལ་རྗེ་ཉིད་ཀྱིས་ཁྲུས་གསོལ་མཛད་པས་སྐུ་འདྲ་དེ་ཤིན་ཏུ་རྔུལ་ནས་འདར་བ་ལྟར་མཛད་པས། ཆུ་བཟང་རིན་པོ་ཆེ་ནས་འདི་ཅི་ལགས་ཞུས་པས། རྗེ་ཉིད་ཀྱིས་འོ་བརྒྱལ་རྒྱུ་ཡིན་འདྲ་གསུངས་པར། གྲྭ་པ་རྣམས་ཡ་མཚན་ཞིང་ཐེ་ཚོམ་དུ་གྱུར་ཟེར། ཡོས་ལོའི་འཁྲུགས་གཞི་ལ་དགོངས་པ་རེད། དགུན་མགོ་མའི་ནང་དུ་ཨ་ལག་ཤ་རུ་ཕེབས་ནས་སྔར་རྒྱུན་ལྟར་བཞུགས།
དེ་སྐབས་ཧལ་ཧ་དང་ཨོར་ཏུ་སོགས་ཀྱི་ཡུལ་མཐའ་བ་ཕལ་ཆེར་གྱིས་ཐོས་ནས་སོག་ཡུལ་གྱི་མཇལ་མཁན་རིམ་གྱིས་མང་བར་གྱུར། དེའི་ཕྱི་ལོ་གླང་པོའི་དབྱར་འབྲིང་པོའི་ནང་དུ་ཡང་གསེར་ཁོགས་ལ་ཕེབས་སྐབས་དགེ་འདུན་ཡོངས་རྫོགས་ཀྱིས་སེར་ཕྲེང་ཚར་དུ་དངར་བར་མཛད། དེ་སྐབས་ཆོས་སྐྱོང་འཁོར་བཅས་སེར་ཕྲེང་གི་སྣ་ལ་བསུ་བ་མཛད་ནས་སྔར་ལས་ཀྱང་ལྷག་པའི་རྩིས་མཐོང་དང་བཀུར་བསྟི་བསམ་གྱིས་མི་ཁྱབ་པར་དང་བཅས་རྗེ་ཉིད་བསྟན་འགྲོའི་དོན་འབའ་ཞིག་གིས་དུས་འདའ་བར་མཛད།
དེ་སྐབས་ཇག་རུང་དགོན་པ་རྙིང་པ་གསེར་ཁོགས་ཀྱི་དགོན་ཡིན་པའི་སྟབས་ཀྱིས་དེ་གའི་བླ་མའི་བསྐོ་བཞག་གསེར་ཁོགས་པས་བྱེད་དགོས་པས། དེ་དུས་ཇག་རུང་གྲོང་རི་དགོན་གྱི་རྒན་རབས་རྣམས་གྲོས་མཐུན་པར་གསེར་ཁོགས་ལ་སོང་ནས་བླ་དཔོན་ཐམས་ཅད་ལ་ཞུས་ནས། རྗེ་ཉིད་བླ་མར་མཛད་དགོས་ཞེས་ཞུས་པར། ཆུ་བཟང་རིན་པོ་སོགས་སློབ་དཔོན་རྣམས་ཀྱིས་འདི་བླ་མ་གཞན་དང་མི་འདྲ། རྗེ་ཉིད་ལ་ཞུས་ཞེས་གསུངས་ནས་ཆུ་བཟང་རིན་པོ་ཆེས་ཀྱང་རྗེ་ཉིད་ལ་བླ་མར་གནང་དགོས་ཀྱི་སྐོར་ལུང་བསྟན་དང་བཅས་ནན་ཆེར་གནང་འདུག་ཀྱང་རྗེ་ཉིད་བཞུགས་བཞེས་མ་མཛད། དེ་ནས་ཇག་རུང་བས་རྗེ་ཉིད་ལ་ནན་ཏན་གྱི་གསོལ་བ་བཏབ་པར། ད་སྐབས་ཇག་རུང་གི་འདུ་ཁང་ལ་དམག་ཟོར་མའི་སྐུ་ཐང་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོའི་ཕྱག་བྲིས་མ་བཀྲ་ཤིས་ལྷུན་པོའི་རྟེན་ཁྲོད་དུས་བརྐུས་པ་ཞིག་ཡོད་པ་དེ་གློ་བུར་དུ་རྗེ་ཉིད་ཀྱི་གཟིགས་སྣང་ལ་བྱུང་ནས་གཟིགས་བསྡད་པ། ལྷ་མོ་དེའི་ཕྱག་གི་རལ་གྲིའི་ཡུ་བའི་སྡིག་པ་རྭ་ཙའི་རྐང་པ་རྣམས་སིར་སིར་འཕར་ནས་ཡོད་པ་དེ་ལ་ཐུགས་གཡེངས་ནས་དེ་དག་ལ་ཁྱོད་ཚོའི་བླ་མ་ལོས་བྱེད་གསུངས་ཏེ། རེ་ཞིག་ནས་ངས་ཁྱོད་ཚོ་ལ་གང་ལབ་གསུངས་པར། ཁོང་ཚོས་བླ་མའི་ཞལ་བཞེས་གནང་གྲུབ་ཅེས་ཞུས་པས། འོ་ན་ཁྱོད་ཚོའི་འདུ་ཁང་དེར་ལྷ་མོའི་སྐུ་ཐང་ཞིག་ཡོད་དམ། དེའི་ཕྱག་ན་གང་འདྲ་ཞིག་འདུག་གསུངས་པར། ཁོང་ཚོས་རང་གི་ཐང་ག་ལ་ཉམས་མ་བཞག་པས་བཤད་རྒྱུ་མེད་ནས། ཕལ་ཆེར་གྱིས་བེ་ཅོན་ཡིན་ཞུས་པར་རྗེ་ཉིད་བཞད་བཞད་ནས་རང་གིས་བསྟེན་པའི་ཐང་ག་ལ་ཞིབ་ཏུ་མི་བལྟ་བའི་དྲོས་ཡོད་པས། དེ་ལ་བེ་ཅོན་མི་འདུག །སྡིག་པ་རྭ་ཙས་ཡུ་བ་བྱས་པའི་རལ་གྲི་འདུག །ང་དེའི་སྡིག་རྩ་འཕར་བ་ལ་སེམས་གཡེངས་ནས་ཁས་བླངས་ཚར་འདུག་པས་ད་རེས་ཁྱེད་རང་རྣམས་ཕྱི་ལ་སོང་། ང་རང་སྟོན་ཟླ་འབྲིང་པོའི་ཚེས་མགོར་འདི་ནས་ཐོན་པར་བྱེད་གསུངས་པར། ཁོང་རྣམས་དགའ་དྲགས་ནས་ཕྱག་མང་པོ་འཚལ་ཏེ་སོང་།
དེ་ནས་གསེར་ཁོགས་སུ་རེ་ཞིག་བཞུགས་ནས་སྟོན་འབྲིང་པོའི་ཚེས་གསུམ་ལ་ཇག་རུང་ཕྱོགས་སུ་ཆིབས་ཁ་བསྒྱུར། ཞག་འགའ་ནས་ཇག་རུང་གི་བསུ་བ་གསེར་ཁོགས་བླ་དཔོན་རྣམས་ཀྱི་མི་སྣ་གཙོ་བོའི་བླ་མ་གྲྭ་རྒན། བྲརྟི་ནང་སོ། འབྲི་གོང་ནང་སོ། ཐང་རིང་གི་གོ་ང་སྤྲུལ་པའི་སྐུ་དང་། ཁོང་ཚོའི་ནང་སོས་མཚོན་པའི་ཚོ་དྲུག་སྒོམ་སྡེ་བཅུ་གསུམ་གྱི་རྟ་པ་སྟོང་དང་ལྔ་བརྒྱ་ལྷག་གིས་བསུ་བ་ཕོན་ཆེ་བར་འབྱོར་ནས་སྔར་ནང་སོ་བཟང་པོ་རྒྱལ་མཚན་གྱིས་གོང་ས་ལྔ་པ་གདན་དྲངས་པའི་རས་གུར་ཆེན་པོ་ཨ་མདོའི་ཡུལ་ན་མཚར་དུ་འཛིན་པ་ཞིག་ཡོད་པ་དེ་ཕུབ་ནས་དེའི་ནང་དུ་རྗེ་ཉིད་གདན་དྲངས། གསོལ་སྟོན་རྒྱས་པར་བཤམས། དེ་དུས་ཁོང་ཚོས་ཨ་མདོའི་ལུགས་ཀྱི་གཏམ་ལབ་ལོབ་རྒྱས་པར་འབུལ་སྐབས། སྔར་ཇག་རུང་ཚོ་དྲུག་སྒོམ་སྡེ་བཅུ་གསུམ་ཟེར་བ་འདི་ཚོ་ན་ཡོང་སྐབས་ཀུན་མཁྱེན་༸རྒྱལ་དབང་ལྔ་པ་ཆེན་པོ་རྒྱ་ནག་ཏུ་བྱོན། དེ་དུས་ང་ཚོའི་སྒོམ་སྡེའི་ཡ་གྱལ་ནང་སོ་བཟང་པོ་རྒྱལ་མཚན་ཟེར་བ་དེ་རས་གུར་ཆེན་པོ་འདི་༸རྒྱལ་དབང་རིན་པོ་ཆེ་ལ་དམིགས་ནས་བཟོས་ཏེ། འདིའི་ནང་དུ་༸རྒྱལ་དབང་རིན་པོ་ཆེ་བྱོན་ནས་ཡུལ་ཕྱོགས་ཀྱི་འཚོགས་པ་ཡོངས་ལ་ཆོས་དང་འཇིག་རྟེན་གྱི་འདོད་དོན་བསྐང་བར་མཛད། དེ་དུས་ངེད་ཇག་རུང་པས་ཁྲི་འབུལ་བྱེད་སྐབས། ནང་སོ་བཟང་པོ་རྒྱལ་མཚན་གྱིས་བོངས་ཚོད་རྔ་མོང་དང་འདྲ་བའི་རྟ་དཀར་པོ་རྣ་བའི་སྤུ་མདོག་གཞན་ཡིན་པ་ཆ་འགྲིག་སུམ་བརྒྱ་འབུལ་སྐབས་རྒྱ་བོད་ཧོར་གསུམ་པོས་ངོ་མཚར་མཚར་བྱས་པ་དེ་སྐབས་བཞུགས་གུར་འདིའི་ནང་དུ་ཕུལ་བ་ཡིན། དེ་སྐབས་ཀྱང་རྗེ་ཉིད་སྐུ་དངོས་འདི་འདྲ་བྱས་ནས་སླར་སྔར་གྱི་བཞུགས་གུར་ནང་དུ་སྐུ་ལུས་ལྕི་མོ་དེ་ཡང་མོར་བྱས་ཏེ་གསེར་གྱི་ཕ་ཝང་སྒོ་ཁར་འགྲིལ་ནས་ཕེབས་པ་འདི་ང་ཚོ་ལས་དང་སྐལ་བར་ལྡན་པ་ཡིན། དཀའ་ལས་སྐྱ་བས་བྱས་ཀྱང་དངོས་གྲུབ་གཟར་བུས་ལེན་ཟེར་བ་ལྟར་བོད་ཁྲི་སྐོར་བཅུ་གསུམ་དཀའ་ལས་བྱས་ཀྱང་། ཉི་མ་ཨ་མདོའི་ཡུལ་ལ་ཤར་བ་རེད་ཟེར་ནས་གཏམ་མང་པོ་བྱས་སོང་བར། དེ་སྐབས་རྗེ་ཉིད་ཀྱི་ཞལ་ནས། ཁྱོད་ཚོས་སྙད་སྙོད་མང་པོ་མ་བྱེད་པར་ངས་ཆོས་དང་འཇིག་རྟེན་གྱི་ལབ་ཡར་གར་བྱས་དང་དུ་ལོངས། ངས་ཀྱང་ཕན་ཅི་ཐོགས་བྱེད་གསུངས་པས་རྒན་གཞོན་ཐམས་ཅད་རྟ་ལ་བརྒྱུགས་པ་དང་། སྟོབས་འཛིངས་པ་བཅས་དགའ་སྤྲོའི་གདེངས་རྒྱས་བཞིན་དུ་རྗེ་ཉིད་དགོན་པ་བར་དུ་གདན་དྲངས་ནས་སོང་།
ཚེས་བཅུ་གསུམ་ལ་དགོན་པའི་ཁྲི་ལ་བཞུགས་སྐབས་འཇའ་ཤར་བ་དང་། ནམ་མཁའ་ནས་རྔ་སྒྲ་སྒྲོག་པ་སོགས་ངོ་མཚར་བའི་ལྟས་བཟང་སྣ་ཚོགས་བྱུང་བའི་ཨ་མདོ་ཡོངས་ཀྱིས་གླེང་ཞིང་ཡ་མཚན་དུ་གྱུར་འདུག །དེ་ན་ཡོད་པའི་རྒྱ་ནག་གི་ཚོང་པ་རྣམས་ཀྱིས་ཀྱང་། ཅི་ཀ་ཅིར་ཅིང་དེ་ཕུ་ཡ། ཐེན་ཀུ་ཧཱ་ཏོ་ཞེས་ངོ་མཚར་བ་བྱས་ཟེར། རྗེ་ཉིད་ཀྱིས་དེ་སྐབས་ལྷ་མོའི་ཞལ་ཐང་གི་མདུན་དུ་བྱོན་ཏེ། ཁྱོད་ཚོའི་ལྷ་མོའི་ཕྱག་ན་བེ་ཅོན་ཡོད་ཟེར་བ་གང་ན་འདུག །སྡིག་ཙས་ཡུ་བ་བྱས་པའི་རལ་གྲི་འདུག་མོད་གསུངས་ནས་ཇ་ཕུད་དཀར་ཡོལ་ཡུ་རིང་གང་བ་ཞིག་ལྷ་མོའི་ཞལ་དུ་བཏབ་པས་ས་ལ་ཐིགས་པ་གཅིག་ཙམ་ཡང་མ་ལྷུང་བར་ལྷ་མོའི་ཞལ་དུ་ཐིམ་སོང་བ་ཀུན་གྱིས་མཐོང་ནས། རྗེ་ཉིད་ཀྱི་མངོན་ཤེས་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ལ་དད་ཅིང་རྗེས་སུ་ཡི་རང་ནས་སྒོ་གསུམ་གྱི་གུས་འདུད་སྔར་ལས་ཀྱང་ཆེས་ལྷག་པར་གྱུར་འདུག།
ཕྱུག་རྩི་ཚང་ཟེར་བའི་བླ་མ་སྐུ་ན་བགྲེས་པོ་ལུང་རྟོགས་ཀྱི་ཡོན་ཏན་ལ་མངའ་བརྙེས་པ། ལྕང་སྐྱ་སྐུ་རྒན་པ་ངག་དབང་ཆོས་ལྡན་པ་དང་དུས་ཐོག་གཅིག་པའི་དངོས་སློབ་ཡིན་པ་དེ་ཉིད་སློབ་ཆུང་ལ་བཞག་ནས། འདི་ལོ་ངེད་རང་གཉིས་སོག་ཡུལ་ལ་འགྲོ་དགོས། རྗེས་སོར་འདི་ག་ནས་བསྡད་ཆོག་མོད། རྗེས་ཕོད་ག་འདྲ་ཡོང་ཞེས་གསུངས་ཀྱང་སྣང་བརྟགས་བཏང་མི་འདུག །དེ་སྐབས་དགུན་འོག་མ་བར་དུ་བཞུགས་ནས་ཚུར་ཕེབས་སྐབས་ཆིབས་སྐྱེལ་བ་མང་པོ་དང་བཅས་པས་བྲག་འགག་གི་ལུང་པ་དེ་ནས་ཆིབས་ཁ་འཐེན་ཏེ་རེ་ཞིག་བར་དུ་ཡས་མས་ལ་གཟིགས་གཟིགས་པའི་མཐར་ངས་ད་དགོན་ས་ལུང་པ་འདི་ལ་འདེབས་རྒྱུ་ཡིན། བླ་བྲང་དང་འདུ་ཁང་འདི་ན་རྒྱག་རྒྱུ་ཡིན། དེ་དུས་ཁྱོད་ཚོས་ཁང་པའི་གནས་འདི་དང་འདི་ལ་གྱིས་ཞེས་བཀའ་གནང་བས། ཁོང་ཚོའི་བསམ་པ་ལ་དགོན་པ་སྔར་ནས་ཡོད་པ་ལ་ད་ལྟ་དགོན་གསར་ཞིག་བཞེངས་དོན་མེད་པ་འདྲ་ཡང་ཅི་ཡིན་ནའང་བསམས་ནས་གང་གསུངས་ལ་ལགས་སོ་ཙམ་ཞུས་འདུག་ཀྱང་དགོངས་གཞི་ཡོད་པ་དེ་སྐབས་མ་ཤེས་འདུག།
དེ་ནས་འཇའ་མོ་བཀའ་བཅུ་ལ་རྗེ་ཉིད་ཀྱི་ཞལ་ནས། རྗེས་ཕོད་འཇིགས་པ་ཆེན་པོ་ཞིག་ཡོང་རྒྱུ་འདུག །ཁྱད་པར་དུ་ཁྱོད་ལ་འཇིགས་པ་ཆེན་པོ་ཞིག་ཡོང་སྐབས་ང་ཁྱོད་ཀྱི་རྩར་སླེབས་ཡོང་། དེ་དུས་གསོལ་བ་ཐོབ་གསུངས་པར་ཁོས་ལགས་སོ་ཙམ་ཞུས་འདུག །དེ་སྐད་སུ་ཕྱུག་རྩེ་སློབ་རྒན་སོགས་ཀྱིས་ཕྱག་གཡོག་ཞུས་ནས་ཨ་ལག་ཤ་ལ་ཕེབས་ནས་བཞུགས།
ཡོས་ཀྱི་ལོ་ལ་མཚོ་ཁའི་བསྟན་འཛིན་ཝང་ལ་བདུད་ཞུགས་ནས། གོང་མ་ཆེན་པོར་ཐོ་འཚམས་པའི་རྐྱེན་གྱིས་གསེར་ཁོགས་དགོན་ལུང་གི་གཙོས་དགོན་སྡེ་ཆེ་ཕྲ་མང་རབས་ལ་རྒྱ་དམག་གིས་མེ་སྦྱར། ཆུ་བཟང་རིན་པོ་ཆེ་ནས་གཙོས་པའི་སྐྱེས་བུ་དམ་པ་མང་རབས་ཞིང་མཆོག་རྣམས་སུ་གདན་དྲངས། དགེ་འདུན་གྱི་སྡེ་རབ་ཏུ་མང་པོ་བསད། དེ་དུས་དེའི་ཞོར་ལ་ཇག་རུང་དགོན་པ་སྟོན་ཀའི་མཚམས་སུ་མེ་ལ་སྦྱར། དེ་ཉིན་འཇའ་མོ་བཀའ་བཅུ་པས་རྟ་གཅིག་བཞོན་ནས་དགོན་པའི་རྒྱབ་རིའི་རྩེ་ལ་སོང་ནས་རྟ་སྡོང་པོ་ཞིག་ལ་བཏགས་ནས་ཁོ་རང་གཡང་ལ་ལྕེབས་གྲབས་བྱས་པས། རྗེ་ཉིད་ཀྱི་གསུང་ལྷང་ལྷང་བས། འཇའ་མོ་བཀའ་བཅུ་བྲོས་བྲོས་ཞེས་གསུངས་པ་ཐོས་ནས་ཡར་མར་བལྟས་པས། ཁོའི་རྒྱབ་དེ་ནས་ཕ་ཝང་གི་སྟེང་ནས་ཕོ་རོག་ཅིག་ག་དྲག་ག་དྲག་ཟེར་ནས་འཕུར་སོང་བ་དང་། ཁོས་སྔར་གྱི་ལུང་བསྟན་སེམས་ལ་གློ་བུར་ཤར་ནས་བླ་མ་ཕོ་རོག་གི་གཟུགས་སུ་སྤྲུལ་ཏེ་ཕེབས་པ་ཡིན་པར་ཤེས་ནས་རྒྱ་ཕྱོགས་ལ་བལྟས་པས་རྒྱ་དམག་ན་བུན་ལྟར་འཐིབས་ནས་སླེབས་པ་མཐོང་སྟེ་གསུང་ལྟར་བྲོས་པས་ཐར་བར་གྱུར་ཏོ།།
འཇའ་མོ་བཀའ་བཅུ་པ་འདིས་སྔར་བོད་ན་ཡོད་དུས་རི་བོ་དགེ་ལྡན་གྱི་གནས་བརྟན་བྱས་སྐབས་རྗེ་ཉིད་གདན་སར་ཕེབས་ནས་རི་བོ་དགའ་ལྡན་དུ་རྗེ་ཡི་གསེར་སྡོང་ལ་མཇལ་བར་གནང་སྐབས་སྐུ་ན་ཕྲ་བས། བཀའ་བཅུ་པ་འདིས་སྐུ་བཏེགས་ནས་མཆོད་སྡོང་ལ་དབུ་གཏུགས་པའི་ལོ་རྒྱུས་ཀྱང་ཡོད། ཕྱིས་སུ་རྗེ་འཇམ་མགོན་བླ་མའི་སྐུ་གདུང་རྗེན་པར་མཇལ་མྱོང་བ་བཅས་ལས་འཕྲོ་བཟང་པོ་ཡོད་པ་ཞིག་ངེས་པར་ཡིན་འདུག
དེ་ལ་འདི་སྐད་ཅེས་བྱ་སྟེ།
སྨོན་ལམ་རྒྱ་མཚོར་རབ་བསྡུས་པའི། །
སྐལ་ལྡན་གདུལ་བྱའི་པད་ཚལ་དེ། །
མདོ་སྨད་ཕྱོགས་སུ་རྒྱས་པ་ན། །
གསེར་གྱི་རྐང་དྲུག་པ་བཞིན་འཁོར། །
ཟབ་རྒྱས་དམ་པའི་ཆོས་ཀྱི་བཅུད། །
སྦྲང་རྩིའི་རང་བཞིན་མངར་བ་གང་། །
རང་གཞན་རྒྱུད་ལ་སྤེལ་མཛད་ཅིང་། །
རྒྱལ་བསྟན་ཉིན་མོ་བཞིན་དུ་བྱས། །
ཁྱད་པར་བསྟན་པའི་འཕོ་འགྱུར་དེ། །
ས་ལེར་གཟིགས་ནས་ལུང་བསྟན་སྩལ། །
འོན་ཀྱང་གདུལ་བྱ་ཕལ་ཆེར་ནི། །
ཚད་མེད་བློ་ཡི་དབང་དུ་གྱུར། །
རྒྱལ་བའི་བསྟན་ལ་འདི་ལྟ་བུའི། །
ཕྲ་ཉག་འབྱུང་བ་གཟིགས་གྱུར་ཏེ། །
དཀའ་བ་བརྒྱ་ཡིས་བསྐྱོད་མཛད་ཕྱིར། །
འདི་དོན་གཞལ་བར་སུ་ཡིས་ནུས། །
གལ་ཏེ་བློ་དང་ལྡན་གྱུར་ན། །
དམ་པ་མཆོག་འདི་ཡུལ་དབུས་ནས། །
བསྐྱོད་པའི་དོན་དང་དགོས་ཆེད་སོགས། །
དུས་འདིར་སྦྱར་ན་ངེས་ཤེས་འགྱུར། །
རྩ་བའི་གཞུང་ལ་འཇུག་སྟེ། དེ་དུས་ལོ་འདི་གའི་དབྱར་ཀའི་མཚམས་ལ་ཧལ་ཧ་ནས་བསྟན་པའི་གསལ་བྱེད་ཆེན་པོ་ཏཱ་ར་ནཱ་ཐའི་རྣམ་འཕྲུལ་རྗེ་བཙུན་དམ་པ་སྐུ་རྒན་པ་དེ་ཉིད་ཀྱིས་རྒྱ་གར་ཨ་ཙ་ར་ཞིག་ཆེད་དུ་དམིགས་གནས་བཏང་བར་མཛད་དེ། རྗེ་ཉིད་ལ་འབུལ་བརྟེན་བཅས་ལེ་ཚན་འགའ་དང་ཕྱག་བྲིས་བཅས་ལ་རྒྱས་བཏབ་སྟེ་བསྐུར་བར་མཛད་ཅིང་། ཨ་ཙ་རའི་ངག་ཞུས་དང་ཡིག་དོན་གཉིས་དོན་མཚུངས་པར་འདུག་ཅིང་། ཞུ་འབྲས་སྙིང་པོ་ནི། ད་ལྟ་ངེད་རང་དགུང་ལོ་བགྲེས་ཤིང་ཤིན་ཏུ་རྒས་ཤིང་འཁོགས་ནས། བསྟན་འགྲོའི་དོན་བྱེད་པ་ལ་ཡང་ཤིན་ཏུ་ངལ་བར་གྱུར་ནས་འདུག་ལགས་པས། ངེད་རང་གསོན་པོར་ཡོད་སྐབས་རྗེ་ཉིད་འདི་གར་ཅིས་ཀྱང་ཕེབས་རོགས་ཞུ། ངེད་ཀྱི་གདན་ས་དང་བསྟན་སྲིད་ཐམས་ཅད་ཉིད་ཀྱི་ཕྱག་ཏུ་ཕུལ་ནས། ཧལ་ཧ་ཚོ་བདུན་གྱི་དཔོན་པོ་ཆེ་ཧྲག་ཐམས་ཅད་ལ་བཅོལ་གཏམ་བྱས་ཤིང་། འཇམ་དབྱངས་གོང་མ་ཆེན་པོར་ཞུས་ཏེ་ཧལ་ཧ་ཡོངས་ཀྱི་མགོན་སྐྱབས་དང་དཔུང་གཉེན་དུ་བཞུགས་ཆོག་པ་ཞིག་ཞུ་རྒྱུ། སྔར་འདི་སྐོར་ལ་སོག་པོའི་མི་རིགས་བང་ཆེན་ལ་བཏང་བར་འོས་ཀྱང་ངེད་ཚོའི་སོག་པོའི་མི་འདི་ཕལ་ཆེར་ཁྲེལ་གཞུང་ཆུང་བས་ཡིད་ཆེས་པར་དཀའ་བའི་སྟབས་ཀྱིས་རྒྱ་གར་ཨ་ཙ་ར་འདི་བཞིན་བཏང་བ་ལགས། ཞེས་པའི་གསུང་ཤོག་ཅིག་བསྐུར་བྱུང་བར། མ་གཞི་རྗེ་ཉིད་ཀྱང་རྗེ་བཙུན་དམ་པ་ཆེན་པོ་ལ་ཐུགས་སྣང་ཤིན་ཏུ་དག་པ་གནང་གི་ཡོད་པའི་སྟབས་ཀྱིས་ཡི་གེ་འདི་འབྱོར་བ་དང་ཐུགས་ཤིན་ཏུ་སྐྱོ་ཉམས་མཛད་ཅིང་། རྗེ་བཙུན་དམ་པ་ཆེན་པོ་དེ་ཉིད་ཀྱི་སྐུའི་སྐྱེས་རབས་རྟོགས་བརྗོད་སོགས་གཞན་ལ་མ་བསྒྲགས་པའི་སྐོར་སོགས་ཀྱང་ཕྲ་ཞིབ་ཏུ་གསུངས་པར་མཛད་ནས་སྤྱན་ཆབ་བསིལ་ཞིང་ཕྱག་ཐལ་མོ་སྦྱར་ནས། ད་རེས་སྐྱབས་མགོན་རྗེ་བཙུན་དམ་པ་ཆེན་པོ་འདི་ཉིད་ཀྱི་གསུང་ལ་དགོངས་གཞི་ཁྱད་པར་ཅན་ཞིག་ཡོད་པ་གོར་མ་ཆག་ཀྱང་། ང་རང་ཆུང་དུས་ནས་རང་གི་ཕ་ཡུལ་དང་གདན་ས་བསྟན་སྲིད་ཐམས་ཅད་རྒྱང་རིང་པོར་བཞག་ནས་གཅིག་པུར་འཁྱམས་པའི་བྱ་བྲལ་བ་ཡིན་པས། ད་གཞན་གྱི་གདན་ས་བསྟན་སྲིད་ཁག་ཁུར་བ་ཤིན་ཏུ་ཁག་གསུངས་པའི་མཐར། རྗེ་ཉིད་རྒྱ་གར་ཕལ་སྐད་ལ་ཤིན་ཏུ་བདེ་བའི་སྟབས་ཀྱིས་སྐུ་མདུན་པ་སོགས་ཀྱི་མི་ཚོར་བར་ཨ་ཙ་ར་ལ་རྒྱ་གར་སྐད་ཀྱིས་ཕན་ཚུན་དུ་གསུང་གྲོས་ཞིབ་རྒྱས་གནང་ཞིང་། རྗེ་བཙུན་དམ་པ་ཆེན་པོ་ལ་འབུལ་བའི་རྟེན་ཆས། གོང་གསལ་དང་དོན་མཐུན་གྱི་ཞུ་ཤོག་བཅས་བསྐུར་བར་མཛད་ཅིང་། ཨ་ཙ་ར་རྫོང་བརྡ་གནང་བའི་རྗེས་ལ་ཆེར་མ་འགྱངས་པར་རྗེ་བཙུན་དམ་པ་རིན་པོ་ཆེ་དེ་ཉིད་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་མཛད་པ་ཐོས། དེ་སྐབས་སུ་རྗེ་ཉིད་ཐུགས་ཤིན་ཏུ་འཁུམས་པར་མཛད་ཅིང་། སྤྱན་ཆབ་བསིལ་བ་སོགས་ཐུགས་སྐྱོ་ཉམས་ཡང་ཡང་མཛད་སོང་བའི་སྐབས་ཤིག་ཨ་བོ་ཕོ་བྲང་ནས་ཐོན་ཏེ་རང་ཡུལ་ལ་འབྱོར་ནས། སྐུ་ཞབས་རིན་པོ་ཆེ་ལ་མཇལ་ཁ་ཞུས་པ་དང་ལྷན་དུ་ཞུ་འབྲས་ཀྱི་སྙིང་པོ་ཕུལ་བ་ནི་སྔར་ལོ་ང་རང་རྒྱ་ནག་ཕོ་བྲང་དུ་བྱོན་སྐབས། ཧལ་ཧ་ཚེ་ཆེན་ཝང་ཡང་ཕོ་བྲང་དུ་འབྱོར་འདུག་པ་དང་ལྷན་དུ་གཏམ་གླེང་ཞིང་བསྡད་པས། བར་སྐབས་ཤིག་ཁོང་ཚོའི་བུ་མོ་ཞིག་ཡོད་པ་ངེད་ཚོའི་མགོན་པོ་སྐྱབས་ལ་གཉེན་བཟུང་བྱས་ཡོད་པས། འདི་ལོ་རང་དེ་དོན་དུ་འགྲོ་དགོས་ཡོད་པས། སྐུ་ཞབས་ཉིད་ལ་སྙན་གསན་ཞུས་ཤིང་། ཡིད་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཞིག་འདུག་པ་ཡིན་གཤིས། ད་ལམ་ངེད་ལ་ཁྱེད་རང་ངེད་ཚོའི་གཞི་ལ་ཡོང་སྐབས་བླ་མ་དེ་ཉིད་ཀྱང་ནན་ཏན་གྱིས་གདན་འདྲེན་ཞུས་ཏེ་ཡོན་མཆོད་ལྷན་རྒྱས་སུ་ཅིས་ཀྱང་ནས་ཕེབས་པར་ཞུ་ཞེས་ནན་ཆེར་བསྒོ་གཏམ་བྱས་ཡོད་པ་ཞིབ་རྒྱས་ཞུས་པར། རྗེ་ཉིད་ཀྱི་ཞལ་ནས། ད་རེས་འདི་གས་རྐྱེན་བྱས་ཤིང་ཞར་ལ་སྐྱབས་མགོན་རྗེ་བཙུན་དམ་པ་ཆེན་པོའི་བཀའ་དྲིན་བསམ་པའི་ཕྱིར་དུ་ཅིས་ཀྱང་ནས་སྐུ་གདུང་རིན་པོ་ཆེ་ལ་མཆོད་འབུལ་བྱེད་པར་འགྲོ་དགོས་གསུངས་ཤིང་། འབྲུག་ལོའི་དབྱར་མགོ་མའི་ཚེས་མགོར་ཡོན་མཆོད་ལྷན་རྒྱས་སུ་ཧལ་ཧའི་ཕྱོགས་སུ་ཆིབས་བསྒྱུར་གནང་ཞིང་། ཁུ་རེ་ཆེན་མོར་འབྱོར་སྐབས་དེ་གའི་ཕྱག་མཛོད་ཀྱིས་གཙོ་བའི་སྐུ་མདུན་པ་ཆེ་དྲག་ཐམས་ཅད་ཀྱིས་བསུ་བ་ཚན་ཤིན་ཏུ་ཆེ་བ་རྒྱང་རིང་པོར་འབྱོར་ནས་རྗེ་ཉིད་ལ་བཀུར་བསྟི་བསམ་གྱིས་མི་ཁྱབ་པ་ཞུས་ཤིང་། ཁུ་རེའི་སྟེང་ལ་གདན་འདྲེན་ཞུས་ཏེ་དགེ་འདུན་སྟོང་ཕྲག་མང་པོས་སེར་སྦྲེང་ཚར་དུ་དངར་བ་བྱས། རྗེ་ཉིད་ཀྱིས་ཀྱང་སྐུ་གདུང་འབུལ་སོགས་གཟབ་རྒྱས་མཛད།
དེ་སྐབས་གཟིམ་གུར་ཆེན་པོ་ཞིག་གི་ནང་དུ་རྗེ་ཉིད་གདན་དྲངས་ནས་དགེ་འདུན་ཡོངས་རྫོགས་པ་འཚོགས་ནས་ཞབས་བརྟན་འབུལ་སྐབས། གསེར་ཁོགས་ཀྱི་རབ་རྒྱ་དབུ་མཛད་དེ་ག་དབུ་མཛད་ལས་ཐོག་པ་ཡིན་པ་དེ་སྔར་ནས་རྗེ་ཉིད་ཀྱི་སློབ་མ་ཐུན་མོང་མ་ཡིན་པ་ཡིན་ཞིང་། ཁྱད་པར་ཁོ་རང་མཐའ་འཁོབ་ལ་ཡོད་སྐབས་རྗེ་བཙུན་དམ་པ་ཆེན་པོ་ཡང་དེ་འཕྲལ་ཞལ་མ་བཞུགས་པ་བཅས་ཁོ་རང་སེམས་ཤིན་ཏུ་སྐྱོ་ཞིང་། ཁྱད་པར་དུ་རྗེ་ཉིད་བྱོན་པ་དང་མཇལ་བས་སེམས་ལ་སྐྱོ་བ་དང་དགའ་བ་ལྷན་དུ་སྐྱེས་པ་བཅས་གདོང་མཆི་མས་གང་བཞིན་དུ་གཞན་གྱིས་འགྲན་ཟླ་མེད་པའི་སྐད་འབྲུག་སྒྲ་འདྲ་བ་དེས་རྒྱལ་བ་ཁྱབ་བདག་མ་འཐེན་ཅིང་མཎྜལ་རྒྱས་པ་འབུལ་སྐབས་ཁོའི་སྐད་ལྡིར་ཤིན་ཏུ་ཆེ་བའི་སྟབས་ཀྱིས་ཚོམ་བུ་སྔོན་མ་རྣམས་ས་ལ་འཐོར་ཞིང་མཇུག་གི་ཚོམ་བུ་གཅིག་ཙམ་མཎྜལ་གྱི་དབུས་སུ་བཀོད་ནས་རྗེ་ཉིད་ཀྱི་ཕྱག་ཏུ་ཕུལ་བས་ཐུགས་ཤིན་ཏུ་དགྱེས་པ་དང་སྐྱོ་བའི་ཚུལ་ལྷན་དུ་མཛད་སྐད། དེ་ནས་ཚོགས་པ་ཡོངས་རྫོགས་ལ་དགའ་ལྡན་ལྷ་བརྒྱ་མའི་ལུང་དང་ཕྱག་དབང་གནང་ཞིང་། ཕྱི་ཉིན་ཚེ་ཆེན་ཝང་གི་ཕྱོགས་སུ་བསྐྱོད་པར་མཛད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ།
དམ་པས་དམ་པ་མི་སྨད་ཅིང་། །
གཅིག་གི་ཡོན་ཏན་གཅིག་ཤོས་ཀྱིས། །
ཡོངས་སུ་བརྗོད་པ་བསླབ་བྱའི་གཙོར། །
རྒྱལ་བས་ལན་གྲངས་དུ་མར་བསྔགས། །
སྐྱབས་མགོན་དམ་པའི་མཚན་ཅན་གྱིས། །
རྗེ་བཙུན་གང་འདིའི་ཕྱི་ནང་གི །
གནས་ཚུལ་ཡོན་ཏན་ཀུན་གཟིགས་ཏེ། །
ཐུགས་རབ་དད་ཅིང་གུས་པར་གྱུར། །
དཔེར་ན་མཚན་མཁན་མཁས་པའམ། །
དེ་ཡི་སློབ་མ་མཁས་པ་ཡིས། །
རྒྱལ་པོའི་སྲས་ཤིག་དཔྱད་གྱུར་ན། །
མ་སྨྲས་པར་ཡང་ཤེས་པར་འགྱུར། །
དེ་བཞིན་དམ་པའི་མཚན་ཅན་གྱིས། །
བདག་ཅག་རྣམས་ཀྱི་འདྲེན་པ་འདིའི། །
རྟོགས་པའི་སྐུ་ཁམས་མཐོ་བ་སོགས། །
མ་སྨྲས་པར་ཡང་མཁྱེན་པར་གྱུར། །
དེ་ཕྱིར་དམ་པ་རྣམ་གཉིས་ལ། །
ཡིད་རབ་དྭངས་བས་བདག་ཅག་དང་། །
དེང་ནས་བྱང་ཆུབ་སྙིང་པོའི་བར། །
འབྲལ་བ་མེད་པར་རྗེས་ཟུངས་ཤིག།
རྩ་བའི་གཞུང་ལ་འཇུག་སྟེ། དེ་ནས་ཚེ་ཆེན་ཝང་གི་གཞི་ལ་འབྱོར་སྐབས་ཚེ་ཆེན་ཝང་གིས་གཙོ་བའི་དཔོན་པོ་ཆེ་ཕྲ་མང་པོས་རྒྱང་རིང་པོར་བསུ་བ་བྱས་ཤིང་། ལྷ་གུར་ཆེན་པོའི་ནང་ལ་རྗེ་ཉིད་ཨ་བོ་ཝང་དང་བཅས་ཡོན་མཆོད་ལྷན་རྒྱས་སུ་གདན་དྲངས་ནས་དཀར་གྲོ་དམར་གྲོ་སོགས་བསྟབས་ཏེ་མགྲོན་སྟོན་གཟབ་རྒྱས་དྲངས་འདུག །ཁྱད་པར་དུ་རྗེ་ཉིད་ལ་དད་གུས་བསམ་གྱིས་མི་ཁྱབ་པ་བྱས་ཤིང་། ཟླ་བ་གཅིག་གི་རིང་ལ་ཡི་དམ་གྱི་ལྷ་འགའི་རྗེས་གནང་དང་། གཞན་ཡང་གང་དགོས་ཀྱི་རིམ་གྲོ་སོགས་བསྒྲུབས་ནས་གནང་བ་ལ་སྦྱིན་བདག་རྣམས་ཀྱི་ཡིད་རབ་ཚིམ་ཞིང་དད་གུས་སྔར་ལས་ལྷག་པར་འཕེལ་སྐད།
དེ་སྐབས་ཨུའི་བཅད་རྒྱུན་དང་། བ་ཐོར་ཝང་སོགས་ན་གཞོན་པའི་སྐབས་ཡིན་གཤིས། རྗེ་ཉིད་ལ་ཁོ་རང་ཚོའི་ཐད་བྱ་བ་འདི་བྱས་སོང་ཟེར་ནས་བཤད་རྒྱུ་མེད་ཀྱང་། ཚེ་ཆེན་ཝང་གི་སྲས་འདི་རྣམས་ཀྱི་དོན་དུ་འདི་ཕྱིའི་སྐྱབས་འཇུག་ཡང་དག་ཞུས་ཤིང་། དེ་དག་ལ་དམིགས་པའི་རིམ་གྲོ་སོགས་ཞུས་པར། རྗེ་ཉིད་ཀྱིས་ཐུགས་ཁུར་ཆེ་བཞེས་གནང་ནས་ལེགས་པར་བསྒྲུབས་པ་གནང་བ་ལ་སྦྱིན་བདག་རྣམས་ཀྱིས་ཀྱང་བརྟན་བཞུགས་འབུལ་བ་སོགས་ཤིན་ཏུ་སྤོམ་ཆེ་བ་ཕུལ་འདུག་ཀྱང་། སྐབས་འདིར་འབུལ་ཐོ་དགོས་པ་ཆུང་བ་དང་། ཡི་གེ་མང་བས་འཇིགས་ནས་མི་བྲིས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ།
སྔོན་ཚེ་བླ་མ་བསྟེན་པ་དང་། །
རྒྱལ་ལ་ལྷག་བྱས་བསྒྲུབ་པ་ཡི། །
སྐལ་བ་བཟང་པོའི་སྦྱིན་བདག་ཚོགས། །
ཀུན་གྱི་བླ་ན་མཛེས་པར་གྱུར། །
མགོན་པོ་ཁྱོད་ཉིད་གཞན་དོན་དུ། །
དཀའ་བ་བརྒྱ་ཡིས་མི་ངལ་ཞིང་། །
འགྲོ་བ་རྣམས་ཀྱང་ཁྱོད་ཉིད་ཀྱིས། །
བྱམས་བརྩེས་བསྐྱངས་ལ་ངལ་མ་གྱུར། །
འཇིགས་མེད་ཐུབ་བསྟན་གོ་ཆའི་སྡེས། །
ཧལ་ཧའི་ཡུལ་དུ་གདན་དྲངས་ཀྱང་། །
སྐབས་སུ་མ་བབས་འདྲོང་མ་གྱུར། །
དེ་ཕྱིར་ཁྱོད་ཀྱིས་བསབ་པར་མཛད། །
རྩ་བའི་གཞུང་ལ་འཇུག་སྟེ། བོད་ཀྱི་གཏམ་དཔེ་རྙིང་པར། གླིང་གི་སེང་ཆེན་རྒྱལ་པོ་ལ། །སྒྲུང་ལུགས་མི་འདྲ་བཅོ་བརྒྱད་ཡོད། །མི་རེའི་ཁ་ནས་ཆོས་ཚིག་ཡོད། །ཟེར་བ་ལྟར་རྗེ་ཉིད་ཀྱི་རྫུ་འཕྲུལ་གྱིས་ཧལ་ཧ་ཚོ་བདུན་དང་། ཚེ་ཆེན་བཞི་བཅུ་ཞེ་དགུ། ཏོ་ལོ་ཀོ་ཧན་ནོར་སོགས་ཐམས་ཅད་ལ་བྱོན་པར་མཛད་ཅིང་། དེ་ཡང་ཐམས་ཅད་དུ་ཁྱིམ་སྒོ་རེ་རེ་བཞིན་བྱོན་ནས་འགའ་ཞིག་ལ་བཀའ་བསྒོ་གནང་བ་དང་། འགའ་ཞིག་ལ་རྟེན་གནང་བ་དང་། འགའ་ཞིག་ལ་རང་གི་སྐུ་ཆོས་གནང་བ་དང་། དེ་བཞིན་དུ་ལ་ལར་སྲིའུ་གསོ་བ། ལ་ལར་རིམ་གྲོ། ལ་ལར་འཕོ་བ་སོགས་གང་དང་གང་དགོས་ཀྱི་བཀའ་དྲིན་བསྐྱངས་པ་རྣམས་ནི། གོང་སྨོས་ཀྱི་ཡུལ་ཕྱོགས་དེ་དག་གི་མི་ཆེ་ཆུང་སྐྱ་སེར་ཕལ་ཆེར་གྱི་ངག་ཏུ་བརྗོད་རྒྱུ་ཡོད་ལ། དེའང་སྐུའི་བཀོད་པ་བསམ་གྱིས་མི་ཁྱབ་པའི་མཛད་པ་ཡིན་གཤིས། དེ་ཐམས་ཅད་ཡི་གེར་འབྲི་དགོས་ན་བཀའ་འགྱུར་གྱི་པོད་ལས་ཀྱང་ཆེ་བར་འགྱུར་བ་དང་། འདི་ནི་འདི་འོ་ཞེས་མཛུབ་མོ་བཙུགས་ནས་བརྗོད་པ་ཡང་ཐ་མལ་པའི་བློའི་ཡུལ་ལས་འདས་པ་ཡིན་ཅིང་། དེ་ལྟ་བུའི་མཛད་པ་རྣམས་ནི། མ་གྷ་དྷ་བཟང་མོའི་རྟོགས་བརྗོད་ལས། བཅོམ་ལྡན་འདས་གྲོང་ཁྱེར་བུ་རམ་ཤིང་འཕེལ་གྱི་སྒོ་ལམ་བཅོ་བརྒྱད་ནས་དུས་གཅིག་ལ་བཅོ་བརྒྱད་བྱོན་པར་མཛད་པ་དང་། རྒྱ་བཟའ་ཀོང་ངོ་ལྷ་སར་འབྱོར་སྐབས་ལྷ་སའི་ཕྱོགས་བཞི་ནས་དུས་གཅིག་ལ་བྱོན་པར་མཛད་པ་དང་། རྗེ་བཙུན་མི་ལས་ཉིན་གཅིག་ལ་ཁྱིམ་སྒོ་བརྒྱ་ཕྲག་མང་པོ་དུས་གཅིག་ལ་བྱོན་པ་རྣམས་ཀྱི་ཚེ། དེ་དག་གི་མི་རྣམས་ཀྱིས་དེ་རིང་ངའི་སྒོ་ལམ་ནས་ཕེབས་སོ། །ངའི་ཕྱོགས་ནས་ཕེབས་སོ། །ངའི་ཁྱིམ་དུ་བྱོན་ནོ་ཞེས་སོགས་ཀྱི་གཅིག་གིས་གཅིག་ལ་རྩོད་པ་བྱས་ཏེ་ཐམས་ཅད་འདུས་ཤིང་དུས་གཅིག་གིས་གཅིག་ལ་རྩོད་པ་བྱས་ཏེ་ཐམས་ཅད་འདུས་ཤིང་དུས་གཅིག་ལ་གླེང་བའི་ཚེ་ན། དམ་པ་དེ་དག་གི་མཛད་པ་རྣམས་རྫུ་འཕྲུལ་གྱི་མཛད་པ་ཡིན་པར་ཤེས་པར་འགྱུར་བ་དེ་བཞིན་དུ་བདག་ཅག་རྣམས་ཀྱི་འདྲེན་པ་འདིའི་མཛད་པ་ཡང་དེ་ཁོ་ན་བཞིན་ནོ། །འགའ་ཞིག་གིས་དེ་ལྟར་དུ་མ་རྟོགས་པར་རྗེ་ཉིད་ཧལ་ཧ་ཚེ་ཆེན་ཝང་གིས་སྤྱན་འདྲེན་ཞུས་སྐབས་ཕེབས་པ་དེ་མ་གཏོགས་ཡོངས་གྲགས་ཅན་མེད་པས། དེ་ལ་ནོར་ནས་གོང་སྨོས་ཀྱི་ཡུལ་ཕྱོགས་དེ་དག་གི་མིི་རྣམས་ཀྱིས་རྗེ་ཉིད་ཀྱི་རྣམ་ཐར་རང་རང་གིས་བརྗོད་པ་ལ་སྐུར་འདེབས་ཀྱི་སྒྲོ་འདོགས་ཡིན་སྙམ་བྱེད་མི་དགོས། འཇིགས་བྱེད་ཀྱིས་སྤྱན་འདྲེན་ལས།
ཆུ་ཟླ་བཞིན་དུ་གར་དམིགས་དེར་སྣང་བས། །
དེར་འདིར་སྤྱན་འདྲེན་གཤེགས་སུ་གསོལ་བའི་ལྷ། །
ཞེས་པའི་དོན་དེ་བཞིན་སྐབས་འདིར་ཡང་དེ་ཁོ་ན་བཞིན་དུ་རྟོགས་པར་རིགས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ།
འཇིག་རྟེན་ཕལ་གྱི་མི་རྣམས་ནི། །
སྒྲིབ་པ་གཉིས་ཀྱིས་རབ་གཡོགས་པས། །
མིག་སྔར་ཉེ་སར་གནས་པའི་གཟུགས། །
མཐོང་ཚད་ཚད་མར་འཛིན་པར་བྱེད། །
ཅུང་ཟད་རྒྱང་རིང་གནས་པ་ལ། །
ཡིད་གཉིད་ཐེ་ཚོམ་འཇུག་གྱུར་ན། །
འགྲན་ཟླ་མེད་པའི་དམ་པ་འདི། །
གསང་གསུམ་མཛོད་ཉིད་ཇི་ལྟར་རྟོགས། །
དེ་ཕྱིར་འདི་ལྟའི་རྟོགས་དཀའི་གནད། །
ཇི་བཞིན་རྟོགས་པར་འདོད་གྱུར་ན། །
སྒྲིབ་གཉིས་འཆིང་བ་ལས་གྲོལ་བའི། །
ལས་བཟང་ཚོགས་ལ་འབད་པར་རིགས། །
རྩ་བའི་གཞུང་ལ་འཇུག་སྟེ། དུས་འཁྲུགས་ཀྱི་སྔོན་ལུང་བསྟན་གསུངས་པ་མང་པོ་ཡོད་པ་གཞན་དུ་ཤེས་པར་བྱ་ཞིང་། བར་སྐབས་ཤིག་ལ་ངོ་མཚར་བའི་ལུང་བསྟན་ཅིག་གནང་བ་འདི་ལྟར།
གོ་མེད་གོ་ལོག་ཅན་གྱིས། །
རྫུན་བདེན་ངེས་པར་མ་འཛིན། །
དེ་བཞིན་རྣ་བའི་དབང་པོ། །
སྒྲ་འདི་སྙན་ལ་ཕོག་ན། །
བརྟགས་ཤེས་དབང་ཆེན་ཁེ་དྲག།།
འབྲུ་བཞིན་བཏབ་པའི་ལོ་ཏོག།།
སད་ཀྱིས་མ་འཁྱེར་འདུག་ན། །
སེར་བས་བརྡུང་ཉེན་མི་འདུག །
འབྲས་ཀྱི་ཚོམ་བུ་བཀོད་པ། །
སོ་སོའི་བདག་འཛིན་ཡོད་ན། །
བདག་ཏུ་འཛིན་རན་ཨེ་འདུག །
མ་བཟུང་རུས་པའི་བགྲེས་ཆེ། །
བྱ་ཁྱིས་ཟ་དོགས་མི་འདུག །
དུས་ཀྱི་སྐད་ཅིག་གློག་དམར། །
བྱང་གི་ཕྱོགས་ནས་འཁྱུགས་ཏེ། །
ཤར་གྱི་འབྲུག་སྐད་ཆེ་བས། །
ལྷོ་ནུབ་ཕྱོགས་ནས་ཐོས་སོང་། །
ཁྱིམ་བྱའི་བྱ་སྐད་འཆུགས་འདུག །
ནམ་ཕྱེད་ལངས་པའི་མི་རྣམས། །
མ་འགྲོ་ལྷུང་ཉེན་ཆེ་བས། །
འགྲོ་བའི་དུས་དང་བསྟུན་ཆོག།།
འཛམ་གླིང་དབང་པོའི་རྒྱལ་པོ། །
སེང་གེ་གླང་ཆེན་ཁྲི་སྟོང་། །
ཉི་ཟླ་འོད་དང་འབར་བ། །
ཀུན་ལ་གཟི་བརྗིད་རྒྱས་པ། །
རིན་ཆེན་རཱ་གའི་ཕྲེང་བ། །
མགུལ་དུ་བཞེས་པ་ཙམ་གྱིས། །
འོད་ཟེར་རྒྱ་མཚོར་ཕོག་པས། །
རྒྱ་མཚོའི་ནོར་བུ་མི་རྣམས། །
རྒྱ་མཚོའི་ཁ་ཡི་རླངས་པ། །
ནམ་མཁའི་མཐོང་ལ་ཕོག་འདུག །
དཀར་ནས་དཀར་གསུམ་འཁྱུགས་པས། །
སྤྲིན་གྱི་འཇའ་བུན་འཁྲིགས་འདུག །
ཀུན་གྱི་མཐོང་བའི་འཇའ་བུན། །
ནམ་མཁའི་མཐའ་བཞིན་ཁྱབ་འདུག །
སྐད་ཅིག་ཡལ་བའི་དགུང་སྔོན། །
རྒྱ་མཚོའི་མཚན་ལྟར་འདུག་ཀྱང་། །
རླུང་གིས་ཆར་དྲག་གཡོས་ནས། །
རྒྱ་མཚོའི་གཏིང་ནས་དཀྲུགས་སོང་། །
དྭངས་དང་རྙོག་མའི་ཆ་ནི། །
སུས་ཀྱང་ཆོད་པར་དཀའ་བ། །
པེ་ཧར་རྒྱལ་པོ་སེང་ཆེན། །
གཡུ་རལ་མཐའ་ནས་རྒྱས་འདུག །
རིན་ཆེན་སྒ་སྲབ་བསྟད་ནས། །
གཟི་བརྗིད་ཉི་མའི་འོད་ཟེར། །
བསེ་ཁྲབ་བསེ་རྨོག་གྱོན་ནས། །
སེང་ཆེན་སྟེང་ན་འགྱིང་འདུག །
ལྷ་ཆེན་ཡར་ལྷ་བཤམ་པོ། །
རྡོ་རྗེ་རྩེ་དགུ་བསྣམས་ནས། །
སྔོན་གྱི་སློབ་དཔོན་པདྨས། །
གནམ་ལྕགས་གཟིལ་གནོན་རྡོ་རྗེ། །
པེ་ཧར་ཕྱག་ཏུ་ཕུལ་སོང་། །
སྣང་སྲིད་དབང་དུ་བསྡུས་ནས། །
སྡེ་བརྒྱད་བྲན་དུ་འཁོལ་འདུག །
དབྱངས་ཅན་ལྷ་མོའི་བྲན་གཡོག།།
དངོས་སུ་བརྟགས་པའི་ལུང་བསྟན། །
མ་གསལ་གསལ་པོར་འདུག་སྟེ། །
དམག་ཟོར་རྒྱལ་མོའི་མཐུ་སྟོབས། །
མུ་ལེ་དེང་ནས་རྒྱས་འདུག །
ཆིབས་རྟ་དྲེའུ་རྐྱང་སེར། །
མི་ལྤགས་གཡང་གཞིས་གཡོགས་ནས། །
མི་མགོའི་སྒ་སྲབ་བསྟད་འདུག །
ཁྲམ་ཤིང་སྐེ་ལ་བཟུང་ནས། །
དྲེའུའི་སྟེང་ན་འགྱིང་འདུག །
ནད་རྐྱལ་ཁ་ཐིག་ལྷོད་འདུག །
ཚིན་གྱི་གྲུ་གུ་བཤིགས་འདུག །
ཤོ་རྡེལ་དཀར་ནག་ཁྲམ་ཤིང་། །
ལས་ཅན་རྣམས་ལ་བསྟན་འདུག །
ཨ་མ་ལས་བྱེད་ཁྲམ་རིས། །
ལོ་གྲངས་གསལ་བའི་རི་མོ། །
གང་གི་དམ་སྲི་ཡིན་ནམ། །
ནད་རྐྱལ་ཚོན་གྲུ་ཤོ་རྡེས། །
སྡིག་ཅན་ཀུན་ལ་བཏབ་སོང་། །
ལྷ་སྲིན་སྡེ་བརྒྱད་འདུས་ནས། །
ཤོ་རྡེལ་དཀར་ནག་དྲིལ་བ། །
བཅོ་བརྒྱད་རི་མོ་བབས་འདུག །
པེ་ཧར་སྐུ་ལྔ་མཉེས་པས། །
དྲག་ཤུལ་ཐོག་ལས་ཆེ་བ། །
དུས་བཞི་ལྷ་མོའི་འཁོར་ཚོགས། །
མཐུ་དང་ནུས་པ་རྒྱས་པས། །
ལྟེ་བའི་ཉི་ཟླའི་འོད་ཟེར། །
མུན་པའི་གླིང་རྣམས་གསལ་ནས། །
བསྟན་པའི་སྲུང་སྐྱོབ་མཛད་པར། །
ཀུན་གྱིས་ངེས་ཤེས་མཛོད་དང་། །
ང་ཡི་ཡིད་ཆེས་མོས་གུས། །
སྙིང་ནས་གསོལ་བ་བཏབ་པས། །
དམག་ཟོར་པེ་ཧར་སྐུ་ལྔ། །
རཱ་ཧུ་ལ་དང་བསྡོངས་ནས། །
སྔོན་ལས་དབྱངས་ཅན་ལྷ་མོ། །
བྲན་གཡོག་བརྟན་མའི་ཚོགས་རྣམས། །
ཐུགས་ཁྲོ་ཞི་བའི་ངང་ནས། །
འཆལ་བའི་ཚིག་གཏམ་རྣམས་ལ། །
མ་ཡེངས་བཟོད་པར་བཞེས་ལ། །
འདི་དོན་སྲུང་སྐྱོབས་མཛོད་ཅིག།།
ཅེས་པའི་ལུང་བསྟན་གནང་བའི་ཚིག་རིས་རྣམས་ངོ་མཚར་བ་ཞིག་འདུག་པས་རྣམ་ཐར་གྱི་གྲས་ལ་བྲིས་པ་ལགས་པས། ཡིག་སྐྱོན་ཡོད་པ་འདྲ་ཡང་རང་བཟོ་བྱེད་པར་དཀའ་བའི་སྟབས་ཀྱིས་སྔར་གྱི་བྲིས་རྙིང་དེ་རང་མ་དཔེར་བཞག་ནས་བྲིས། ད་ནི་རྗེ་བླ་མ་ཉིད་ཀྱི་སྐུ་ཚེ་འདི་ལ་རུང་གསུམ་འདེབས་པའི་ལུང་བསྟན་ཡོད་པར་སྔ་རབས་ཀྱི་དམ་པ་སྐུ་རྒན་པ་རྣམས་ཀྱི་ཞལ་རྒྱུན་ལ་ཡོད་ཅིང་། རྗེ་ཉིད་གདན་ས་ན་བཞུགས་དུས་རོང་ངུར་སྨྲིག་དང་། རོང་བྱམས་ཆེན་གཉིས་ཉམས་པ་གསར་གསོས་མཛད་པ་དང་། ལར་ཨ་མདོ་ནས་ཇག་རུང་འདེབས་དགོས་པ་ནི། བཀའ་གདམས་གླེགས་བམ་རིན་པོ་ཆེ་ལས། སྤྲུལ་པ་རེ་རེ་རྣམས་རྒྱ་ནག་པོའི་ཡུལ་དུ་འགྲོ་བ་དང་། འབྲིང་གི་མཚམས་དང་། རུའི་མཚམས་ཏེ། དེ་དག་ནི་རིན་ཆེན་གསལ་བས་བྱིན་གྱིས་བརླབས་པ་རྒྱལ་བ་འབྱུང་བའི་གནས་བསྟན་པ། སྤྲུལ་པ་དུ་མ་འགྱེད་པ་དང་། མདའ་དོག་ཕུ་ཡང་མེ་ཏོག་པདྨ་འདྲ་བའི་གདན་སྟེང་ན་སྤྲུལ་པ་དུ་མས་འོད་ཟེར་འགྱེད་ཅིང་། དམ་པ་དེ་དག་གི་རྣམ་ཐར་ཡང་ཕྱིས་གསལ་ལ། དེ་ཉིད་ཀྱིས་ཀྱང་བྱའི་གདོང་པ་ཅན་འདི་ཙམ་ནས་འབྱུང་ངོ་ཞེས་ལུང་བསྟན་ཅིང་། དེ་ཡང་བྲ་ཞེས་པའི་དགོན་པར་དྲུག་ཅུ་ཁ་རལ་ནས་འགྲོ་བ་འཛིན། བརྒྱུད་པ་ལ་དམ་པ་ཁྱད་པར་ཅན་ལྔ་ཡན་ཆོད་འབྱུང་། ཁྱེའུ་ཞིག་བྱུང་ནས་རྟིང་མ་བྱ་བ་ཡིན་ཟེར། བཤེས་གཉེན་པ་ན་རེ། དེ་ཀུན་གསལ་དྲགས། ཁྱེའུ་ཟེར་བའི་གནས་དེར་འབྱུང་བ་ནི་ཁོ་བོ་སྟེ་རྒྱལ་བའི་འབྱུང་གནས་ཅན་ནོ། །ཀ་བ་ན་རེ། བཤེས་གཉེན་པའང་མང་། དེ་དུས་སུ་སྤྲུལ་པ་དེས་སྐྱེ་བ་ཆེན་པོ་གངྒཱའི་ཀླུང་སྟོང་གི་བྱེ་མ་སྙེད་པ་བཅུ་དྲུག་ཙམ་ས་ལེ་སིང་ངེ་མཁྱེན་པར་བསྟོན་པ་ལ་བླུན་པོས་གཉིས་པ་ཅན་བྱས་ཏེ། སྟོང་མི་གསལ་བར་ཕྱིས་བཅུ་དྲུག་གསལ་བར་བསྟན། གངྒཱའི་ཀླུང་བར་དུ་སྟོར། གྲིབ་གནོན་གྱི་བདུད་ཞུགས་པ་ཡིན། གཞན་ཡང་ཞབས་ཏོག་ཏུ་རློམས་པ་ཞིག་གིས་འདྲ་མིན་རེ་རེ་གཉིས་བར་དུ་ཞུགས་ཏེ། རྩོད་པ་གཉིས་འོང་། བཤེས་གཉེན་པ་ན་རེ། དེ་འདྲ་འོང་དཀའ། སྐྱེས་རབས་དང་སྙད་སྙོད་མ་མང་ཟེར་བ་ཡིན། དེ་དུས་ཀྱི་སྐྱེ་བ་དེ་མིའི་ས་བོན་ལས་རུས་བྱས་པའི་ལུགས་ཡིན། ཆོས་གང་བྱས་དར་ཆེ། ལྷག་པར་དུ་དྲག་པོའི་བསྙེན་པ་ལ་སྔགས། བདུད་སྡེ་དང་སྡིག་ཅན་གྱིས་མི་བཟོད་པའི་རིགས་ཡིན། དེས་རྩོད་པ་དང་ཕར་ཟེར་མང་། འོན་ཀྱང་རང་ཕམ་པར་མི་ནུས་ཞེས་གསུངས་པར། རྗེ་ཉིད་ཀྱིས་དང་པོ་རྒྱ་ནག་ཏུ་གདན་དྲངས་པ་གླེང་གཞི་བྱས་ནས། འབྲིང་ཞེས་པའི་མིང་ཟུར་ཅན་གྱི་སའི་བྱང་གི་མཚམས་དང་། རུ་ཞེས་པ་མཚོ་གཡས་རུ་དང་གཡོན་རུའི་ལྷོའི་མཚམས་སུ་ཀུན་དགའ་ནོར་ཟེར་བའི་ས་ཆ་ཡོད་པར་བསྟན་ཏེ། དེ་དག་ནི་རིན་ཆེན་གསལ་བས་ཞེས་རྗེ་ཉིད་ཀྱི་མཚན་རྒྱན་ལ་རིན་ཆེན་ཞེས་པས་གསལ་བར་ཤེས་སོ་ཞེས་བསྟན་ལ། བྱིན་གྱིས་བརླབས་པ་རྒྱལ་བ་འབྱུང་བའི་གནས་བསྟན་པ་ཞེས་པ་ནི་འབྲོམ་གྱི་མཚན་ལ་ནོར་བ་མི་འཇུག་ལ། བྱིན་གྱིས་བརླབས་པའི་སྤྲུལ་པ་དེ་ལ་དེ་སྐབས་ཀུན་གྱིས་རྒྱལ་བ་རིན་པོ་ཆེ་ཞེས་སྨོས་པའི་སྐབས་ཡིན་པས། དེ་ལྟའི་རྒྱལ་བ་དེ་ཉིད་གོང་དུ་སྨོས་ཟིན་པའི་ས་ཆའི་མཚམས་དེ་ལས་བྱུང་ནས་ཡུལ་གཞན་དུ་འབྱུང་བའི་གནས་དེ་དག་བསྟན་པ་ཡིན་ནོ་ཞེས་པའོ།།
སྤྲུལ་པ་དུ་མ་འགྱེད་པ་ནི་གནམ་དེ་འདྲ་ཞིག་ནས་ཕེབས་པ་ནས་བཟུང་སྤྲུལ་པ་དུ་མ་འགྱེད་པ་འདྲ་བར་མཐའ་དབུས་ཐམས་ཅད་དུ་བསམ་གྱིས་མི་ཁྱབ་པའི་མཛད་པས་གཞན་དོན་ཁོ་ནར་མཛད་པའི། མདའ་དོག་ཕུ་ཡངས་མེ་ཏོག་པདྨ་འདྲ་བའི་གདན་སྟེང་ན། ཞེས་པས་ཡར་ལུང་ཐོས་བསམ་དར་རྒྱས་གླིང་གཞིར་བཅས་ནས་བཞུགས་པ་ལ་ཟེར། དེའི་མདོ་ཤིན་ཏུ་དོག་ཅན། ཕུ་ཡངས་པ། གནས་ཡོད་ལུགས་པདྨའི་འདབ་མ་འདྲ་བར་བསྟན་ཏོ།།
སྤྲུལ་པ་དུ་མའི་འདོ་འགྱེད་ཅིང་ཞེས་པའི་སྤྲུལ་པ་དེ་ཆོས་ཀྱི་སྒོ་དུ་མའི་འོད་ཟེར་གྱིས་བསྟན་པ་གསལ་བར་བྱེད་པར་བསྟན་ཅིང་འོད་ཟེར་གསལ་བའི་དོན་ཡིན་ནོ། །
དམ་པ་དེ་ཉིད་ཀྱི་རྣམ་ཐར་ཡང་ཕྱིས་གསལ་ལ་ཞེས་པ་འདི་ལ་དོན་གཉིས་ཅིག་ཅར་དུ་བསྟན་ལ། ཚིག་དངོས་ཀྱིས་དམ་པ་ཉིད་ཀྱི་རྨད་དུ་བྱུང་བའི་རྣམ་པར་ཐར་པ་ཕྱིས་སུ་གསལ་ཞིང་། ཀུན་གྱིས་ཚད་མར་འཛིན་པའི་དུས་གཅིག་ངེས་པར་འབྱུང་ངོ་ཞེས་བསྟན་ནས། ཤུགས་ཀྱིས་རེ་ཞིག་གསང་སྟབས་སུ་ཕེབས་པ་བསྟན་པ་ཡིན། དེ་ཉིད་ཀྱིས་ཀྱང་བྱའི་གདོང་པ་ཅན་འདི་ཙམ་ནས་འབྱུང་ངོ་ཞེས་ལུང་སྟོན་ཞེས། རྗེ་ཉིད་ཀྱི་སོག་ཡུལ་དུ་ཕེབས་པའི་མེ་སྤྲེལ་ལོར་གནང་བའི་ལུང་བསྟན་པ། དེ་ལོ་བཅུ་གཉིས་ཀྱི་མཚམས་ནས། ཆོས་རྒྱལ་ཁྱུང་གི་གདོང་པ་ཅན་ཞིག་འབྱུང་། །དེ་ཡི་མཚན་གྱི་ཟུར་ནི་ནམ་མཁས་བརྒྱན། །ལོ་ནི་དགུ་མཐའི་གྲངས་ལས་ཆེས་ལྷག་ཅིང་། །རྒྱལ་བའི་བསྟན་པ་ཉི་མས་གསལ་བ་འདྲ། །ཕྱོགས་བཞིའི་དགྲ་བཞིན་མིང་གི་ལྷག་མར་བྱེད། །ཅེས་གསུངས་ཡོད་པ་འདི་ལ་དཔྱད་ན་གོ་སླ་ཡང་འགྲེལ་པར་བྱེད་དཀའ་བས་ཤེས་ལྡན་རྣམས་ཀྱིས་དཔྱད་པར་མཛོད།
དེ་ཡང་བྲ་ཞེས་པའི་དགོན་པ་དྲུག་ཅུ་ཁ་རལ་ནས་འགྲོ་བ་འཛིན་ཅེས་པས། ཐོས་བསམ་དར་རྒྱས་གླིང་འདིའི་གནས་མིང་དགོན་ལ་བཏགས་པ་བྲག་འགག་གི་དགོན་པ་ཟེར་ཞིང་། རྒྱ་སྐད་དུ་ཞི་མུ་ཟི་ཟེར་བ་ཡིན་ལ། ཞི་མུན་བྲག་སྒོ། ཟི་ནི་དགོན་པའོ། །དེ་ལྟ་བུའི་དགོན་པ་རྗེ་ཉིད་ཀྱིས་འཛིན་སྐབས་སྤྱིར་སེམས་ཅན་རྣམས་དྲུག་ཅུའི་ཁ་རལ་ཡིན་པའམ། དམ་པ་ཉིད་དགུང་ལོ་དྲུག་ཅུ་རེ་བཞིའི་བར་དུ་བསྟན་པ་བསྐྱངས་ནས་འགྲོ་བ་འཛིན་ནོ་ཞེས་པའོ།།
བརྒྱད་པ་ལ་དམ་པ་ཁྱད་པར་ཅན་ལྔ་ཡན་འབྱུང་ཞེས་པ་གོ་སླ། ཁྱེའུ་ཞིག་བྱུང་ནས་རྟིང་མ་བྱ་བ་ཡིན་ཟེར་ཞེས་པ་འབྲོམ་གྱི་སྤྲུལ་པའི་ཁྱེའུ་གཅིག་གིས་མཚམས་འདིར་བྱུང་བའི་དོན་ཡིན། དེས་རྟིང་མ་བྱ་བ་ཡིན་ཞེས་པས་གོང་གི་ལུང་བསྟན་རྣམས་དུས་རྟིང་མ་ལ་ཡོང་བ་ཡིན་གྱི། དེ་བཞིན་ནོ་ཞེས་དཔའ་བསྟོད་པ་ལྟ་བུའོ། །སྟེང་མ་རྟིང་མ་དོན་གཅིག་ཅིང་། བརྡ་གསར་སྙིང་གི་ཁྱད་པར་རོ། །བཤེས་གཉེན་པ་ན་རེ་གོ་སླ། དེ་ཀུན་གསལ་དྲགས་ཀྱང་གོ་སླ་ཞེས་པ་དེ་དེ་བཞིན་དུ་འཛིན་ཏོ། །ཁྱེའུ་ཟེར་བའི་གནས་དེར་འབྱུང་བ་ནི་ཁོ་བོ་སྟེ་རྒྱལ་བའི་འབྱུང་གནས་ཅན་ནོ་ཞེས་པ་ནི་གོང་དུ་སྨོས་མ་ཐག་པའི་དམ་པ་དེ་ཁོ་བོ་རྒྱལ་བའི་འབྱུང་གནས་ཅན་དངོས་ཡིན་ཞེས་པའོ། །སྐབས་འདིར་རྒྱལ་བའི་འབྱུང་གནས་ཡིན་ཞེས་དངོས་སུ་བསྟན་པའི་དགོས་པ་ནི། གོང་གི་རྒྱལ་བ་འབྱུང་བའི་གནས་ཞེས་པ་གནས་དོན་ཡིན་པ་འདིའོ་ཞོར་ལ་ཤེས་པའི་ཆེད་ཡིན་ནོ། །ཀ་བ་ན་རེ་ཞེས་སྒྲ་ཇི་བཞིན་དུ་གོ་སླ། བཤེས་གཉེན་པའང་མང་ཞེས་པ་འདི་སྒྲ་ཇི་བཞིན་དུ་གོ་སླ། བཤེས་གཉེན་པའང་མང་ཞེས་པ་འདི་སྒྲ་ཇི་བཞིན་ཡིན། དེ་དུས་སུ་སྤྲུལ་པ་དེ་སྐྱེ་བ་ཆེན་པོ་གངྒཱའི་ཀླུང་སྟོང་གི་བྱེ་མ་སྙེད་བཅུ་དྲུག་ཙམ་ས་ལེ་སིང་ངེ་མཁྱེན་པ་ལ་ཞེས་དེའི་དུས་ཀྱི་སྤྲུལ་པ་རྗེ་ཉིད་ཀྱིས་མཁྱེན་པ་ནི་དེ་ལྟ་བུར་རྣམ་མཁྱེན་དང་མཚུངས་པར་ཤེས་བྱ་གང་ལའང་ཐོགས་རྡུགས་མེད་ཅིང་ས་ལེ་སིང་ངེ་སྟོན་པར་བྱེད་ནུས་པ་ཡིན་ནོ་ཞེས་ནན་ཏན་ནས་བརྗོད་པ་ཡིན་ནོ། །ལ་གཅིག་ཡོད་པ་ནི། དེ་ལྟར་ཡིན་པ་ལ་དེ་ལྟར་ཚད་མར་མི་འཛིན་པར། དེ་དུས་རྒྱལ་པོ་ལྷ་བཟང་དང་། དེའི་ཕྱོགས་སུ་གཏོགས་པའི་བླུན་པོ་རྣམས་ཀྱིས་རྗེ་འདི་ལས་གཞན་པའི་གཉིས་པ་ཞིག་བཙལ་བ་ལ་ཟེར་རོ། །གཉིས་པ་ཅན་བྱས་གསུངས་པ་ཅུང་མ་འཐད་པའི་རྣམ་པ་ཡིན་ཞིང་། སྟོང་མི་གསལ་བར་ཕྱིས་ཚེས་གཅིག་ནས་གནམ་སྟོང་གི་བར་ལ་ཟླ་བ་རིལ་པོ་ཟེར་ལ། དེ་ལས་ཕྱེད་མེད་པར་བྱས་ནས་བཅུ་དྲུག་གསལ་བར་བསྟན་ཅེས་པས་ཟླ་ཕྱེད་ཙམ་གྱིས་ཆོག་པར་བྱས་པ་ངོས་བཟུང་ནས། དེ་དང་དཔེ་མཐུན་པར་དེ་དུས་རྗེ་ཉིད་བོད་དུ་བཞུགས་ནས་བསྟན་པའི་ལུང་ཚང་མ་ཟླ་བ་ཚང་མ་ལ་ཞག་སུམ་ཅུ་ཡོད་པ་ལྟར་གྱི་བསྟན་པའི་ལུས་ཡོངས་སུ་ཚང་བ་ཞིག་གསལ་བར་མཛད་རྒྱུ་ཡིན་པ་ལ། དེ་ལ་བདུད་ཀྱི་བར་ཆད་ཀྱིས་བླུན་པོ་རྣམས་བརླམས་པས་ཕྱེད་འགྲིབ་ནས་ཕྱེད་ཙམ་ཞིག་གསལ་བར་འགྱུར་ཞེས་དང་། ཡང་བོད་ཀྱི་གཏམ་དཔེར། ལང་ཚོའི་དཔོན་པོ་ཚེས་ཆེན་བཅོ་ལྔའི་ཟླ་བ་དང་འདྲ། བཅུ་དྲུག་ནས་ཇེ་རྡུགས་ཇེ་རྡུགས་ལ་འགྲོ་ཟེར་བ་ལྟར་འཇིག་རྟེན་པའི་ཐ་སྙད་ལ་བཅུ་དྲུག་ནི་ཟླ་བ་མར་འགྲོའི་མགོ་ཡིན་ལ། དེ་བཞིན་བླུན་པོ་རྣམས་ཀྱིས་རྒྱལ་བའི་བསྟན་པ་འདི་ཉིད་སྐྱེས་བུ་དམ་པ་ལ་མ་ཤེས་པར་ཐོ་འཚམས་པའི་ལས་ཀྱིས་བསྟན་པ་མར་འགྲིབ་ལ་གཏོང་བ་ཡང་བསྟན་པ་ཡིན་ནོ། །གངྒཱའི་རླུང་བར་དུ་སྟོར་ཞེས་པའི་གངྒཱ་ནི་ཨ་མྲྀ་ཏ་ཡིན་ལ། ཨ་མྲྀ་ཏ་ནི་བདུད་རྩིའི་མིང་ཡིན་ནོ། །བདུད་རྩི་བག་ཡོད་ཡིན་ལ། དེ་དུས་བོད་ཀྱི་བླུན་པོ་རྣམས་ཀྱིས་རྗེ་ཉིད་ཀྱི་ཕྱོགས་སུ་བག་ཡོད་མ་བསྟན་པར་ཐལ་བའི་སྐྱོན་དུ་འགྱུར་ཞེས་བསྟན་པ་ཡིན། བག་ཡོད་པ་བདུད་རྩི་དང་འདྲ་བ་ནི། དཔལ་མགོན་ཀླུ་སྒྲུབ་ཀྱིས།
བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་ནི། །
འཆི་བའི་གནས་སུ་སྟོན་པས་བཀའ་སྩལ་ཏོ། །
ཞེས་གསུངས་པ་ལྟར་བག་ཡོད་མ་བསྟེན་པའི་དབང་གིས་བོད་ཀྱིས་དམ་པ་ཉིད་སྟོར་རོ། །ཞེས་སོ།།
གྲིབ་གནོན་གྱི་བདུད་ཞུགས་པ་ཡིན་ཞེས་པ་གྲིབ་གནོན་གྱི་གནོད་པ་བྱུང་ན་མིག་གིས་བལྟས་བཞིན་སེམས་ཀྱིས་ཤེས་བཞིན་ཁ་བསྒྲགས་མི་ནུས་པ་དང་། རྐང་ལག་འགུལ་བསྐྱོད་མི་ཐུབ་པ་བཞིན་དེ་དུས་བོད་པ་རྣམས་དེ་དང་འདྲ་ཞེས་པའོ། །གཞན་ཡང་ཞབས་ཏོག་ཏུ་རློམས་པ་འདྲ་མིན་རེ་རེ་གཉིས་གཉིས་བར་དུ་ཞུགས་ཏེ་རྩོད་པ་གཉིས་འོང་ཞེས་པ་གོ་སླ་ཡང་བརྗོད་མི་བདེ་བས་འཐེན་པ་ཡིན། བཤེས་གཉེན་པ་ན་རེ། འོན་ཀྱང་རང་ཕམ་པར་མི་ནུས་ཞེས་པའི་བར་གྱིས་འདིར་གཏོགས་པའི་དོན་གཞན་འགའ་ཞིག་དང་། ཕལ་ཆེར་རྗེ་ཉིད་ཀྱི་ཡང་སྲིད་ཀྱི་རིགས་རུས་སོགས་ཀྱི་ལུང་བསྟན་ཡིན་ལ། མདོར་བསྡུས་ཙམ་ཞིག་བརྗོད་ན། དེ་དུས་ཀྱི་སྐྱེས་པ་དེ་མིའི་ས་བོན་ལས་རུས་བྱས་པའི་ལུགས་ཡིན་ཞེས་པ། མེའི་ས་བོན་ནི་རཾ་ཡིན་པས། མེ་ནི་ཁོ་ཁོ་རང་ཡིན། དེའི་རྒྱུ་མཚན་ནི། རྗེ་ཉིད་ཀྱི་ཡང་སྲིད་ཀྱི་སྐུ་རུས་ནི་མེའི་མིང་ཅན་གྱི་རུས་བྱས་པ་ཞིག་འབྱུང་ངོ་ཞེས་ལུང་བསྟན་པ་ཡིན་ལ། ལུང་བསྟན་འདི་ནི་ཤིག་ཟོག་གི་མཛུབ་མོ་བྱུང་འདུག་ཅིང་། བོད་ཀྱི་སྐད་དུ་ཆོས་རྒྱལ་མེས་དབོན་གྱི་གདུང་རུས་ཡིན་པས། མེ་སྒྲ་ཐོབ་འདུག་པ་དང་གཅིག །སོག་སྐད་དུ་ཀྷལ་ག་སིའི་གདུང་རུས་ཡིན་པས་ཀྷལ་ཞེས་པ་ནི་སོག་པོའི་སྐད་དུ་མེའི་མིང་ཡིན་པས། མིང་ཡིག་དང་པོའི་མེ་སྒྲ་ཐོབ་པ་གཉིས་ཆར་གྱི་ལུང་དང་གསལ་བར་མཐུན་པ་ཞིག་བྱུང་འདུག་གོ།
གཞན་རྣམས་ནི་གོ་སླ། རྒྱས་པར་ནི་སྐབས་སུ་མ་བབས་པས་མང་དུ་མ་སྤྲོས། སྐབས་སུ་བབས་པ་ན་ཤེས་ལྡན་དག་གིས་རབ་ཏུ་གསལ་བར་གྱིས་ཤིག །དེ་ལྟ་བུའི་སྒྲོ་འདོགས་དང་སྐུར་འདེབས་ཀྱི་དྲི་མས་དབེན་ཞིང་། གནས་དང་གང་ཟག་དུས་སྐབས་སོགས་ས་ལེ་སིང་ངེ་ལུང་བསྟན་པའི་ལུང་བསྟན་ཁྱད་པར་ཅན་དང་མཐུན་པར་བྲག་འགག་ཅེས་བྱ་བའི་ལུང་པར་དགོན་པར་གསར་དུ་བཞེངས་པར་མཛད་པ་ལ་རྗེ་ཉིད་ཀྱི་ཐུགས་རྗེའི་མཐུ་སྟོབས་རྨད་དུ་བྱུང་བའི་དཀའ་ཐུབ་ཀྱི་བཟོད་པའི་གོ་ཆ་ལེགས་པར་བགོས་ཏེ་བརྩོན་པ་དྲག་པོའི་ཤུགས་ཀྱིས་བསྟན་འགྲོར་ཕན་བདེའི་ཁུར་བླ་ན་མེད་པ་རྒྱན་དུ་བཞེས་ནས། འབྲུག་གི་ལོ་ལ་དབུ་བརྩམས་བཞེད་ཀྱང་ཡོ་ལང་གི་རླངས་པ་མ་ཡལ་བས། ལུག་ལོ་ནས་མགོ་བརྩམས་ཏེ་བྲག་འགག་གི་ལུང་པའི་ཆུའི་ཚུར་རིའི་དགོན་གནས་དེ་རྒྱའི་ས་ཡིན་གཤིས། དངུལ་སྲང་བརྒྱ་ཕྲག་འགས་ཉོས་ནས་བླངས་ཏེ། ལུང་པ་དེའི་ནང་དུ་འདུ་ཁང་དང་བླ་བྲང་གྲྭ་ཤག་སོ་སོའི་གཞི་འཛིན་ས་བགོས་ནས་གནང་ཞིང་། རང་རང་གིས་ས་དེར་འདུ་ཁང་དང་བླ་བྲང་གྲྭ་ཤག་སོགས་ཀྱི་མིང་བཏགས་པས་གཡའ་ལེབ་ཆེ་ཆུང་ཅི་རིགས་པ་ཕུབས་ནས་བཞུགས་སྐབས། ཡར་མར་ལ་ཁ་འཐོར་བའི་དགེ་འདུན་གྲངས་ལྔ་བརྒྱ་ལྷག་པ་འདུས་ཤིང་། གནས་འཆའ་བའི་སྐབས་སུ་ས་སྒོའི་རྒྱ་དཔོན་དབང་བཙན་པའི་སྟབས་ཀྱིས་དགོན་པ་བཞུགས་སུ་བཅུག་པར། དེ་རིང་བརྩིགས་པའི་གཡའ་ལེབ་སང་ཉིན་བཤིགས། སང་ཉིན་བརྩིགས་པའི་གཡའ་ལེབ་རྗེས་ཉིན་བཤིགས་ནས། ལྷ་ཁང་ཉིན་བརྩེགས་མཚན་མོར་བསྒྱེལ། རི་རྡོ་ཐམས་ཅད་ཀླུངས་སུ་ཕེབས། ཞེས་པ་ལྟར་གྱུར་ནས་ཡོད་སྐབས་ཤིག་ཐུར་ཆེན་མཁར་གྱི་དཔོན་པོ་རྙིང་པ་ཆོས་དད་མེད་པ་དེ་མཁར་གཞན་ཞིག་ལ་སོང་ནས། དེའི་ཚབ་མལ་རྒྱ་དཔོན་ཆོས་དད་ཅན་ཞིག་བསྡད་པ་དེ་ལ་རྗེ་ཉིད་ཀྱིས་རྟ་བཟང་འགའ་དང་། དངུལ་རྡོ་ཚད་འགས་འཛིན་ལ་བྱས་ནས་རྒྱུ་མཚན་བྱས་པར། ཁོ་འདི་ན་ཟླ་བ་གསུམ་ཙམ་ལ་སྡོད་རྒྱུ་ཡིན། དེའི་བར་ལ་ལྷ་ཁང་རྟེན་དང་བཅས་པ་ཞིག་ཨེ་འགྲུབ་ལྟོས། དེ་ལས་འགྱངས་ན་དཔོན་པོ་རྙིང་པ་སླེབས་ན་ཁོ་བོ་ཕྱོགས་གཞན་དུ་འགྲོ་དགོས་པས་དེས་ཅི་བྱེད་མི་ཤེས་ཟེར་བྱུང་བར། བཟོ་པ་རྣམས་བཀུག་ནས་ལྷ་ཁང་ཞིག་རྒྱ་བོད་ཐམས་ཅད་ཀྱིས་ཉིན་མཚན་མེད་པར་བརྩིགས་ནས་དེའི་ནང་དུ་གོང་མའི་ཞབས་བརྟན་དང་། བསྟན་འགྲོའི་དོན་ལ་དམིགས་ནས་རྗེ་བཙུན་བྱམས་མགོན་གྱི་སྐུ་ཐོག་ཚད་གཅིག་ལ་འཁོར་དུ་ཉེ་སྲས་བརྒྱད། རྟ་མགྲིན། ཕྱག་རྡོར་དང་བཅས་པའི་སྐུ་མི་ཚད་ལས་ཆེ་བ། གཞན་ཡང་བྲག་རི་སོགས་ཀྱི་བཀོད་པས་མཛེས་པར་བྱས་པས། ཚོན་རྩི་གསེར་གཟུངས་གཞུག་སོགས་ཡན་ལག་མ་ཚང་བ་མེད་པར་འགྲུབ་ནས་རབ་གནས་རྒྱས་པར་མཛད་དེ། འདུ་ཁང་སྐྱ་ལེབ་མར་གྲགས་པ་དེ་བརྩིགས་ནས་དགོན་པའི་གཟུགས་བརྙན་ཙམ་ཞིག་ཆགས་ཡོད་པའི་སྐབས་ཤིག་རྒྱ་དཔོན་རྙིང་པ་དེ་སླེབས་ནས་རྒྱ་དམག་མང་པོ་དང་བཅས་བྱུང་ནས་བྱམས་ཁང་གི་རྒྱ་ཕིབས་སྟེང་གི་གྱོ་མོག་བཀོག་ནས་འཕངས་པའི་སྐབས་སུ་རྗེ་ཉིད་ཀྱིས་རྒྱ་དཔོན་དེ་ལ་ཞབས་པུས་གཉིས་ཀྱི་ལྷ་ང་ས་ལ་བཙུགས་ནས་བསོད་ནམས་བརྒྱ་ཕྲག་དུ་མས་བསྐྲུན་པའི་དབུ་དེའང་ས་ལ་གཏུགས་ནས་ཕྱག་གནང་སྟེ་འོ་འདོད་འབོད། བརྒྱ་འབུལ་སྟོང་འབུལ་བྱས་པས་རྒྱ་དཔོན་དེས་ལྷ་ཁང་མ་བཤིག་པར་བཟློག་ཐུབ་ཙམ་བྱུང་། དེ་ཉིན་དགེ་འདུན་ཡོངས་རྫོགས་ཐུགས་ཚད་མེད་པར་སྐྱོ་ཞིང་། དམ་པ་འདི་ཉིད་འདི་ལྟ་བུར་ལུང་པ་འདིར་བསམས་བཞིན་དུ་མ་ཕེབས་ན། ང་ཚོ་ལ་བསྟན་འགྲོའི་དོན་གྱི་ཁག་ཇི་ལྟར་ཡོད་ཅེས་གླེང་ཟེར། རྒྱ་དཔོན་དེ་ཉིན་མཁར་ལ་སླེབས་འཕྲལ་དུ་བུ་ག་དགུ་ནས་ཁྲག་རྒྱུན་འཛར་ནས་ཤི་འདུག །མི་རྣམས་ཀྱིས་དམ་པའི་ཕྱག་མ་ཐེག་པ་ཡིན་ཞེས་གླེང་ངོ་།།
དེ་སྐབས་འཇམ་དབྱངས་གོང་མ་ཆེན་པོས་བཀའ་བསྒྲགས་ནས། ཉེ་ཙོང་ཏུས་བཤིགས་པའི་དགོན་སྡེ་ཆེ་གྲས་ཐམས་ཅད་ལ་རང་རང་གི་གཞིན་འཛིན་པའི་ས་ཆ་ལུང་པ་ཐམས་ཅད་རང་རང་གི་འདོད་མོས་ལྟར་གནང་ནས་དགོན་པ་རྣམས་བཞེངས་རྒྱུའི་བདག་རྐྱེན་དགོས་པའི་གསེར་ཡིག་བྱུང་བ་ལྟར། ཡོའུ་ཙང་གྱུན་གྱིས་དགོན་སྡེ་ཐམས་ཅད་རྗེ་ལ་བརྟེན་ནས་རྒྱལ་བསྟན་ཉིན་མོ་ལྟར་གསལ་ནས་བསྟན་པ་ཕྱི་དར་གྱི་མགོ་ཚུགས་པ་ལྟར་གྱུར་པས། དེ་དུས་བོད་ཁམས་ཐམས་ཅད་བདེ་འཇགས་ལ་སོང་ནས། ཇག་རུང་ལའང་དགོན་པ་བཞེངས་ཆོག་པའི་གསུང་བཀོད་དང་། དགོན་གནས་སོགས་མཐའ་དག་ལག་རྩེར་སྩོལ་བར་མཛད།
ཁྱི་ལོར་ཅུང་ཀརྷལ་དམག་འགྲོ་སྐབས་ལང་ཇུའི་ཕུ་ལ་ཡོའུ་ཙང་གྱུན་གྱིས་རྗེ་ཉིད་གདན་དྲངས་ནས་མུན་ཇུ་དང་རྒྱ་དམག་ཡོངས་ཀྱི་སྐྱབས་འཇུག་དང་སྐུ་རིམ་གཏོང་། དེ་སྐབས་ཕ་རོལ་གྱི་དཔུང་ཚོགས་མ་ལུས་པ་འཇོམས་པའི་རྟེན་འབྱུང་དུ་རྟ་དམག་གོ་མཚོན་ཐོགས་པ་བརྒྱ་ཕྲག་མང་པོས་གཡས་རིམ་དང་གཡོན་རིམ་དུ་གྲ་བསྒྲིགས་ནས་དཔའ་ཞིང་འཇིགས་པའི་རྔམ་བརྗིད་ཚར་དུ་དངར་བར་བྱས་ཏེ། དེའི་དབུས་སུ་རྗེ་ཉིད་ཀྱིས་ཞག་བདུན་ལ་དགྲ་ལྷའི་དཔང་བསྟོད་དང་། ཆོས་རྒྱལ་གྱི་གཏོར་ཟོར་དགྲ་ཕྱོགས་སུ་འཕང་བར་མཛད་པས། དེ་སྐབས་ཙང་གྱུན་སོགས་དམག་མང་གིས་དངུལ་སོགས་ཀྱི་འབུལ་བ་ཕོན་ཆེ་བ་བྱུང་། དེ་ནས་བརྩམས་ཏེ་འདུ་ཁང་ཆེན་མོའི་སྟ་གོན་བགྱིས་ནས་ལོ་ཁ་ཤས་ནས་འགྲུབ་ཅིང་། གོང་མ་གནམ་སྐྱོང་ཆེན་པོ་ཁྲི་ལ་བཞུགས་ནས་དགུང་ལོ་བརྒྱད་པའི་ཐོག་གྲྭ་ཤག་དང་མཆོད་རྟེན། ཐ་ན་འབུམ་ཁང་དང་བཅས་པ་ཡོངས་སུ་རྫོགས་པ་འགྲུབ་ཅིང་། གོང་མའི་མཛོད་ཀྱི་བཀའ་བསྟན་འགྱུར་གཉིས་དངུལ་སྲང་སྟོང་ཕྲག་ལྔས་གདན་དྲངས། འདུ་ཁང་ལ་དངུལ་སྲང་སྟོང་ཕྲག་བདུན། གཞན་ཡང་གྲལ་གདན། བླ་རེ། འཕན། རྒྱལ་མཚན་སོགས་མཐའ་དག་རྗེ་རང་གི་ཕྱག་རྫས་ཀྱི་སྟེང་ནས་བཞེངས་འགྲུབ། རྗེ་ཉིད་ཀྱི་གཙོ་བོའི་དཔོན་གཡོག་ཉིས་བརྒྱ་དང་ལྔའི་ཏོ་ཐིས་ཀྱང་སྩལ་ནས། སྔར་གྱི་དགོན་པ་རྙིང་པའི་དུས་སུ་གོང་མ་བདེ་སྐྱིད་ཀྱིས་གནང་བ། རྗེ་ཉིད་ཀྱིས་གཙོ་བོའི་མི་དྲུག་ཅུ་རེ་བརྒྱད་ལ་ཞྭའི་ཏོག་དང་། མི་ཉིས་བརྒྱ་དང་ལྔ་ལ་ཆེན་ལང་དང་ཕོགས་བཅས་སྩལ་བ་གསར་དུ་གསོས་ནས་གནང་ཞིང་། དེ་ཡང་རྗེ་ཉིད་ལ་དངུལ་སྲང་གསུམ་དང་། གཞན་རྣམས་ལ་སྲང་དོ་ཞོ་ལྔ་རེ། རྗེ་ཉིད་ཀྱི་ཕོགས་ལ་གྲུས་ནས་འཇགས་གསུམ་དང་། གཞན་རྣམས་ལ་འཇགས་གཉིས་རེ་ཡིན། དེ་སྐབས་དགོན་པ་འདེབས་མཁན་གྱི་མཚན་དྭགས་པོ་བླ་མ་ཟེར་བའི་སྟབས་ཀྱིས་དགོན་པའི་མཚན་ལ་དྭགས་པོ་ཟི་ཞེས་ཏོ་ཐིས་ནང་དུ་སྩལ་ཡོད།
དེ་ལྟར་རྗེ་བླ་མ་འདི་ཉིད་ཀྱིས་སྤྱིར་བསྟན་འགྲོའི་དོན་ཁོ་ན། བྱེ་བྲག་ཏུ་འཇམ་མགོན་བླ་མའི་རིང་ལུགས་དྲི་མ་མེད་པ་འཛིན་སྐྱོང་སྤེལ་བའི་ཆེད་དང་། ཡང་སྒོས་སུ་འཇམ་དབྱངས་གོང་མ་ཆེན་པོའི་ཆོས་སྲིད་ཟུང་དུ་འབྲེལ་བའི་མངའ་ཐང་བླ་ནས་བླར་འཕགས་གཤིས། དེ་ལ་བརྟེན་པའི་རྒྱ་ཧོར་བོད་ཀྱིས་མཚོན་པའི་རྐྱེ་རྒུ་མཐའ་དག་བདེ་སྐྱིད་དཔལ་ལ་འགོད་པའི་ཕྱིར་དུ་ཆོས་སྡེ་ཆེན་པོ་འདི་ཉིད་བཞེངས་ནས་དུས་བཞིའི་ཆོས་ཐོག་དང་། ཆོས་གྲྭའི་སྒྲིག་ལམ་སོགས་ཀྱི་སྐོར་བཀྲ་ཤིས་སྒོ་མང་གི་ཕྱག་ལེན་ལྟར་དང་། སྔགས་ཕྱོགས་ཀྱི་སྐོར་རྣམས་རྒྱུད་སྨད་དང་། ལྷ་མོ་སོགས་འགའ་ཞིག་ཆོས་འཁོར་རྒྱལ་གྱི་ཕྱག་ལེན་ཚུལ་བཞིན་དུ་བཙུགས་པར་མཛད་ཅིང་། གཞན་ཡང་བསྟན་པའི་གཞི་མ་ཚུལ་ཁྲིམས་ཡིན་ཚུལ་གྱི་ལབ་ཡར་བཅའ་ཡིག་གི་སྐོར་གཟབ་རྒྱས་གནང་ཞིང་། ཕྱིས་སུ་ངེད་རང་བོད་ལ་རྫོང་བརྡ་གནང་དུས་རྗེ་ཉིད་ཀྱིས་པཎ་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན་མཁན་རིན་པོ་ཆེ་བློ་བཟང་ཡེ་ཤེས་དཔལ་བཟང་པོ་རིན་པོ་ཆེར་ཞུ་ཤོག་རྒྱས་པ་འབུལ་བའི་ལེ་ཚན་དང་བཅས་ཕུལ་ནས། བཅའ་ཡིག་ཆེན་མོ་དེ་ལྗགས་རྩོམ་གནང་ནས། རྗེ་ཉིད་ལ་གསུང་ཤོག་རྟེན་ལེ་ཚན་དང་བཅས་གནང་བ་ཡིན་ནོ།།
མདོར་དྲིལ་ན་ཇག་རུང་ཐོས་བསམ་དར་རྒྱས་གླིང་འདི་ཉིད་གོང་མ་གཡུང་ཅིང་དགུང་ལོ་ལྔ་པའི་ལུག་ལོ་ནས་དབུ་བརྩམས་ཏེ། གནམ་སྐྱོང་དགུང་ལོ་བརྒྱད་པའི་ཕག་ལོར་བཞེངས་འགྲུབ་པ་ཡིན། དེ་ལ་འདི་སྐད་ཅེས་བྱ་སྟེ།
བླ་མ་ལེགས་པའི་བློ་གྲོས་ཀྱི། །
རྣམ་འཕྲུལ་དཔལ་ལྡན་ཨ་ཏི་ཤ །
དེ་ཡི་སློབ་མ་འབྲོམ་སྟོན་རྗེ། །
དེ་དག་རྣམས་ཀྱིས་ཁྱོད་ལུང་བསྟན། །
དེ་ཡང་མགོན་པོ་ཁྱོད་ཉིད་ནི། །
རྒྱལ་བུ་དད་པ་བརྟན་པོ་དང་། །
དཀོན་མཆོག་འབངས་དང་སྲོང་བཙན་རྗེ། །
ཡིན་པར་ལུང་བསྟན་གསལ་བར་མཛད། །
ཁྱད་པར་སྙིགས་མ་ལྔ་བདོའི་དུས། །
བྲ་ཞེས་མིང་ཡིག་དང་པོ་ཅན། །
བྲག་འགག་ཅེས་བྱའི་ལུང་པ་དེར། །
ཆོས་གྲྭ་འདེབས་པའི་ལུང་བསྟན་མཛད། །
དེ་ཡི་ཞོར་ལ་ཁྱོད་ཉིད་ནི། །
རྒྱ་གར་གནས་ཆེན་འགྲིམ་པ་སོགས། །
སྤྲུལ་པ་སྣ་ཚོགས་འགྱེད་པ་ཡང་། །
ལུང་དུ་གསལ་བར་བསྟན་པར་མཛད། །
དེ་ལས་གཞན་པའི་མཛད་པ་ཡང་། །
མ་ལུས་པར་ནི་གསལ་བྱས་ཏེ། །
བློ་དང་ལྡན་པ་ཐམས་ཅད་ལ། །
རྟོགས་འགྱུར་བཞིན་ཏུ་གསལ་བར་བསྟན། །
རྩ་བའི་གཞུང་ལ་འཇུག་སྟེ། ཡང་ལོ་གཅིག་སུ་མི་ཐུ་ཟེར་བའི་ས་ནས་རི་བོ་པོ་ཏ་ལའི་སྤྱན་རས་གཟིགས་ཀྱི་སྐུ་རྒྱ་ནག་གི་ལི་རྙིང་མི་ཚད་ཆེ་ཙམ་ཞིག་རྙེད་ནས། སྐུ་དེ་ཤིན་ཏུ་ལྕི་བ་མི་སྟོབས་ཅན་འགས་ཀྱང་བཏེགས་མི་ཐུབ་པ་ཞིག་བཞུགས་པ་དེ་རྗེ་ཉིད་ཀྱིས་གསན་ནས་མི་འགའ་བཏང་སྟེ་གདན་འདྲེན་ཞུས་པར། སྐུ་དེ་ཤིན་ཏུ་ཡང་བར་གྱུར་ནས་རྔ་མོང་ལ་བཀལ་ཏེ་གདན་འདྲེན་བྱས་ཤིང་། རྗེ་ཉིད་ཀྱིས་གཡས་འདོན་མཛད་ནས་གཟུངས་གཞུག་ཚད་ལྡན་ཕུལ། ཇག་རུང་ཐོས་བསམ་དར་རྒྱས་གླིང་འདུ་ཁང་ལ་རྟེན་གྱི་གཙོ་བོར་གནང་བ་ཡིན། ད་ལྟ་ཡང་སྐུ་དེ་ལ་འོད་ཟེར་འཕྲོ་བའི་འཇའ་ཤར་བ་སོགས་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བའི་རྟགས་ཁྱད་པར་ཅན་མངོན་སུམ་དུ་གསལ་པོ་ཡོད་ཅིང་། དགུང་ལོ་གཉིས་པ་འབྲུག་གི་ལོ་ལ་གོང་མའི་བཀས་ཝང་གིས་གཙོ་བའི་ཨ་ལག་ཤ་པ་ཡོངས་སུ་རྫོགས་པ་མཚོ་སྔོན་མོར་སྤོས་ནས་གཞིས་བཟུང་ཞིང་། དེ་དུས་རྗེ་ཉིད་པོ་རོ་ཆུ་འགག་ན་རེ་ཞིག་བཞུགས་ནས། ཨ་ཅེ་ནར་གཞི་གནང་ནས་ལོ་ངོ་དགུ་པ་ལ་སླར་གོང་མའི་བཀས་ཨ་ལག་ཤར་སྤོས་ནས་བཞུགས། སྐབས་འགར་ཤར་ལ་ཡང་བཞུགས་པ་ཡིན། དེ་སྐབས་ཏའི་ཐོད། འབྲུ་གུ། གྱང་རིང་། རྒྱབ་ཚེ། སེམ་ཉི། རྒྱ་ཡག །ཨོར་ཚོ། ཞྭ་དམར། རྒྱ་ལྡོག་གཉིས། ཧོར་དགོན་པ། བཀན་ཆེན། འབྲི་གུང་སོགས་ཀུན་འབྲེལ་དུས་གཅིག་ལ་དགོན་པ་བཅུ་གསུམ་གྱི་མཁན་པོ་མཛད་པ་ཡིན། མཱ་ཡང་དགོན་པ་དེ་རྗེ་ཉིད་ཀྱི་གསུང་གིས། གནམ་སྐྱོང་དགུང་ལོ་ལྔ་པར་ངེད་ཀྱི་བ་ཟ་ཆོས་རྗེ་ངག་དབང་ལྷུན་གྲུབ་སོང་ནས་གསར་དུ་བཏབ་པ་ཡིན། ཏའི་ཐོད་ལ་ཕབས་པའི་ལོ་རྒྱུས་ནི། རྗེ་ཉིད་ཀྱིས་ཐོས་ནས། རྗེ་ཉིད་ཀྱི་སྙན་གྲགས་ལ་ཐེ་ཚོམ་ནས་ཡོང་སྐབས་དང་དུས་འགྲིགས་པས། ཁོང་གི་སྤུན་མཆེད་དཔོན་པོ་ཐོ་སི་དང་དགོན་པའི་དགེ་འདུན་མང་མ་ལ་བཤད་ནས། སང་ཉིན་དྭགས་པོ་བླ་མ་དེ་བོད་ཀྱི་སྦྱིན་བདག་ཅིག་གིས་གདན་དྲངས་ནས་ཕེབས་རྒྱུ་རེད་ཟེར་བ་ཞིག་ཐོས། བླ་མ་དེ་ཚངས་དབྱངས་རེད་ཟེར་ནས་གྲགས་འདུག་ཀྱང་། ད་དུང་ཡིད་ཆེས་བྱེད་པ་དཀའ་མོར་འདུག །ངེད་རང་སྔར་གྲྭ་ས་ན་ཡོད་དུས་༸རྒྱལ་བ་ཚངས་དབྱངས་པའི་སྐུ་མདུན་དུ་དུས་རྒྱུན་བཅར་ནས་རྗེ་དེས་ཀྱང་བདག་རྐྱེན་བསམ་གྱིས་མི་ཁྱབ་པ་གནང་གི་ཡོད། བླ་མ་དེ་རྗེ་ཚངས་དབྱངས་པ་མིན་མོད་སྙམ། གལ་ཏེ་ཡིན་ན་ངས་མི་ཤེས་པའི་དྲོས་མེད། སང་ཉིན་དེ་ཕྱོགས་སུ་སྦྱིན་བདག་ཅིག་གིས་ངེད་རང་ཡང་འབོད་ཡོད་པས། དེར་འགྲོ་དུས་བླ་མ་དེ་དང་ཐུག་པ་ཞིག་བྱེད། མིན་པ་ཡོད་ན་ངེད་ནས་མ་མཐོང་བ་ལྟར་ལམ་བསྙེགས་ནས་འགྲོ་ཡོང་། གྲྭ་པ་མང་ཡང་འབབ་པ་ཙམ་ཞིག་བྱེད་མི་དགོས། གལ་ཏེ་ཡིན་སྲིད་ན་དང་པོ་ངེད་རང་རྟ་ལས་མཆོངས་ནས་འབབ་ཡོང་བས་ཁྱོད་ཚོས་དེ་དང་མཐུན་པར་དགོས་པ་གཞིར་བཞག་ཅེས་བསྒྲགས་ནས། དེ་དུས་རྗེ་ཉིད་ཀྱང་ཕར་ལ་འབྱོན་ནས་ཁོས་ཚུར་ལ་ལམ་གཅིག་ཏུ་འཕྲད་པ་བྱས་ནས་གྲྭ་པ་ལྔ་བཅུ་ཙམ་གྱིས་བསྐོར་ནས་ཡོད་པ་ལ། ལམ་བར་དུ་ཕན་ཚུན་ལམ་ཀ་གཅིག་ན་ཐུག་བྱུང་བར། ཁོས་ས་འདོམ་བདུན་བརྒྱད་ཀྱི་ཚོད་ནས་རྗེ་ཉིད་ཀྱི་ཞལ་ངོ་ཤེས་ནས་རྟ་ལས་མཆོངས་ནས་བབས་ཏེ་སྡོང་པོ་རྩ་བ་ནས་བཅད་པ་ལྟར་ས་ལ་འགྱེལ་ནས་འདྲེ་ལྡོག་ཅིང་སེམས་ཤིན་ཏུ་སྐྱོ་བ་ཚད་མེད་པས། ངག་ནས་སྨྲེ་སྔགས་འདོན་ཅིང་ངུས་ནས་ཕྱག་ཕུལ་བས་རྗེ་ཉིད་ཁོང་གི་མདུན་དུ་བྱོན་ནས། ཁྱོད་ཀྱིས་སེམས་འཚེར་མ་བྱེད། སྤྱིར་བོད་གངས་ཅན་པའི་ལས་ཟད་ནས། ཡང་སྒོས་སུ་ང་རང་གི་ལས་ཐོག་ཏུ་བབས་པ་ངས་བདག་གིར་བྱས་པ་ཡིན། སེམས་འཚེར་གཏན་ནས་མ་བྱེད། རྣམ་པ་འདི་འདྲ་ཡིན་ནའང་དོན་དུ་གདུལ་བྱའི་དོན་བསམ་གྱིས་མི་ཁྱབ་པར་འགྱུར་བས་ཤིན་ཏུ་དགའ་བ་ཚད་མེད་པ་སྒོམས་ཤིག །ཅེས་གསུངས་པས་ཁོང་གིས་ད་གཟོད་དྲན་པ་རྙེད་དེ་ཁ་བཏགས་ཕུལ་ནས་ཕྱག་དབང་ཞུས་པས། གཞན་གྲྭ་མང་གིས་མཇལ་ནས་ཕྱག་དབང་ཞུས་སོང་།
དེ་ནས་ལོའུ་ཀྱ་བླ་མ་དེ་ཉིད་ཕར་ལ་སོང་ནས་ཁོ་རང་གི་ཕ་སྤུན་དཔོན་པོ་ཐོ་སི་དང་། དགོན་སྡེ་ཆེ་ཆུང་མཐའ་དག་ལ་༸རྒྱལ་དབང་རིན་པོ་ཆེ་ཡིན་པར་ཐག་གཅོད་ཅེས་དྲིལ་བསྒྲགས་ཏེ། ལོའུ་ཤི་བན་ཡོངས་རྫོགས་ཀྱིས་བླ་མར་མཆོད་དགོས་ཞེས་ནན་ཏན་གྱིས་བསྒོས་ཏེ། བླ་མ་ཁོ་རང་གིས་གཙོ་བའི་དཔོན་གཡོག་མང་པོས་རྗེ་ཉིད་ཇག་རུང་ནས་གདན་འདྲེན་བྱས་པས། རྗེ་ཉིད་ཀྱིས་ཀྱང་ཐུགས་བརྩེ་བའི་སྒོ་ནས་བྱོན་ཏེ། དགོན་ཆེན། བྲག་དགོན། རྡོ་རྗེ་འཆང་གུར་མགོན་སོགས་རྟེན་བྱིན་ཅན་མཐའ་དག་ལ་མཇལ་ནས་སྐུ་ཁྲུས་གསོལ། སྨོན་ལམ་སོགས་གཟབ་རྒྱས་གནང་། དགེ་འདུན་གྱི་སྡེ་རྣམས་ལ་མཇལ་ཁ་གནང་ནས་དགོན་ཆེན་ལ་བཞུགས་གདན་འཇགས་སྐབས། ཐོ་སི་དཔོན་པོ་བོད་ཀྱི་ཀླུ་རྒན་ཟེར་བ་དེས་བཤོན་པ་ཧ་ཟི་ཟེར་འབི་ལྷ་ཁང་དུ་སྟོན་མགོ་མར་གདན་འདྲེན་བྱས་ནས་ཕེབས་པར། ཀླུ་སྐྱབས་དཔོན་པོས་རྒྱ་ལུགས་ཀྱི་གསོལ་སྟོན་དྲངས་པས། རྗེ་ཉིད་ཀྱིས་རེ་ཞིག་བར་དུ་སྤྱན་ནམ་མཁའ་ལ་གཟིགས་ཏེ་ཡུན་རིང་ལ་གསོལ་སྟོན་མ་བཞེས་པར་བཞུགས་བསྡད་པས། ཀླུ་སྐྱབས་དཔོན་པོས་བླ་མ་ཁྱོད་ལ་སྟོན་མོ་དྲངས་པ་ལ་མིིག་གིས་ཀྱང་མི་བལྟ་བར་ནམ་མཁའ་ལ་བལྟས་འདུག །ཅི་ཡིན། མི་བཞེས་དམ་ཞུས་པར། རྗེ་ཉིད་ཀྱི་ཞལ་ནས་ང་ད་ལྟ་མ་ཁོམ་པ་ཡིན་གསུངས་པར། ཁོས་ཁྱེད་ལ་ལས་ཀ་མི་འདུག་མོད་བྱས་པས། རྗེ་ཉིད་ཀྱིས་ད་ལྟ་འཇུ་ལག་གི་ཆུ་འདི་ལ་རྒྱ་མི་ཟས་དཔའ་ཆིང་འཚོང་མཁན་ཞིག་ལྷུང་ནས་ཆུས་ཁྱེར་ནས་འཆི་གྲབ་འདུག་པ་དེའི་སྲོག་བསྐྱབས་ནས་ཆུ་ལས་སྒྲོལ་བར་ཧ་ཅང་འགོར་སོང་། རྒྱ་མི་དེས་ང་ལ་དྲིན་གཟོ་བྱས་ནས་ཟས་ཐོག་སླེ་པོ་གནང་ཡོད་པ་ཐམས་ཅད་བྱིན་ཀྱང་ངས་མ་བླངས། ཕྱེད་ཀ་ཞིག་གྲིས་བཅད་ནས་བྱིན་པ་དེ་ངས་བླངས་པ་ཡིན་གསུངས་ཏེ་སྐུ་འབག་ནས་ཟས་དཔའ་ཆིང་གི་ཕྱེད་ཀ་ཞིག་བཏོན་ནས་འདི་ཞེས་བསྟན་བྱུང་བར། ཀླུ་སྐྱབས་དཔོན་གཡོག་ཐམས་ཅད་ངོ་མཚར་ཞིང་ཐེ་ཚོམ་དུ་གྱུར་ནས། དཔོན་པོས་མི་བཟང་འགའ་ཞིག་ཆུ་འགྲམ་དུ་བཏང་ནས་བཙལ་བར། ཆུ་འགྲམ་དེ་ན་རྒྱ་མི་ན་གཞོན་ཞིག་གིས་གོ་ལག་དང་། ཟས་ཐོག་སླེ་པོ་གང་ཆུ་ལ་ཤོར་བ་ཉི་མ་ལ་བསྐམས་ནས་འདུག་པ་མཐོང་ནས་རྒྱུ་མཚན་དྲིས་པས། རྒྱ་དེས་བཤད་པ་དང་། རྗེ་ཉིད་ཀྱིས་གསུངས་པ་མཐུན་བྱས་པར་ངོ་མཚར་ལྷག་པར་སྐྱེས་ཏེ། རྒྱ་ལ་གོས་བསྐོན་ནས་སླེ་པོ་བཅས་ཁྲིད་ནས་ནང་དུ་བྱུང་བར། དཔོན་པོས་རྒྱ་མི་དེ་ལ་ཁྱོད་ཀྱིས་ངོ་ཤེས་པའི་བླ་མ་དེ་ཨེ་འདུག་ཅེས་དྲིས་པས། རྒྱ་མི་དེས་ཡར་མར་ལ་བལྟས་བལྟས་ཏེ། གློ་བུར་དུ་རྗེ་ཉིད་མཐོང་ནས་ང་ཆུ་ལ་སྒྲོལ་མཁན་དེ་འདི་ཡིན་ཞེས་མཛུབ་མོ་བཙུགས་ནས་བསྟན་པས་ཀུན་ངོ་མཚར་དུ་གྱུར་ཏེ། རྗེ་ཉིད་ཀྱི་སྐུ་འབག་གི་ཟས་ཕྱེད་དེ་བསྟན་པས། རྒྱ་དེས་ཀྱང་སླེ་པོའི་ནང་ནས་དེའི་ཕྱེད་ཀ་བཏོན་ནས་སྦྱར་བས་གཅིག་ཏུ་གྱུར་པ་ལ་དེ་ཉིད་ཀླུ་སྐྱབས་དཔོན་པོས་གཙོ་བའི་སྐྱ་སེར་དྲག་ཞན་ཐམས་ཅད་ཀྱིས་རྗེ་ཉིད་ལ་མི་ཕྱེད་པའི་དད་པ་ཐོབ་ནས་ལོའུ་ཤིནྔྷ་ཡོངས་སུ་རྫོགས་པ་ཐུན་མོང་མ་ཡིན་པའི་སྦྱིན་པའི་བདག་པོར་གྱུར་ཏོ།།
དེ་ཉིད་ལྷ་ཁང་ནང་གི་བློས་བསླང་གསུམ་ཡོད་པའི་དབུས་མ་དེའི་ཤར་སྒོ་ནས་ཞུགས་ཤིང་ལྷོ་སྒོ་ནས་ཐོན་ཏེ། སླར་ལྷོ་ནས་ཞུགས་ཤིང་ནུབ་སྒོ་དང་བྱང་སྒོ་སོགས་ནས་དེ་བཞིན་མཛད་སོང་བར། མི་གཞན་གྱི་མགོ་བོ་ཙམ་ཡང་མི་ཆུད་པ་ལ་རྗེ་ཉིད་ཐོགས་མེད་དུ་འབྱོན་པར་མཛད་པས་དེ་དག་གིས་དད་པ་སྔར་ལས་འཕེལ་སྐད། དེ་ནས་ཁོང་ཚོ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་བཏབ་པ་ལྟར་དའི་ཐང་གི་ཁྲི་ལ་བཞུགས་ནས་རྡོ་རྗེ་འཆང་གི་དུས་མཆོད་ཆེན་པོ་དེ་ལྷ་ལྡན་གྱི་ཆོ་འཕྲུལ་སྨོན་ལམ་གྱི་ཕྱག་ལེན་ལྟར། གསུང་ཆོས་སྨོན་ལམ། འཆམ་གཏོར་རྒྱག་སོགས་མ་ཚང་བ་མེད་པར་གསར་འཛུགས་མཛད། དེ་སྐབས་དཔོན་པོ་ལོའི་ཐོ་སི་རང་གིས་སྦྱིན་བདག་བྱས་ནས་དགེ་འདུན་སྟོང་ཕྲག་གཅིག་དང་ལྔ་བརྒྱ་འདུས། དེ་ནས་བཟུང་ད་ལྟའི་བར་དུ་ལོ་རེ་བཞིན་དུ་ཆད་པ་མེད་པར་ཆུ་བོའི་རྒྱུན་བཞིན་དུ་བཙུགས་པ་ལགས། དེ་སྐབས་ཞྭ་ནག་གི་འཆམ་རྗེ་རང་ཉིད་ཀྱིས་བསླབས་པར་མཛད། ཇག་རུང་གི་ཐོས་བསམ་དར་རྒྱས་གླིང་ལ་ཡང་འབག་འཆམ་རྗེ་རང་ཉིད་ཀྱིས་བསླབས་ནས་སྐུ་ཞོག་གྲྭ་ཚང་གི་ཕྱག་ལེན་དངོས་དག་བཙུགས་པར་མཛད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ།
སྙིགས་མའི་དུས་ཀྱི་ཐ་མ་འདིེར། །
མགོན་པོ་ཁྱོད་ཀྱི་སྙིང་རྗེའི་ཤུགས། །
གཞན་གྱིས་འགྲན་གྱི་དོ་མེད་པ། །
བསམ་བཞིན་བསྐྱོད་པ་འདི་ཀོ་མཚར། །
སོ་སོའི་སྐྱེ་བོ་མགུ་དཀའ་ཡང་། །
ཁྱོད་ཉིད་སྨོན་ལམ་མཐུ་ལྡན་པས། །
བཀོད་པ་ལུས་ཀྱི་རྫུ་འཕྲུལ་གྱིས། །
ཀུན་གྱི་ཡིད་རབ་མགུ་བར་བྱས། །
དེ་དག་སྡིག་ལས་ལྡོག་བགྱིས་ཤིང་། །
རྒྱལ་བའི་བསྟན་ལ་ལེགས་བཀོད་ནས། །
ཆོས་ཀྱི་མཆོད་སྤྲིན་སྤེལ་བྱས་ཤིང་། །
ཡང་དག་བལྟ་ལ་ཁྱོད་ཀྱིས་བཀོད། །
བུ་རམ་ཤིང་པའི་བསྟན་པ་འདི། །
ཕྲ་ཞིང་ཉམས་པའི་དུས་སྐབས་འདི། །
ཁྱོད་ཀྱི་སྤྱན་གྱིས་ལེགས་གཟིགས་ནས། །
དཀའ་བ་བརྒྱ་ཡིས་ངལ་མ་གྱུར། །
ཁྱོད་འདྲའི་རྒྱལ་སྲས་དཔའ་བོ་ཆེ། །
སྟོང་གསུམ་འདི་ན་ཤིན་ཏུ་དཀོན། །
ཁམས་གསུམ་འགྲན་པའི་ཟླ་བྲལ་བ། །
ཁྱོད་ལ་སྙིང་ནས་ཡང་དག་འདུད། །
རྩ་བའི་གཞུང་ལ་འཇུག་སྟེ། གོང་མ་གཡུང་ཅིང་དགུང་ལོ་བཅུ་གསུམ་པར་བདག་ཐོ་ཡོན་ངག་དབང་ལྷུན་གྲུབ་དར་རྒྱས་སློབ་གཉེར་ལ་རྫོང་བདའ་མཛད་ནས་ཞལ་བཀོད་གནང་བ་ནི། བོད་དུ་སོང་ལ་སློབ་གཉེར་ཡག་པོ་གྱིས། པཎ་ཆེན་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་དགེ་ཚུལ་དུ་བསྒྲུབ། བསྙེན་རྫོགས་ཀྱང་བྱེད་དགོས་པ་ཁྱོད་རང་གིས་བབ་བསྟུན་གྱིས། བྱམས་མགོན་གྱི་གསེར་སྐུ་ཁྲུ་གསུམ་པ་སེང་ཁྲི་རྒྱབ་ཡོལ་དང་བཅས་པ་རིན་པོ་ཆེ་དུ་མའི་ཕྲ་རྒྱན་གྱིས་མཛེས་པར་བྱས་པ་བཞེངས་ཤིན་ཏུ་ལེགས་པ་ཞིག་དང་། གཞན་ཡང་དཔག་བསམ་འཁྲི་ཤིང་གི་ཐང་ག་སོ་གཅིག་མ། སྣར་ཐང་བཀའ་འགྱུར་ཚར་གཅིག །རྗེཙོང་ཁ་པའི་འཁྲུངས་རབས་ཞལ་ཐང་བཅུ་གསུམ། བལ་པོའི་ལི་ཏིང་ཆེ་བ་བརྒྱ་ཕྲག་གཅིག །དབུ་མཛད་དང་དགེ་བསྐོས་ལ་འོས་པའི་ཟླ་གམ་དང་། གཞན་རྩེ་ཞྭ་བརྒྱ་ཙམ་ཁྱེར་ཤོག །རྗེས་ནས་དགོས་པ་ཞིག་ཡོད་གསུངས་ནས་དངུལ་སྲང་ཁྲི་ཚོ་གཅིག །རྟ་རྔ་མོང་སོགས་ལ་ལམ་ཆས་ཡོངས་སུ་རྫོགས་པ་བཀའ་དྲིན་བསྐྱངས་པ་མཛད། འབྲུག་ལོར་ཅུང་ཀྷར་སི་སི་རྣམ་རྒྱལ་རྡོ་རྗེས་གདན་དྲངས། དེ་སྐབས་ཨོར་ཏོ་སུ་བཀྲ་ཤིས་ཆོས་གླིང་ལ་གདན་དྲངས་ནས་ཕེབས། རྗེ་ཉིད་ཀྱིས་ལུང་པ་འདི་ན་དེ་སྔ་གཞི་གསུམ་གྱི་ཕྱག་ལེན་ཚུགས་མི་འདུག་མོད། ད་ནས་བཙུགས་ན་བཟང་གསུངས་ཤིང་། དེ་དུས་དབྱར་གནས་བཙུགས་པར་མཛད། དེ་ནས་བཟུང་ཨོར་ཏོ་སུ་ཅུང་གནྷ་ཛ་སག་ལ་གཞི་གསུམ་གྱི་ཕྱག་ལེན་ཚུགས་པ་ཡིན་ནོ། །དེ་སྐབས་བཀྲ་ཤིས་ཆོས་གླིང་གི་སྲུང་མ་དེ་ཤིན་ཏུ་འཚུབ་པ། དགེ་འདུན་རྣམས་ལ་གནོད་ཚབ་ཆེ་བས། རྗེ་ཉིད་ཀྱི་ཕྱག་མདུན་ཅིག་བཏགས་ནས་བཀའ་བསྒོ་མཛད་པས་གདུག་རྩུབ་ཞི་ནས་དགེ་འདུན་རྣམས་ཀྱི་ཆོས་འཆད་ཉན་སོགས་ཤིན་ཏུ་འཕེལ་བར་གྱུར་ཏོ།།
བཀྲ་ཤིས་ཆོས་གླིང་ལ་དེ་དུས་དགེ་འདུན་སུམ་སྟོང་ཙམ་བཞུགས། རྟའི་ལོ་ལ་ངེད་ཀྱང་བོད་ནས་འབྱོར་ཏེ་རྗེ་ཉིད་ཀྱིས་བཀའ་གང་གནང་བའི་སྐོར་རྣམས་ཚང་མ་བསྒྲུབས་ནས་སྤྱན་སྔར་ཕུལ་བས། དེ་མ་ཐག་ལྷ་གུར་ནང་ལ་རྗེ་བཙུན་བྱམས་མགོན་གྱི་སྐུས་གཙོ་བའི་བཀའ་འགྱུར་སོགས་རྟེན་གསར་ཕེབས་ཐམས་ཅད་གདན་དྲངས། འཕྲལ་དུ་མཆོད་པ་ཚར་དུ་དངར་བ་བྱས་ནས་ཁྲུས་གསོལ་རྒྱས་པར་གནང་ནས་ཐུགས་ཤིན་ཏུ་དགྱེས་དགྱེས་མཛད་ཅིང་། ལྷག་པར་བྱམས་མགོན་གྱི་སྐུ་དེ་ལ་ཐུགས་ཤིན་ཏུ་མཉེས་པར་མཛད་ནས་ད་ཡག་པོ་བྱུང་། ངས་ཀྱང་འདི་ནས་ཐུགས་ཀྱི་རྟེན་ལ་བྱང་ཆུབ་མཆོད་རྟེན་མི་ཚད་དངུལ་ལས་བསྒྲུབས་པ། གཞན་ཡང་དུང་དཀར་གསེར་གཤོག་མ་ཆ། གདུགས། འཕན། རྒྱལ་མཚན་སོགས་ཕོ་བྲང་ནས་ལེན་དགོས་རྣམས་ཕོ་བྲང་ནས་དང་། འདི་ག་ནས་བསྒྲུབ་དགོས་རྣམས་འདི་རང་ནས་བསྒྲུབས་ཟིན། ད་སོག་ཡུལ་འདི་ན་ཆོ་འཕྲུལ་སྨོན་ལམ་ཞིག་ངེས་པར་འཛུགས་དགོས་ཞེས་བཀའ་གནང་ནས་རྟེན་རྣམས་ལ་གཟུངས་གཞུག་ཚད་ལྡན་ཕུལ་ནས་རབ་གནས་སྒྲུབ་མཆོད་དང་འབྲེལ་བ་གཟབ་རྒྱས་དགེ་ལེགས་རྒྱ་མཚོའི་ཆར་འབེབས་ལྟར་མཛད་ནས། ས་མོ་ལུག་གི་ལོ་མ་ཨ་ལག་ཤ་རུ་སྨོན་ལམ་ལྷ་ལྡན་ལྟར་བཙུགས་པར་མཛད་པ་ཡང་ད་ལྟའི་བར་དུ་བཞུགས་པ་འདི་ཉིད་ཡིན་ནོ།།
ཕྱིས་སུ་འབག་འཆམ་ཡང་བཙུགས་པར་མཛད། སྐབས་སྐབས་སུ་བདེ་གསང་འཇིགས་གསུམ་གྱི་རྡུལ་ཚོན་ལ་བརྟེན་པའི་སྒྲུབ་མཆོད་མཛད་ཅིང་། ཁྱོད་ཀྱིས་རྗེས་སོར་སྒྲུབ་མཆོད་རྒྱས་པར་ཚུགས་གསུང་བཀའ་ཕེབས་པར། ཕྱིས་སུ་རྗེ་ཉིད་ཀྱིས་དུས་མཆོད་ཆེན་མོར་བསྟུན་པས་བདེ་མཆོག་ཀུན་རིག་ཕྱག་རྡོར་འཁོར་ཆེན། སྤྱན་རས་གཟིགས། འཇིགས་བྱེད་སོགས་ཀྱི་རྡུལ་ཚོན་ལ་བརྟེན་པའི་སྒྲུབ་མཆོད་རྒྱས་པ་དབྱར་གྱི་སྨོན་ལམ་ཆེན་མོ་ཟེར་བ་དེ་ཉིད་ཡིན།
བྱ་ལོར་ཨེར་ཁེ་ཆོས་རྗེས་གཙོ་བའི་སྦྱིན་བདག་རྣམས་ཀྱིས་རྗེ་ཉིད་གདན་དྲངས། དེ་སྐབས་ཨོར་ཏོ་སུ་ཙུར་ཀྷན་ཛ་སག་མ་ལུས་པར་གནད་འདྲེན་ཞུས་ནས། འདོད་ཆོས་སྣ་ཚོགས་གང་ཞུས་པ་ཕལ་ཆེར་གནང་ནས་སྦྱིན་བདག་རྣམས་ཀྱི་འདོད་པ་བསྐོང་བར་མཛད། དེ་སྐབས་ནཱ་རོ་པཎ་ཆེན་དགེ་བསྙེན་དུ་བསྒྲུབས། ཨེར་ཁེ་ཆོས་རྗེས་ཁོ་རང་གི་དགོན་པས་གཙོ་བའི་འབུལ་བ་རྒྱ་ཆེ་ཞིང་སྤོམ་པ་སྟོང་དངུལ་དང་རྟ་བརྒྱ་བཅས་ཕུལ། གཞན་ཡང་དཔོན་པོ་ཆེ་ཆུང་མི་དྲག་ཞན་བར་མ་བཅས་ཁྲི་ཕྲག་མང་པོ་འཚོགས་པ་ཤིན་ཏུ་མང་བའི་སྟབས་ཀྱིས་དེ་རིགས་ཀྱི་འབུལ་ཚན་གྲངས་ཤིན་ཏུ་མང་བར་ཡོད་ཀྱང་ཡི་གེ་མང་བས་མ་བྲིས།
དེའི་རྗེས་ལ་སི་ལི་དངོས་གྲུབ་རྒྱ་མཚོས་གདན་འདྲེན་བྱས་ནས་གུས་མཆོད་ཚད་མེད་པར་བསྒྲུབས། འབུལ་བ་རྒྱ་ཆེ་ཡང་མང་བས་མ་བྲིས། དེ་སྐབས་དེ་ནས་ཤི་འདྲེ་ཞིག་མི་གཟུགས་སུ་བརྫུས་ནས་སུས་ཀྱང་འདུལ་མ་ནུས་པ་ཞིག་ཡོད་པ་དེ་ལ་རྗེ་ཉིད་ཀྱིས་གནོད་པ་བྱེད་མི་ཆོག་པའི་བཀའ་ཤོག་ཅིག་ལྗགས་རྩོམ་གནང་ནས་བཞག་པས། ཤི་འདྲེ་དེ་རང་ཞིར་སོང་བས་སྦྱིན་བདག་རྣམས་ཀྱིས་དད་གུས་ལྷག་པར་འཕེལ་བར་གྱུར་ཏོ།།
ཧལ་ཧའི་ཕྱོགས་ནས་མེར་གེན་པའི་ཧོ་ཝང་དང་། ཆོས་འཕེལ་ཛ་སག །ཐང་མོད་གུང་། དབང་ཆེན་སྐྱབས་གུང་། ཧོར་གྷོར་ཛ་སག་སྔ་མ་བཅས་ཨའི་ལག་འགའི་དཔོན་ཁག་རྣམས་ཀྱི་མཆོད་གནས་སུ་གྱུར། ཐོར་ཀྷོང་བསྟན་སྐྱོང་སི་ལི་ཡང་སྦྱིན་བདག་ཏུ་གྱུར། གཞན་ཡང་རྗེ་འདི་ཉིད་མདོ་སྨད་དུ་ཕེབས་ནས་བསྟན་འགྲོའི་དོན་དུ་དམ་པ་གཞན་ལས་ཁྱད་པར་དུ་འཕགས་པའི་རྫུ་འཕྲུལ་གྱི་སྒོ་ནས་གདུལ་བྱ་གང་ལ་གང་འཚམ་གྱིས་འདུལ་བར་མཛད་པ་ཤིན་ཏུ་མང་པོ་ཡོད་ལ། དེའང་རྡོ་ལ་ཞབས་རྗེས་ཕྱག་རྗེས་འཇོག་པ། ཆུ་གཞུང་ཆེན་པོར་རྫུ་འཕྲུལ་གྱིས་བརྒལ་བ། སྐུ་གཟུགས་མི་སྣང་བར་སྟོན་པ་སོགས་མང་དུ་ཡོད།
གཞན་ཡང་གོང་དུ་མ་སྨོས་པའི་བྱེ་བྲག་ཅིག་ནི་རྒྱ་གར་ལ་ཕེབས་སྐབས། ཉིན་གཅིག་གཅིག་པུར་ཕེབས་པས་རྒྱང་རིང་པོ་ནས་རི་རྒྱུད་ལྟ་བུའི་དུག་སྦྲུལ་ཆེན་པོ་ཞིག་གིས་ཕེབས་ལམ་བཅད་ནས་ཡོད་སྐབས། རྗེ་ཉིད་རྫུ་འཕྲུལ་གྱིས་འཕུར་ནས་བྱོན་པ་ཉིན་གཅིག་ཟུར་ཙམ་ཞིག་རྒྱབ་ཚེ་དཔོན་པོ་ལ་གསུངས་པ་ཐོས་ཀྱང་ཕྱིས་སུ་བརྗེད་ནས་ཞིབ་ཆ་ཞུ་རྒྱུ་མ་བྱུང་། ཕྱིས་སུ་བྲག་དགོན་རི་ཁྲོད་ནས་ལོ་རེ་བཞིན་ཟླ་མཚམས་གཉིས་རེ་གསུམ་རེ་གནང་གི་ཡོད་པའི་ཉིན་གཅིག་སྐུ་མཚམས་གྲོལ་ནས་ཀུན་ཏུ་བཟང་པོའི་ལྷ་ཁང་གི་བྲག་གི་རྩེ་ནས་སྐུ་རིམ་པ་མགོ་དཀར་དང་། འཇའ་མོ་བཀའ་བཅུ་སོགས་ཞབས་ཕྱི་རྒན་གཞོན་མང་པོ་ཞིག་ལ་ང་དེ་རིང་རི་རྩེ་འདི་ནས་གཟན་གྱིས་གཤོག་པ་བྱས་ནས་འཕུར་ན་ཁྱེད་ཚོས་ལྟད་མོ་ཞིག་ཨེ་བལྟ་ཞེས་གསུངས་པར། གཞོན་པ་རྣམས་ཀྱིས་ལྟད་མོ་ལ་དགའ་ནས་ཡོང་ཞུས་ཀྱང་། སྐུ་རིམ་པ་དང་འཇའ་མོ་བཀའ་བཅུས་ཕྱག་ཕུལ་ནས་ད་ལྟ་དེ་འདྲ་གནང་མི་དགོས། རྗེ་ཉིད་མ་འཕུར་ཀྱང་འཕུར་ནུས་པར་ཐེ་ཚོམ་མེད། སྔར་རྗེ་ཉིད་བྱ་རོག་ཏུ་སྤྲུལ་ཏེ་འཕུར་ནས། སོག་ཡུལ་ནས་ཇག་རུང་དུ་བྱོན་ཏེ་ངེད་ཀྱི་སྲོག་སྐྱོབ་མཛད་པ་དེས་འཐུས་ཞེས་བཀའ་བཅུ་པས་ཞུས་སོང་བས་བཞད་མོ་ཞིག་གནང་ནས་ཡོང་ཡོང་གསུངས་འདུག །དེ་དུས་གྲྭ་པ་གཞོན་པ་ཚོ་ལ་སྐུ་རིམ་པ་མགོ་དཀར་དང་འཇའ་མོ་བཀའ་བཅུས་ཁྱོད་ཚོས་ཡོང་ཡོང་ཞུས་ནས། རྗེ་ཉིད་འཕུར་ཏེ་ཞིང་ཁམས་གཞན་ཞིག་ལ་ཕེབས་ནས་བཞུགས་བསྡད་ན་ཅི་བྱེད་རྒྱུ་ཡིན་ཞེས་བཤད་འདུག །དེ་ལྟ་བུའི་མཛད་པ་དུ་མ་ཡོད་ཀྱང་མདོར་བསྡུས་ཙམ་ཞིག་བྲིས་པ་ལགས།
སྦྱིན་བདག་སོགས་ཀྱི་འབུལ་བའི་སྐོར་རྣམས་དམ་པ་གཞན་ཚོའི་རྣམ་ཐར་རྒྱས་པར་འབྲི་དགོས་ཡོད་ཀྱང་། སྔར་རྗེ་ཉིད་ཀྱི་ཞལ་ནས། དེ་རིང་སང་སྐྱེས་བུ་དམ་པའི་རྣམ་ཐར་གྱི་ཕྱེད་ཀ་འབུལ་བའི་ཐོ་གྲངས་གཉེར་པ་ཚོའི་དེབ་ཐེར་འདྲ་བ་འདུག་པ་དེ་དང་། གསུང་འབུམ་གྱི་ཕྱེད་ཀ་གསང་ཡིག་ལ་སོགས་པ་ཧ་ཅང་རང་ཡང་འདྲ་ཆག་རྒྱུ་མི་འདུག་གསུང་གི་ཡོད་པས་འབུལ་ཐོ་རྒྱས་པ་མ་བྲིས།
དེང་སང་དཔེ་ཆ་འགའ་ཞིག་ན་འཕེལ་གདུང་ཨ་མ་དེ་ད་ལྟ་བོད་ན་ཡོད་པ་འདྲ་བ་ཞིག་བཤད་འདུག་ཀྱང་། རི་བོང་རྭ་ཡོད་ཅེས་པ་དང་འདྲ་སྟེ། ལེགས་བཤད་གསེར་ཕྲེང་ལས།
ཆེན་པོ་དག་གི་གསུང་ཡིན་ཀྱང་། །ཆེ་བཞིན་དུ་ནི་མི་འཐད་དོ། །
ཞེས་གསུངས་པ་དང་མཚུངས་སོ། །དེའི་རྒྱུ་མཚན་ཅི་ཞེ་ན། འཕེལ་གདུང་དེ་ཉིད་སྐུ་ཞབས་རིན་པོ་ཆེ་ཁོང་རང་དང་པོ་ཕག་ལོར་རྒྱ་ནག་ཏུ་འབྱོན་སྐབས་གསེར་དངུལ་ཟངས་ལྕགས་ཀྱི་གའུ་རིམ་པ་བཞིའི་ནང་དུ་བཅུག་ནས་འགུལ་དུ་འཆང་བཞིན་པར་ཕེབས་ནས་བཟུང་། རྒྱ་གར། བལ་པོ། ཙ་རི། དབུས་གཙང་། ཁམས་སོགས་ཀྱི་གནས་སྐོར་མཐའ་དག་གྲུབ་ནས་མདོ་སྨད་དུ་ཕེབས་པ། མེ་སྤྲེལ་ལོའི་སྟོན་ཀ་རྨེ་རུ་བཞི་སྡེའི་འབུལ་སྡུད་པ་མི་བཅོ་ལྔ་དང་འགྲོགས་ནས་རྨ་ཆུའི་ཁར་སླེབས་སྐབས། ཐབས་མཁས་ཟེར་བའི་གྲྭ་པ་ཞིག་ཆུས་ཁྱེར་བར། སྐུ་ཞབས་ཉིད་ཆུ་ལ་མཁས་པས་ན་གཟའ་རྣམས་དགྲོལ་ཏེ་ཆུའི་ནང་དུ་མཆོངས་ནས་ཕེབས་ཏེ་རྒྱང་རིང་པོར་དེད་ནས་གྲྭ་པ་དེ་བཟུང་སྟེ་སྲོག་སྐྱོབ་པར་མཛད་སྐབས། ཐུགས་གཡེང་ནས་གའུ་མ་བཀྲོལ་བས་འདོགས་ཐག་རྙིང་པར་རེད་ཡོད་པ་ཆད་དེ་ཆུ་ལ་ཤོར། དེ་དུས་ཐུགས་ཤིན་ཏུ་འཚེར་ཞིང་། མྱ་ངན་བསམ་གྱིས་མི་ཁྱབ་པའི་ཚུལ་བསྟན་ནས་ཁོ་རང་གི་སྐུ་སྟོད་ལ་ཁོ་རང་གིས་གྲི་ཞིག་བརྒྱབ་པར་མཛད་ཀྱང་ཅུང་ཟད་ཙམ་ཞིག་གནོད་པར་མ་བྱུང་། དེ་དུས་གྲྭ་པ་དེ་ཚོ་འགའ་ཞིག་ཕྱག་ལ་འཇུས། འགའ་ཞིག་གིས་ཕྱག་ཕུལ་ནས་ཐུགས་གསོས་ཞུས་སྐད། རྗེས་སོར་སྐུ་ཞབས་ཉིད་ཀྱི་ཞལ་ནས་འཕེལ་གདུང་དེའི་ཆེ་ཆུང་གི་ཚད་ནི་བྱ་ཕོའི་སྒོ་ང་ཙམ་ཞིག་ཡོད་ཅིང་། སྐབས་ཤིག་ན་དེ་ལས་འཕེལ་གདུང་མཐེབ་མགོ་ཙམ་ཞིག་འཁྲུངས་པ་ཡིན། ད་ལྟ་གཞུང་གི་རྟེན་ཆས་དང་གཟུངས་གཞུག་སོགས་ལ་གནང་གི་ཡོད་པ་རྣམས་དེ་ལས་འཁྲུངས་པ་ཡིན།
སྤྱིར་བོད་གངས་ཅན་པ་དང་ཁྱད་པར་དུ་བྱང་ཕྱོགས་ཀྱི་སྐྱེ་རྒུ་བསོད་ནམས་དམན་པའི་སྟབས་ཀྱིས་དེ་དུས་ངའི་ལག་གནས་རྟེན་དེ་ཤོར་སོང་། ད་ལྟ་ཀླུ་ཡུལ་དུ་ཀླུས་མཆོད་ནས་ཡོད། ནམ་ཞིག་ན་རྒྱ་ནག་གོང་མ་ལ་འབུལ་རྩིས་ཀྱང་ཡིན་པ་གསུངས་ན་ཤིན་ཏུ་ཐུགས་འཚེར་བའི་རྣམ་པ་གནང་གི་ཡོད། འདི་ལྟ་བུའི་མཛད་པ་ཙམ་ཞིག་མ་བྲིས་ཀྱང་ཆོག་མོད། འོན་ཀྱང་འཕགས་ཆེན་དམ་པའི་རྣམ་ཐར་ལ་ལོག་ལྟ་ཅན་མ་ཡིན་པ་ལ་གསང་དགོས་ཡོད་པ་གཅིག་ཀྱང་མི་འབྱུང་ལ། ཐམས་ཅད་ལ་ཐེག་ཆེན་སེམས་བསྐྱེད་ཀྱིས་རྩིས་ཟིན་པའི་གཞན་དོན་འབའ་ཞིག་གི་མཛད་པ་ཁོ་ན་ཡིན་པས་སོ། །དེའི་ཕྱིར་ན་མཁས་གྲུབ་ཐམས་ཅད་མཁྱེན་པས།
མགོན་པོ་ཁྱོད་ཀྱི་ཞལ་གྱི་དབུགས་ཙམ་ཡང་། །
མཐའ་དག་འགྲོ་ལ་སྨན་པའི་རྒྱུར་འགྱུར་ན། །
ཚོགས་གཉིས་སྤྱོད་པ་གཞན་ལྟ་སྨོས་མི་འཚལ། །
ས་གསུམ་སྐྱེ་དགུའི་གཉེན་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར་དང་། དེ་བཞིན་དུ་བདག་ཅག་གི་སྟོན་པས་དག་པའི་སྐྱེ་བ་ལྔ་བརྒྱ་དང་། མ་དག་པའི་སྐྱེ་བ་ལྔ་བརྒྱ་བཞེས་པའི་ཚུལ་བསྟན་པ་དེ་ལས་ལ་ལ་སྦེད་དགོས་ཡོད་པ་དང་། ལ་ལ་ནི་གསང་དགོས་ཡོད་པ་གཅིག་ཀྱང་མེད་དོ། །གསང་དགོས་ན་རྐུན་ཆེན་གྱི་སྐྱེ་བ་བཞེས་པ་དང་། གཞན་གྱི་སྲོག་གཅོད་པ། དུད་འགྲོའི་རིགས་སུ་གྱུར་པ་སོགས་ནི་སྦེད་པར་རིགས་ཀྱི། འོན་ཀྱང་དེ་ཐམས་ཅད་འཕགས་པའི་ཡོན་ཏན་དུ་བལྟ་བར་བཤད་དོ། །འདི་དག་ནི་མདོ་སྨད་དུ་ཕེབས་ནས་བསྟན་འགྲོའི་དོན་ཇི་ལྟར་མཛད་པའི་སྐོར་ཚོ་ལགས་སོ།།
གཉིས་པ། གདུལ་བྱ་རྟག་འཛིན་ཅན་རྣམས་
ཆོས་ལ་བསྐུལ་ཕྱིར་མྱ་ངན་ལས་འདའ་
བར་བསྟན་པའི་མཛད་པ།
ད་ནི་མཛད་པ་བཅུ་གཉིས་པ་བསྟན་པའི་སྐོར་འདི་ལྟར།
འཕགས་པས་ན་དང་རྒ་བ་ཡི། །
འཆི་བའི་སྡུག་བསྔལ་རྩད་ནས་སྤངས། །
ཞེས་དང་།
སངས་རྒྱས་མྱ་ངན་ཡོང་མི་འདའ། །
ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །
ཞེས་སོགས་གསུངས་པ་ལྟར་ངེས་དོན་དུ་འཇིག་པ་མེད་པའི་རྡོ་རྗེ་གསུམ་གྱི་རང་བཞིན་གྱི་སྐུ་བརྙེས་པ་ལ་སྐྱེ་འཇིག་སོགས་ཀྱི་ཚུལ་མི་མངའ་ནའང་།
སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །
ཡོངས་སུ་མྱ་ངན་འདའ་བར་སྟོན། །
ཞེས་གསུངས་པ་བཞིན་གདུལ་བྱ་རྟག་འཛིན་ཅན་རྣམས་ཡིད་སྐྱོ་བར་བྱས་ཏེ་ཆོས་ལ་བསྐུལ་བའི་ཕྱིར་དེ་བཞིན་གཤེགས་པ་རྣམས་དང་། སྐྱེ་འཆི་ལ་རང་དབང་དུ་གྱུར་པའི་འཕགས་ཆེན་དམ་པ་རྣམས་ནི་ཐབས་མཁས་འདི་འདྲ་བསྟན་པས་ན། ཕྱག་ན་པདྨོ་འཆང་བའི་ཟློས་གར་ཡབ་རྗེ་སྐྱབས་མཆོག་དམ་པ་རིན་པོ་ཆེའི་སྐུ་ཚེའི་འཕྲང་གེགས་སེལ་བའི་ཞབས་བརྟན་གྱི་རིམ་པ་ལོ་བསྟར་དུ་སྒྲུབ་བཞིན་ཡོད་པ་ལྷག་པར་ཁྱི་ལོར་གསེར་ཁོགས་ལ་ཕེབས་སྐབས་ཆོས་སྐྱོང་ཆེན་མོས་འདི་ལོ་སྐུ་གེགས་སེལ་བའི་རིམ་གྲོ་དགོས་གསུངས་པ་ལྟར་དགོན་པ་ཁག་སོ་སོར་ཚེ་གཟུངས་དུང་ཕྱུར་དང་། བཀའ་འགྱུར་བརྒྱ་ཚར་སོགས་གང་བབས་ཀྱི་ཞབས་བརྟན་རྫོགས་པར་བསྒྲུབས།
ཕག་ལོར་མ་གཞི་ཡང་དགུང་ཀེག་ཡིན་པར་མ་ཟད་སྐུ་ཞབས་ནས་གསུངས་ལུགས་མཛད་པ་གང་ནས་ཐུགས་དགོངས་གཞན་གྱི་ཉམས་འདུག་པ་ཡིད་དོགས་བྱུང་ནས་མདོ་སྨད་ཀྱི་དགོན་པ་ཕལ་ཆེར་ལ་ཞབས་བརྟན་བསྒྲུབ་རྒྱུ་དང་། སྒྲོལ་དཀར་དུང་ཕྱུར། གདུགས་ཤེར་བྱེ་ཆེན་རེ། བཀའ་འགྱུར་དགུང་གྲངས། རྒྱལ་རྫོང་དངོས་དག་དང་། མདོས་གཏོར་གྱི་རིགས་སྤྱི་དང་། ཁྱད་པར་མགོན་པོ་ཆོས་རྒྱལ་གཉིས་ཀྱི་གཏོར་ཆེན་རེ། གཞན་ཡང་བླ་མ་ཆོས་སྐྱོང་སོགས་ཕབ་པ་དང་། ངེད་རང་གི་བསམ་བློར་ཤར་བ་ལྟར་ཞབས་བརྟན་འབད་པར་བསྒྲུབས་པས་སྐུ་ཞབས་ནས་ད་ལན་ཤིན་ཏུ་འཚུབས་ཤོས་ཡིན་ཀྱང་རིམ་གྲོས་ཁྱོགས་པས་ལོ་ཁ་ཤས་ཀྱི་རིང་ཤིར་མི་དོགས་གསུངས། ཕྱིས་སུ་གླང་ལོར་དགོན་ཁག་རྣམས་སུ་ཕེབས་སྐབས་སྐྱབས་འཇུག་ཞུ་མི་ལོ་ལོན་གྱི་རིགས་བྱུང་བ་རྣམས་ལ་ད་ལན་ང་ལ་ལྟོས་ལ་ཡིད་ལ་ཞོག་ཅིག །མི་ཚེ་ལ་ངེས་པ་མེད་པས་རྗེས་སོར་ཐུག་དཀའ་ཡང་ཡང་གསུངས་ཀྱང་ཞབས་གཅར་ལོ་ལོན་དེ་དག་ཡུན་རིང་མི་སྡོད་པའི་གསུང་ཙམ་ལས་སྐུ་ཞབས་ལ་ཡོང་དོགས་མ་བྱུང་འདུག།
གཞན་ཡང་སྔར་འབྲོག་པའི་གདན་འདྲེན་ཞུ་རིགས་མང་ན་མི་ཚང་རེར་ཕྱག་ནས་བསྔོ་བ་གནང་ཙམ་ལས་མེད་པ། འདི་ལོར་གང་ཕེབས་ས་ནས་ཐམས་ཅད་ལ་ཐུགས་དགྱེས་ཉམས་དང་གསུང་བཤད་ཅི་རིགས་དང་། ཁྱེད་ཚོ་ཐམས་ཅད་ཀྱིས་ང་ལ་ཞིབ་ཏུ་ལྟོས་ལ་ཡིད་ལ་ཞོག་དང་རྗེས་སོར་འཆི་བའི་ཚེ་ཕན་འདོགས་ཡོང་། རྒྱུན་པར་ཡང་སེམས་ལ་བཞག་ནས་དད་པ་གྱིས་དང་བླ་མའི་བྱིན་རླབས་ལ་རྒྱང་རིང་ཐུང་མེད་དོ་ཞེས་གསུངས་ནས་ཕྱག་དབང་བསྔོ་སྨོན་བཀྲ་ཤིས་སོགས་སྔར་ལས་རྒྱས་པར་མཛད། ཏའི་ཐོང་གི་ཁྲིའི་དགོངས་པ་ནན་ཏན་བྱས་ཞུས་ནས་ཁྲི་བརྗེས་པ་དང་ད་ང་བློ་བདེ་གསུངས།
དེ་བཞིན་དུ་ཇག་རུང་གི་ཁྲིའི་དགོངས་པ་ནན་ཏན་གསུངས་ཀྱང་ཕུལ་མ་མྱོང་བ་ན། སླར་སྦྱོར་ཏེ་ངས་ལོ་ཉི་ཤུ་རྩ་ལྔར་ཁྲི་པ་བྱས་པ་ཡིན། ད་ང་ལོ་ལོན་པས་མི་ནུས་པར་འདུག །ཁྲི་ཐོག་ཏུ་གཤེགས་ན་མི་ཡོང་ཞེས་དགོངས་པ་དགོས་ཚུལ་གསུངས་ཀྱང་ཁོང་ཚོའི་བསམ་བློར་ཐུགས་མ་མཉེས་པའི་དོགས་པ་ལས་ཞབས་པད་མི་བརྟན་པའི་དོགས་པ་ཡེ་བྱུང་མ་སོང་། དགོན་པ་དང་འདུ་ཁང་ལ་རབ་གནས་མཛད་དེ། གཉེར་པ་ཆོས་རྗེར་ཕྱག་མདུན་ཅིག་སྩལ་ཏེ་ངེད་རང་གཉིས་ཀྱི་བྱ་བ་འདི་སྐད་གྲུབ་པ་ཡིན་ཞེས་བཀའ་ཕེབས་པར། མ་གཞི་སྔོན་ནས་འདུ་ཁང་འདི་འགྲུབ་ན་ངའི་བྱ་བ་ཐམས་ཅད་རྫོགས་པ་ཡིན་ཞེས་གསུང་གི་ཡོད་པའི་སྐབས་དང་བཅས་ངེད་ལ་ཡིད་དོགས་པ་བྱུང་བས་ད་དུང་ལྡེབས་རིས་དང་ལྷ་ཁང་གི་རྟེན་བཞེངས་གནང་དགོས་ཚུལ་ཞུས་པར་ངོ་མ་ལྡོག་ཙམ་གྱི་ཞལ་བཞེས་གནང་། ངེད་ནས་གཉེར་པ་ཆོས་རྗེས་བླ་བྲང་གསར་བཞེངས་དང་། མདུན་ངོས་སུ་ཤིང་ར་བསྐོར་རྒྱུའི་བཀོད་པ་བྱས་པ་གསན་ནས་ཐུགས་ཅུང་མི་མཉེས་པ་ལྟ་བུས་ངེད་རང་གི་སྐྱེ་བ་རྗེས་མ་འདྲ་འདུག་ན་མ་གཏོགས་ང་ལ་སྡོད་པའི་རེ་བ་མེད་གསུངས་ནས་འགོག་པར་མཛད་པའི་ཡོད་ལ་སྐྱོ་བ་དམ་སྒྲེང་བ་བྱུང་།
དེ་ནས་གླང་ལོའི་དགུན་ཟླ་ར་བའི་ཚེས་ཉིི་ཤུ་སོག་ཡུལ་དུ་སྒར་ལ་ཕེབས་ནས་བཞུགས་གདན་ཁར་བཞུགས། འཕྲལ་དུ་ང་སེམས་བློ་བདེ་གསུངས་ནས་ཅུང་ཐུགས་ངལ་གསོས་པའི་ཉམས་མཛད། ལྔ་མཆོད་ཀྱི་སྐབས་ཉི་ཤུ་དྲུག་ནས་སྐུ་ཅུང་ཟད་བསྙུན་ཚུལ་མཛད་པར། མ་གཞི་འདི་ལོའི་གསུང་ལུགས། དགོན་པ་ཚོར་གནང་ལུགས། དེ་གང་ཅི་ནས་ལེགས་རྒྱུ་མི་འདུག་བསམས་ནས་འཕྲལ་དུ་དགོན་ཁག་ཚོར་ཡི་གེ་དང་བང་མི་བཏང་། འདིར་ཡང་དགེ་འདུན་པ་བསྡུས་ནས་ཉིན་མཚན་ཁོར་ཡུག་ཏུ་ཞབས་བརྟན་ལ་གཅིག་ཏུ་གཞོལ་བར་བྱས། དེ་ལྟར་ཟླ་བ་གཅིག་ལྷག་ཙམ་རིང་བསྙུན་ཚུལ་བསྟན་ནས་ཟླ་བ་བཅུ་གཉིས་པའི་ཚེར་མགོར་ང་ན་ནས་བསྡད་ན་མི་ཡོང་། ལྕགས་མཁར་སོགས་ལོ་རྙིང་གི་སྐུ་རིམ་དང་སྨོན་ལམ་ཡང་རན་གསུངས་ནས་དེ་མ་ཐག་ཉིན་གཅིག་ལ་ཤིན་ཏུ་བདེ་ཉམས་དང་། ཐ་ན་བཞེངས་བཞུགས་ལའང་ཐོགས་པ་མེད་པ་གནང་། དེ་ནས་ཆོས་རྒྱལ་ལྕགས་མཁར་དེ་བསྟན་པ་ཁོ་ནའི་ཆེད་ཡིན་གསུངས་ནས་མཚམས་ཤིན་ཏུ་དམ་པ་ཞིག་དང་། ལོ་གསར་ཚེས་གཏོར་སྔར་ལས་རྒྱས་པར་མཛད། ངེད་ལ་འདི་ལོའི་སྨོན་ལམ་དང་མཆོད་པ་སྔར་ལས་ཇེ་རྒྱས་སུ་གཏོང་དགོས་ཞེས་ཞལ་བཀོད་གནང་། སྨོན་ལམ་སྐབས་ཕྱོགས་ཐ་དད་ནས་འདུས་པའི་སྐྱེ་བོ་ཁྲོམ་ཤིན་ཏུ་མང་པོ་ཉིན་རེ་བཞིན་མཇལ་ཁ་དང་གསུང་ཆོས་སྨོན་ལམ་ཆགས་མེད་དུ་གནང་བར། འདི་ལོ་སྤྱིར་ནམ་རྩ་སྔར་བས་གྲང་བ་དང་སྐུ་གཟུགས་སོགས་མི་བདེ་བས་མཇལ་ཁ་གསུང་ཆོས་ཞབས་གཅར་མ་བྱས་ནས་གནང་ན་ཆོག་གམ་ཞེས་ངེད་སྐུ་མདུན་པ་ཀུན་གྱིས་ཞུས་པར། དེ་ཡིན་ཀྱང་ཚོགས་པ་དེ་དག་ཐམས་ཅད་ནི་ང་ཁོ་ན་བསམས་ནས་ཡོང་བ་ཡིན་པས་མཇལ་ཁ་སོགས་ལ་བཀག་འགོག་མ་བྱེད་པར་མཇལ་དུ་ཆུག་དང་། ཆོས་ཐུན་རེ་དང་སྨོན་ལམ་རེ་འདེབས་པ་ད་ལན་མ་ཆགས་པར་བྱེད་དགོས་གསུངས།
སྔར་སྨོན་ལམ་སྐབས་ཚེས་བརྒྱད་མཆོད་པ་གཟིམ་ཆུང་དང་། བཅོ་ལྔའི་མཆོད་པ་ངེད་ནས་འབུལ་བཞིན་ཡིན་པ་ལ་སྐུ་ཞབས་ཉིད་ནས་འདི་ལོ་རྟེན་འབྲེལ་གྱི་ཁྱད་ཚེས་བརྒྱད་སྤྱིར་ཟླ་བ་ཡར་འཕེལ་གྱི་སྐབས་ཡིན་པ་དང་། ཁྱད་པར་སངས་རྒྱས་ཀྱིས་མུ་སྟེགས་བཏུལ་བའི་དུས་ཆེན་ཡིན་པས་ཁྱོད་རང་གིས་མཆོད་པ་ཕུལ་ཅིག །བཅོ་ལྔ་ཟླ་བ་ཉ་ཡོངས་སུ་རྫོགས་པའི་དུས་ངེད་ནས་བགྱིད་གསུང་བར། གསུང་ལུགས་འདི་ལེགས་རྒྱུ་མི་འདུག་བསམས་ནས་སྔར་ལུགས་ལྟར་གནང་ན་དགའམ་ཞུས་པ་མ་གསན་པར་བཞེད་པ་ལྟར་བྱས། དེ་ནི་ཐུགས་དགོངས་རྫོགས་པའི་རྟགས་སུ་མངོན། ཚེས་བཅུ་ལ་ཞབས་བརྟན་འབུལ་བས་སྔར་བཞིན་ད་ལམ་ཞབས་བརྟན་སྐབས་བཤད་པ་གང་རྒྱས་རྒྱས་བྱེད་དགོས་གསུངས་པར། ཧ་ཅང་ཡུན་རིང་ན་འོ་བརྒྱལ་གྱིས་དོགས་ནས་རྒྱས་བཤད་ཞུ་རྩིས་བྱས་མེད་ཀྱང་། དགོངས་བཞེད་ལྟར་སྤྱི་བྱེ་བྲག་གི་བཤད་པ་རྒྱས་པ་དང་། ལྷག་པར་སྐུ་ཞབས་ཉིད་ཀྱིས་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པ་ཞུས་པའི་སྐབས་ངེད་ཀྱི་གཙོ་བའི་དགེ་འདུན་མང་མ་རྣམས་ཀྱང་སྐྱོ་ཤས་དང་མིག་མཆི་མ་བླགས་པ་བྱུང་། སྐུ་ཞབས་ནས་དེ་གོང་ནས་ཐུགས་ཅུང་སྐྱོ་ཉམས་དང་། ལྷག་པར་དེ་སྐབས་སྤྱན་ཆབ་ཡུན་རིང་བསིལ། ཞབས་པད་བརྟན་དགོས་ཚུལ་ཞུས་པའི་ལན་དུ་ང་ཚེ་རིང་བའི་སྨོན་ལམ་བྱེད་གསུངས་མཛོད་བཏགས་དྲི་མ་མེད་པ་ཞིག་བདག་ལ་གནང་བ་སླར་ཡང་བརྒྱུད་པ་བླ་མ་སོགས་ངེད་དང་བཅས་དགེ་འདུན་མང་མས་མགྲིན་གཅིག་ཏུ་གསོལ་བ་བཏབ་པར་ཞལ་བཞེས་ཕེབས་ཀྱང་། ཕར་ཆེར་ད་བསམ་ཚེ་ཐུགས་དགོངས་ཞིང་གཞན་དུ་བཏང་གྲུབ་སྟབས་གསོལ་བ་བཏབ་པའི་ངོ་མ་ཆོག་པ་ཙམ་དུ་སྣང་།
བཅོ་ལྔའི་ཉིན་བྱམས་པ་གདན་འདྲེན་སྐབས་ནམ་མཁའ་ལ་འཇའ་ཚོན་ཁ་དོག་སྣ་ཚོགས་ཤར་བ་དང་། མཚན་མོ་མཆོད་ཁང་ཐམས་ཅད་འཁོར་བའི་མཆོད་པ་རྣམ་ལྔ་སྟོང་ཚར་རེ་སོགས་ཞལ་བཀོད་མཛད། མཆོད་འབུལ་སྐབས་ཕྱི་རོལ་ཏུ་སྐུ་ཞབས་རིན་པོ་ཆེ་ཁྲིའུ་ཤིང་ལ་བཞུགས་ཤིང་། སྐྱ་སེར་གྱི་ཁྲོམ་གྲངས་མེད་པ་འདུས་པ་དང་བཅས་ཁྲུས་གསོལ་གྱི་མ་ལུས་མའི་སྐབས་སྐུ་ཞབས་ཉིད་ཁྲི་ལས་བབས་ནས་ཕྱག་གཉིས་ཐལ་མོ་དབུའི་གཙུག་ཏུ་སྦྱར་ནས་སྤྱན་ཆབ་ཡུན་རིང་བསིལ་བར་མཛད། ནམ་མཁའ་ལ་གཟིགས་ནས་ད་ལྟ་མདུན་གྱི་ནམ་མཁའི་དབྱིངས་སུ་མཉམ་མེད་ཐུབ་པའི་དབང་པོ་ཕྱོགས་བཅུའི་སངས་རྒྱས་བྱམས་པ་འཇམ་དབྱངས་གཉིས་དང་བཅས། གཡས་སུ་རྒྱལ་བ་སྣང་བ་མཐའ་ཡས་སྲས་ཀྱི་ཐུ་བོ་གཉིས་དང་བཅས། གཡོན་དུ་རྗེ་བཙུན་བྱམས་མགོན་སྤྲུལ་སྐུའི་ཆ་ལུགས་ཀྱི་འཁོར་དུ་ཇོ་བོ་ཨ་ཏི་ཤ་འཇམ་མགོན་བླ་མ་དང་བཅས་བཞུགས་པ་ཞལ་གཟིགས་གསུངས་ནས་ཐུགས་སྐྱོ་བ་ཚད་མེད་པ་མཛད་ནས་སྨོན་ལམ་ཤིན་ཏུ་རྒྱས་པར་གནང་བ་སོགས་སྐུའི་བཀོད་པ་བསྡུས་ནས་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་གཤེགས་པའི་རྟགས་དང་ཐུགས་འདུན་ལྟར་འགྲུབ་རྒྱུའི་རྟགས་སུ་གོ།
སྤྱིར་འདི་ལོའི་སྨོན་ལམ་སྐབས་སྔར་དང་མི་འདྲ་བར་ཐུབ་དབང་གི་བསྟོད་པ། གསང་བའི་རྣམ་ཐར། བསྔོ་བའི་སྐབས་རྣམས་སུ་སྤྱན་ནམ་མཁའ་ལ་གཟིགས་པ་དང་ཐུགས་སྐྱོ་ཉམས་དང་བཅས་གནང་ཞིང་། དེ་སྐབས་ཞལ་གཟིགས་པ་དང་ཐུགས་སྐྱོ་ཉམས་དང་བཅས་གནང་ཞིང་། དེ་སྐབས་ཞལ་གཟིགས་ངོ་མཚར་བ་འགའ་ཞིག་བདག་ལ་གསུངས་ཡོད་པ་འདིར་མང་དོགས་ནས་མ་བྲིས།
ལོ་སྔ་མ་རྣམས་སུ་ཚེས་བཅོ་བརྒྱད་ཙམ་ནས་སྨོན་ལམ་གྲོལ་བཞིན་ཡིན་ཀྱང་། འདི་ལོར་ངེད་གཉེར་པ་དང་བཅས་ལ་བཀོད་པ་མཛད་ནས། ང་རང་སྔར་གནས་སྐོར་ལ་གཅིག་པུར་འགྲོ་སྐབས་མ་ཎི་དུང་ཕྱུར་གཉིས་ལྷག་ཙམ་བགྲངས་པ་ཡིན། དེ་ནས་རེ་ཞིག་བར་གྲངས་མ་བཟུང་། ཕྱིས་ལུག་ལོ་ནས་གྲངས་བཟུང་བའི་བྱེ་ཆེན་བརྒྱད་ཙམ་སོང་བ་ཡིན་པས། འདིའི་ཁ་སྐོང་བའི་ཆེད་དུ་མ་ཎི་ཞིག་བསྒྲུབ་དགོས་གསུངས་ནས་སྔར་བུམ་སྒྲུབ་ཅིག་གི་བུམ་པ་ཞལ་མ་ཕྱེ་བ་ཞིག་ཡོད་པ་བཞག་ནས་ཞག་གསུམ་མ་ཎི་སྒྲུབ་པར་མཛད། གྲོལ་བའི་ཉིན་རྗེ་བླ་མ་ཉིད་ནས་འགྲོ་བ་ཐམས་ཅད་ཐུགས་རྗེ་ཆེན་པོས་རྗེས་སུ་འཛིན་པ་དང་། རྗེ་ཉིད་དང་མི་འབྲལ་བ་དང་། སྤྱིར་ཡང་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པ་སོགས་ཀྱི་གསུང་མགུར་ཤིན་ཏུ་ཟབ་པ་དང་། མ་ཎི་དབྱངས་གདངས་ཤིན་ཏུ་སྙན་པ་དང་བཅས་མཛད་པས་ཚོགས་པ་ཐམས་ཅད་ཡིད་སྐྱོ་སྣང་དང་བཅས་པར་གྱུར། མ་ཎི་ཁ་སྐོང་ལ་བསྙད་བཏགས་ཀྱང་དོན་ལ་ཞིང་གཞན་དུ་གཤེགས་ཀྱང་སླར་ཡང་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཉིད་རང་ཅག་རྣམས་ཐུགས་རྗེ་མྱུར་དུ་འཛིན་པའི་རྟགས་ཡིན་ནམ་སྙམ་མོ།།
དེ་ནས་རེ་ཞིག་སྐུ་བསྙུན་བདེ་མུས་སུ་ཟླ་བ་སྔ་མ་རྒྱ་རྩིས་ལུགས་ཀྱི་ལོ་གསར་ཡིན། ད་ལན་དཀར་རྩིས་ལུགས་ཀྱི་ལོ་གསར་ཡིན་པའི་ལོ་གསར་སྐྱིད་སྐྱིད་བྱེད་དགོས་གསུངས་པ་ལྟར་ཚེས་གཅིག་ལ་ངེད་ཀྱིས་ནང་དུ་ལོ་གསར་འདྲེན་རྒྱུའི་གྲ་སྒྲིག་བྱས་པའི་ཉེར་ལེན་དགུ་གནམ་གང་གཉིས་ལ་ཅུང་འབྱམས་པ་སོགས་ཀྱིས་སྐུ་ཉམས་མ་བདེ་ཙམ་འདུག་པ་ཚེས་གཅིག་གི་ཉིན་རྟེན་འབྲེལ་ཆེད་དེ་རིང་མིན་པ་ཞིག་བྱེད་གསུངས་ནས་སྐུ་ཤིན་ཏུ་བདེ་བའི་ཉམས་དང་བཅས་ལོ་གསར་གྲལ་དབུར་ཕེབས། ལེགས་བཤད་འབེལ་གཏམ་དང་། རྩེད་མོའི་རིགས་བྱེད་དུ་བཅུག་ནས་ཐུགས་དགའ་སྤྲོའི་ཉམས་དང་ལྡན་པར་མཛད་སྐབས། བོད་ཀྱི་གྲྭ་པ་ཞིག་མ་འཆམ་པའི་རྐྱེན་གྱིས་བོད་བན་མང་ཙམ་གྱིས་གཟན་ཕྱིར་བསྒྱུར་གྱོན་པ་སོགས་ཀྱི་མྱ་ངན་དང་དད་འདུན་གྱི་རིགས་སྣ་ཚོགས་ཤིག་བྱས་པའི་རྟེན་འབྲེལ་འགྲིགས་མ་སོང་སྙམ་པ་དང་། གོང་ནས་ཀྱང་ཐུགས་དོགས་ཀྱི་ཚུལ་མཛད། སང་ཉིན་ཚེས་གཉིས་ལ་ཨེ་མཆི་ཆོས་རྗེ་གསོལ་སྟོན་ལ་གདན་དྲངས་པར་ཕེབས་ནས་སྐུའི་བསྙུན་ཅུང་འཕར་ནས་གཟིམ་ཆུང་དུ་ཕེབས། དགེ་འདུན་མང་མ་སྐུ་མདུན་ཁྲུས་གསོལ་ལ་འདུས་པའི་གྲལ་ལ་ཇག་རུང་བའི་གྲྭ་པ་རྣམས་ཀྱིས་གཟན་ཕྱིར་བསྒྱུར་གྱོན་བྱུང་བ་གཟིགས་ནས། བླ་མ་གཤེགས་ན་གྲྭ་པས་འདི་འདྲ་བྱེད་པ་ཡིན་གསུངས་པས་ངེད་ཐམས་ཅད་སེམས་མ་བདེ་བར་གྱུར། ཐ་ན་བཟློག་ཏུ་རེ་ནས་བཟློག་པའི་རིགས་ཀྱི་རིམ་གྲོ་མང་དུ་བསྒྲུབས།
གཞན་ཡང་བྱམས་པ་གདན་འདྲེན་གྱི་ཁྲི་ཆག་པ། ཁྱི་ཐམས་ཅད་འདུས་ནས་ཁ་གནམ་དུ་བལྟས་ནས་ངུ་བ། ཟླ་བ་གསུམ་པའི་ཚེས་བཅོ་ལྔར་ཟླ་བ་དང་གནམ་གང་ལ་ཉི་མ་བསྒྲིབས་པ། སྨོན་ལམ་གྱི་བཅོ་ལྔའི་མཚན་མོ་ཨ་མས་རྒྱ་གླིང་གི་སྒྲ་ཐོས་པ། མཚན་མོར་འཇའ་ཚོན་སྣ་ཚོགས་རྒྱུན་པར་འཆར་བ་མང་བས་འཇའ་ཤར་བ་འདི་བཟང་རྒྱུ་མེད་ཟེར་དོགས་པ་བྱེད་པ་བྱུང་། ངེད་ཀྱི་རྣ་བར་མཚམས་མཚམས་སུ་གླིང་བུའི་སྒྲ་གསལ་བར་ཐོས། ཁྱད་པར་སྔ་ལོའི་ཟླ་བ་ལྔ་པའི་ཚེས་བདུན་གྱི་ནུབ་མོར་རྨི་ལམ་ཞིག་ལ་ལྷོ་ཕྱོགས་སུ་ཤེལ་དཀར་གྱི་མཆོད་རྟེན་རྩེ་ནམ་མཁའི་མཐོངས་ལ་སླེབས་པ། ཆོས་འཁོར་གསེར། ཟླ་ཚེས་ཟླ་བ་དང་ཏོག་སྐར་མ་པ་སངས་དངོས་ལྟ་བུ་ལ་ཉི་མ་མི་གསལ་ཞིང་། སེང་ཁྲི་ནམ་མཁའི་མཐའ་དང་འདྲེས་ནས་མི་མངོན་པ། མཆོད་རྟེན་གྱི་རྩེའི་ཐད་ཀར་ཚེས་བརྒྱད་ཀྱི་ཟླ་བ་ཞིག་ཀྱང་ཤར་འདུག་པ་དང་། བྱང་ཤར་གྱི་ཕྱོགས་སུ་རྒྱང་ཤིན་ཏུ་རིང་པོ་ན་རི་རབ་གསེར་རི་དང་བཅས་པ་ཡོད། སྐུ་ཞབས་སུ་ངེད་རང་དང་། འབྲི་གུང་ཞབས་དྲུང་། བླ་མ་དཀོན་མཆོག་དང་བཅས་འདུག་པས། ངེད་ནས་སྐུ་ཞབས་ལ་སྔར་འདི་ཕྱོགས་སུ་མཆོད་རྟེན་འདི་འདྲ་ཡོད་པ་མ་མཐོང་། འདི་གང་ལགས་ཞུས་པར། སྐུ་ཞབས་ནས་མཆོད་རྟེན་འདི་རྒྱ་མཚོའི་ནང་ན་ཡོད་པ་ཞིག་ཡིན་གསུངས་པ་རྨིས་པ་དང་། ཡང་དེ་ལོ་དཔྱིད་ཀར་རྨི་ལམ་ལ་སྐྱབས་མགོན་རིན་པོ་ཆེ་ངེད་རྣམས་དང་བཅས་དགའ་ལྡན་ཕོ་བྲང་ན་ཡོད་པ་འདྲ་བ་ཞིག་ལ་དགེ་འཕེལ་དུ་ཕེབས་པའི་རྩིས་ཀྱི་དཔོན་གཡོག་ཚང་མ་རི་རྩེར་ཕེབས་པར་ཤིང་ལྗོན་སྣ་ཚོགས་ཀྱི་ཚལ་གྱི་དབུས་སུ་ལྷ་ཁང་ཤིན་ཏུ་ཡིད་དུ་འོང་བ་ཞིག་གི་ནང་དུ་རྗེ་བཙུན་བྱམས་མགོན་ཆོས་གོས་ངུར་སྨྲིག་བཞེས་པ་གཡོན་ཆོས་འཆད་དང་སྐྱབས་སྦྱིན་མཛད་པའི་གཡས་གཡོན་དུ་ཇོ་བོ་དང་རྗེ་རིན་པོ་ཆེ་སྐུ་ཆུང་བ་བཞི་བཞུགས་པའི་འཁོར་དུ་བླ་མ་དབུ་ཞྭ་སྣེ་རིང་དང་། ཆོས་གོས་གྱོན་པ་ཤིན་ཏུ་མང་པོའི་གཡས་ཀྱི་གྲལ་མགོར་བླ་མ་ཞལ་དཀྱུས་རིང་ཞིང་སྐུ་གཟུགས་ཆེ་ཙམ་དང་། དེ་གའི་གཤམ་ཨང་ཀི་བཞི་པར་པཎ་ཆེན་བློ་བཟང་ཡེ་ཤེས་ཡིན་སྙམ་པ་དང་། གཡོན་གྱི་གྲལ་མགོར་ཁྲི་སྟོང་པའི་མདུན་དུ་རྡོར་དྲིལ་བཞག་པ་ཞིག །དེའི་འཁོར་དགའ་ལྡན་ཁྲི་པ་བྱ་ཁྱུང་མཁན་རིན་པོ་ཆེ་འདྲ་བ་ཞིག་བཞུགས་པ་བླ་མ་གཞན་རྣམས་འདི་ཡིན་སྙམ་པ་མ་བྱུང་། གཞན་གྲུབ་པ་ལྟ་བུ་འགའ་ཡང་གྲལ་མཐའ་སྣང་བ་ཐམས་ཅད་ཞལ་འདོན་ཞིག་མཛད་པ་ལྟར་སྣང་། སྐུ་ཞབས་རིན་པོ་ཆེ་གྲང་གཤམ་ནས་ཕྱག་གསུམ་མཛད་དེ་གཡོན་གྱི་ཁྲི་ཁར་བཞུགས་པར་བྱམས་པས་གསུང་འགའ་ཞིག་གསུངས། ངེད་རང་ཡང་སྔོན་རྩིས་བྱས་པར་སྐུ་ཞབས་ཀྱིས་ཁྱོད་སོང་ལ་ནང་ལ་ལྟོས་སོགས་གསུང་འགའ་ཞིག་ཕེབས་པ་ལྟར་ངེད་རང་ཕྱིར་ལོག་ནས་དགའ་ལྡན་ཕོ་བྲང་ལ་འབྱོར་པ་ཞིག་རྨིས། བྱམས་པས་གསུངས་པའི་ཚིག་འགའ་ཞིག་ཐོས་པ་རྨི་ལམ་ལ་དག་སྣང་བྱེད་ཀྱིན་མེད་པའི་སྟབས་བརྗེད་འདུག །གཞན་ཡང་ཉི་ཟླ་གཟས་བཟུང་བ་དང་། ཇག་རུང་འདུ་ཁང་གི་ཀ་རིང་ཆག་པ། མཛོད་སྤུ་བཅད་པ་སོགས་རྨི་ལྟས་མཚན་མ་སྔ་ཕྱི་མང་དུ་བྱུང་།
ཚེས་གཉིས་ནས་བསྙུན་གཞི་ཡང་སྔོན་གྱི་དུག་རོ་རྙིང་པ་འཕར་བ་དང་། སྐབས་འགར་ཐུགས་བོག་པ་དང་། ཚ་གྲང་ངོས་མ་ཟིན་པ་སོགས་བྱུང་བ་སྐུ་གཟུགས་ལ་སྣུམ་བྱུག་པ། ངེད་ལ་ཁྱོད་རང་ངའི་གཟུགས་པོ་ལ་བྱམས་ཤིང་ལག་པ་འཇམ་པའི་འཕུར་འཕུར་གྱིས་གསུངས་པ་ལྟར་ངེད་ཀྱིས་སྐུ་གཟུགས་ལ་བྱུག་པ་ཕུལ་བས་ཅུང་ཟད་བདེ་སྙམ་འདུག་གསུངས།
ཚེས་ལྔ་ནས་བརྒྱུད་པ་བླ་མ་དང་ངེད་རང་གཉིས་ཀྱི་གཙོས་གྲྭ་པ་ཉེར་གཅིག་གིས་མགོན་པོ་བར་ཆད་སེལ་བའི་གཏོར་སྒྲུབ་དང་། ཚོགས་ཆེན་ནས་ཀྱང་ཞབས་བརྟན་ཅི་རིགས་བསྒྲུབ་པ་སོགས་ཉིན་མཚན་མེད་པར་ཟླ་བ་ཕྱེད་གཉིས་ཀྱི་རིང་ཞབས་བརྟན་ལ་ཤིན་ཏུ་འབད་པར་བྱས། མདོ་དབུས་ཀྱི་དགོན་པ་གང་ཡོད་དུ་མང་ཇ་གཏོང་རྩིས་ཀྱིས་འཕྲལ་བདེར་མདོ་སྨད་ཕྱོགས་སུ་དགོན་པ་བརྒྱ་དང་སུམ་ཅུ་ལྷག་ལ་སེར་ར་རབ་འབྱམས་པ་བློ་བཟང་ཚུལ་ཁྲིམས་དབུ་མཛད་རབ་འབྱམས་པ་བསོད་ནམས། རབ་འབྱམས་པ་བྱམས་པ་ཚུལ་ཁྲིམས་བཟང་པོ་དང་དེ་བཞིས་ཡི་གེ་རྣམས་ཕལ་ཆེར་ངེད་ཀྱིས་བྱས་ནས་གཏོང་རྩིས་བྱས་སྐབས་གོང་ནས་རྗེས་སོར་འཕྲལ་དུ་ཡི་གེ་གཏོང་ཨེ་ཐུབ་མི་ཤེས། ང་ལ་འདོད་པའི་རེ་བ་བསྐང་ཆེད་དགོན་པ་ཚོར་ཡི་གེ་འདི་འདྲ་ཐོངས་གསུངས་ནས་ལུགས་གཉིས་ཀྱི་བསླབ་སྟོན་དང་། ཆོས་འཆད་ཉན་ལ་འབད་པ་བྱེད་དགོས་སོགས་ཀྱི་བཀའ་ཤོག་གི་ས་བོན་གནང་ཞིང་། དགོན་ཁག་འགར་ན་བཟའི་རིགས་ཀྱང་གནང་བ་དང་བཅས་དགོན་པ་བརྒྱ་དང་སུམ་ཅུ་སྐོར་ལ་མང་ཇ་དང་། སྒྲུབ་སྡེ་ཉེར་ལྔ་ལྷག་ལ་མཆོད་ཐེབས་བཅས་ཡི་གེ་དང་མི་སྣ་འཕྲལ་དུ་རྫོང་བདའ་བྱས་པས་ཧོར་བོད་དང་གསེར་ཁོགས་ཕྱོགས་སུ་ཞབས་བརྟན་ཀྱང་ངོས་དག་བྱུང་འདུག།
དེ་ནས་དཔྱིད་ཀ་ཐ་མ་ཕྱི་མའི་ཚེས་ནས་སྐུ་བསྙུན་རིམ་པ་བཞིན་དྭངས། མ་གཞི་སྔར་དང་མི་འདྲ་བར་ཁྱི་ལོ་ནས་ཐུགས་དམ་ལ་ཤིན་ཏུ་བརྩོན་པར་མཛད་པའི་མུ་ཡིན་ནའང་འདི་ནས་མཇལ་ཁ་གནང་བའི་སྐབས་རེ་གཉིས་མ་གཏོགས་ཉིན་པར་སྔ་དྲོ་དང་ཕྱི་དྲོའི་ཐུན་གཉིས། མཚན་མོ་ཅུང་ཟད་ཀྱང་གཟིམས་པ་མེད་པར་ཐུགས་དམ་གྱི་རིམ་པ་འབའ་ཞིག་གིས་དུས་འདའ་བར་མཛད།
དེ་མིན་སྐབས་ཞལ་འདོན་གཞན་མི་མཛད་པར་བརྒྱད་སྟོང་ཚར་སོ་གཉིས་འདོན་དགོས་ཡོད་གསུངས་ཏེ་ཐུན་གྱི་ངོ་བོ་མ་གཏོགས་ཐུན་མཚམས་སུ་བརྒྱད་སྟོང་འབའ་ཞིག་གསུངས་པའི་སྐབས་འགར་སྟོང་པ་ཉིད་ཀྱི་ལྟ་བ་ལ་མཉམ་པར་བཞག་པའི་ཏིང་ངེ་འཛིན་ཐུན་རིང་ཐུང་ཅི་རིགས། སྐབས་འགར་འཁོར་བ་ལ་ཡིད་སྐྱོ་ཉམས་དང་མི་རྟག་པའི་ཚུལ་ཡང་ཡང་གསུངས་པར་ངེད་ཀྱིས་ཞུས་ནས་སྐུ་བསྙུན་ཆེར་མ་དྭངས་པ་དང་། ཚ་བ་ཡང་ཤིན་ཏུ་ཆེ་སྐབས་སུ་སོང་བའི་སྐུ་རླུང་དང་ཐུགས་འོ་བརྒྱལ་སོགས་ཤས་ཆེ་བས་ཐུགས་ལྷོད་པར་མཛད་བཞུགས་ན་དགའ་བ་འདྲ་ལགས་ཤིང་། དེ་མིན་ཀྱང་ད་རེས་སྐུ་ཞབས་རང་ནས་སྐུ་ཚེའི་ཚེ་སྒྲུབ་ཤིག་གམ། རྟ་མགྲིན་གྱི་སྐུ་མཚམས་ཤིག་གནང་རྒྱུ་བྱུང་ན་ཞེས་ཡང་ཡང་ཞུས་ཀྱང་མི་དགོས་གསུངས་ནས་མ་གནང་།
ཟླ་བ་བཞི་པའི་ཚེས་དྲུག་རྒྱལ་ཕུར་འཛོམས་ཉིན་བྱམས་པའི་སྐུ་བརྙན་གྱི་གཙོ་བའི་ལྷ་ཁང་གསུམ་གྱི་རྟེན་གཅིག་ཏུ་བསྡུས་ཏེ་རབ་གནས་རྒྱས་པར་མཛད། རྒྱལ་བ་བྱམས་པའི་སྐུ་འདི་ལ་དགའ་ལྡན་ནས་ཡེ་ཤེས་པ་དངོས་སུ་ཕེབས་ནས་ཐིམ་པའི་ཉམས་ཤར། བྱིན་རླབས་ཆེ་བས་མཆོད་པ་ལ་བརྩོན་པར་གྱིས་ཤིག་གསུངས་ནས་ངེད་ལ་ཕྱག་མདུན་དམར་པོ་དང་། ཨ་མ་དང་གཉེར་པ་ལ་ཡང་ཕྱག་མདུད་དཀར་པོ་རེ་གནང་། མ་འོངས་པ་ན་རྒྱལ་བ་བྱམས་པའི་དུས་སུ་ང་འཁོར་གྱི་ཐོག་མར་འགྱུར་ངེས་པའི་ང་ལ་འབྲེལ་ཐོབ་ཐམས་ཅད་དེ་དུས་བྱང་ཆུབ་ལ་འགོད་པར་གདོན་མི་ཟ་བས་སྨོན་ལམ་རྣམ་པར་དག་པ་ཐོབ་གསུངས།
ངེད་ནས་ལགས་དེ་སྐབས་ཐུགས་རྗེས་གཟིགས་པ་ཡིན་ཡང་དེ་ཚུན་ད་དུང་སྐྱེ་བ་མང་པོ་བརྒྱུད་དགོས་པའི་ཚེ་རབས་ཀུན་ཏུ་འབྲལ་བ་མེད་པར་རྗེས་སུ་འཛིན་དགོས་ཞེས་ཐལ་མོ་སྦྱར་ནས་ཞུས་པ་དང་། དགེ་འདུན་པ་མང་མས་ཀྱང་ཐལ་མོ་སྦྱར་བར་མཛད་སོང་། ངེད་དང་། རབ་འབྱམས་པ་བློ་བཟང་ཚུལ་ཁྲིམས་གཉིས་ལ་ལྷ་ཁང་འདི་ཐམས་ཅད་ཀྱི་རྟེན་གསུམ་མཆོད་རྫས་སྐོར་ཐམས་ཅད་ལ་དཀར་ཆག་དེབ་ཡིག་ཞིབ་པར་གྱིས། ནང་རྟེན་ཁྲོད་སྐུ་མང་པོའི་ནང་གཞུག་རུལ་བ་དང་། འགའ་ཞིག་ལ་གཟུངས་གཞུག་མེད་པ་ཡང་སྣང་བས་དེ་ཐམས་ཅད་གཟུངས་གཞུག་འབུལ་སྐྱོར་དང་། སྐུ་འདྲ་ཐམས་ཅད་ལ་ཁྲུས་དང་། ཞལ་གསེར་དང་། སྤྱན་འབྱེད་ཀྱང་ཐོངས་གསུངས། ཇི་ལྟར་གསུངས་པ་བཞིན་བྱས་པས་འགའ་ཞིག་ཁོང་རང་ཉིད་ཀྱིས་ཕྱག་བསྟར་དུ་མཛད། ཉིན་གཅིག་འབྲོམ་རྒྱལ་བའི་འབྱུང་གནས་ཀྱི་འདྲ་སྐུ་གཞོན་ཉམས་ཤིན་ཏུ་ཆགས་པ་ཞིག་ཡོད་པ་དབུའི་སྟེང་དུ་བཞག །ཕྱག་གཉིས་མཉམ་གཞག་དང་སྤྱན་བཙུམ་པར་མཛད་པའི་རྗེས་ལ་འདི་ངའི་སྐྱེ་བ་གཅིག་གི་འདྲ་སྐུ་ཡིན་པས་ད་ངས་བླ་མ་གཞོན་པ་ཞིག་བྱེད་གསུངས་པར། ངེད་ཀྱིས་མིག་མཆི་མ་བླགས་ནས་ལགས་དེ་འདྲ་མི་གསུང་བར་ཞུ། སྐུ་ཞབས་རིན་པོ་ཆེ་ཉིད་ཞབས་པད་བརྟན་ནས་བཞུགས་ན་སོགས་ཀྱི་རྒྱུ་མཚན་མང་དུ་ཞུས་པར་ཨ་ཙ་མ་ཁྱོད་རང་སེམས་མ་འཚེར་རྩེད་མོ་ཡིན་གསུངས་པ་བྱུང་ཡང་སེམས་མ་བདེ་ཞིང་ཐེ་ཚོམ་གྱི་རང་བཞིན་དུ་གྱུར། འདི་ཙམ་དུ་མ་ཟད་ད་ལོ་རྒས་ནས་རང་གཞན་གྱི་དོན་གང་ཡང་མི་ལྕོགས་ཤིང་། སྐྲ་དང་ཁ་སྤུ་ཡང་དཀར་པོར་སོང་འདུག་གསུང་ཞལ་ཚོམ་ཤད་ཤད་མཛད། དབྱར་ཚ་བ་དང་དགུན་གྲང་བ་མི་ལྕོགས། གཉེར་མ་ཡང་འདི་འདྲ་འདུག་ཅེས་ཕྱག་ཞབས་སྟོན་པར་མཛད། སེམས་དཔའ་ཆེན་པོ་དང་རྒྱལ་སྲས་རིན་པོ་ཆེ་གཉིས་ང་ལས་གཞོན་ཅིང་། རྗེ་དྲུང་ཡང་ང་མར་ཡོང་སྐབས་ཕྲུ་གུ་ཆུང་ཆུང་ཡིན། ཁོང་རྣམས་ཀྱང་གཤེགས་འདུག །བླ་མ་འཇམ་དབྱངས་པ་དེ་ང་དང་ལོ་མཉམ་ཡིན་པ་ཁོང་ཡང་མི་འདུག་གསུངས་པ་སོགས་ཐུགས་དགོངས་གཞན་གྱི་གསུང་འཕྲོས་ཨེ་མཆི་ཆོས་རྗེ། རབ་འབྱམས་པ་རྣམ་པ་ཚོ་དང་བཅས་པར་ཡང་ཡང་གསུངས་ཤིང་། གཟིམས་པའི་སྐབས་ན་བཟའ་གཞན་རྣམས་བསིལ་ཞིང་ཨར་ཐི་དམར་པོ་ཞིག་བཞེས་ནས་གཟིམ་ཆུང་ནང་དུ་ཕར་ཕེབས་ཚུར་ཕེབས་མགྱོགས་པར་མཛད་ནས་སྔ་མོ་འདི་འདྲ་བྱས་ཏེ་གཅིག་པུར་འགྲོ་སྐབས་སྐྱིད་པོ་ཡོད་པས་ད་དེ་འདྲ་འགྲོ་རྒྱུ་བྱུང་ན་ཨང་གསུངས། དེ་ལྟར་གསུངས་པའི་སྐབས་རྣམས་སུ་སེམས་ཅན་གྱི་བདེ་སྐྱིད་བསྟན་པ་ལ་རག་པ་དང་། དེའང་སྐྱེས་བུ་དམ་པ་ལ་རག་ལས། ད་དུང་བསྟན་འགྲོའི་དོན་འདི་སྙེད་མཛད་རྒྱུ་ཡོད་སོགས་དང་། སྔོན་གྱི་དམ་པ་འདི་དང་འདིའི་སྐུ་ཚེ་ཡུན་རིང་བ་འདི་མཛད་པ་མིན་ནམ་ཞེས་སོགས་ཡང་ཡང་ཞུས་ནས་གསོལ་བ་བཏབ་ཀྱང་། དེ་འདྲ་ཞུ་རིགས་ལ་སྐྱོན་མེད་གསུངས་པ་རང་ཅག་གི་སེམས་གསོས་ཙམ་ཞིག་ཏུ་འདུག
བཞི་པའི་གནམ་གང་སྤེན་པ་བེའུའི་འགྲུབ་སྦྱོར་ལ་སྐུ་འདྲའི་གཟུགས་གཞུག་ཕུལ་བ་རྣམས་ཀྱིས་མཚོན་ནང་རྟེན་རྣམས་ལ་རབ་གནས་འབྲིང་པོ་མཛད་དེ། དེ་ཉིད་དུ་བསྣམས་པའི་རྡོར་དྲིལ་དང་། དབུ་ཞྭ་སྣེ་རིང་རྣམས་ད་ལམ་བླ་མ་ཞྭ་ལུ་ཚང་ལ་བྱིན་ནས་སྔར་གྱི་ཞལ་བཞེས་ལྟར་བསྟན་འགྲོའི་དོན་མཛད་དགོས་ཞེས་དང་། རྡོར་དྲིལ་གཞན་མ་འདི་ཁྱོད་རང་གི་བླ་མ་དགའ་ལྡན་ཁྲི་པ་དེ་ལ་ཕུལ་ཅིག་གསུངས། བཀྲ་ཤིས་ཚར་མ་ཐག་ཏུ་ངའི་སྐྱེ་བ་འདིའི་དོན་རྣམས་རྫོགས། ཁྱོད་དབུས་ལ་འགྲོ་རྒྱུ་གཅིག་པུ་ཡིན་པས་ཞེ་བློ་བདེ་གསུངས་པར་ངེད་ཀྱི་ཐལ་མོ་སྦྱར་ནས། ལགས་སེམས་ཅན་གྱི་ཁམས་མ་ཟད་ཀྱི་བར་ཁྱེད་ཀྱི་སྐུ་དོན་ལ་འཛད་པ་ཅི་ཡོད། ལྷག་པར་ད་ལྟའི་སྐབས་བསྟན་པ་ཕྲ་ཉག་དེ་ལྟ་བུ་ལ་ཁྱེད་མིན་པ་མེད་ན་ཐུགས་བསྐྱེད་རྒྱ་ཆེན་པོ་གནང་བར་མཁྱེན་ཞེས་ཚིག་གྲ་འགྲིགས་མི་འགྲིགས་དང་བཅས་གསོལ་བ་བཏབ་ནས་ངེད་རྣམས་ཐམས་ཅད་སྤུ་ཟིང་ངེ་བར་གྱུར། འོན་ཀྱང་གསོལ་བ་འདེབས་པ་དང་ཞབས་བརྟན་ལ་འབད་པར་བྱས། ཆོས་སྐྱོང་ལ་ཡང་ཞུས་ཀྱང་མ་གཞི་འདི་ལོ་ཆོས་སྐྱོང་དངོས་ཕེབས་དཀའ་བར་གནང་བས་དོན་ལ་ཐིག་པོ་རང་བྱུང་མ་སོང་།
ཉིན་དེ་གའི་ཕྱི་དྲོར་ངེད་རང་མ་གཏོགས་སྐུ་མདུན་དུ་སུ་ཡང་མེད་པར་བདག་ལ་དེ་རིང་སྐར་མ་ཡང་བཟང་། ངེད་རང་གཉིས་བོད་ལ་འགྲོ་རྒྱུ་སོགས་ཀྱི་སྐད་ཆ་འདྲ་བྱེད་དགོས་གསུངས་ནས་རང་བཞིན་གྱི་གསུང་མང་པོ་ཞིག་ཕེབས། དེ་གོང་ནས་ལྷ་སའི་བཅུ་གཅིག་ཞལ་ལ་ཕྱག་སྟོང་སྒྲོན་འདུག་ཅེས་གསན་འདུག་པ་དེ་གླེང་གཞི་ལྟ་བུར་བྱས་ནས་སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོ་སོགས་བོད་ཀྱི་རྒྱལ་བློན་རྣམས་ཀྱིས་བསྟན་པའི་བྱ་བ་བྱས་པའི་ཚུལ་རྒྱ་ཆེར་འཆད་པ་མཛད། བཅུ་གཅིག་ཞལ་ལ་ཕྱག་སྟོང་སྒྲོན་པ་ཅི་ལགས་ཞེས་ཞུས་པར། དེ་ཅུང་སྔ་འདུག །སྐུ་ཞབས་བདུན་པའི་དུས་ཀྱི་མཛད་པ་ཡིན་པས་འོན་ཀྱང་ཁྱད་མི་སྣང་གསུངས། ཁྱེད་རང་སོང་ལ་ཆོས་ཟབ་ལ་དཀོན་པ་རྣམས་ཉོན། སྔོན་གྱི་གཙུག་ལག་ཁང་རྙིང་པ་རྣམས་དང་། སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་རྒྱ་མ་ཁྲི་ཁང་སོགས་ལ་མཆོད་པ་རྒྱ་ཆེར་གྱིས། འབྲས་སྤུངས་ལ་བྱམས་མགོན་གྱི་གོས་སྐུ་འདོམ་ཉེར་ལྔ་པ་ཞིག་ཞོག །དགའ་ལྡན་གྱི་གསེར་གདུང་ཆེན་མོར་སྟོང་མཆོད་རྒྱུན་ཚུགས་ཤིག་ཨེ་ཐུབ་ལྟོས། དཀོར་གྱི་སྡིག་སྒྲིབ་སྦྱོང་ཆེད་ཡིན། ལྷ་སའི་ཇོ་བོ་རྣམ་གཉིས་དང་། བྱང་ཆུབ་ཆེན་པོ། འོལ་ཁའི་བྱམས་པ་རྣམས་ལ་སྣམ་སྦྱར་རེ་ཕུལ་ལ་རྒྱལ་བའི་བསྟན་པ་རིན་པོ་ཆེ་རྒྱས་པའི་སྨོན་ལམ་རྣམ་པར་དག་པ་ཐོབ། མི་འགྲུབ་མི་སྲིད། གཞན་འདི་དང་འདི་གྱིས་སོགས་ཞལ་བཀོད་ཤིན་ཏུ་མང་བས་རྗེས་སོར་ངེད་རང་འགྲོ་སྐབས་གསུངས་ན་ཞུས་པས། དེ་སྐབས་ཀྱང་བཤད་ཆོག་མོད། དེ་རིང་རང་དགར་བཤད་པ་ཡིན་གསུངས། ཁྱོད་རང་ད་དུང་ཆོས་ཉན་དང་། རིག་གནས་ཀྱི་སྐོར་གང་ལའང་སློབ་གཉེར་ཡག་པོ་གྱིས། རྗེས་སོར་ངའི་སྐུ་སྐྱེ་ལ་ཡོན་ཏན་ཡག་པོ་སློབ། རྟེན་འདི་ཐམས་ཅད་འཕྲོད་པར་གྱིས། རྒྱུན་པར་གཟུགས་པོར་བཅའ་ག་དང་། ཁ་འདོན་འདྲ་མ་ཆག་པར་གྱིས་སོགས་དང་། འདི་ལོར་ངེད་རང་དགོན་པར་འགྲོ་སྐབས་དགོན་པ་ཚོར་འདི་འདྲ་བྱེད་རྒྱུ་ཡིན་གསུངས་པ་ཐམས་ཅད་ཞལ་ཆེམས་ལྟར་སྣང་བས་སེམས་དགའ་སྡུག་གཉིས་ཀྱིས་ལེགས་པར་ཉན་ཡང་ཡང་ཞུ་རྒྱུ་ཅང་མི་རྙེད་པར་བློ་ཐེ་ཚོམ་དུ་གྱུར།
ཚེས་གཅིག་ལ་དགོན་པར་ཕེབས་རྒྱུའི་རིང་ཁྱད་ལྟ་བུར་མཛད་ནས་ཚེས་བཅུ་ཙམ་ལ་ཐོན་པར་མཛད་རྩིས་ཀྱིས་གཉེར་པ་ནང་སོར་གསུངས་ནས་གྲ་སྒྲིག་ཐོགས་མེད་བྱས། ལོ་ལྟར་གྱི་ལྷ་མོ་འབུམ་ཐེར་རེ་གསུངས་པའི་གྲོལ་ཉིན་གཤེགས་གཏོར་གཏོང་གི་ཡོད་པ་ལྟར་ཚེས་གཅིག་ལ་གཤེགས་གཏོར་གྱི་དབུར་གློ་བུར་དུ་ཕེབས་ནས་འཕྲིན་བཅོལ་རྒྱས་པར་གནང་། ཚེས་གཉིས་ལ་རྒྱལ་གསོལ་དང་། གསུམ་ལ་དཔང་བསྟོད་གནང་། ཇག་རུང་དགོན་པའི་ཁྲི་བརྗེ་རྒྱུའི་དོན་དུ་མི་གཏོང་རྩིས་ཀྱི་བཀའ་ཤོག་འཕྲལ་དུ་བསྒྲིགས་པ་གནང་། དེ་ཉིན་སྐུ་མདུན་ན་ངེད་རང་མེད་པ་ཞིག་གི་སྐབས་ཕྱི་རོལ་དུ་ཕེབས་ནས་ནུབ་ངོས་ཀྱི་ནམ་མཁའི་མཐོངས་ལ་ཡུན་རིང་གཟིགས་པ་གནང་འདུག་པ་ཞལ་གཟིགས་ཤིག་བྱུང་བར་ངེས། འདི་ལོར་ས་རིས་རབ་འབྱམས་པར་ལིའུ་ཐོ་གསར་དུ་བཟོ་བཅུག་ནས་ཉིན་ལྟར་གྱིས་གཟིགས་ནས་ཚེས་གྲངས་ལ་ནན་ཏན་མཛད་པར་སྣང་བའི་ངང་ནས་ཚེས་བརྒྱད་འདི་འགྲུབ་སྦྱོར་བཟང་བ་ཞིག་འདུག་གསུངས། འདི་སྐབས་རྣམས་སྐུ་གཟུགས་ཤིན་ཏུ་དྭངས་པའི་ཚུལ་དང་། ཞལ་འདོན་ཐུགས་དམ་སོགས་ཀྱང་ཅུང་ཟད་ལྷོད་པར་མཛད་དེ་འཆག་པའི་གཏམ་འདྲ་གནང་ནས་སྤྲོ་བར་མཛད།
ཚེས་ལྔའི་ཉིན་ངས་བརྒྱད་སྟོང་བརྩོན་འགྲུས་བྱས་ནས་བཏོན་པས་ཚར་སོ་གཉིས་དང་ཕྱེད་ཙམ་སོང་བའི་འཕྲོ་རྗེས་ནས་འདོན་གསུངས་ནས་བཞག་པ་རྗེས་སོར་བལྟས་པས་འཇིག་རྟེན་ཡང་དག་པར་སྟོན་པའི་ལེའུའི་མཇུག་ཙམ་སླེབས་འདུག་པ་སྤྲུལ་པའི་སྐུ་ཕེབས་པའི་རྟེན་འབྲེལ་དུ་མངོན། དེ་གའི་ཕྱི་དྲོ་ནས་གཟུགས་ཅུང་མི་བདེ་བའི་ཉམས་འདུག་གསུངས། ཚེས་དྲུག་གི་སྔ་དྲོར་ངེད་སྐུ་མདུན་དུ་བསྙུན་འདྲིར་སོང་བའི་རྟེན་འབྲེལ་བཟང་། ཐོག་མཐའ་བར་གྱི།
ཐར་པའི་རྒྱལ་མཚན་རྟག་ཏུ་འཛིན་པར་ཤོག །
ཅེས་པ་སླེབས་བྱུང་གསུང་ཕྱག་དབང་དང་ཐུགས་དགའ་དགའ་མཛད། བསྙུན་འདྲི་ཞུས་པས། ས་རླན་ཡིན་པ་འདྲ། སྐྱོན་མི་འདུག །ཁྱོད་ལ་མདང་རྨི་ལམ་འདྲ་ཨེ་བྱུང་གསུངས་པར་མ་བྱུང་ལགས། སྐུ་ཞབས་རིན་པོ་ཆེར་རྟགས་ཉམས་གང་འདྲ་བྱུང་ཞུས་པས་ཅང་མ་བྱུང་གསུངས། དེ་ནུབ་ངའི་རྨི་ལམ་ལ་སྐུ་ཞབས་རིན་པོ་ཆེ་ཁྲི་ཁར་བཞུགས་ནས་ཉིད་ཀྱི་མཚན་ནས་བཟུང་ནས་འདས་བསྔོ་མཛད་པ་ཞིག་བྱུང་ཡང་ངེད་ནས་ཞུར་མ་སྤོབས། ཆོས་སྐྱོང་ལ་ཞུས་ཀྱང་སྐུ་རྟེན་གྱི་འཕྲུལ་ཞིག་ལས་ཡིད་འདྲོངས་མ་བྱུང་། མ་གཞི་ཞབས་བརྟན་སྒྲུབ་མུས་ཡིན་ཡང་སླར་ཡང་གྲྭ་པ་རྣམས་བསྡུས་ནས་དགོན་པར་ཡང་མི་གཏོང་རྩིས་ཀྱི་གྲ་བསྒྲིགས། ཨེ་མཆི་ཆོས་རྗེ་དང་། སྨན་པ་ཚུལ་ཁྲིམས་བཟང་པོ་ངེད་དང་བཅས་བསྙུན་གཡོག་ཞུས། སྔར་ནས་གསུང་ལུགས་དང་རྟགས་སོགས་གང་ནས་བཟང་རྒྱུ་མེད་པར་མ་ཟད་བསྙུན་ཚུལ་ཡང་སྣ་ཚོགས་ཤིག་འདུག་ཅིང་། ངེད་རང་ཚང་མས་གླེང་ནས་རབ་རོབ་ཏུ་གྱུར་པར། སྐུ་ཞབས་ཉིད་ནས་སྐྱོན་མེད་གསུངས། བསྙུན་ཆེ་རྒྱུ་མི་སྣང་ཡང་སེམས་ཀྱིས་མི་བཟོད་པར་གྱུར། དེ་ནུབ་ངེད་རང་སྐུ་མདུན་དུ་ཉལ།
ཕྱི་ཉིན་ཚེས་བདུན་ལའང་ཅུང་ཟད་འཇམ་པ་མ་གཏོགས་སྔར་ཉིན་ལྟར་སྣང་། འཕྲལ་དུ་ཞབས་བརྟན་གྱི་གྲ་བསྒྲིགས་ཏེ་ཐམས་ཅད་ཀྱིས་གསོལ་བ་བཏབ། ཞབས་བརྟན་ཕུལ་བས་ཞལ་འཛུམ་པ་མཛད་ནས་ཞལ་བཞེས་གནང་ཡང་སེམས་བྲིད་པ་ཙམ་དུ་གདའ། དེ་ནས་འཕྲལ་དུ་ཡཱ་མུན་དང་དགོན་པར་མི་སྣ་བརྫངས། ཞབས་བརྟན་ཡང་ཧུར་བསྐྱེད་ནས་བསྒྲུབས། དེ་ནུབ་ཀྱང་ངེད་སྐུ་མདུན་དུ་གཅིག་པུར་བསྡད་པས་ཅུང་ཟད་འཇམ་པར་མཛད་ནས་ངེད་ལ་ད་རེས་འདི་དགའ་རྒྱུ་རང་མི་སྣང་། འོན་ཀྱང་སྐྱོན་ཆེར་མེད་གསུངས་ནས་ཞབས་བརྐྱངས་ཏེ་མཉེས་གསུངས་པ་ཞབས་མཉེས་བཞིན་དུ་ངེད་ལ་ཞལ་འོ་དང་མགོ་ལ་ཕྱག་བྱུགས་མཛད། སྔོན་ཁྱོད་ལ་ང་དྲིན་ཆེ། ད་ང་ལ་ཁྱོད་དྲིན་ཆེ་བས་ཁྱོད་བློས་མི་གཏོང་གསུངས་ནས་རེ་ཞིག་གི་བར་ཉིད་ཀྱང་ཐུགས་སྐྱོ་བར་མཛད། དེ་ནས་ཆོས་རྗེ་དང་། ཚུལ་ཁྲིམས་བཟང་པོ་ཡོང་ནས་བསྡད། ནམ་ལངས་ནས་སྐུ་ཅུང་བདེ་ཉམས་འདུག་གསུངས། ཕྱག་དང་དབུ་ལ་ཁྲུས་ཀྱང་གནང་སྟེ་བསིལ་བར་མཛད། སྤྱན་ནམ་མཁའ་ལ་ཡང་ཡང་གཟིགས་པ་དང་སྐུ་མདུན་ལ་གཞན་སླེབས་པ་ལྟར་མཛད། མཚམས་ཤིག་ཨེམ་ཆི་ཆོས་རྗེ་ལ་ནམ་མཁའ་ནས་ཁ་བཏགས་སླེབས་བྱུང་གསུངས་པར། ལགས་གང་གསུང་ཞུས་པས། ཆར་བབ་ནའང་བྱས་པ་ཡིན་གསུངས་ནས་ཅང་མི་གསུངས་པར་བཞུགས། དེ་ནས་ངེད་སླེབས་པ་དང་ངེད་ལ་དེ་རིང་ཚེས་དུ་ཡིན་གསུངས་པར་ཐེ་ཚོམ་ཟོས་ནས། ལགས་དེ་རིང་ཚེས་དྲུག་ཡིན་ཞུས་པར་ཞལ་འཛུམ་པ་ཞིག་མཛད་པ་དོན་ལ་ཚེས་བརྒྱད་དུ་གཤེགས་རྒྱུའི་ཐུགས་དགོངས་ཡོངས་སུ་གཏད་དེ། དཔའ་བོ་དང་མཁའ་འགྲོ་རྣམས་ཀྱི་བསུ་བ་ཡང་འབྱོར་བའི་རྟགས་སུ་གོ།
དེ་འཕྲལ་རྒྱལ་རྫོང་དང་བཟློག་ཆེན་བཏང་། ཁྲུས་གསོལ་ཞིག་གྱིས་གསུངས་པ་ལྟར་ངེད་ཀྱིས་ཁྲུས་གསོལ་དང་མཎྜལ་ཕུལ། རྗེ་ཉིད་ནས་ནང་རྟེན་ཐུབ་པ་སོགས་ལ་དབུ་གཏུགས་ནས་སྨོན་ལམ་མཛད་དེ་ཞབས་བརྐྱང་བ་གཡོན་ཕྱོགས་སུ་བསྟན་ནས་ཞལ་འདོན་གནང་སྟེ་ཡུན་རིང་ཞིག་བཞུགས། སྔོན་ནས་ཐུགས་དམ་ལ་བསྡད་རིགས་གསན་ཚེ་གསོན་པོའི་དུས་དགེ་སྦྱོར་སྐྱོང་རྒྱུ་མེད་པར་འཆི་ཚེ་ཀྲོང་ངེ་སྡོད་པ་ལ་ཡ་མཚན་རྒྱུ་མེད། བདག་ཅག་གི་སྟོན་པས་ཀྱང་གློ་གཡས་པ་ཕབ་ནས་མྱ་ངན་ལས་འདས་པའི་ཚུལ་མཛད་པས། ང་རང་འདའ་ཚེ་ཉལ་ནས་རང་འདའ་ཞེས་གསུངས་ཡོད་པ་དེ་སྐབས་ངེད་ཀྱིས་སེམས་ལ་དྲན་ནས་ད་ལམ་སྔོན་གྱི་གསུང་ལུགས་དེ་དང་འདྲ་བས་ངེས་པར་གཞན་གྱི་ཐུགས་དགོངས་མིན་ཐུགས་དམ་ལ་བཞུགས་པ་དྲག་བསམ་ཡིད་ངོར་ཤར་ཙམ་བྱུང་། དེ་མ་ཐག་ཡར་བཞེངས། ཞབས་རྡོ་རྗེ་སྐྱིལ་ཀྲུང་། ཕྱག་གཡས་མགུལ་ཕུར་བསྣམས། ཕྱག་གཡོན་མཉམ་བཞག་མཛད་དེ་རྟ་མགྲིན་གསང་སྒྲུབ་ཀྱི་བསྐྱེད་རིམ་གསལ་བཏབ་ནས་སྤྱན་ཧུ་རེ་གཟིགས་པ་ཞིག་མཛད་ནས་ཕུར་པ་ངེད་ལ་གནང་བ་འོད་གསལ་གྱི་ཏིང་ངེ་འཛིན་ལ་བར་དུ་གཅོད་པ་ཕྱིར་ཟློག་པར་མཛད་པའི་རྟགས་སུ་གོ།
སངས་རྒྱས་ཀྱི་འཕེལ་གདུང་རྒྱུན་པར་སྐུ་གཟུགས་ལ་འཆང་བའི་འཕེལ་གདུང་ཆེ་ཙམ་ཞིག་ཡོད་པ་དེ་ཕན་དུ་རེ་ནས་བཞེས་ན་ཞེས་ཞུས་པར་མི་དགོས་ཁྱེད་རང་གིས་གྱིས་ཤིག་གསུངས། ནན་ཏན་བྱས་ནས་ཕུལ་བས་འཛུམ་པ་མཛད་ནས་བཞེས། དེ་འདྲ་མ་བྱེད་སྐྱོན་མི་ཡོང་ཞེས་གསུང་གི་མཐའ་མ་སྩལ། ངེད་ནས་སྐུ་ཞབས་ཚེ་དཔག་མེད་དུ་བསྐྱེད་ནས་ཚེ་གཟུངས་འུར་གྱིས་བགྲངས་པས་རྗེ་ཉིད་ནས་ཀྱང་ཚེ་གཟུངས་གསུངས་པ་ངེད་ཚོ་ལས་ཀྱང་སྒྲ་གསལ་ལ་མགྱོགས་པར་འདུག །དེ་ལྟར་ཚེ་གཟུངས་གསུང་བཞིན་པའི་མུ་ནས་སྐུ་གཟུགས་དྲང་པོར་བསྲང་། རྡོར་སྐྱིལ་བཤིགས་ནས་སེམས་དཔའི་སྐྱིལ་ཀྲུང་དང་། ཕྱག་གཡས་དཀུ་གཡས་དང་། གཡོན་བརླ་གཡོན་པའི་སྟེང་དུ་རྡོར་དྲིལ་འཛིན་པའི་སྟབས་ཀྱིས་སྤྱན་རས་གཟིགས་སེམས་ཉིད་ངལ་གསོ་འམ། རྡོ་རྗེ་སེམས་དཔའི་ཉམས་སྟབས་ཀྱིས་དགོངས་པ་ཆོས་དབྱིངས་སུ་གཏད་པའི་ནང་དུ་ཡང་དག་པར་འཇོག་པར་མཛད་པར་རང་ཅག་རྣམས་མགོན་དང་བྲལ་དོགས་ཀྱིས་སྡུག་བསྔལ་དང་། སླར་ཡང་ཕེབས་རེས་རེ་ཞིག་ལང་ལོང་དུ་གྱུར་ནས་གསོལ་བ་ཡུན་རིང་བཏབ་ཀྱང་འོད་གསལ་ཆོས་སྐུའི་ཏིང་ངེ་འཛིན་ལ་མངོན་དུ་ཕྱོགས་པར་གོ་ནས། འཛམ་གླིང་གི་ཉི་མ་སྐད་ཅིག་ཏུ་ས་ལ་ལྷུང་བའི་སྡུག་བསྔལ་གྱི་ཚོར་བས་ཡུན་རིང་དུ་མྱོས་པ་སླར་དྲན་པ་ཅུང་རྙེད་དེ། དཀྱིལ་འཁོར་གྱི་དབང་མ་ཐོབ་རིགས་ལ་གསང་ནས་ངེད་དང་ཆོས་རྗེ་རབ་འབྱམས་པ་རྣམས་སོགས་འགའ་དང་བཅས་ཀྱིས་སྐུ་ཆོས་དང་རིགས་ལྔ་དང་གཙུག་ཏོར་སྟོད་གོས་སྨད་གོས་དང་ཕྱག་མཚན་རྡོར་དྲིལ་རྣམས་ཕུལ། ཐུགས་དམ་སྐབས་སྐུ་གཟུགས་སྔར་བས་ཆ་གསུམ་གཉིས་ཀྱིས་ཆུང་ཞིང་། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང་། དབུའི་གཙུག་ཏོར་འབུར་བ་གསལ་བ་དང་། ཞལ་རས་ཀྱི་དཀྱིལ་འཁོར་ཟླ་བ་ཚེས་པ་ལྟ་བུར་གསལ་ལ་ཞལ་མཆུ་དང་མཁུར་ཚོས་ཤིན་ཏུ་དམར་ལ་གསལ་བ་སྤྱན་ཡང་སྔར་གྱི་ཉམས་དང་མི་འདྲ་བར་སྤྱན་དཀྱུས་ཕྲ་ཞིང་རིང་བ་འབྱེད་བཙུམ་རན་པའི་སྣ་རྩེར་གཟིགས་ལ་སྨིན་མཚམས་སུ་རི་མོ་སུམ་བསྒྲིགས་མ་གཏོགས་ཀོང་ཀོང་དང་ཞལ་ཞུམ་ཅུང་ཟད་ཀྱང་མེད་པ། སྔར་གནས་ཆེན་རྣམས་སུ་ཕེབས་སྐབས་ཤངས་ལ་སྐྱོན་ཞིག་གིས་ཅུང་ཟད་མི་མངོན་པར་ཡོད་ཡོད་པ་དེའང་དྲང་དུ་སོང་ཞིང་། ཞལ་འཛུམ་པའི་མདངས་ཆགས་པ། འོད་དྲི་མ་མེད་པ་འཕྲོ་བ་སོགས་འཕགས་པ་འཇིག་རྟེན་དབང་ཕྱུག་མིག་གི་སྤྱོད་ཡུལ་དུ་མངོན་སུམ་དུ་གྱུར་པར་སེམས་དགའ་བའི་ཐམས་ཅད་དད་པ་དང་དག་སྣང་ཚད་མེད་པར་གྱུར། སྔོན་རྗེ་བཙུན་ཙོང་ཁ་ཆེན་པོ་མ་གཏོགས་སྐུ་ཞབས་རིན་པོ་ཆེའི་སྐུ་ཚེ་གཞན་རྣམས་ལ་འདི་འདྲ་བ་བྱུང་བའི་ལོ་རྒྱུས་མི་འདུག་པ་དང་། ཁྱད་པར་སྐུ་མཚན་བཟང་དང་ལྡན་པར་གྱུར་པ་ནི་སངས་རྒྱས་འཕགས་པ་ཁོ་ནའི་རང་རྟགས་སུ་གོ་ནས་ཐམས་ཅད་ངོ་མཚར་འབའ་ཞིག་ཏུ་གྱུར།
དེ་ནས་ངེད་ཀྱིས་ཕྱག་དང་མཎྜལ་ཕུལ་ཏེ་ཐུགས་དམ་གྱི་སྙན་གསན་དང་། གསལ་འདེབས་ཀྱི་རྣམ་པ་རིམ་པར་ཞུས། འདི་ལོར་ཐན་པའི་མུ་ཡིན་པ་བཅས་ཆར་རྐང་ནས་མ་བབས་པར་ཡོད་པ་ལ་ཏིང་ངེ་འཛིན་དུ་ཕྱོགས་པར་མཛད་པ་ནས་གློ་བུར་དུ་ཆར་བབས། དེ་ནུབ་སྐུ་མདུན་རང་དུ་གསོལ་བ་འདེབས་བཞིན་བསྡད་པའི་གླིང་བུ་དང་། ཌ་མ་རུའི་སྒྲ་གསལ་བར་ཐེངས་འགའ་ཐོས། ཕྱི་ཉིན་རྡོ་རྗེ་འཇིགས་བྱེད་ཀྱི་བསམ་གཏན་གྱི་དཀྱིལ་འཁོར་སྒྲུབ་ཅིང་དབང་བཞི་རྫོགས་པར་བླངས། སྤྲུལ་སྐུ་མྱུར་འབྱོན་གྱི་གསོལ་འདེབས་བསླུ་མེད་མ་དང་། བློ་གྲོས་ཀུན་བཟང་མ་གཉིས་དེ་འཕྲལ་རྩོམ་ཞིང་མཎྜལ་དང་བཅས་གསོལ་བ་དྲག་ཏུ་བཏབ་པས་ཐུགས་ཀའི་ཐད་ནས་ཡོང་ཡོང་ཟེར་བའི་སྒྲ་ཤིན་ཏུ་གསལ་བ་ལན་གསུམ་བྱུང་བ་རང་དང་ཨ་མ་དང་རབ་འབྱམས་པ་ཚུལ་ཁྲིམས་བཟང་པོ་སོགས་འགས་གསལ་བར་ཐོས། ཞག་ལྔའི་བར་མེ་ཏོག་གི་ཆར་བབས། ནམ་མཁའ་འཇའ་ཚོན་ཁ་དོག་སྣ་ཚོགས་དང་། འཇའ་དཀར་པོ་སུམ་བསྒྲིགས་ཤར་ནས་ནུབ་ཏུ་འཐེན་པ་ཡང་ཡང་ཤར། བཅུ་གཅིག་གི་ཉིན་ཆར་དྲག་དང་འབྲུག་སྒྲ་ངུ་བ་ལྟ་བུ་ཤིན་ཏུ་འཇིགས་པ་ཞིག་བྱུང་བ་དང་། བཅོ་ལྔའི་ཉིན་ས་གཡོ་ཞིང་འོག་ནས་འུར་སྒྲ་ཆེན་པོ་བྱུང་བ་སོགས་དཀར་ཕྱོགས་ཀྱི་ལྷ་ཀླུ་རྣམས་ཀྱིས་མྱ་ངན་དུ་མངོན། མཚན་མོར་གླེང་སྤར་བའི་ནང་ཆར་པ་བབས་པ་རྣམས་སྣུམ་དང་ལྷན་ཅིག་འདྲེས་ནས་འབར་བ་དང་། བདུན་ཕྲག་བཞིའི་རིང་རླུང་སྤུ་ཙེ་ཙམ་ཡང་མེད་པ་དང་། སྐབས་སྐབས་སུ་ནམ་མཁའ་ཤིན་ཏུ་དྭངས་པའི་ནང་འཇའ་གུར་འཁྲིགས་པ། སྤྲིན་མེད་པར་ཆར་བབས་པ་སོགས་སྐྱེ་བོ་ཕལ་པ་རྫི་བོ་ཡན་ཆད་ཀྱི་མིག་གི་སྤྱོད་ཡུལ་དུ་གྱུར་པ་ནི་བརྗོད་ཀྱིས་མི་ལང་། ཞག་ཕྱེད་གསུམ་སོང་ནས་ཐུགས་དམ་གྲོལ་བའི་ཚེ་སྤྱན་གཡས་པ་བཙུམ། གཡོན་པ་ཆེ་བ་ཙམ་མཛད་པ་སྲིད་པའི་འཆིང་བ་ལས་རིང་དུ་གྲོལ་ཡང་ཡེ་ཤེས་སྤྱན་གྱིས་འཁོར་བ་མཐའ་དག་ལ་ཐུགས་རྗེས་གཟིགས་པའི་བརྡར་བསམ། དེ་མ་ཐག་ཕྱག་གཡོན་པའི་གྲུ་མོ་ལས་མར་ཁུ་ཤིན་ཏུ་དྭངས་པ་དཀར་པོ། སེར་པོ། དམར་སེར་མདོག་མི་འདྲ་བ་མྱངས་ནས་རོ་ཁ་བ་མངར་བ་སོགས་དྲི་ཤིན་ཏུ་ཞིབ་པའི་ཉིན་རེ་ལ་ཇ་ཕོར་ཆེ་ཤོས་གང་ཙམ་བབས་པ་ལྷག་པར་གནམ་བསིལ་བའི་སྐབས་མང་མར་འབྱུང་བ་བཅས་བདུན་ཕྲག་གཉིས་དང་ཞག་ལྔའི་བར་བྱུང་།
གཤེགས་ནས་རིང་པོར་མ་ལོན་པར་ཞག་གཉིས་ནས་ཆོས་རྗེ་སྐུ་རིམ་པ། ཞག་དྲུག་ནས་བརྒྱུད་པ་བླ་མ་དང་། བ་ཟ་ཆོས་རྗེ། གཞན་ཡང་རྒྱང་རིང་སློབ་ཆུང་སོགས་དད་ལྡན་གྱི་བུ་སློབ་ཐམས་ཅད་ཁ་ཆད་བྱས་པ་ལྟར་ལྷན་ཅིག་ཏུ་འཛོམས་ཤིང་། དགེ་འདུན་གྱི་སྡེ་ཡང་ཨ་ལག་ཤའི་ཕྱོགས་སུ་གང་བཞུགས་དང་། དཔོན་ཆེ་ཆུང་མི་བཟང་སོགས་དད་ལྡན་གྱི་སྦྱིན་བདག་རྣམས་དང་། གཞན་མདོ་སྨད་ཀྱི་དགོན་ཁག་དུ་མའི་གདུང་མཆོད་འབུལ་མི་དང་། ཨོར་ཏོ་སུའི་དཔོན་ཆེ་ཆུང་སོགས་སྦྱིན་བདག་ཆེན་པོར་གྱུར་པ་མང་པོའི་མི་སྣ་གདུང་མཆོད་འབུལ་བ་བཅས་འདུས་ཤིང་། ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་འདེབས་པ་དང་། བསྙེན་རྫོགས། དགེ་ཚུལ། རབ་བྱུང་སྒྲུབ་མི་ཤིན་ཏུ་མང་ཞིང་། ཁྱིམ་པའི་རིགས་ཕལ་ཆེར་གྱིས་དགེ་བསྙེན་དང་སྨྱུང་གནས་ཀྱི་སྡོམ་པ་བླངས་པ་སོགས་དགེ་བ་བཅུ་ལ་ཉིན་མཚན་མེད་པར་གཅིག་ཏུ་གཞོལ་བར་གྱུར། མཆོད་པ་ཡང་སྐུ་མདུན་དུ་ཉིན་རེ་བཞིན་དུས་གསུམ་དུ་མཆོད་མེ་ཡོན་ཆབ། སྤོས་འབྲུ། ཞལ་ཟས་སུམ་བརྒྱ་རེ། ཕྱི་རོལ་ཏུ་ནུབ་རེ་བཞིན་ཞག་ཞེ་དགུའི་བར་མཆོད་པ་སྣ་ལྔ་སུམ་བརྒྱ་རེ་དང་། བདུན་མཚམས་སུ་ཕྱི་ནང་ཀུན་ཏུ་སྟོང་མཆོད་རྒྱས་པ་རོལ་མོའི་སྒྲ་དང་བཅས་ཕུལ་ཞིང་། སྐུ་གདུང་རིན་པོ་ཆེའི་མདུན་དུ་ཉིན་རེ་བཞིན་ངེད་ཀྱིས་གསར་སྒྲིག་བྱས་པའི་བླ་མའི་རྒྱུན་མཆོད། སྤྲུལ་སྐུ་མྱུར་འབྱོན་གྱི་གསོལ་འདེབས་བཅས་ཚར་རེ། ངེད་དང་བརྒྱུད་པ་བླ་མ་གཉིས་ཀྱིས་འཇིགས་བྱེད་བདེ་མཆོག་གང་རིགས་ཀྱི་བདག་འཇུག །ཚོགས་ཆེན་དུ་བདུན་ཕྲག་ལྔའི་རིང་ཀུན་རིག །ཚེ་དཔག་མེད། འཇིགས་བྱེད། ལོགས་སུ་གསང་འདུས། སྨན་བླ། སྤྱན་རས་གཟིགས་ཀྱི་ཆོ་ག །བཀའ་འགྱུར་བཅས་གསུང་ཞིང་། བདུན་གྱི་ཉི་མ་གཉིས་སུ་མ་ཎི་བསྒྲུབས་པ་སོགས་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེས་དུས་འདའ་བར་བྱས་སོ།།
དེ་ནས་སྐུ་གདུང་རིན་པོ་ཆེ་ཇི་ལྟར་བྱས་པ་ནི། སྔོན་དུ་སྐུ་ཞབས་རིན་པོ་ཆེ་ཉིད་ཞལ་བཞུགས་སྐབས་རྟེན་གྱི་ནང་གཞུག་ཅིག་ལ་གདུང་རུས་ཡོད་པ་གཟིགས་ནས་ངེད་ལ་ཁོང་རྣམ་པ་ཚོས་མཐོན་པོར་གནས་པའི་སྐུ་གདུང་ཡིན་སྟབས་རིལ་པོར་བཞག་པ་རང་བྱུང་ཡོད་ན་ཕན་ཐོགས་ཆེ་གསུངས། ཉིན་གཅིག་ཨེམ་ཆི་ཆོས་རྗེ་སྐུ་མདུན་དུ་ཡོད་པར་བྱ་ཁྱུང་གི་རྗེ་དོན་གྲུབ་རིན་པོ་ཆེའི་སྐུ་གདུང་ནས་བདུད་རྩི་བབས་པ་གླེང་བ་ཆུ་བབས་པ་ངོ་མཚར་ཆེ། དེ་བས་ཀྱང་སྣུམ་རང་བབས་ན་བདུད་རྩི་ཡིན་ཅེས་གསུངས་པ་དེ་སྐབས་སྣང་བ་མ་བྱུང་ཡང་། ད་བསམ་ཚེ་སྣུམ་བབས་པ་སོགས་གསུང་ཇི་ལྟ་བ་བྱུང་བས་སྐུ་གདུང་རིན་པོ་ཆེ་ཇི་ལྟར་བྱེད་ཅེས་ངེད་དང་བརྒྱུད་པ་བླ་མ་བློ་བཟང་ཕུན་ཚོགས། ཆོས་རྗེ་རྣམ་པ་གསུམ་དང་། རབ་འབྱམས་པ་སོགས་གཞིས་བྱེས་ཚང་མས་གྲོས་བྱས། སྐྱེས་མཆོག་དམ་པ་ཞྭ་ལུ་རིན་པོ་ཆེར་ཕལ་ཆེར་ཞུགས་སུ་འབུལ་རྩིས་ཀྱིས་ཞུས་ཀྱང་། འདི་ལོ་སྐུ་ཞབས་ཉིད་ཀྱིས་གསུངས་པ་ཡང་དགོངས་གཞི་ཅན་ཡིན་ཤས་ཆེ་ཞིང་། སྤྲུལ་སྐུ་ཕེབས་པ་སོགས་ལ་ཁྱད་པར་མེད་ཀྱང་། པཎ་ཆེན་རིན་པོ་ཆེའི་སྐུ་ཚེ་སྔ་ཕྱིའི་སྐུ་གདུང་རིལ་པོར་བཞུགས་ཀྱང་ཡང་སྲིད་གསར་ཕེབས་བྱུང་བ་བཞིན། ད་ལམ་རྗེ་བཙུན་ཙོང་ཁ་པ་ཆེན་པོ་དང་། ༸རྒྱལ་དབང་རིན་པོ་ཆེ་སོགས་མང་པོའི་སྐུ་གདུང་རིལ་པོར་བཞུགས་པ་ལྟར་རེ་ཞིག་ཏུ། མདོ་སྡེ་བསྐལ་པ་བཟང་པོ་ལས། སྐུ་གདུང་རིལ་པོ་གཅིག་ཏུ་འདུག་གོ་ཞེས་པའི་ལུགས་ལྟར་རིལ་པོ་བཞུགས་སུ་གསོལ་བ་འཐད་ཅེས་གྲོས་མཐུན་པར་ཐག་བཅད། སངས་རྒྱས་འཕགས་པ་སྐྱེ་འཆི་ལ་དབང་ཐོབ་པ་རྣམས་མྱ་ངན་ལས་འདས་པར་སྟོན་པའང་གདུལ་བྱ་འདུལ་བའི་དོན་ཁོ་ན་ཡིན་པ་བཞིན། ད་ལམ་སྐྱབས་མཆོག་འགྲོ་བའི་མགོན་པོ་སྤྱན་རས་གཟིགས་དབང་མིའི་ཟོལ་གྱི་རྣམ་པར་རོལ་པའི་སྤྲུལ་པའི་ཆུ་འཛིན་གྱི་བཀོད་པ་ཆོས་སྐུའི་ཀློང་ཡངས་སུ་ཐིམ་པའི་མཛད་པ་གཅིག་པུ་འདིས་ཀྱང་མཐོང་ཐོས་དྲན་རེག་གི་སེམས་ཅན་ཚད་མེད་གྲངས་མེད་པ་དག་བྱང་ཆུབ་ལ་འགོད་པར་མ་ཟད། སྔར་མ་མཇལ་བ་དང་མ་དད་པའི་སེམས་ཅན་ཇི་སྙེད་ཅིག་ཚུལ་འདིས་དད་པ་ངེས་འབྱུང་ཚད་མེད་པ་སྐྱེས་པར་གྱུར་པ་ནི་ལྷག་པར་རྨད་དུ་བྱུང་བའི་རྣམ་པར་ཐར་པའི་གནས་སོ།།
མ་གཤེགས་པའི་སྔ་རོལ་ཏུ་ཞལ་ཆེམས་དང་ལུང་བསྟན་གནང་བ་ནི་འདི་ལྟར།
གཏན་བསླུ་མེད་སྐྱབས་གནས་རིན་པོ་ཆེ། །
ལྷ་མཆོག་གསུམ་སྤྱི་བོའི་རྒྱན་དུ་བཞུགས། །
མ་འགྲོ་བ་མ་ལུས་འདྲེན་མཛད་པའི། །
ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །
དུས་སྙིགས་མའི་སེམས་ཅན་སྙིང་རེ་རྗེ། །
མགོན་མེད་པའི་འགྲོ་བ་འདི་དག་ལ། །
ལྷ་འཕགས་མཆོག་སྤྱན་རས་གཟིགས་དབང་གིས། །
དུས་རྟག་ཏུ་ཐུགས་རྗེས་མ་གཟིགས་ན། །
མ་འགྲོ་བའི་སྡུག་བསྔལ་ཇི་ལྟར་བཟོད། །
སྤྱིར་འདུས་བྱས་ཆོས་ལ་ངེས་པ་མེད། །
སྒོས་འཇིག་རྟེན་འདི་ལ་སྙིང་པོ་མེད། །
ཡང་སྒོས་སུ་མི་ཚེ་མི་རྟག་པ། །
ནམ་འཆི་ལ་ངེས་པ་མི་འདུག་པས། །
དུས་རྟག་ཏུ་བསམ་རྒྱུ་ལྷ་ཆོས་ཡིན། །
ཚེ་ཕྱི་མར་བདེ་སྐྱིད་འབྱུང་བའི་གཞི། །
ཚེ་འདི་ཡི་དགེ་བ་སྒྲུབ་ལ་རག །
མི་ང་ཡི་རྗེས་འཇུག་དད་པ་ཅན། །
སེམས་རྣམ་གཡེང་དབང་དུ་མ་སོང་བར། །
ལྷ་དཀོན་མཆོག་གསུམ་ལ་བློ་རྩེ་གཏོད། །
ལས་ཅི་བྱས་ཆོས་དང་འབྲེལ་བར་བྱ། །
སེམས་ཅི་བསམ་ཕྱི་མའི་དོན་ལ་སོམས། །
ངག་ཡི་གེ་དྲུག་པ་ལྷང་ལྷང་སྒྲོགས། །
ལྷ་སྤྱན་རས་གཟིགས་ལ་གསོལ་བ་ཐོབས། །
དུས་རྟག་ཏུ་བྱིན་རླབས་འབྱུང་ངོ་ཨང་། །
སྔོན་ལས་ཀྱི་སྨོན་ལམ་དབང་ཆེ་བས། །
ཡུལ་ངེས་མེད་ས་མཐར་འཁྱམས་པ་འདི། །
ཁྱེད་འབྲེལ་བ་སྐལ་བ་བཟང་ངོ་ཨང་། །
ལར་སྐལ་བཟང་གི་སྨོན་ལམ་རིང་དུ་འཆར། །ཞེས་དང་།
ཡང་།
མཛེས་མཛེས་ནམ་མཁའི་པདྨོ་དེ། །
མཚན་མོ་ཟླ་བའི་ཟེར་གྱིས་ཕྱེ། །
ལྷོ་སྤྲིན་ནུབ་ཀྱི་འབྲུག་སྒྲ་དེ། །
བྱང་ཤར་ས་ཡི་གཞི་ལ་ཕན། །
འཁྲུལ་མེད་དུང་དཀར་གཡས་འཁྱིལ་སྒྲ། །
སྒྲ་སྙན་དཔག་ཚད་བཅུ་རུ་བསྒྲགས། །
རི་བོང་གཟུགས་ལ་འབྲུག་རྭ་སྐྱེ། །
འབྲུག་གི་སྒྲ་དབྱངས་ས་མཐར་ཁྱབ། །
ངེས་དོན་རྡོ་རྗེ་རིན་ཆེན་དང་། །
རིགས་ལྔ་ལྷ་ཡི་རི་མོ་ཅན། །
བཀྲ་ཤིས་ལྷ་རྫས་དཀར་པོ་དེ། །
བསོད་ནམས་ཡེ་ཤེས་དབྱིངས་སུ་འཁྱོངས། །
འདི་ཙམ་མ་འོངས་གཏམ་གསུང་ཡང་། །
རེ་མ་ཏི་དང་པེ་ཧར་རྒྱལ། །
མ་མ་བཅུ་གཉིས་བྱ་ར་གྱིས། །
ལས་ཀྱིས་འབྲེལ་བའི་བུ་ཁྱོད་ལ། །
སྙིང་གི་གཏམ་ཡིན་སེམས་ལ་ཞོགས། །ས་མ་ཡ་དྷ་ཐིམ།
ཞེས་གསུངས། གཞན་ཡང་ལྕགས་བྱ་ལོར་གནང་བའི་ལུང་བསྟན་ནི། ལྕགས་བྱ་ཧོར་ཟླ་བཅུ་གཅིག་པའི་ཚེས་ལྔའི་ཐོ་རེངས་ཉམས་སྣང་ཞིག་ཏུ་ཕྲུག་གི་གསར་སྐྱེས་གཅིག །ལོ་ལྔ་པ་གཅིག །ལོ་བདུན་པ་གཅིག །ལོ་དགུ་པ་གཅིག །ལོ་བཅུ་གཉིས་པ་གཅིག །ལོ་བཅུ་དྲུག་པ་གཅིག །ལོ་བཅུ་པ་གཅིག་བཅས་གཞོན་ནུ་བདུན་བྱུང་ནས། དང་པོས་སྨྲས་པ། མདང་སྐྱེས་ལ་སྙིང་པོ་ཨེ་འདུག་ཅིང་། གཉིས་པས་སྨྲས་པ། གནས་ལྔ་ཡི་སྐུད་པ་ཨ་བསྒྲིམ་ཟེར། གསུམ་པས། རྟ་བདུན་ནི་འཁོར་ཞག་རེས་མོས་གྱིས། བཞི་པས། དགུ་འགྲོས་སུ་ཚུད་པའི་མི་ཆུང་རྣམས། ལྔ་པས། བཅུ་གཉིས་གྱི་རྒྱལ་པོ་ཐོབ་པ་རེད། དྲུག་པས། བཅུ་དྲུག་ལ་དྭངས་གསལ་ཨེ་འདུག་ཟེར། བདུན་པས། བཅུ་ནས་ཉི་ཤུ་བརྒྱ་ཡི་བར། ལྕགས་སྲོག་གི་མཁར་ལ་འཇིགས་མེད་རྣམས། ཟེར་བ་དང་། མི་སྔོན་པོ་ཞི་ཁྲོའི་ཉམས་དང་། མ་དཀར་དྭངས་གསལ་ཞི་བའི་ཉམས་ཅན་ལག་ན་མེ་ཏོག་སྙེད་པའི་ལོ་འདབ་རྒྱས་ཤིང་རྩེ་མོའི་འདབ་མ་ཁ་ཕྱེ་བ་ཞིག་རྩ་བ་རང་ལ་བསྟན་ཏེ་ཕྱིན་ནས་གཞོན་ནུ་བདུན་པོ་ལ་འཛུམ་མདངས་ཀྱིས་བལྟས་པ་དང་། མི་སྔོན་པོ་དེས་ཡར་ལ་ལྟོས་དང་ཟེར་བ་དང་ཡར་ལ་བལྟས་པས། ནམ་མཁའ་གཡའ་དག་པ་ལས་ཁ་བ་ལྟ་བུའི་མེ་ཏོག་དཀར་པོ་ཐུ་ལུ་ལུ་འབབ་བཞིན་འདུག །གཟུགས་མེད་པའི་སྒྲ་ཞིག་ལ་མེ་ཏོག་ལྟ་བུའི་ཁ་བ་ཟེར་བའི་ཉམས་བྱུང་བ་དང་གཉིད་སད་གསུངས། ཡང་བྱི་ལོར་བྲག་དགོན་རི་ཁྲོད་དུ་གནང་བའི་ལུང་བསྟན་རྣམས་སུའང་འདི་ལོ་སྐུའི་བཀོད་པ་བསྡུ་རྒྱུ་ཤིན་ཏུ་གསལ་བར་སྣང་བས། འོན་ཀྱང་སླར་ཡང་གདུལ་བྱའི་དོན་དུ་མཆོག་གི་སྤྲུལ་པའི་སྐུ་འབྱུང་བ་ནི་གདོན་མི་ཟ་སྟེ། རྗེ་ཉིད་ཀྱི་ཞལ་ཆེམས་ཀྱང་ཡོད་པས། བཀའ་གདམས་གླེགས་བམ་དུ། སླར་བསྐལ་པ་བྱེ་བ་བསམ་ཡས་སུ། །ལྷ་དཀོན་མཆོག་སྤྱི་བོར་མཆོད་པ་ལས། བདག་ང་རྒྱལ་རློམ་པར་ག་ལ་བྱེད། །ཅེས་སྐུ་ཚེ་རྗེས་མ་ཕེབས་རྒྱུ་འདིའི་ལུང་བསྟན་ཡོད་པ་དང་། ཡིད་ཆེས་ཁུངས་ལྡན་གྱི་ལུང་བསྟན་ཤིན་ཏུ་མང་བ་དང་། བདག་ལའང་རྗེ་ཉིད་ནས་ཕྱོགས་དང་ངོས་འཛིན་གྱི་རྟགས་སོགས་ཤིན་ཏུ་མང་བར་གསུངས་ཡོད་པས་སྐྱབས་མཆོག་ལ་མི་ཕྱེད་པའི་དད་པ་ཐོབ་ཅིང་རེ་བ་དང་ལྡན་པ་རྣམས་ཀྱིས་གསོལ་བ་འདེབས་པ་དང་དགའ་བར་བྱེད་པའི་གནས་ཁོ་ན་ལགས་སོ།།
འདིར་སྨྲས་པ།
ངེས་དོན་འཆི་མེད་རྡོ་རྗེའི་སྐུ་ལ་དབང་འབྱོར་སྐལ་ལྡན་གདུལ་བྱའི་ཚོགས་ཀྱི་འཛིན་མའི་གཞི་ཆེན་པོར། །བྱིན་རླབས་ཐུགས་རྗེའི་གྲུ་ཆར་ཉེ་རིང་དང་བྲལ་སྙོམས་པར་འབེབས་མཛད་བླ་མ་སྤྱན་རས་གཟིགས་དབང་གི །ཆུ་འཛིན་དབང་པོ་ཐུན་མོང་གདུལ་བྱའི་སྣང་ཚོད་ཙམ་དུ་རེ་ཞིག་ཆོས་སྐུའི་དབྱིངས་སུ་ཐིམ་ཚུལ་བསྟན། །བདག་ཅག་ལ་སོགས་མགོན་མེད་གྱུར་པའི་ལུས་ཅན་ཚོགས་ཀྱི་གཏན་དུ་འདོད་ཚེ་སྐྱབས་གནས་སུ་ལ་འཆའ། །
འོན་ཀྱང་འགྲོ་བའི་མགོན་པོ་དེའི། །
སྣང་སྟོང་སྒྱུ་མའི་རོལ་རྩེད་ལ། །
མྱ་ངན་བྱ་བར་མི་རིགས་ཤིང་། །
འཁོར་བའི་གནས་སུ་སྐྱོ་བར་རིགས། །
དེ་ལྟར་ན་ཡང་དཔལ་ཁྱོད་ནི། །
གསང་གསུམ་མཛོད་ལ་མངའ་བརྙེས་པས། །
སྐྱེ་ཞིང་གཤེགས་པ་ཁྱོད་མི་མངའ། །
བདེ་སྡུག་མཚན་མ་དང་ཡང་བྲལ། །
རྟག་ཆད་མྱ་ངམ་ཐང་འཁྱམས་པའི། །
ལྟ་ངན་ཟིལ་གྱིས་གནོན་པའི་ཕྱིར། །
སྐྱེ་ཞིང་འཇིག་པའི་ཚུལ་བསྟན་པ། །
ཡང་དག་ལྟ་ལ་འགོད་པའི་བརྡ། །
དེ་ལྟར་ཆོས་སྐུའི་མཁའ་ལ་རེ་ཞིག་ཙམ་དུ་ཐིམ་ཚུལ་བསྟན་ཀྱང་སླར་ཡང་འགྲིབ་མེད་བྱམས་བརྩེའི་རྟ་བདུན་གྱིས། །ལེགས་པར་དྲངས་པའི་ཉིན་བྱེད་དབང་པོ་ལུང་དང་རྟོགས་པའི་འོད་འབུམ་མཐའ་ཡས་འབྱེད་པའི་གཟི་འོད་རབ་འབར་བ། །སྲིད་མཐའི་བར་དུ་ཟམ་མ་ཆད་པར་ཁོར་མོ་ཡུག་ཏུ་ངེས་པར་འབྱོན་པ་རྒྱལ་ཀུན་སྲས་བཅས་དཔང་བཞག་སྟེ། །བགྲང་ཡས་བསྐལ་པ་རྒྱ་མཚོའི་སྔོན་རོལ་སྨོན་ལམ་མཐུ་ནུས་ལེགས་པར་གྲུབ་ཟིན་ཁྱོད་དང་རྟག་པར་འབྲལ་མེད་ཤོག།
ཅེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་ཕུལ་དུ་བྱུང་བའི་མཛད་པ་བཟང་པོའི་གཏམ་སྙན་ལྷའི་ཏམྦུ་རའི་རྒྱུད་ཀྱི་སྒྲ་དབྱངས་ཞེས་བྱ་བ་ལས། མདོ་སྨད་དུ་ཕེབས་ཤིང་བསྟན་འགྲོའི་དོན་མཛད་དེ་མཐར་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།
ཁ་སྐོང་དང་མཇུག་བསྡུ་བའི་
སྨོན་ཚིག་གསོལ་འདེབས།
རྗེ་ཉིད་བོད་ཀྱི་གདན་ས་ཆེན་མོར་བཞུགས་དུས་འཇམ་མགོན་འགྲོ་བའི་བླ་མ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་རིང་ལུགས་དྲི་མ་མེད་པ་ཞྭ་སེར་གྱི་བསྟན་པའི་ཅོད་པན་འཛིན་པའི་མཁས་གྲུབ་ཡོངས་ཀྱི་བླ་ན་ཞབས་སེན་གྱི་པདྨོ་ཉེ་བར་བཀོད་ནས་བཞུགས་པས། བོད་གངས་ཅན་གྱི་ལྗོངས་སུ་རྒྱལ་བ་འོད་དཔག་མེད་མིའི་གཟུགས་སུ་རྣམ་པར་རོལ་པ་པཎ་ཆེན་དམ་པ་ཐམས་ཅད་མཁྱེན་པ་ཆེན་པོས་དབུ་མཛད་པའི་འཕགས་ཆེན་དམ་པ་ཐམས་ཅད་མཁྱེན་པ་རྣམས་རྗེ་ཉིད་ཀྱི་སློབ་མའི་ཚུལ་དུ་མ་གྱུར་པ་གཅིག་ཀྱང་མེད་ལ། ཕྱིས་སུ་གསང་སྟབས་གནང་ནས་ཀྱང་དབུས་དང་མདོ་སྨད་སོགས་ཡུལ་རྣམས་སུ་རྗེ་ཉིད་ཀྱི་སློབ་མར་གྱུར་པ་ནི་འདི་ལྟར་རོ།།
བོད་ན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་འཕྲུལ་རྗེ་དགེ་ལེགས་རྒྱ་མཚོ་དེ་ཉིད་རྗེ་ཉིད་ཀྱིས་ཕར་སློབ་མ་ཚུར་སློབ་མའི་གཙོ་བོ་ཡིན། ཕུར་བུ་ལྕོག་གི་རྗེ་ངག་དབང་བྱམས་པ་རིན་པོ་ཆེ་སློབ་མའི་གཞོན་ཤོས་ཡིན་ཅིང་། ཕུར་བུ་ལྕོག་གི་རི་ཁྲོད་འདེབས་པ་དང་ལམ་རིམ་འཆད་རྒྱུའི་ལུང་བསྟན་སོགས་རྗེ་ཉིད་ཀྱིས་གསལ་བར་གནང་བ་མཁན་པོ་བྱམས་པ་རིན་པོ་ཆེའི་ཞལ་ལས་བདག་གིས་ཐོས། མདོ་སྨད་དུ་ཕེབས་ནས་ཆུ་བཟང་རིན་པོ་ཆེ་སྐུ་གོང་མ། ཐུའུ་བཀྭན་རིན་པོ་ཆེ་སྐུ་གོང་མ། གསེར་ཁོགས་ཀྱི་རྗེ་ཞྭ་ལུ་བ་བློ་བཟང་དཔལ་ལྡན། དཔལ་འབྱོར་པ་ཧོ་ཐོག་ཐུ། འདན་མ་སྤྲུལ་སྐུ་ངག་དབང་མཁས་གྲུབ། བཀའ་བཅུ་བླ་མ་རྣམས་སློབ་མའི་གཙོ་བོ་ཡིན་ལ། ཁྱད་པར་དུ་འདན་མ་སྤྲུལ་སྐུ་རྗེ་ཉིད་ཀྱིས་དགེ་བསྙེན་དུ་བསྒྲུབས་ནས་མཚན་ངག་དབང་མཁས་གྲུབ་ཏུ་བཏགས་ནས་བོད་ལ་སློབ་གཉེར་བྱེད་པའི་ཆས་ཀ་ཐམས་ཅད་གནང་ནས་རྫོང་བརྡ་གནང་མཛད་པ་ཡིན།
སོག་ཡུལ་དུ་ཧལ་ཧའི་མཚན་ཆེན་ནོ་མི་ཧན་ཨེ་ཀྱི་ན་ལ་བཞུགས་དུས་རྗེ་ཉིད་ལ་ཤིན་ཏུ་དད་ནས་འཇིགས་བྱེད་ཀྱི་བཀའ་བསྒོས་ཆོས་འབྲེལ་བཞག་པས་སོག་པོའི་སློབ་མའི་གཙོ་བོ་ཡིན། ནཱ་རོ་པཎ་ཆེན་ཡང་རྗེ་ཉིད་ཀྱི་སློབ་མ་ཡིན། འདི་དག་ནི་སློབ་མའི་གཙོ་བོར་གྱུར་པ་རྣམས་ཉུང་བསྡུས་ཀྱིས་བྲིས་པ་ཡིན་གྱི། དེ་ལས་གཞན་པ་ནི་ཤིན་ཏུ་མང་བས་མ་བྲིས་སོ།།
རྗེ་ཉིད་ཀྱི་སློབ་མའི་ནང་ནས་འཇམ་དབྱངས་གོང་མའི་བླ་མར་གྱུར་པ་དཔལ་འབྱོར་ཧོ་ཐོག་ཐུ་ཡིན། འདི་ལྟ་བུའི་རྣམ་པར་ཐར་པའི་ལེགས་བཤད་ནི་དམ་པ་གཞན་གྱི་རྣམ་ཐར་ལ་གནོད་པའི་དོགས་པ་སྐྱེ་མི་དགོས། དམ་པ་འདི་ཉིད་ཞལ་འཚོ་ཞིང་གཞེས་བཞིན་པར་སྤྲུལ་པ་འདིའི་སྤྲུལ་པར་གྲགས་པ་རྣམས་ཀྱི་ཡོན་ཏན་དུ་འགྲོ་བར་འགྱུར་ལ། དེ་ལས་གཞན་པ་ནི་སྐྱོན་དང་ཡོན་ཏན་དུ་འགྲོ་བ་ཅི་རིགས་སོ། །
ཀུན་འབྱུང་སྲིད་པའི་འཁོར་ལོ་འདི། །
ཉིད་ནི་ཡང་དང་ཡང་དུ་འཁོར། །
ཞེས་དང་། དཔལ་ལྡན་ཟླ་བ་གྲགས་པས། ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡིས། །འགྲོ་ཞེས་བདག་འཛིན་མ་རིག་པས་རྩ་བར་བྱས་ཏེ། འགྲོ་བ་རྣམས་སྲིད་པའི་འཁོར་ལོ་འདི་ལུགས་འབྱུང་དུ་འཁོར་བའི་དབང་གིས་ཚེ་འཕོས་ནས་སླར་སྐྱེ་བ་ལེན་པ་ནི་ནང་པ་སངས་རྒྱས་པའི་བཞེད་པ་ཐུན་མོང་མ་ཡིན་པ་ཡིན་པས། དམ་པ་རྣམས་ལ་དེ་ཁོ་ན་གཞིར་བཞག་པ་ཡོན་ཏན་དུ་འགྲོ་བའི་ངེས་པ་ནི་གཏན་ནས་མེད་དོ།།
ཨོ་རྒྱན་རིན་པོ་ཆེ་ཞལ་བཞུགས་བཞིན་པར་རྒྱ་གར་དུ་ཡུལ་གྱི་རྒྱལ་པོ་སྤྲུལ་པའི་ལོ་རྒྱུས་དང་། རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་དུ་གྲུབ་ཐོབ་འགའ་ཞིག་ཞལ་བཞུགས་བཞིན་པར་སྤྲུལ་ནས་རྗེས་སོར་ཁོང་གི་སྤྲུལ་པ་དེ་འདུལ་དཀའ་བར་བྱུང་བའི་ལོ་རྒྱུས་ཀྱང་ཡོད།
རྒྱ་ནག་ཏུ་ཐང་སང་གི་སྤྲེའུ་སྟོན་པས་ལུས་གཉིས་སུ་བྱས་ནས་ལུས་གཅིག་ཐང་སང་གི་མདུན་དུ་བསྡད། ལུས་གཅིག་དོན་འགའ་ཞིག་གི་ཕྱིར་ཡུལ་གཞན་དུ་སོང་བ་སོགས་ཤིན་ཏུ་མང་། ཁྱད་པར་དུ་ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ལས། དེ་ཆོས་ཅན། དབྱེ་ནས་ས་བཅུ་ཡོད་དེ། ས་དང་པོ་རབ་དགའ་ནས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་བཅུ་ཡོད་པའི་ཕྱིར། རིན་ཆེན་ཕྲེང་བ་ལས། དེ་བཞིན་ཐེག་པ་ཆེན་པོ་ལ་བྱང་ཆུབ་སེམས་དཔའི་སྤྲུལ་པའོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ཁྱད་ཆོས་ལ་ངོ་བོ་སོགས་ལྔའི་ཁྱད་ཆོས། སྤང་བྱ་སྤོང་བའི་ཁྱད་ཆོས་གཉིས། དང་པོ་ལ། ཡོན་ཏན་དང་། སྐྱེ་བ་འཛིན་པ་དང་། རྟོགས་ཚུལ་གྱི་ས་དང་། ཏིང་ངེ་འཛིན་ལྔ་ལས། དང་པོ་ནི། ཡོན་ཏན་སྡེ་ཚན་བཅུ་གཉིས་ཀྱི་ཁྱད་པར་གོང་དུ་འཕེལ་བའི་ཁྱད་ཆོས་དང་ལྡན་ཏེ། ས་དང་པོ་སྐད་ཅིག་མ་གཅིག་ལ་སངས་རྒྱས་བརྒྱ་མཐོང་བ་དང་། དེ་དག་གི་བྱིན་རླབས་ཤེས་པ་དང་། ཏིང་ངེ་འཛིན་བརྒྱ་ལ་འཇུག་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བ་དང་། འཇིག་རྟེན་གྱི་ཁམས་བརྒྱར་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད་པ་དང་། སེམས་ཅན་བརྒྱ་སྨིན་པ་དང་། བསྐལ་པ་བརྒྱར་གནས་པ་དང་། དེ་དག་གི་སྔོན་མཐར་འཇུག་པ་དང་། ཆོས་སྒོ་བརྒྱ་འགྱེད་པ་དང་། ལུས་བརྒྱ་སྟོན་པ་དང་། ལུས་རེ་རེ་ལ་འཁོར་བརྒྱ་རེ་སྟོན་པ་སྟེ་བརྒྱ་ཕྲག་བཅུ་གཉིས་དང་། ས་གཉིས་པར་དེ་དག་སྟོང་དང་། གསུམ་པར་བརྒྱ་སྟོང་འགྱུར་དང་། བཞི་པར་ཁྲི་སྟོང་དང་། ལྔ་པར་ཁྲག་ཁྲིག་ཕྲག་སྟོང་དང་། དྲུག་པར་ཁྲག་ཁྲིག་ཕྲག་བརྒྱ་སྟོང་དང་། བདུན་པར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་། བརྒྱད་པར་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་སྙེད་དང་། བཅུ་པར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་སྙེད་ཐོབ་པ་དེའི་ཕྱིར། ཞེས་གསུངས་པ་ལས། གཞན་བྱང་ཆུབ་སེམས་དཔའ་ཚེ་འཕོས་ནས་དགོས་པས་ཁྱབ་པ་ཐོབ་པ་གཏན་ནས་མེད་ཅིང་། དེ་ཡང་བྱེ་བྲག་སྨྲ་བའི་འདོད་ཚུལ་ལྟར་ཐེག་དམན་དགྲ་བཅོམ་པ་འདྲ་བར་སྣུམ་ཟད་པའི་མར་མེ་བཞིན་གར་སོང་ཆ་མེད་དུ་མི་འགྲོ་བའི་དོན་དུ་བསམས་བཞིན་དུ་སྲིད་པ་ལེན་པ་ནི་ཆོས་ཉིད་ཡིན། འགྲོ་ལ་ཆགས་པས་རྗེས་ཆགས་མཛད་ཅེས་པའི་དོན་ཡང་ཡོད་དོ།།
རྩོད་པ་སྨོད་པ་ལ། ཁ་ཅིག་གིས་འདི་མི་འཐད་ཟེར་ན། ཁྱོད་ཡིན་ན་ཁྱོད་ཡིན་པས་ཁྱབ་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཁྱབ་པ་འདི་མཁས་པ་ཀུན་གྱིས་ཁས་བླངས་པ་གང་ཞིག་ཁྱོད་ཀྱིས་ཁས་ལེན་དགོས་པའི་ཕྱིར། རྟགས་མ་གྲུབ་ཟེར་འདོད་ཀྱང་། རྟགས་གསལ་གྱི་དབང་གིས་ཟེར་མི་ནུས། ཁྱོད་དང་པོ་དེ་ལ་ཁྱོད་ཁྱོད་རང་མིན་ཟེར་ན། ཁྱེད་རྫས་ཆོས་མ་ཡིན་པར་ཐལ། ཁྱོད་ཡོད་པ་གང་ཞིག་ཁྱོད་ཁྱོད་རང་མ་ཡིན་པའི་ཕྱིར། འདོད་ཟེར་ན། ལྡོག་ཆོས་ཡིན་པར་ཐལ། རྫས་ཆོས་མ་ཡིན་པ་གང་ཞིག །ཡོད་པ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ཟེར་ན་དངོས་འགལ་དུ་འགྲོ་བའི་ཕྱིར། ཆོས་དང་གང་ཟག་ལ་སྐུར་བ་བཏབ་པས་རྣམ་སྨིན་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར། དེར་ཐལ། བདག་ཅག་གི་སྟོན་པས་སྔོན་བྱང་ཆུབ་སེམས་དཔའི་གནས་སྐབས་སུ་སངས་རྒྱས་འོད་སྲུང་ལ་སྐུར་བ་བཏབ་པས་རྣམ་སྨིན་གྱིས་ལོ་དྲུག་དཀའ་བ་སྤྱད་པ་དང་། རྟ་ཆས་རུལ་པ་གསོལ་བ་ལ་སོགས་པ་ཞལ་གྱིས་བཞེས་པའི་ཕྱིར། ཡང་ན་ཁྱོད་ལས་གཞན་པའི་ཁྱོད་དང་འདྲ་བ་ཞོག །འཇོག་ཟེར་ན། སློབ་དཔོན་ཟླ་བ་གྲགས་པས་འདྲ་བའི་ཆོས་ནི་དངོས་མ་ཡིན་ཞེས་གསུངས་པ་ཡང་ཁས་ལེན་དགོས་པའི་ཕྱིར། དོན་དུ་སོང་ནས་རྒྱལ་བུ་གཞོན་ནུ་དོན་གྲུབ་དང་། བདག་ཅག་གི་སྟོན་པ་གཉིས་གྲུབ་མཐའ་སུའི་ལུགས་བྱས་ཀྱང་རྒྱུད་གཅིག་ལ་ལྡོག་པ་ཐ་དད་དུ་འདོད་པ་ལྟར། །སྐབས་འདིར་ཡང་དེ་ལྟར་དུ་རྒྱལ་བ་ཚངས་དབྱངས་པ་དང་། དགག་བྱའི་དབང་དུ་བྱས་ན་རྒྱུད་གཅིག་ལྡོག་པ་ཐ་དད་དུ་ཁས་ལེན་འཛིན་པར་རིགས་སོ།།
དེ་ལ་འདི་སྐད་ཅེས་བྱ་སྟེ།
ཀ་ལན་ད་ཀའི་དྲིས་ལན་ལས།
ཤ་ཚའི་ཁ་ནས་གཏན་སྙན་མི་འབྱུང་བས། །
ས་སྟེང་འདི་ན་དགྲ་ཡི་མཐིལ་དུ་འཛིན། །
ཅེས་པའི་གསུང་དེ་སྒྲ་དོན་ཇི་བཞིན་དུ། །
ཀུན་གྱིས་ཁས་ལེན་དགོས་པ་གོར་མ་ཆག།།
དེ་ཕྱིར་བསྟན་དང་འགྲོ་བའི་དོན་ཕྱིར་དུ། །
སྙིང་ཁོངས་རུས་པའི་གཏིང་ནས་ཤ་ཚ་བ། །
རྒྱལ་སྲས་རྣམས་ཀྱི་བསླབ་བྱའི་མཆོག་ཉིད་དུ། །
སྟོན་པས་ལན་གྲངས་དུ་མར་གསུངས་པ་ལགས། །
བདག་ཀྱང་རྒྱལ་སྲས་རྣམས་ཀྱི་སྤྱོད་ཡུལ་ལ། །
འགྲན་པར་འོས་པ་གང་དུ་མཆིས་མོད་ཀྱང་། །
ནན་གྱིས་བསླབ་བྱའི་དབང་གིས་རྗེས་འབྲངས་སུ། །
འཇུག་པར་དགོས་པ་མཁས་པའི་གསུང་ལུགས་ཡིན། །
དེ་ཕྱིར་བདག་གིས་སྐྱབས་མཆོག་འདི་ཉིད་ལ། །
གུས་པའི་ཆེད་ཙམ་བློ་རྩེས་དོན་གཉེར་མིན། །
བསྟན་འགྲོ་ཡོངས་ལ་དམིགས་པའི་གཏམ་འགའ་ཞིག།།
དྲང་པོ་བརྗོད་ལ་མཁས་རྣམས་གནང་བ་སྩོལ། །
འོ་སྐོལ་རྣམས་ཀྱི་ཞྭ་སེར་བསྟན་པའི་ཏོག།།
ཁུར་དུ་ཁྱེར་བའི་སྐྱབས་མགོན་འདི་ཉིད་ལ། །
འཁོར་བའི་སྐྱོན་གྱིས་གོས་པ་ག་ལ་སྲིད། །
འོན་ཀྱང་འདམ་གྱི་དབུས་སྐྱེས་པདྨོ་བཞིན། །
པདྨའི་བཞིན་ལ་འདམ་གྱིས་མི་གོས་ཀྱང་། །
པདྨའི་རྩ་བ་འདམ་ལ་གནས་པའི་ཕྱིར། །
ཕས་རྒོལ་གླང་པོས་པད་ཚལ་བཅོམ་གྱུར་ན། །
པདྨའི་བཞིན་རས་ལེགས་ཀྱང་བྱ་ཐབས་མེད། །
དེ་བཞིན་སྐྱབས་མཆོག་དམ་པ་འདི་ཉིད་ནི། །
པད་དཀར་ལྟ་བུར་བསྔགས་པའི་གནས་ཡིན་ཅིང་། །
དོན་དུའང་པད་དཀར་འཆང་བ་དངོས་ཡིན་མོད། །
འོན་ཀྱང་གདུལ་བྱའི་དབང་གིས་ཞིང་ས་ནི། །
སྙིགས་མ་ལྔ་བདོའི་སྟོབས་ཚོགས་རབ་རྒྱས་པས། །
སྡིག་ལྡན་གླང་པོས་རང་དགར་བཅོམ་པ་ལ། །
རྣམ་འདྲེན་སྟོང་ཚོགས་འདུས་ཀྱང་བྱ་ཐབས་མེད། །
དེ་ཕྱིར་འདི་ལ་ཉེས་པ་བརྗོད་མི་རྔོ། །
གཞན་དག་མཁས་དང་གྲུབ་པའི་དཔལ་བརྙེས་ཞེས། །
དར་དིར་རབ་ཏུ་སྒྲོགས་པ་འགའ་དང་འགས། །
དམ་པ་འདི་ཡིས་གཞན་དོན་སྤྱོད་པ་ལ། །
ཕྱོགས་རེས་བྱེད་དང་མཚུངས་པར་གྱུར་ནས་གདའ། །
དེ་ཡང་ད་ལྟ་སྙིགས་མ་ལྔ་བདོའི་དུས། །
ལས་སྨོན་དབང་གིས་ཁེ་བཙན་དབང་གྱུར་ཏེ། །
དཔལ་དང་གྲགས་དང་ལོངས་སྤྱོད་འཕེལ་བའི་མཐུས། །
དྲེགས་པ་ཁེངས་པ་རྒྱས་པའི་ནུས་པ་ཡིན། །
དེ་ལྟར་གྱུར་ཀྱང་དམ་པ་འདི་ཉིད་ཀྱིས། །
གཞན་དོན་རླབས་ཆེན་སྤྱོད་པའི་མཛད་པ་ལ། །
ཁམས་གསུམ་དགྲ་རུ་ལངས་ཀྱང་བྱ་ཐབས་མེད། །
ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དཔང་པོར་གནས། །
དེ་ཕྱིར་བདེན་ན་རྣམ་འདྲེན་འཁོར་དང་བཅས། །
ཀུན་ཀྱང་བདག་གི་དཔང་པོར་རབ་བཞུགས་ཏེ། །
དཔལ་ལྡན་བླ་མ་འདི་ཡི་རྟོགས་བརྗོད་ནི། །
ཀུན་རྫོབ་ཏུ་ནི་སྣང་བ་ཇི་བཞིན་དུ། །
སོ་སོར་མ་འདྲེས་ལེགས་པར་བཤད་པ་འདི། །
ཆོས་དང་འཇིག་རྟེན་གཟིགས་པའི་སྤྱན་སྟོང་གི །
མཁྱེན་རབ་རྣམ་པར་བཀྲ་བ་ཁྱེད་རྣམས་ཀྱི། །
དགའ་སྟོན་ཡུན་དུ་བཀྲ་བའི་དཔལ་དུ་ཕུལ། །
འདི་ལ་རང་བཟོས་ཉེ་བར་བསྐྲུན་པ་དང་། །
འོལ་ཚོད་མུན་མདའ་འཕང་པ་ཡོད་སྲིད་ན། །
ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་གཟུ་དང་དཔང་། །
བསྟན་སྲུང་རྣམས་ཀྱང་རྒྱལ་བའི་རྗེས་འབྲང་མཛོད། །
འོན་ཀྱང་གོང་དུ་ལེགས་པར་བསྟན་ཟིན་པས། །
ཕོག་ཐུག་ནོངས་པ་ཡོད་ན་བཟོད་གསོལ་ལོ། །
དགོས་ཆེད་རྣམ་པར་ཐར་པ་འདི་ཉིད་ཀྱི། །
ངོ་ལ་བཟོད་པར་གསོལ་རྒྱུ་ཅང་མ་མཆིས། །
འདི་དོན་ཇི་ལྟ་བུ་ཞིག་ཡིན་ཞེ་ན། །
འཇིག་རྟེན་འདི་ཡི་ཀུན་རྫོབ་སྣང་བ་ལ། །
མཐུན་པར་རབ་ཏུ་བསྒྲགས་པ་ཅི་མཆིས་པ། །
དེ་ཀུན་བདག་གིས་རབ་ཏུ་བརྗོད་པ་སྟེ། །
དཔེར་ན་མིག་དང་རྣ་བས་ཚོར་བ་ལ། །
འདི་ལྟ་བུ་ཞིག་མཐོང་དང་ཐོས་ཤེ་ན། །
ཇི་བཞིན་གལ་ཏེ་བརྗོད་པར་གྱུར་སྲིད་ན། །
དྲང་པོའི་གཏམ་ཡིན་དེ་ལ་བཟློག་ཐབས་མེད། །
བདེན་པའི་གཏམ་འདི་ཕྱོགས་བཅུའི་རྒྱལ་རྣམས་ཀྱིས། །
གཅིག་ཙམ་མ་ཡིན་ལན་གྲངས་དུ་མ་རུ། །
ལེགས་པར་ཡོངས་སུ་བསྔགས་པའི་གནས་ཡིན་ཏེ། །
ལས་འབྲས་ཀུན་ཀྱང་འདི་ཡི་རྗེས་འབྲངས་ཡིན། །
དེ་ཕྱིར་བསྟན་དང་འགྲོ་བའི་དོན་ཕྱིར་དུ། །
དཔལ་ལྡན་བླ་མའི་དྲི་མེད་རྣམ་ཐར་གང་། །
བདག་གིས་བརྗོད་ལ་དགེ་ཚོགས་ཅི་མཆིས་པ། །
དེ་ཀུན་བདག་གིས་བྱང་ཆུབ་ཆེན་པོར་བསྔོ། །
ཡང་སྨྲས་པ།
བློ་བཟང་གྲགས་སྙན་འབར་བའི་རིང་ལུགས་ཀྱི། །
གདམས་པ་རིན་ཆེན་འཛོད་ལ་མངའ་བརྙེས་ཤིང་། །
དེ་དོན་ཚངས་པའི་དབྱངས་ཀྱིས་རབ་སྒྲོག་པ། །
བྱང་ཕྱོགས་གདུལ་བྱ་རྒྱ་མཚོའི་དཔལ་དུ་ཤར། །
ཕྱོགས་བཅུ་དུས་གསུམ་གསལ་གཟིགས་ཚོགས་རྣམས་དང་། །
ཟབ་ཞིའི་དབྱིངས་སུ་དབྱེར་མེད་རོ་གཅིག་ཀྱང་། །
དམིགས་མེད་འགྲོ་ལ་བརྩེ་བའི་སྙིང་རྗེའི་ཤུགས། །
ཀུན་ནས་བསྐྱོད་པའི་འཕྲུལ་གྱིས་ཅིར་ཡང་སྟོན། །
དྲིན་གྱིས་ཡང་ཡང་བསྐྱངས་པའི་མ་རྒན་འགྲོ། །
ཤིན་ཏུ་སྙིགས་མ་ལྔ་བདོས་གཟིར་བའི་དུས། །
ཡོངས་སུ་བཟུང་ཞིང་ངལ་བ་ཁྱད་བསད་ནས། །
ཕྱིར་མི་ལྡོག་པའི་ཤུགས་ཀྱིས་འཇུག་པར་མཛོད། །
ཁྱད་པར་བྱང་ཕྱོགས་འཛིན་མའི་གདུལ་བྱའི་ཚོགས། །
གདུལ་བྱའི་དུས་སུ་བབས་པ་ལྷུར་བླངས་ནས། །
ཆགས་ལྡན་ཡིད་འཕྲོག་མཛེས་མའི་བཞིན་རས་ཀྱིས། །
བཀུག་པའི་གཞོན་ནུ་ཇི་བཞིན་རྗེས་ཆགས་མཛོད། །
ཁྱོད་ཀྱི་སྒྱུ་མ་ལྟ་བུའི་རྣམ་ཐར་འདི། །
ཨ་ཏི་ཤ་དང་འབྲོམ་གྱིས་ས་ལེར་བསྟན། །
འདི་ལྟའི་འཕྲུལ་གྱི་ངོ་མཚར་གཟིགས་མོ་ལ། །
དུས་གསུམ་དཔལ་སྟུག་ཀུན་ཀྱང་ཡེངས་སམ་སྙམ། །
གང་གིས་ལྷུར་བླངས་རྒྱན་དུ་རབ་བཞེས་པའི། །
བྱ་དཀའི་གནས་འདི་སུས་ཀྱང་བསྒྲུབ་པར་དཀའ། །
དེ་ཕྱིར་གཞན་དོན་མིང་གི་རང་དོན་ཅན། །
དེ་དག་རྒྱ་མཚོའི་ཕ་མཐར་བྲོས་ནས་ཡིབ། །
མགོན་འདིའི་གསང་གསུམ་རྒྱན་གྱི་འཁོར་ལོའི་མཛོད། །
སྲང་ལ་གཞལ་བར་ནུས་འདོད་བྱིས་པའི་ཚོགས། །
གང་འདིའི་བ་སྤུའི་ཆ་ཙམ་མེད་དོ་བར། །
ཁོང་སྐྲན་བསྐྱེད་ཀྱང་སྲོག་དང་བྲལ་བའི་རྒྱུ། །
དེ་ཕྱིར་རྒྱལ་བ་མཆོག་འདིས་སྐུ་སྲོག་ལའང་། །
ལྟོས་པ་མེད་པར་མ་དག་ཞིང་ཀུན་ཏུ། །
རྒྱལ་བ་དགྱེས་པའི་ལམ་བཟང་མ་ནོར་བར། །
ཇི་བཞིན་གསལ་བར་ཁྱོད་ལ་འགྲན་པ་སུ། །
ཤིན་ཏུ་མཐའ་འཁོབ་སྲིན་པོའི་ཡུལ་འདྲ་བའི། །
མ་རུངས་འདུལ་དཀའི་བླུན་མང་ཧོར་ཡུལ་འདིའི། །
གསར་སྐྱེས་བྱིས་པའི་ཚོགས་ཀྱི་ངག་སྒོ་ཡང་། །
མ་ཎིས་ཕྱེ་བའི་དྲིན་འདི་སུ་ཡིས་གསོ། །
དཔག་མེད་བྱང་ཆུབ་སེམས་ཀྱི་ཆུས་བརླན་པས། །
བསྟན་འགྲོ་ཡོངས་ཀྱི་ཕན་བདེའི་ལོ་ཏོག་རྣམས། །
རྫོགས་ལྡན་དུས་བཞིན་འཕེལ་ཞིང་རྒྱས་པར་མཛད། །
དེ་ལྟའི་གཏམ་སྙན་ལྷ་ཡི་ཏམྦུ་ར། །
ཁོ་བོ་ངག་དབང་རྡོ་རྗེས་ལྷག་བསམ་གྱི། །
རྣམ་དག་དད་པའི་སོར་མོས་བརྒྱུད་པ་ལ། །
ཀུནྡ་ལྟར་དཀར་དགེ་ཚོགས་ཅི་མཆིས་པ། །
བློ་བཟང་རྒྱལ་བ་གཉིས་པའི་མདོ་སྔགས་ཀྱི། །
བཤད་སྒྲུབ་བསྟན་པའི་ལང་ཚོ་རབ་རྒྱས་ཤིང་། །
ཕྱོགས་བཅུའི་འགྲོ་ལ་ཕན་བདེའི་དཀར་སྣང་གིས། །
ཀུན་ནས་ཁྱབ་པའི་འཕྲིན་ལས་རྒྱས་ཕྱིར་བསྔོ། །
ཁྱད་པར་ཤར་ཕྱོགས་ས་ཆེན་སྐྱོབ་པའི་དཔལ། །
གོང་མ་གནམ་སྐྱོང་ཆེན་པོའི་མཐུ་ནུས་དང་། །
སྐུ་ཚེ་ཆབ་སྲིད་དབུ་རྨོག་བཙན་པ་སོགས། །
བཞེད་དོན་མ་ལུས་ལྷུན་གྱིས་གྲུབ་པར་ཤོག།།
ཇི་སྲིད་རིན་ཆེན་རྡུལ་བརྩེགས་ལྷུན་པོའི་སྤོར། །
རྣམ་པར་རྒྱལ་བའི་ཁང་བཟང་རབ་མཛེས་པ། །
དེ་སྲིད་རྟོགས་བརྗོད་ལྷ་ཡི་ཏམྦུ་རའི། །
རྒྱུད་ཀྱི་སྒྲ་དབྱངས་རབ་ཏུ་སྒྲོག་པར་ཤོག །
ཅེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་མ་ལུས་པ་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་པ་འཕགས་པ་འཇིག་རྟེན་དབང་ཕྱུག་མིའི་གཟུགས་ཀྱི་རྣམ་པར་རོལ་པ་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་རྒྱ་མཚོ་དཔལ་བཟང་པོའི་རྟོགས་པ་བརྗོད་པ་ཕུལ་དུ་བྱུང་བའི་མཛད་པ་བཟང་པོའི་གཏམ་སྙན་ལྷའི་ཏམྦུ་རའི་རྒྱུད་ཀྱི་སྒྲ་དབྱངས་ཞེས་བྱ་བ་འདི་ནི་དམ་པ་གང་དེར་མི་ཕྱེད་པའི་དད་པ་དང་ཡིད་ཆེས་ཀྱི་ངེས་པ་རྙེད་པར་མཛད་པ། རིགས་དང་དཀྱིལ་འཁོར་ཀུན་གྱི་མངའ་བདག་འཇམ་མགོན་བླ་མ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྣམ་འཕྲུལ་ཁྲི་རྒྱ་ནག་པ་བློ་བཟང་བསྟན་པའི་ཉི་མའི་ཞལ་སྔ་ནས་དང་། བོད་གངས་ཅན་གྱི་འགྲོ་བའི་མགོན་པོ་མཁན་པོ་ངག་དབང་བྱམས་པ་རིན་པོ་ཆེ་དང་། གསེར་ཁོགས་ཀྱི་རྗེ་བཙུན་ཞྭ་ལུ་པ་བློ་བཟང་དཔལ་ལྡན་པའི་ཞལ་སྔ་ནས་ལ་སོགས་པའི་བཀའི་མེ་ཏོག་གི་ཕྲེང་བ་འཐོར་བས་ལྷན་ཅིག་བྱེད་རྐྱེན་དང་། རང་ཉིད་ཀྱང་དད་པས་ཀུན་ནས་བསླངས་ཏེ། དམ་པ་དེ་ཉིད་ཀྱི་བཀའ་དྲིན་དྲན་པའི་གུས་པ་ཕུན་སུམ་ཚོགས་པ་དང་། བསྟན་པ་དང་སེམས་ཅན་ལ་བདེ་བ་བསྐྱེད་འདོད་ཀྱི་ལྷག་པའི་བསམ་པ་རྣམ་པར་དག་པར་བསྐུལ་ཏེ། དམ་པ་དེ་ཉིད་ཀྱི་སློབ་བུའི་ཐ་ཤལ་དུ་གཏོགས་པ་ཡུལ་མཐའ་འཁོབ་ཀྱི་སྤོང་བ་པ་ཤཱཀྱའི་བཙུན་པ་ཨ་རེ་ལུགས་སེན་ཨེ་བརྟེ་ནི་ནོ་མི་ཧན་ངག་དབང་ལྷུན་གྲུབ་དར་རྒྱས་སམ། མིང་གཞན་ལྷ་བཙུན་ངག་དབང་རྡོ་རྗེ་ཞེས་བྱ་བས་དབང་ཕྱུག་ཅེས་པ་མེ་གླང་ལོའི་སྟོན་ཟླ་གསུམ་པའི་དཀར་ཕྱོགས་ཀྱི་ལྷ་ལས་བབས་པའི་དུས་ཆེན། བདེ་འབྱུང་གཙུག་རྒྱན་གྱི་འཁོར་ལོ་ཉ་གང་བའི་ཚེས་ལ་རྒྱ་ནག་གླང་རི་དང་རི་རྒྱུད་འབྲེལ་བ། བདེ་མཆོག་འཁོར་ལོ་སྡོམ་པའི་ཕོ་བྲང་། མཉམ་མེད་ཐུབ་པའི་དབང་པོས་ཞབས་ཀྱི་པདྨོ་བཀོད་པ། འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་གིས་དབྱར་གནས་པར་ཞལ་གྱིས་བཞེས་པའི་གནས་ཆེན། སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་དགེ་བསྙེན་དྷརྨ་ཏ་ལའི་འཁྲུངས་ཡུལ། ངོ་མཚར་བའི་མེ་ཏོག་ཚར་དུ་དངར་བ་ལ་ཡིད་འཕྲོག་པའི་དྲི་བཟང་ཀུན་ཏུ་འཐུལ་བའི་ཨ་ག་རུའི་འཁྲི་ཤིང་གིས་ཉེ་བར་མཛེས་པ་ཨ་ལག་ཤའི་ཕན་བདེ་རྒྱ་མཚོའི་གླིང་དུ་སྦྱར་བའི་ཡི་གེ་པ་ནི་རྩོམ་པ་པོ་རང་ཉིད་ཡིན་ནོ།།
འདིས་ཀྱང་བསྟན་པ་རིན་པོ་ཆེ་རང་གཞན་གྱི་རྒྱུད་ལ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །
གཞན་ཡང་།
དེ་ལྟར་བསྟོད་པའི་དགེ་བ་དཔག་མེད་ཀྱིས། །
མཚོན་པའི་རྣམ་དཀར་ཕུང་པོ་ཅི་མཆིས་པ། །
གཅིག་ཏུ་བསྡོམས་པ་དེ་ཡང་དགེ་བའི་བཤེས། །
ཁྱོད་ཀྱིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག།།
ཅེས་འཁོར་བ་མ་སྟོང་གི་བར་དུ་རྣམ་ཐར་འདི་འཛིན་པ་དང་འཕེལ་ཞིང་རྒྱས་པར་མཛད་པ་རྣམས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག།
དཔལ་ལྡན་འཇིག་རྟེན་དབང་ཕྱུག་གི།
སྒྱུ་འཕྲུལ་ལྷར་བཅས་འགྲོ་བའི་མགོན།།
མཁྱེན་བརྩེའི་མངའ་བདག་རྒྱལ་བའི་དབང་།།
དྲུག་པ་ཚངས་དབྱངས་རྒྱ་མཚོའི་ཞབས།།
གང་གི་རྣམ་པར་ཐར་པའི་དཔྱིད།།
ཉི་མ་ལྟ་བུར་གསལ་བ་ནི།།
མཚུངས་མེད་ཐུབ་དབང་མངའ་ཐང་དང་།།
ལྷན་ཅིག་སྲིད་ཞིའི་དཔལ་དུ་བྱུང་།།
ཀུན་ལ་དགེ་བར་དམིགས་ནས་སུ།།
གཙང་མདའ་བཀྲས་མཐོང་སྐུ་ངོ་ནི།།
འགྱུར་མེད་རྒྱ་མཚོའི་ཐུགས་བསྐྱེད་ཀྱི།།
སྟོབས་ལས་ཆོས་སྦྱིན་ཕྱི་མོར་གྲུབ།།
དགེ་བས་སྦྱིན་པའི་བདག་པོ་གཙོས།།
མཁའ་ཁྱབ་འགྲོ་རྣམས་དེང་ནས་བཟུང་།།
རྒྱལ་དབང་བརྒྱུད་མས་རྗེས་བཟུང་བཞིན།།
དོན་གཉིས་དཔལ་ཡོན་ལྷུན་འགྲུབ་ཤོག།
ཅེས་པའང་སྙོམས་ལས་པ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་གྱིས་སྤེལ་བ་དགེ། །།
སྤར་འདི་ལྷ་ལྡན་བཀྲས་མཐོང་གཤགས། །
དར་རྒྱས་རབ་བརྟན་གླིང་དུ་བཞུགས། །
མི་ཤིགས་ཆོས་ཀྱི་འཁོར་ལོའི་དཔྱིད། །
བཀྲ་ཤིས་སྒོ་མང་མཆོད་པའི་རྟེན། །