རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས་མཆོག་གི་གསུང་པར་དུ་བསྐྲུན་པའི་གསུང་འབུམ་པོད་བཞི་
དཀར་ཆག
པོད་དང་པོ།
༡ ལམ་རིམ་ཟིན་བྲིས་མཁས་པའི་ཡིད་འཕྲོག
༢ ལམ་རིམ་སྡོམ་ཚིག་ཚིག་རྐང་བཅུ་གཉིས་པ།
༣ ལམ་སྒྲོན་གྱི་འགྲེལ་པ་ཡིད་ཀྱི་སྟེགས་བུ།
༤ ལམ་གཙོའི་འགྲེལ་ཆུང་དུས་མུན་འཇོམས་པའི་ཉི་འོད།
༥ བློ་སྦྱོང་ཚིགས་བརྒྱད་མ་རྩ་འགྲེལ།
༦ བློ་སྦྱོང་ཚིགས་བརྒྱད་མའི་མཆན་འགྲེལ།
༧ ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ལས་བརྩམས་པའི་གཏམ་གྱི་ཕྲེང་བ་སྐལ་བཟང་མགུལ་རྒྱན།
༨ རང་སེམས་ཆོས་ལ་བསྐུལ་བའི་བཀའ་སློབ་དང་སྤྱན་རས་གཟིགས་ཀྱི་བླ་མའི་རྣལ་འབྱོར།
༩ རྒྱལ་སྲས་ཞེ་བརྒྱད་ཀྱི་སྡོམ་ཚིག
༡༠ དངོས་བརྒྱད་དོན་བདུན་ཅུའི་སྡོམ་ཚིག
༡༡ མཁྱེན་གསུམ་གྱི་རྣམ་པ་བརྒྱ་དང་དོན་གསུམ་གྱི་སྡོམ་ཚིག་ ཤེལ་དཀར་མེ་ལོང༌།
༡༢ ཐེག་ཆེན་གསོ་སྦྱོང་གི་སྡོམ་པའི་ཕན་ཡོན།
༡༣ བློ་སྦྱོང་གི་ཟིན་བྲིས་གཅེས་འཛིན་ཚ་གདུང་སེལ་བའི་ཁ་བའི་རེག་པ།
༡༤ བྱང་ཆུབ་སེམས་སྦྱོང་གི་གདམས་པ་གཅེས་འཛིན།
༡༥ བསླབ་བྱ་སྙིང་གི་གཟེར་བུ།
༡༦ སྡོམ་གསུམ་ལ་དྲན་ཤེས་བསྟེན་ཚུལ་སྐལ་བཟང་དགའ་སྟོན།
༡༧ སྤང་ལྟུང་ཐུན་མོང་བའི་ཟིན་བྲིས།
༡༨ འདུལ་བ་རྒྱ་མཚོའི་མཆན་འགྲེལ་མཁས་པ་དགའ་སྐྱེད།
༡༩ ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞིའི་གནད་དོན་གསལ་བའི་སྒྲོན་མེ།
༢༠ རྟེན་འབྲེལ་བསྟོད་པའི་འགྲེལ་པ་མཐར་འཛིན་མུན་སེལ།
པོད་གཉིས་པ།
༢༡ ལྟ་མགུར་གདུང་སེལ་སྨན་གྱི་མྱུ་གུའི་རྣམ་འགྲེལ་ལེགས་བཤད་སྨན་གྱི་སྙེ་མ།
༢༢ སྤྱོད་འཇུག་ཆེན་མོའི་འགྲེལ་པ་ཚིག་ཉུང་དོན་གསལ་སྨན་གྱི་སྡོང་བུ།
༢༣ བཤེས་སྤྲིངས་འགྲེལ་པ་ཚིག་དོན་རབ་གསལ།
༢༤ དགེ་བཤེས་དཔལ་ལྡན་གྲགས་པའི་དྲི་ལན་གནད་ལ་རེག་པ།
༢༥ སྐར་མ་རབ་རིབ་ཅེས་པའི་མདོ་དོན་སོགས་གསུང་བཤད་གནད་ཆེན་འགའ།
པོད་གསུམ་པ།
༢༥ བཀའ་འགྱུར་ནང་གི་ལུང་ཚིག་གལ་ཆེན་སྐོར་ཁོལ་བུར་བཏོན་པ་རིན་ཆེན་སྒྲོམ་བུ།
༢༦ ཕྱག་ཆེན་ཁྲིད་ཡིག་བསྡུས་པ་ཡིད་ཀྱི་མུན་སེལ།
༢༧ གསང་བ་འདུས་པའི་བདག་བསྐྱེད་རྒྱས་བསྡུས་རན་པ་རིག་འཛིན་དགའ་སྟོན།
༢༨ བདེ་མཆོག་གི་བདག་བསྐྱེད་རྒྱས་བསྡུས་རན་པ་རིག་འཛིན་དགའ་སྟོན།
༢༩ འཇིགས་བྱེད་ཀྱི་བདག་བསྐྱེད་རྒྱས་བསྡུས་རན་པ་རིག་འཛིན་དགའ་སྟོན།
༣༠ ཟབ་ལམ་བླ་མའི་རྣལ་འབྱོར་སྐལ་བཟང་དགའ་སྟོན།
༣༡ འཕགས་མཆོག་འཇམ་དབྱངས་དཀར་པོ་ལ་གདུང་ཤུགས་སུ་གསོལ་བ་འདེབས་པའི་རབ་བྱེད།
༣༢ བླ་མའི་རྣམ་ཐར་དད་པའི་སྤུ་ལོང་གཡོས་པའི་ཡིད་ཀྱི་བསེར་བུ།
༣༣ གསང་རྣམ་གསོལ་འདེབས་ལྷའི་རྔ་བསངས།
༣༤ ཚེ་རབས་རྗེས་འཛིན་ཐུགས་རྗེའི་ལྕགས་ཀྱུ།
༣༥ སྤྲུལ་སྐུ་མྱུར་བྱོན་གསོལ་འདེབས།
༣༦ སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་དཀའ་འགྲེལ་དོན་གསལ་མེ་ལོང༌།
༣༧ བརྡ་སྤྲོད་གཙུག་ལག་ངག་གི་ཐིག་ལེ།
པོད་བཞི་པ།
༣༩ ཚད་མ་རྣམ་འགྲེལ་གྱི་ཚིག་དོན་མཆན་འགྲེལ།
གླེང་བརྗོད།
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་པ་ཆེན་པོ་མཆོག་གིས།
འདྲེན་པ་མཆོག་དེས་དཀའ་བ་དཔག་མེད་ཀྱིས། །ནན་ཏན་སྙིང་པོར་མཛད་ནས་སྒྲུབ་པ་ཡི། །ཐབས་གང་ཞིག་གིས་འཕེལ་བར་འགྱུར་སྙམ་པའི། །རྣམ་པར་དཔྱོད་པས་ཉིན་མཚན་འདའ་བར་ཤོག །ཅེས་ཇི་སྐད་གསུངས་པ་བཞིན། འདིར་རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས་མཆོག་དམ་པ་གང་ཉིད་སྐུ་འཚོ་བཞུགས་སྐབས་དམ་ཆོས་རྣལ་མ་ཞིག་སྒྲུབ་ཕྱིར། མི་གྲལ་ནས་བུད། ཁྱི་གྲལ་ལ་ཚུད་ཅེས་པ་ལྟ་བུའི་རྣམ་ཐར་བསྐྱངས་གནང་མཛད་ཡོད་པ་མ་ཟད། ས་གྲང་ལ་གདན་དང༌། རྡོ་གྲང་ལ་སྔས་བྱས། ལྟོ་གོས་གཏམ་གསུམ་ལ་གྱོང་བསྐུར། དམན་པའི་ས་བཟུང་ཧྲུལ་པོའི་གོས་གྱོན་པ་སོགས་དཀའ་སྤྱད་སྙིང་རུས་ཀྱིས་སྔ་ཕྱི་བར་གསུམ་དུ་ཆོས་ཕྱིར་དཀའ་བ་བརྒྱ་ཕྲག་དུ་མ་བསྐྱོན་ཡོད། ལྷག་པར་དུ་སངས་རྒྱས་ཀྱི་བསྟན་པའི་མིང་ཙམ་མ་གཏོགས་མ་ལྷག་པའི་དུས་ངན་དེ་ལྟ་བུའི་ནང་བྱང་ཆུབ་ལམ་རིམ་སོགས་འཆད་ཁྲིད་དང༌། བསྙེན་རྫོགས་ཁྲི་ཕྲག་ལས་བརྒལ་བ་བསྒྲུབས་པ་སོགས། གང་གིས་སྲོག་དང་བསྡོས་ཏེ་བསྟན་པའི་བྱ་བར་མཛད་རྗེས་རླབས་ཆེན་འཇོག་གནང་མཛད་ཡོད་ཅིང༌། ཐ་ན་བཙོན་ཁང་དུ་བཞུགས་སྐབས་ཀྱང་ཆོས་འདུལ་བ་བཞིན་རབ་བྱུང་གི་ན་བཟའ་ཚུན་རྒྱུན་བཞེས་མཛད་པ་དང༌། གང་ཉིད་ཀྱི་ཟས་སྐལ་བཀྲེས་པས་མནར་བའི་གང་ཟག་འཆི་ལ་ཁད་ཚོར་གནང་བ་སོགས་མདོར་ན། ཐ་མལ་པའི་གང་ཟག་རྣམས་དད་པའི་ས་བོན་ཏུ་གྱུར་པ་དང༌། མི་བསྲུན་ཀླ་ཀློའི་ཚོགས་ཀྱང་བློ་ཁ་ཆོས་ཕྱོགས་སུ་བསྒྱུར་བ། ས་ཐོབ་ཀྱི་བྱང་སེམས་རྣམས་ཀྱང་ཐུགས་དགྱེས་པའི་མཆོད་སྤྲིན་དུ་གྱུར་པ་ལྟ་བུའི་ཕྱི་ནང་གསང་བའི་མཛད་པ་རྒྱ་མཚོ་ལྟ་བུ་མཆིས་པ་ནི་སྨོས་མེད་ལགས་ཀྱང༌། རྗེས་འཇུག་སློབ་མ་རྣམས་ཀྱིས་བསྐུལ་བའི་ངོར་རང་རྣམ་སྙིང་བསྡུས་ཤིག་མཛད་གནང་འདུག་ཅིང༌། མཛད་རྣམ་དེ་ཉིད་སྔར་བོད་ནང་དུ་དཔེ་ཐུང་ཐོག་པར་སྐྲུན་བྱས་ཡོད་ཀྱང༌། དེབ་གཟུགས་ཐོག་པར་སྐྲུན་བྱས་མེད་སྟབས། མཛད་རྣམ་དེ་ཉིད་ཕྱོགས་སྒྲིག་དང་དེ་དང་ལྷན་དུ་རྒན་རིན་པོ་མཆོག་གི་གསུང་རྩོམ་ཁག་ཅིག་ཀྱང་ལྷན་དུ་ཕྱོགས་སྒྲིག་བྱས་ཏེ་དེབ་གཟུགས་ཐོག་པར་སྐྲུན་བྱས་ཡོད།
མཛད་རྣམ་འདི་ལྟ་བུ་པར་སྐྲུན་བྱ་རྒྱུའི་དམིགས་ཡུལ་གཙོ་བོ་ནི། ཇི་སྐད་དུ། སྔོན་བྱོན་སྟོན་པའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན། ཞེས་གསུངས་པ་ལྟར། ཀློག་པ་ཐོས་བསམ། སྤོང་བ་བསམ་གཏན། བྱ་བ་ལས་ཀྱི་འཁོར་ལོ་སོགས་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བས་དུས་འདའ་བའི་སྐྱེས་བུ་གང་ན་སུ་མཆིས་རྣམས་དང༌། ཡང་སྒོས་རྒན་རིན་པོ་ཆེ་གང་ཉིད་ཀྱི་དངོས་དང་བརྒྱུད་པའི་སློབ་མ་སོགས་དད་ལྡན་སྐྱེས་བུ་རྣམས་ཀྱིས་དད་པའི་ས་བོན་དུ་འགྱུར་བ་དང༌། དེ་ལ་བརྟེན་ནས་རྣམ་དཀར་དགེ་ཚོགས་རྡུལ་ཕྲན་ཙམ་ཡིན་ཀྱང་དེ་དག་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པའི་རྒྱུ་རུ་འགྱུར་བའི་བློ་ཡི་འཕེན་པ་སྔོན་དུ་བཏང་ནས་འདི་ཉིད་པར་སྐྲུན་ཞུས་པ་ཡིན།
དེབ་འདི་ཉིད་དེབ་གྲངས་སྟོང་ཕྲག་ཅིག་པར་སྐྲུན་བྱས་ཡོད་ཅིང༌། འདི་ནི་བོད་མིའི་སྤྱི་ཚོགས་ནང་གི་དགོན་སྡེ་ཁག་དང༌། སློབ་གྲྭ་ཁག དེ་མིན་ཤེས་ཡོན་སྡེ་ཁག་རྣམས་ལ་གང་ཁྱབ་རིན་མེད་ཐོག་འབུལ་འགྲེམས་ཞུ་རྒྱུ་ལས། དེབ་ཕྲེང་གཅིག་ཀྱང་བཙོང་རྒྱུར་དམིགས་མེད་པས་དེ་དོན་ཡིད་འཇགས་ཡོད་པ་ཞུ་རྒྱུ་དང༌། དེབ་དེ་རྣམས་པར་སྐྲུན་ཞུ་མཁན་ནི། ཨོ་སི་ཁྲོ་ལི་ཡར་གནས་སྡོད་གང་གི་ཞལ་སློབ་ཆབ་སྲིད་བཙོན་ཟུར་ངག་དབང་བྱམས་ཆེན་དང༌། བཟའ་ཟླ་ཨན་ཇི་གཉིས་ཡིན་པས། རྩོམ་སྒྲིག་པས་དཔེ་དེབ་འདི་ཉིད་ཀློག་པ་པོ་ཡོངས་ཀྱི་ཚབ་ཞུས་ཏེ་ཁོང་རྣམ་གཉིས་ཀྱི་གཏོང་ཕོད་ཆེ་བའི་ལྷག་བསམ་ལ་རྗེས་སུ་ཡི་རངས་དང༌། ཐུགས་རྗེ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། སླད་མར་ཡང་འདི་ལྟའི་ཆོས་རིག་གི་ཞབས་འདེབས་སུ་དམིགས་པའི་ལས་དོན་ཁག་ལ་གང་ཐུབ་ཀྱིས་ཉི་མ་མེ་གྲོགས་དང༌། ཆར་པ་ཆུ་གྲོགས་ཀྱི་ཚུལ་དུ་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་དང༌། བསམ་དོན་མཐའ་དག་ཆོས་བཞིན་འགྲུབ་པའི་སྨོན་ལམ་ཞུ་རྒྱུ་ཡིན། །
རྩོམ་སྒྲིག་པས་དཔེ་དེབ་འདི་ཉིད་ཕྱོགས་སྒྲིག་བྱེད་སྐབས། དཔེ་བསྡུར་གྱི་ལམ་ནས་ཞུ་དག་བྱས་ཡོད་ཅིང༌། མཛད་རྣམ་དང་གསུང་རྩོམ་ཁག་ཅིག་གི་དཔེ་བསྡུར་བྱེད་ས་བོད་ནས་ཐོན་པའི་གསུང་འབུམ་གྱི་ནང་དག་ཆ་ནོར་བ་དང༌། མཆན་འགྲེལ་སྐབས་ཀྱི་སྒོར་རྟགས་འདོགས་སྟངས་འཁྲུག་པ་སོགས་མི་ཉུང་བ་ཞིག་འདུག་པས་གང་ཐུབ་བཅོས་ཁུལ་བྱས་ཡོད་ཀྱང༌། ད་དུང་འདིའི་སྔ་ཕྱི་བར་གསུམ་དུ་ལྷག་ཆད་འཁྲུལ་བ་ཅི་རིགས་ཡོང་ངེས་ལ་བརྟེན། མཁྱེན་སྤྱན་མཁའ་ལྟར་ཡངས་པའི་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་ཤེས་རབ་ཀྱི་མིག་གིས་བྱི་དོར་གྱི་དྲི་ཆབ་ཅི་ནས་ཀྱང་གཏོར་རོགས་གནང་ཞུ་རྒྱུ་ཡིན། །
རྩོམ་སྒྲིག་པས།
སྤྱི་ལོ་ ༢༠༠༩ ལོའི་ཟླ་ ༢ པའི་ཚེས་ ༡ ཉིན།
༄༅། །རང་གི་ལོ་རྒྱུས་མདོར་བསྡུས་བརྗེད་བྱང་དུ་
བཀོད་པ་བཞུགས་སོ། །
༄༅། །ན་མོ་གུ་རུ། རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་ཁམས། །བཞིན་ལག་གར་གྱི་རྣམ་རོལ་བླ་མ་ལྷར། །གདུང་ཤུགས་དྲག་པོས་སྐྱབས་སུ་མཆི་ལགས་ན། །ཀུན་ཏུ་ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ། །དེ་ལྟར་ཤིས་པའི་ཚིག་གིས་སྔོན་བསུས་ཏེ་སྐབས་དོན་གླེང་བར་བྱ་བ་ནི་ཇི་སྐད་དུ། །བདག་གི་ཡོན་ཏན་སྦ་བྱ་ཞིང༌། །གཞན་གྱི་ཡོན་ཏན་བསྒྲག་པར་བྱ། །ཞེས་སྐྱེས་བུ་མཁས་པས་ཀྱང་རང་གི་ཡོན་ཏན་སྦ་དགོས་པར་གསུངས་ན། བླུན་རྨོངས་དུད་འགྲོ་འདྲ་བ་བདག་ལྟ་བུའི་ཡོན་ཏན་ལྟར་སྣང་ཐར་ཐོར་ཡོད་པ་རྣམས་བསྒྲགས་སུ་ག་ལ་རུང༌། དེ་ལྟ་ན་ཡང༌། དད་ལྡན་སློབ་བུ་འགའ་ཞིག་ནས་ཕྲན་གྱི་ལོ་རྒྱུས་ཆ་ཚང་ཡིག་ཐོག་ཏུ་འཁོད་པ་ཞིག་ཅི་ནས་ཀྱང་དགོས་ཞེས་སྐུལ་མ་ཚ་ནན་ཡང་ཡང་བྱུང་བས་ངོ་མ་ལྕོགས་པར་རང་གི་ལོ་རྒྱུས་རགས་རིམ་གླེང་བ་ལ་ཞུགས་སོ། །དེ་ཡང༌། བདག་སྐྱེས་པའི་ཡུལ་ནི་མདོ་སྨད་རྒྱལ་ཐང་རྫོང་གི་མངའ་ཁོངས་རོང་ཡུལ་ནགས་སྟེང་ཞེས་གྲགས་པ་དེར་ཡིན་ལ། ཕའི་མིང་ལ་ཀརྨ་ཚེ་རིང་དང༌། མའི་མིང་ལ་ནམ་མཁའ་སྒྲོལ་མ་ཟེར་ཞིང༌། གཉིས་ཀ་གཞུང་དྲང་ལ་ཆོས་སྣང་དཀར་བ་སོགས་ཡ་རབས་ཅན་ཞིག་ཏུ་བཞུགས། ལྷག་པར་ཨ་མ་ནི་དགུང་གྲངས་བཅུ་གསུམ་བཞེས་པ་ནས་སྐུ་ཚེ་ཇི་སྲིད་བར་ནུབ་རེ་བཞིན་ཕྱག་བརྒྱ་རེ་ཆག་མེད་འཚལ་བས་མཚོན། དགེ་སྦྱོར་ལ་ངང་གིས་བརྩོན་པར་ཞུགས་པས་བུད་མེད་རང་འགའ་བ་ཞིག་མིན་པར་གླེང༌། ཁྱིམ་ཚང་ནི་ཞིང་པ་དབུལ་ཕོངས་ཤིག་ཡིན་ཀྱང་ཡུལ་མི་ཀུན་རང་བཞིན་གྱིས་དགའ་མོས་བྱེད་པ་ཞིག་ཡིན་པས། ང་ཚོའི་ཁྱིམ་གྱི་མིང་ལ་ཀུན་དགའ་འོ་ཞེས་འབོད་དུ་རུང་ཞེས་ཕས་རྟག་པར་ཞལ་ཤོབ་ཀྱི་ཚུལ་དུ་གསུངས་ཀྱི་ཡོད། བོད་རབ་བྱུང་བཅོ་ལྔ་པ་ཆུ་ཁྱི་ལོ་སྟེ། སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ཉེར་གཉིས་ལོར་ཕ་མ་གཉིས་ལ་བདག་སྐྱེས་པ་ཡིན་འདུག་སྟེ་རྟགས་མཚན་བཟང་བ་སོགས་ནི་གང་ཡང་བྱུང་ཡོད་བཟོ་མི་འདུག དེ་ལྟ་ནའང་བྱིས་པའི་དུས་སུ་མངོན་ཤེས་ཀྱི་བཟོ་འདྲ་བ་འགའ་རེ་བཤད་མྱོང་ཡོད་ཟེར་བ་ཐོས་ཏེ་ཡིད་བརྟན་བྱར་ག་ལ་རུང༌།
དེ་ནས་རང་ལོ་བདུན་ལ་ཉེ་བ་ན་ཕྲན་གྱི་གཉེན་ཚན་ཨ་ཁུ་ཀརྨ་བཀྲ་ཤིས་ཞུ་བ་སྐུ་ཡོན་ཅན་ཞིག་ཡོད་པ་དེའི་དྲུང་ནས་ཀློག་བསླབས། ཐོག་མར་ཀ་ཁ་དང༌། དེ་ནས་འཇམ་དཔལ་མཚན་བརྗོད་ཀྱི་དབུ་ནས་མཇུག་རྫོགས་ཀྱི་བར་དུ་སྦྱོར་ཀློག་བསླབས་པས་ཕལ་ཆེར་ངག་ནས་སྐྱོར་ཐུབ་པ་བྱུང༌། དེ་ལ་རྒན་ལགས་ནས་ཀྱང་ཐུགས་དགྱེས་ཉམས་ཆེན་པོ་མཛད། ལར་ནས་ཡི་གེ་འབྲི་ཀློག་སོགས་ཀྱི་སྐོར་ལ་བརྡ་བསྟན་པ་ཙམ་གྱིས་ཤེས་པས་རིག་པ་བཟང་བའི་ཚད་དུ་བྱེད། དེ་རྗེས་མཚན་བརྗོད་དངོས་གཞི་འགོ་ནས་བློར་འཛིན་ཏེ་གཞུག་བསྐྱལ་རིང་སྐབས་སྐབས་སུ་རྒྱུགས་ལེན་དུས་ཚིག་རེ་ཟུང་ལ་ཐོགས་པ་འདྲ་བྱུང་ཚེ་དེའི་ཐད་ཀྱི་སྦྱོར་ཀློག་བློར་ཡོད་པས་རྦད་དེ་མི་འགྲོ་བ་བྱེད་མི་མྱོང་ཚུལ་འདི་ལ་རྒན་ལགས་ནས་ཀྱང་ཡ་མཚན་ཉམས་གནང་གི་ཡོད། དེ་ནས་རང་ལོ་བཅུ་ལ་བབས་པ་ན་རྒྱལ་ཐང་དགོན་ཆེན་སུམ་རྩེན་གླིང་དུ་གྲྭ་པ་བྱས། སྤང་ལུང་གོང་མའི་མདུན་སྐྲ་ཕུད་ཕུལ་བས་མིང་ངག་དབང་ཕུན་ཚོགས་སུ་འདོགས་གནང་མཛད། ཁོང་གིས་མིང་བྱིན་ཚད་ལ་བློ་བཟང་ཞེས་འདོགས་ཀྱང༌། ཕྲན་ལ་གོང་ལྟར་འདོགས་པ་དགོངས་གཞི་གང་ཡིན་མ་ཤེས། ཆོས་སྤྱོད་རབ་གསལ་ཕལ་ཆེར་དང༌། གསང་འདུས་བདག་བསྐྱེད། བསྐང་གསོ་འཁོར་བཅས། འཇིགས་བྱེད་བདག་མདུན། སྨན་བླ་མདོ་ཆོག་ཡིད་བཞིན་དབང་རྒྱལ་སོགས་བློ་ལ་བཟུང་ནས་གྲྭ་ཚང་མཁན་པོ་སོགས་ལ་རྒྱུགས་ཕུལ། དཔེ་ཆ་གང་ཡང་མཇལ་ཙམ་ནས་དབུལ་པོས་ནོར་རྙེད་པ་ལྟར་དགའ་ནས་མ་ཀློག་པར་སྡོད་མི་ཐུབ་པ་ཞིག་ལོ་ཆུང་ངུའི་དུས་ནས་རང་ཆས་སུ་ཡོད་དེ་ནང་དོན་ནི་རེ་ཟུང་ཙམ་ལས་གོ་གི་མེད།
རང་ལོ་བཅུ་གཅིག་བཅུ་གཉིས་ཙམ་ལ་བསླེབས་པ་ནས་བཟུང་སྐབས་སྐབས་སུ་བསམ་བློ་འདི་འདྲ་འཁོར་ཏེ་ད་ལྟ་རང་མི་སྐད་ཁྱི་སྐད་མ་གྲགས་པའི་ལུང་སྟོངས་ཤིག་ཏུ་ཕྱིན་ནས་བྲག་ཕུག་ཆུང་ངུ་ཁ་ཤར་བལྟས་ཤིག་གི་ནང་ལུས་ཀྲོང་ངེར་འདུག་ནས་སྒོམ་བྱེད་རྒྱུ་བྱུང་ན་དགའ་བ་ལ་ཨང་སྙམ་པའི་འདུན་པ་ཤུགས་དྲག་པོ་མནན་པས་མི་ནོན་པ་ཡང་ཡང་སྐྱེས་པ་དང༌། དེ་བཞིན་དུ་བོད་ཆོས་ལྡན་ཞིང་གི་གཏམ་རྒྱུད་དང༌། སྐྱེས་བུ་དམ་པའི་རྣམ་ཐར་སོགས་ཆོས་དང་འབྲེལ་བའི་གླེང་མོལ་ཐོས་པ་ན། སྣང་བ་ཐམས་ཅད་ཡོངས་སུ་འགྱུར་ཏེ་དགའ་དད་ཆེན་པོ་བསམ་ཡུལ་ལས་འདས་པ་ངང་ངམ་ཤུགས་ཀྱིས་སྐྱེས་པ་ཞིག་ཡོད་དེ་སྔོན་གྱི་བག་ཆགས་བཟང་བ་ཞིག་ཡིན་ནམ་སྙམ་མོ། །འོན་ཏེ་བག་ཆགས་ངན་པ་དང་བསྡུར་ན་གནམ་ས་ཙམ་གྱི་ཁྱད་ཞུགས་པས་དེའི་ངོས་ནས་བསམས་ན་ནི་རང་གིས་རང་ལ་ཡིད་ཆད་དགོས་པ་ཞིག་གདའོ། །
དེ་ནས་རང་ལོ་བཅུ་བཞིར་སོན་པ་ན་ཕ་གློ་བུར་དུ་སྐུ་འདས། དེའི་ཚེ་ཕའི་བུ་ལོན་ཚ་ནན་དེད་མི་མང་དུ་བྱུང་བས་རྟ་དང་བོང་བུ་སོགས་ནོར་ཡོད་རྒུ་བུ་ལོན་དུ་སྤྲད་ཀྱང་ད་དུང་མ་སོབ། དེ་དུས་ཨ་མ་དང་ངེད་མིང་སྲིང་ཚང་མ་ལྟོ་སྐྱ་ལ་གོས་ཧྲུལ་བ་སོགས་སྤྲང་པོ་དང་ཁྱད་མེད་དུ་གྱུར། དེ་ལྟར་ཐབས་སྐྱོ་པོར་གྱུར་ཀྱང་ཨ་མས་ནི་གང་ཡང་མ་འཇོན། སྲིང་མོ་རྒན་པས་ནི་མེ་གཏོང་ཆུ་ལེན་ཙམ་ལས་མི་ཤེས། སྤུན་མཆེད་གཞན་དག་ནི་ཆུང་ཆེས་པས་ནང་གི་འཚོ་སྐྱོང་གི་འོས་འགན་ཕྲན་རང་གི་ཕྲག་ཏུ་འབབ་པར་བརྟེན་གཉེན་ཚན་རྣམས་གྲོས་བྱས་ཏེ་གཞན་གྱི་གླ་པར་གསེར་བརྐོ་བར་བཏང༌། དེ་དུས་ས་ཕུག་ཤིན་ཏུ་དོག་ཅིང་གཏིང་རིང་པོར་ས་ལེན་པར་འགྲོ་དགོས་པར་བརྟེན། སྒལ་པ་ས་ལ་བརྡར་ནས་རྨ་བྱུང་ཡང་མུ་མཐུད་ནས་ཕྱིན་པས་ཡོངས་སུ་རུལ། རུལ་དྲི་རྒྱང་རིང་དུ་འཕྲོ་བར་བརྟེན་རེ་ཞིག་བར་དུ་ཁོ་བོའི་ཕྱི་བཞིན་སུ་ཡང་འོང་མི་འདོད་པར་གྱུར། དེ་ལྟ་བུའི་དཀའ་བ་སྤྱད་ནས་གླ་བསགས་ཀྱང་བུ་ལོན་སྤྲོད་འཇལ་དང་ནང་མིའི་འཚོ་བ་སོགས་ལ་ཕན་ཐོགས་པ་ནི་གང་ཡང་མ་བྱུང༌། དེ་དུས་བསམ་ཤེས་ཅན་འགའ་རེས་ཞང་པོ་གཉིས་ལ་བཙུན་ཆུང་རིག་པ་བཟང་བ་འདི་འདྲ་ས་ལས་རྡོ་ལས་ལ་བཀོལ་བ་ཕངས་ཞེས་ནན་གྱིས་ཞུས་འདུག་པར་བརྟེན་ལོ་སྐོར་གཅིག་ཙམ་ནས་ཕྱིར་འཐེན་ཏེ་གཞན་གྱི་ཚོང་གཡོག་ལ་བཏང༌། དེ་ནས་ལོ་བཅུ་དྲུག་བཅུ་བདུན་ཙམ་ནས་རིམ་པས་ཚོང་རྒྱག་ཁུལ་བྱས་ཀྱང་གཅིག་ཏུ་ལོ་ན་ཕྲ་བ་དང༌། གཉིས་སུ་ཉམས་མྱོང་མེད་པ་སོགས་ཀྱི་རྐྱེན་པས་ཚོང་ཁེ་མེད་པའི་ཁར་མ་རྩ་ཡང་ཕལ་ཆེར་འཐོར་ཞིག་ཏུ་སོང༌། དེ་ནས་དུས་ཡུན་གང་འཚམ་སོང་བ་ན་ད་རང་ངས་ལོ་ཤས་ལས་མ་འགོར་བར་ཚོང་བརྒྱབ་ནས་འབྱོར་པ་གསོག་ཐུབ་སྙམ་པའི་གདེང་ཚོད་རྙེད། སྐབས་དེར་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན། སྐྱབས་གཅིག་བཀའ་དྲིན་ཟླ་མེད་ཨ་བུ་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས་ཀྱིས་ལམ་རིམ་མྱུར་ལམ་དམར་ཁྲིད་བཀའ་དྲིན་བསྩལ་བ་ཞུ་བར་ཕྱིན།
གཉིས་པ།
དེ་སྔོན་ཆོས་ཞུ་མ་མྱོང་བས་བྱས་པ་ཡིན་ནམ་གང་ལྟར་དབུལ་པོས་ནོར་རྙེད་པ་ལྟ་བུའི་སེམས་ལ་ཤིན་ཏུ་ཕན་པ་ཞིག་བྱུང་ཞིང༌། ཉིན་རེ་ཉིན་རེའི་གསུང་བཤད་རྣམས་ཀྱང་ཕལ་ཆེར་བློར་འཇགས་ཏེ། གཅིག་ཏུ་བླ་མ་རིན་པོ་ཆེ་གསུངས་མཁས་པ་དང༌། གཉིས་སུ་སྔོན་ཆད་ཆོས་ཀྱི་རོ་མྱོང་བའི་བག་ཆགས་ཕྲན་བུ་ཞིག་གིས་བྱས་པ་འདྲ་སྙམ། དེ་དུས་བླ་མས་ཆོས་མ་གཏོགས་གང་ལའང་སྙིང་པོ་མེད་ལུགས་སོགས་གསུངས་པ་ན་ཚེ་བློས་བཏང་གི་ཆོས་ཤིག་བྱ་དགོས་པར་འདུག་སྙམ་པའི་བསམ་བློ་དུམ་པ་རེ་སྐྱེས་ཀྱང༌། ཡང་དེ་མ་ཐག་ནང་མི་ཚོའི་འཚོ་བའི་དཀའ་ངལ་དང་ཕར་སྤྲོད་ཚུལ་ལེན་སོགས་ཀྱི་རྙོག་དྲ་རྣམས་དྲན་ནས་བདག་ལྟ་བུས་ཚེ་བློས་བཏང་གི་ཆོས་ཇི་ལྟར་བྱས་ཏེ་ཡོང་ཐབས་མི་འདུག་སྙམ་པའི་བསམ་བློ་འཁོར་ཡོང་གི་ཡོད། དེ་འདྲའི་བློ་རྩེ་གཉིས་པའི་ངང་ནས་ཉིན་ཁ་ཡར་སོང་བ་ན། ལན་གཅིག་བླ་མ་རིན་པོ་ཆེས་མཆོད་པ་གསུམ་གྱི་ནང་ནས་བཀའ་བཞིན་སྒྲུབ་པའི་མཆོད་པ་མཆོག་ཡིན་པར་གསུངས་པས། ངས་ཇི་ལྟར་བཤད་པ་བཞིན་ལག་ལེན་བྱེད་མཁན་ཞིག་བྱུང་ན་ང་ལ་དགོས་རྒྱུ་དེ་ཡིན་གྱི། དེ་མིན་བརྒྱ་འབུལ་སྟོང་འབུལ་སོགས་ཀྱིས་ང་ལ་དགོས་པ་ཅུང་ཟད་ཀྱང་མེད་དོ་ཞེས་གསུང་རུས་པ་ཅན་ཞིག་ཕེབས་བྱུང་བས། དེ་མ་ཐག་སྔར་གྱི་བློ་རྩེ་གཉིས་པ་དེ་ཡོངས་སུ་འགྱུར་ནས་ཡིད་ལ་འདི་སྙམ་དུ། ད་ཕྱིན་ཆད་བླ་མའི་བཀའ་བཞིན་དུ་ཚེ་བློས་བཏང་གིས་ཆོས་རྣམ་དག་ཅིག་ཅི་ནས་ཀྱང་བྱ། ཚེ་འདི་རྨི་ལམ་ཙམ་ཡིན་པས་རང་དང་ནང་མི་ཚང་མ་འཚོ་བ་མ་ཕྱིད་ནས་གཞན་ལ་ལྟོ་སློང་བར་འགྲོ་དགོས་ཤར་ཡང་ཕྲན་རང་གིས་སྣེ་དྲངས་ནས་འགྲོར་ཕོད།
གསུམ་པ།
མདོར་ན་བླ་མའི་བཀའ་བཞིན་ཆོས་བསྒྲུབ་ན་ད་ལྟ་རང་ལུས་དུམ་བུ་བརྒྱར་གཏུབ་ཀྱི་ཡིན་ཟེར་མཁན་ཞིག་བྱུང་ཡང༌། ཆོས་ཕྱིར་ཡིན་པས་བཟོད་སྙམ་པ་སོགས་སྙིང་སྟོབས་ཆེན་པོ་འགྲན་ཟླ་དང་བྲལ་བ་ཞིག་སྐྱེས་བྱུང་བས། དེ་མ་ཐག་ཡར་ལངས་ཏེ་དམ་བཅའ་འབུལ་བར་འགྲོ་རྩིས་བྱས་ཀྱང་གཅིག་ཏུ་མི་ཚོགས་ཆེ་བ་དང༌། གཉིས་སུ་གསུང་ཆོས་ཀྱི་བར་ཆད་དུ་འགྱུར་གྱི་དོགས་ནས་འགྲོར་མ་ཕོད། འོན་ཏེ་ཆོས་ཐུན་དེ་གྲོལ་མ་ཁད་སྐུ་དྲུང་དུ་བཅར་ནས་ཅི་གསུང་བཀའ་བཞིན་དུ་སྲོག་ལ་ཐུག་རུང་ཚེ་བློས་བཏང་གི་ཆོས་བྱ་རྒྱུ་ཡིན་ཞེས་དམ་བཅའ་ཕུལ་བས་བཞད་ཙམ་ཞིག་མཛད་ནས། ད་རེས་ཀྱི་གསུང་ཆོས་འདི་བཞིན་མཐར་འཁྱོལ་བ་ཞུས་ཤིག་ཅེས་ཕེབས་པ་ལས་གཞན་མ་གསུངས། དུས་དེ་ནས་བཟུང་སྟེ་ད་ལྟའི་བར་དུ་བསམ་པའི་ངོས་ནས་ཆོས་ལ་ཡིད་ཆེས་སྐད་ཅིག་ཀྱང་མི་ལྷོད་པའི་ཁུལ་ཡིན་ཀྱང་ལག་ལེན་གྱི་ངོས་ནས་བརྒྱ་ཆ་ཙམ་ཡང་རྔོ་མི་ཐོགས་པ་འདི་ནི་ཡི་མུག་པའི་གནས་སོ། །གསུང་ཆོས་གྲུབ་འཕྲལ་བླ་མ་རིན་པོ་ཆེ་རི་ཁྲོད་དུ་ཕྱག་ཕེབས་སོང་བས། དགེ་རྒན་གཉིས་ལའང་མ་ཞུས་པར་རིན་པོ་ཆེའི་ཕྱི་བཞིན་རི་ཁྲོད་དུ་བྲོས་བྱོལ་ལ་ཕྱིན།
དགོན་པ་ནས་རྒྱང་གྲགས་ཙམ་ལ་བསླེབས་པ་ན། གཟུགས་མེད་པའི་པི་ཝང་གི་སྒྲ་ལྷང་ལྷང་ཞིག་ཡུན་རིང་པོའི་བར་དུ་ཐོས་ཏེ་གང་གི་ལྟས་ཡིན་པར་ནི་མ་ཤེས། དེའི་སྔོན་དུ་ཆོས་གྲོགས་རབ་འབྱམས་པ་བློ་བཟང་དགེ་འདུན་དང་ངེད་གཉིས་གྲོས་བྱས་ནས་ཐོག་མར་ཞི་གནས་ཀྱི་གདམས་པ་ཞིག་ཞུས་ལ། དེ་ནས་སྦྲང་ཚང་རི་ཁྲོད་དུ་སྒོམ་ལ་འགྲོ་ཞེས་ཐག་བཅད་ཡོད་པས་དོན་དེ་བླ་མ་རིན་པོ་ཆེར་ཞུས་པ་ན། ཞལ་ནས། གང་བསྒོམས་ཀྱང་སྒྲོ་འདོགས་འཕྲལ་འཕྲལ་དུ་གཅོད་དགོས་པས་བླ་མ་དང་ཁད་འགྱངས་ན་མི་རུང་གི། དེ་བས་འདི་གའི་ཉེ་འཁོར་ཞིག་ཏུ་སྒྲུབ་ཁང་ཆུང་ངུ་ཉལ་འདུག་རུང་ཙམ་ཞིག་རྩིགས་ཞེས་གསུངས། དེར་བཀའ་བཞིན་སྒྲུབ་ཁང་ཐེབ་ཆག་ཕག་ཚང་འདྲ་བ་ཞིག་བརྩིགས་པའི་ལུགས་སུ་བྱས་ནས་གྲུབ་པ་ན་སྐུ་མདུན་དུ་བཅར་ཏེ། ད་ཞི་གནས་ཀྱི་གདམས་པ་བསྩལ་དུ་གསོལ་ཞུས་པ་ན། ཆོས་གོས་དང་མནྜལ་ལོངས་ལ་ཁྲུས་བྱས་ནས་ཤོག་གསུངས། དེ་ལྟར་བྱས་ནས་ཕྱིན་པ་ན་གསུང་ཆོས་ཆེ་ཁག་གི་ལུགས་སྲོལ་ཇི་མ་ཇི་བཞིན་བླ་མ་རིན་པོ་ཆེ་ཉིད་ཆོས་གོས་རྣམ་གསུམ་མནབས་བཞེས་ཀྱིས་ཆོས་ཁྲིའི་ཁར་ཕེབས། ཤེས་རབ་སྙིང་པོ་དང་སྦྱོར་ཆོས་སོགས་ཤིན་ཏུ་རྒྱས་པར་གསུངས་གྲུབ་རྗེས་ཞི་གནས་ཀྱི་སྒྲོས་ཙམ་ཡང་མེད་པར་ལམ་རིམ་གྱི་དབུ་འཛུགས་པ་གནང༌། དེ་ནས་ཟླ་བ་གཅིག་ཙམ་གྱི་རིང་ལ་ཉིན་ལྟར་ཆོས་ཐུན་རེ་ཆག་མེད་དུ་བཀའ་དྲིན་བསྐྱངས། དེ་དུས་ཚ་བ་ཆེ་བར་བརྟེན། སྐབས་རེ་ཕྲན་གཉིས་ཀ་གཉིད་ལ་ཤོར་བས་གསུངས་མི་མཁྱེན་ནས་འཇམ་ཐིང་ངེར་བཞུགས་དགོས་པ་ཡང་ལན་ཁ་ཡར་བྱུང་སོང་ཡང་དགོངས་པ་ཚོམ་རྒྱུ་ལྟ་ཞོག ད་དུང་བཞད་མོ་འཚེར་འཚེར་གནང་གི་ཡོད། སེམས་བསྐྱེད་གྲུབ་པ་ན་ད་རེ་ཞིག་ཆོས་མཚམས་འཇོག་པ་ཡིན་གསུངས་ནས་གྲོལ་ཏེ། ཕྲན་ལ་བར་ཆད་ཅིག་འོང་བ་མཁྱེན་པར་འདུག དེའི་ཕྱི་ཉིན་ཨ་མ་འོངས་ནས་བརྗོད་རིགས་སུ། ཁྱོད་རི་ཁྲོད་དུ་སོང་བར་དགེ་རྒན་ཞང་པོ་གཉིས་ཐུགས་ཁྲོས་ཏེ་ཁང་ཚན་གྱི་ཚོགས་འདུ་ལྷན་རྒྱས་སུ་ཁྲིམས་གཏུགས་སྙན་སེང་ཞུས་འདུག་པར་བརྟེན། ཚོགས་འདུ་ནས་ནང་ལ་འགན་དཀྲིས་ཏེ་ཁྱོད་ལམ་སེང་འཁྲིད་ཤོག་ཅེས་བཀའ་ཕེབས་བྱུང་བས་ད་ལྟ་རང་ཡོང་དགོས་ཟེར་བྱུང་བ་ལ། ངས་ད་རེས་མི་འགྲོ་ཞག་གསུམ་ནས་བསླེབ་ཡོང་བྱས་ནས་ཨ་མ་ཕྱིར་ལོག་བཏང༌། དེའི་ཚེ་ཞང་པོ་གཉིས་ནས་རིན་པོ་ཆེ་ལའང་ངོ་རྒོལ་ཞུས་འདུག དེ་ནས་མནོ་བསམ་ཞིག་བཏང་བ་ན་ད་འདིར་ཨུ་ཚུགས་ཀྱིས་བསྡད་ན་ནི། མཐར་རིན་པོ་ཆེ་ཡང་བཞུགས་མི་སྤྲོ་བའི་རྐྱེན་དུ་འགྲོ་བར་འདུག་པས་རེ་ཞིག་དགོན་པར་ཕྱིར་ལོག་མི་བྱེད་ཐབས་མེད་དང༌། ཕྱིར་སོང་ན་ཁང་ཚན་གྱིས་ཁྲིམས་ལ་སྦྱར་སྲིད་ཀྱང་དེ་ལ་ནི་ང་མི་ཞེད། མཐར་གཏུགས་ན་ཁང་ཚན་དང་ཞང་པོ་སོགས་ཀྱིས་དྲག་ཤུགས་ལ་བརྟེན་ནས་བདག་ཆོས་བྱེད་མི་འཇུག་པར་སླར་ཡང་ཚོང་ལ་སོགས་པའི་བྱ་བ་ངན་པར་སྦྱོར་བར་འདུག་སྟེ་དེ་ལྟར་བྱེད་པ་ལས་ནི་ཤི་ན་དགའ་བས་ཞང་པོ་གཉིས་ཀྱིས་མཐོང་སར་སྙིང་ལ་གྲི་བཙུགས་ནས་ཤི་འདོད། མདོར་ན་སྲོག་ལ་ཐུག་རུང་བླ་མའི་གསུང་རས་སུ་བོར་ནས་སྔར་ལྟར་ཆོས་མིན་གྱི་ལམ་དུ་མི་འགྲོ་ཐག་ཆོད་ཡིན་ཞེས་དཀོན་མཆོག་དཔང་དུ་བཙུགས་ནས་དམ་བཅའ་ཤུགས་དྲག་པོ་ཡང་ཡང་བྱས། འོན་ཏེ་བློ་ཕམ་པ་ཞིག་ལ་བླ་མ་རིན་པོ་ཆེས་སྐུ་ངལ་ཁྱད་དུ་བསད་ནས་སྨིན་གྲོལ་གྱི་གདམས་པ་ཟབ་མོ་དེ་སྙེད་ཅིག་བསྩལ་བའི་བཀའ་དྲིན་ནི་གང་གིས་ཀྱང་གསབ་ཏུ་མེད་མོད་ཀྱང༌། ཇི་སྐད་དུ། ཕན་པའི་ལན་དུ་མཆོད་པ་བྱ་བ་ནི། །བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན། །ཞེས་གང་གསུངས་པ་ལྟར་བཀའ་བཞིན་སྒྲུབ་པའི་མཆོད་པས་ཐུགས་མཉེས་པ་ཞིག་བྱེད་བསམས་ཀྱང་དེ་འགྲུབ་རྒྱུ་ལྟ་ཞོག་གི་ད་དུང་བཞུགས་མི་སྤྲོ་བའི་རྐྱེན་ངན་འདི་འདྲ་བྱུང་སོང་སྙམ་པའི་བློ་ཕམ་ནས་མཆི་མ་མང་དུ་ལྷུངས། ཚུལ་དེ་ཨ་ཏིག་རྒན་མོས་མཐོང་ནས་དལ་གྱིས་བསྐྱོད་དེ་རིན་པོ་ཆེར་ཞུས་འདུག་པས། སྙིང་རེ་རྗེ་གསུངས་པ་རྒྱང་ནས་ཐོས་ཀྱིན་འདུག དེ་འཕྲལ་ཕྱག་བརྡ་ཞིག་བཏང་བྱུང་བས་མཆི་མ་འཕྱིས་ཏེ་སྐུ་མདུན་དུ་བཅར་བ་ན། ཞལ་ནས་ད་ཁྱོད་ཇི་ལྟར་བྱེད་རྩིས་ཡོད་གསུངས་བྱུང་བ་ལ་དེར་ཡིད་ལ་གང་བསམས་པ་རྣམས་ལྷུག་པོར་ཞུས་ནས་ངུས་པས། ཞལ་ནས། ཁྱོད་རང་ཤི་རྒྱག་བསམས་པ་ནི་ཡོངས་སུ་ནོར་འཁྲུལ་རེད། ང་ལ་ད་མ་རེད་མ་འགྲིགས་ཟེར་མཁན་ཞིག་བྱུང་ན་དགའ་བ་ལ་ཨང་སྙམ་དུ་སྨོན་ལམ་འདེབས་རྒྱུ་གཙོ་བོ་དེ་ཡིན། འདི་ངས་ཟེར་ལོ་ཙམ་ཡིན་མིན་ྋརྒྱལ་བ་སྲས་བཅས་དཔང་དུ་བཙུགས་ཆོག་པ་ཡོད་དོ། །དེ་བས་བློ་དཀོན་མཆོག་ལ་གཏོད་པའི་མི་དེ་བར་ཆད་ཀྱི་དབང་དུ་སོང་བ་མི་སྲིད་པ་ཡིན་པས་ཁྱོད་གནས་སྐབས་དགོན་དུ་མར་སོང་ལ། གཅིག་བྱས་ན་རྐྱེན་ངན་གྲོགས་སུ་ཤར་ཏེ་རིང་མིན་དགོན་ནང་འཆད་རྒྱུའི་ལམ་རིམ་དེ་ཡང་ཁྱོད་ཀྱིས་ཉན་རྒྱུ་ཡོང་ཤས་ཆེ་གསུངས། དེར་བློ་བདེ་ནས་དེ་ལྟར་ཡིན་ཚེ་ཕྲན་རང་ངོས་ནས་ནི་ཁང་ཚན་གྱིས་ཁྲིམས་ལ་སྦྱར་བས་མ་ཚད་གསོད་ཟེར་ཡང་ཆོས་ལས་བློ་མི་ལོག་ཐག་ཆོད་ལགས་ན་ཐུགས་རྗེས་སྐྱབས་འཇུག་ཡོང་བ་མཁྱེན་ཞུས་ནས་དགོན་པར་ཕྱིར་ལོག་པ་ཡིན།
དེ་དུས་དགེ་རྒན་ཞང་པོ་གཉིས་ནས་ནི་ཕྲན་ཤག་ཏུ་ཡོང་འཇུག་གི་མིན་ཟེར་ནས་མནའ་བསྐྱལ་འདུག་ལ། གཞན་དགའ་ཉེ་སུ་དང་འཕྲད་ཀྱང་གདོན་མཐོང་བ་ལྟར་བྱེད་ཀྱི་འདུག་པས་གནས་སྐབས་འཛུལ་ས་རྙེད་ཁག་ཙམ་བྱུང༌། དེ་ནས་ཡུད་ཙམ་སོང་བ་ན་གཞན་ངོ་ཤེས་ཤིག་གི་ཤག་ཏུ་ཨུ་ཚུགས་ཀྱིས་འཛུལ་ཕྱིན་པས་ཁ་མ་གྲགས་རུང་དེར་བཞག་ཉན་ཙམ་ཞིག་བྱུང༌། སྐབས་དེར་ལྟོ་སྐྱ་ལ་གོས་ཧྲུལ་བ་དང༌། མདོག་ངན་པ་སོགས་མི་གྲལ་ནས་བུད། ཁྱི་གྲལ་དུ་ཚུད་ཟེར་བ་དེ་བདག་ལ་མངོན་སུམ་དུ་བྱུང་སྟེ། གཅོད་ཡུལ་བའི་ལུགས་ལྟར་བྱས་ན་ལྷོངས་ཟེར་བ་དེ་བྱུང་བ་འདྲ། འབྱོར་པའི་ཚེ་ན་ཐམས་ཅད་གཉེན། །རྒུད་པའི་ཚེ་ན་ཐམས་ཅད་དགྲ། །ཞེས་པ་ལྟར་དེའི་སྔོན་དུ་ཚོང་དང་གྲི་མེ་མདའ་སོགས་ཁྲེལ་མེད་ཀྱི་ལག་ལེན་བྱེད་དུས་མི་ཀུན་གྱི་ཡིད་དུ་འཐད་པ་ཞིག་ཡོད་ཀྱང༌། ཆོས་མིན་གྱི་བྱ་བ་རྣམས་བཞག་ནས་ཆོས་ལ་ཞུགས་ཕྱིན་ཆད་ཀུན་ཀྱང་དགྲར་ལངས་ཏེ་མཐོང་ཆུང་དང་འཕྱ་སྨོད་ཅི་ཡང་བྱེད་པ་ཞིག་བྱུང་བ་ནི། གུང་ཐང་གིས། གདོལ་སྤྱོད་ཁྱིམ་པའི་རྗེས་འཇུག་གཡོ་ཁྲམ་མཁན། །ཆོས་མིན་སྤྱོད་པའི་ཐན་སྙེ་མགོ་འཕང་མཐོ། །ལྟོ་སྐྱ་གོས་ཧྲུལ་ཐོས་དང་ཚུལ་ཁྲིམས་ཀྱི། །བཅུད་ལྡན་སྙེ་མའི་མགོ་བོ་དམའ་ན་ཡང༌། །གཏན་གྱི་སྐྱིད་སྡུག་འདྲ་འདྲ་མིན་ནོ་ཨང༌། །ཞེས་གསུངས་པའི་དོན་ཡིད་ལ་འཁོར་ནས་ཡ་ང་བ་དང་བག་ཚ་བ་ཙམ་མ་བྱུང༌། སྐབས་གཅིག་རིང་ལ་གང་དུ་སུ་དང་འཕྲད་ཀྱང་དོན་མེད་པར་ངོ་ནག་པོ་བསྟན་པ་དང༌། ལྷན་ཅིག་འདུག་ཏུ་མི་སྟེར་བ་སོགས་མཛེ་ནད་ཅན་དང་འདྲ་བར་བྱེད་ལ། རང་བློ་ལའང་བདག་ལས་དམན་པ་ནི་འཇིག་རྟེན་འདི་ན་ཅང་ཡོད་དམ་སྙམ་པ་བྱུང་མོད་ཀྱང༌། གཅིག་ཏུ་དཀོན་མཆོག་ཐུགས་རྗེ་ཆེ་བ་དང༌། གཉིས་སུ་ལས་འབྲས་བསླུ་བ་མེད་པའི་བདེན་པས་རིམ་གྱིས་མི་རྣམས་ཇེ་མོས་སུ་སོང་ངོ༌། །
བཞི་པ།
དེ་ནས་ཁང་ཚན་གྱི་ཚོགས་འདུས་ཁྲིམས་ལ་བསྐུངས་སམ་སྙམ་ནས་སྒུག་རུང་སྐུང་མཁན་མི་འདུག་པས། ཉིན་གཅིག་ཉམས་སད་པའི་ཕྱིར་དུ་ཚོགས་འདུའི་འགོ་གཙོ་གྱང་དམར་བྱང་ཆུབ་ཟེར་བའི་མི་ཆེན་ཞིག་ཡོད་པ་དེའི་འཁྲིས་སུ་ཕྱིན་པས། དེར་ཁོང་ན་རེ། ཁྱོད་ཀྱི་ཞང་པོ་གཉིས་ནས་ཚོགས་འདུ་ལྷན་རྒྱས་སར་ཞུ་གཏུགས་སྙན་སེང་བྱུང་བས་ཁྲིམས་གཅོད་ནན་པོ་བྱེད་དགོས་པ་ཞིག་འདུག་སྟེ། ད་རེས་ལན་གཅིག་ཚོགས་འདུས་དགོངས་པ་ཆེ་བཞེས་གནང་ཡོད། སླད་ཕྱིན་མི་བྱེད་དགུ་བྱེད་བྱེད་རྒྱུ་དེ་ཞོག ཁྱོད་ཀྱི་ཞོར་ལ་བླ་མ་ཡང་ཕུང་ཡོང་གདའ། ཞེས་བཀའ་བཀྱོན་དྲག་པོ་ཕེབས་བྱུང་བས། ལན་དུ་ཁང་ཚན་ནས་དགོངས་པ་ཆེ་བཞེས་མཛད་རུང༌། ཕྲན་རང་གི་འདོད་པར་ཁང་ཚན་ནས་ཞུ་བ་གཅིག་ལེན་རོགས་བྱས་ན་བསམས་བྱུང༌། དེ་གང་ལགས་ཤེ་ན། དེར་ཞུ་བ་ཚིག་གསུམ་འབུལ་དགོས་བསམས་བྱུང་སྟེ། དེ་ཡང་བདག་ཆུང་ངུའི་དུས་ནས་ཚོགས་ཆོས་ར་དང་དགོན་པ་རྒྱབ་ལ་བཞག ཁྲོམ་ར་དང་གྲོང་ཡུལ་པང་དུ་བླངས་ནས་ཕྱོགས་གང་སར་ཁྱི་སྨྱོན་ལྟར་འཁྱམས་ཕྱིན། ལུས་ལ་ཁྱིམ་པའི་ཆས་གྱོན། རྒྱབ་ལ་གྲི་དང་མེ་མདའ་འཁྱེར། ཁ་ལ་ཆང་དང་ཐ་མག་འཐེན་པ་སོགས་ཏེ་རབ་ཏུ་བྱུང་བའི་ཁྲིམས་སྒྲིག་ལམ་དང་རྒྱབ་འགལ་ཤ་སྟག་བྱས་པ་ཡིན་ཏེ། དེའི་ཚེ་དེའི་དུས་ན་དགེ་རྒན་གཉིས་ནས་ཀྱང་བྱེད་མི་ཆོག་གསུངས་མ་བྱུང་ལ། ཁང་ཚན་ཚོགས་འདུ་ནས་ཀྱང་དེ་ལྟར་གསུང་མཁན་མི་འདུག ད་ཆ་བླ་མའི་གསུང་ལུགས་ལ་བལྟས་ན་སྔར་གྱི་བྱ་སྤྱོད་མཐའ་དག་ཡོངས་སུ་ནོར་འདུག་སྙམ་དུ་སྔ་འགྱོད་ཕྱིས་སྡོམ་བྱེད་རྩིས་ཀྱིས་རི་ཁྲོད་དུ་ཆོས་བྱེད་པར་སོང་བ་ཡིན་ཏེ། དེ་ལ་ཞང་པོ་གཉིས་ཀྱང་ཐུགས་ཁྲོས་ནས་ཁང་ཚན་དུ་ཞུ་གཏུགས་བྱས། ཁང་ཚན་ནས་ཀྱང་བདག་པོ་བསྐྱོན་འདུག་ན། སྔར་གྱི་བྱེད་སྟངས་གང་ཡིན་པ་དེ་འགྲིགས་ལ། ད་ལྟའི་བྱེད་སྟངས་གང་ཡིན་པ་དེ་མི་འགྲིགས་པ་ཐག་གིས་ཆོད་པས། དེ་ལ་ཁང་ཚན་དང་ཞང་པོ་ཐུན་མོང་ནས་ཕྱག་རྟགས་འཁོད་པའི་བཀའ་རྟགས་གཅིག་སྩོལ་དང༌། དེ་བཙུན་ཆུང་གཞན་ལའང་བཀྲམས་ནས་སླད་ཕྱིན་རང་གཞན་ཚང་མས་དེ་སྔོན་ལྟར་མ་ཡིན་པ་རྐྱང་བྱས་ཆོག་པ་མཁྱེན་མཁྱེན་མཁྱེན་ཞེས་ཞུ་རྩིས་ཡོད་བྱས་པས། ཁོ་པ་ཧང་སངས་ཏེ་ཅི་ལབ་འདི་ལབ་མེད་པར་ལུས་སོང༌།
དེ་ནས་རིང་མིན་རྒྱལ་ཐང་དགོན་དུ་བླ་མ་རིན་པོ་ཆེས་ལམ་རིམ་བསྡུས་དོན་གྱི་བཀའ་ཁྲིད་ཞིབ་རྒྱས་སུ་བསྩལ་བའང་ལེགས་པར་ཐོབ་ཅིང༌། དེའི་རྗེས་སུ་རྡོར་སེམས་བསྒོམ་བཟླས་དང༌། བླ་མ་ལྔ་བཅུ་པ། ཐུན་དྲུག་རྣལ་འབྱོར། ལམ་རིམ་མྱུར་ལམ། བདེ་མཆོག་ལུ་ཨཱི་པའི་བཀའ་དབང་སོགས་སྨིན་གྲོལ་གྱི་གདམས་པ་མི་ཉུང་ཙམ་ཐོབ། རི་ཁྲོད་དུ་ཆེར་སྡོད་ལོང་མ་བྱུང་ཡང་སྡོད་པའི་རིང་ལ་སྦྱོར་ཆོས་དང་སྦྲགས་ནས་ལམ་རིམ་ཨུ་ཚུགས་ཀྱིས་བསྒོམ་ཁུལ་བྱས། ཕྲན་རང་ངོས་ནས་ཆོས་ཕྱིར་ལྟོ་གོས་བློས་བཏང་ཐུབ་ཙམ་བྱུང་ཡང་ཨ་མས་གཙོས་པའི་ནང་མི་རྣམས་འཚོ་གོས་ཧ་ཅང་སྐྱོ་དྲགས་པའི་དབང་གིས་ཁོ་ཚོ་བློས་ཐོངས་རྒྱུ་དེ་དཀའ་ལས་ཤིན་ཏུ་ཆེ་བ་ཞིག་བྱུང༌། སྐབས་སྐབས་སུ་བློ་ལ་འདི་ལྟར་ཡང་འཁོར་ཏེ་ྋཇོ་བོ་རྗེ་ལ་སོགས་པས་ནང་མི་བློས་བཏང་སྟེ། དེར་ནི་རང་གིས་ཕར་བཏང་ཕོད་ན་ཁོ་ཚོ་སྤྲང་པོ་ཆགས་དོགས་མི་དགོས་པས། ནང་སྤང་རྒྱུའི་ཐད་ལ་ནི་སྔོན་གྱི་སྐྱེས་ཆེན་ལས་ཀྱང་ཕྲན་དཀའ་ལས་ཆེ་བར་འདུག་སྙམ་པ་ཡང་འཆར། དེ་ལྟ་ནའང་བླ་མ་རིན་པོ་ཆེ་ནི་གདུལ་བྱའི་ཁམས་དང་མོས་པ་སོགས་ལག་མཐིལ་གྱི་རྫས་བཞིན་གཟིགས་པ་ཞིག་བཞུགས་པའི་དོན་གྱིས་མ་ཞུས་ཀྱང་མཁྱེན་ནས་ནང་མི་བློས་བཏང་མི་ཐུབ་ན་ཆོས་ཡོང་བའི་གནས་མེད་ཅེས་ཡང་ཡང་གསུངས་པ་ལ་བརྟེན་མཐར་བློས་བཏང་ཐུབ་ཙམ་ཞིག་བྱུང༌། དེ་ནས་ཁང་ཚན་གྱི་ཁྲིམས་ལ་དགོན་པར་གྲྭ་ས་བྱས་ནས་ལོ་བཅུ་མ་ལོན་བར་དབུས་ཀྱི་གྲྭ་སར་འགྲོ་མི་ཆོག་ཅིང༌། ལོ་བཅུ་གཉིས་འགྱངས་ནས་བསྡད་ཀྱང་མི་ཆོག་པས་ཕྲན་རང་ལོ་ཉེར་གཉིས་སོན་པར་ན་གྲྭ་སར་འགྲོ་བའི་དུས་འཁེལ་བར་བརྟེན། བླ་མ་རིན་པོ་ཆེས་བདག་ཚོང་པ་དང་འགྲོགས་ནས་བཏང་རྩིས་ཀྱིས་ཚོང་དཔོན་སྐལ་བཟང་བཀྲ་ཤིས་ལ་ཕྱག་གཉིས་ཐལ་མོ་བསླངས་ནས། ཁྱོད་ཀྱིས་ཁོ་ཁྲིད་རོགས་གྱིས་དགེ་བ་ཡོང་གསུངས་ཀྱང་ཀ་ཀོར་ཞུས་ནས་ཉན་མི་འདུག ཚུལ་དེ་ཁོ་བོའི་རྣ་ལམ་དུ་ཐོས་འཕྲལ་བླ་མ་རིན་པོ་ཆེའི་སྐུ་མདུན་དུ་བཅར་ནས་ཁོ་པ་ཚོས་མ་འཁྲིད་ཀྱང་ང་རང་གཅིག་པུ་འགྲོར་ཕོད་པས་ཐུགས་གཡེང་གནང་མི་དགོས། གང་ལགས་ཤེ་ན། གྲྭ་སར་བསླེབ་པའི་ལས་དང་སྐལ་བ་ཞིག་ཡོད་ན་ནི་ཁོ་པ་ཚོས་མ་འཁྲིད་རུང་བསླེབ་མཆི་ལ། གཞན་དུ་ན་འཁྲིད་ཀྱང་མི་སླེབ་པས། དེས་ན་ལས་དང་དཀོན་མཆོག་ལ་བློ་ལིངས་ཀྱིས་བཀལ་ནས་འགྲོ་གི་ཡིན། འཚོ་བ་ཡང་གཞན་ལ་བསློང་ན་འཐུས་པས་ལྟོ་གོས་དང་དངུལ་ལ་སོགས་པ་གང་ཡང་འཁྱེར་གྱི་མིན། དེར་བརྟེན་སང་གནངས་ནས་མ་འགྱངས་པར་འགྲོ་ཆོག་པ་མཁྱེན་ཞུས་པས། ཞལ་ནས། ལམ་ཐག་ཤིན་ཏུ་རིང་བའི་ཁར་ཆོམ་རྐུན་གྱི་ཉེན་ཁ་ཡང་ཆེ་བས་ཁྱོད་གཅིག་པུར་བཏང་བློས་མི་བཟོད། འོན་ཏེ་ཚོང་པ་དང་མཉམ་ཟ་མཉམ་འཐུང་བྱས་ནས་ཕྱིན་ན་ནི་འགྲོ་སོང་ཆེ་རོགས་དང་བྱ་བ་མང་རོགས་ལས་མེད་པས། འཚོ་བ་ལོགས་སུ་བྱས་ནས་ཁོ་ཚོ་དང་མཉམ་དུ་རྒྱུགས་ཤིག དེར་རོགས་རམ་ཅི་དགོས་བྱེད་རོགས་ཟེར་ནས་ངས་མངགས་གཏམ་རྒྱབ་ཆོག་གསུངས་བྱུང་བས། དེ་ལ་དངོས་སུ་གྱེན་ལོག་ཞུ་མ་ཕོད་ཀྱང་སེམས་ཀྱི་གཏིང་ནས་རང་གཅིག་པུར་འགྲོ་འདོད་ལངས་ནས་ཐབས་མཁས་ཀྱིས་འདི་ལྟར་ཞུས་ཏེ། འོ་ན་ཚོང་པ་རྣམས་ཕར་ཙམ་ཐོན་མ་རན་སྟབས་ཕྲན་སྔོན་ལ་སོང་སྟེ་ཁ་བ་དཀར་པོའི་གནས་སྐོར་ལ་འགྲོ་ཆོག་པ་མཁྱེན་ཞུས་པས། དེ་རུང་ཡང་ཚོང་པའི་རྗེས་ལ་མ་ལུས་པ་གྱིས་ཤིག་གསུངས། དེ་ནས་ཨ་མ་དང་སྤུན་མཆེད་སོགས་ལ་དྲང་པོ་བཤད་ན་ཁོ་པ་ཚོས་ངུས་ཡོང་བསམས་ནས་རྗེས་མའི་རྟེན་འབྲེལ་དང་གྲ་སྒྲིག་རྒྱ་ཆེ་ཙམ་བྱས་ནས་གྲྭ་སར་ཐོན་གྱི་ཡིན། དེ་དུས་ཟ་ཟིར་མང་བས་སློབ་གསོ་རྒྱག་ལོང་མི་ཡོང༌། དེར་བརྟེན་སློབ་གསོ་གང་ཡིན་ད་ལན་རྒྱག་གི་ཡིན་པས་ཉོན་ཅིག་བྱས། འཆི་བ་མི་རྟག་པ་དང་ལས་རྒྱུ་འབྲས་སོགས་རང་གིས་གང་ཤེས་པ་རྣམས་ཞིབ་ཏུ་བཤད་ནས་མཇུག་ཏུ་ཁྱེད་རྣམས་དགེ་བ་སྣ་གཅིག་ཡིན་ཡང་སྒྲུབ་གང་ཐུབ་དང༌། སྡིག་པ་སྣ་གཅིག་ཡིན་ཡང་སྤང་གང་ཐུབ་གྱིས་ལ། གཙོ་བོར་སེམས་བཟང་པོ་གྱིས་ཤིག་ཅེས་བྱས་པས་ཚང་མ་མོས་རབས་བྱུང་སོང༌།
དེ་ནས་ཀློག་སློབ་པའི་དགེ་རྒན་གྱི་སར་ཕྱིན་ནས་དེར་བླ་མ་ལ་དྲང་པོ་མ་ཞུས་ན་མི་རུང་བར་བསམས་ཏེ་གསང་བའི་ཚུལ་གྱིས་ད་ལན་ཐོན་འགྲོ་རྒྱུ་ཡིན་ཞུས་པས། ད་སླར་འཕྲད་རྒྱུ་མ་རེད་གསུངས་ནས་ཆེར་བཤུམས་པས་ཨ་མ་སོགས་ཚང་མས་རིག་སྟེ་རེ་ཞིག་ངུ་སྒྲས་ཁེངས་སོང༌། དེ་ནས་རྨོའོ་རྒན་མོ་དགུང་ལོ་དགུ་བཅུར་ཉེ་བ་ཞིག་བཞུགས་པ་དེས་འོ་མ་དཀར་ཡོལ་གང་བཏེག་སྟེ་མཆོད་ཡར་འགའ་མཛད་ནས་སྨོན་ལམ་འདི་ལྟར་བཏབ་སྟེ། ཁྱོད་དབུས་གཙང་ཆོས་ཀྱི་ཞིང་དུ་ཕྱིན་ནས་གཞུང་པོ་ཏི་ལྔས་སྐ་རགས་བཅིངས། སྔགས་རྒྱུད་སྡེ་བཞི་ཉམས་སུ་བླངས་ཏེ་རང་གཞན་ཡོངས་ལ་ཕན་ཐོགས་པར་ཤོག་གསུངས་ནས་འོ་མ་ལག་ཏུ་གཏད་བྱུང་བས་རྟེན་འབྲེལ་གྱི་ཁྱད་ལ་བསམས་ནས་རྫོགས་པར་བཏུང༌། དེ་ནས་ཁོ་ཚོ་ངུ་བ་སོགས་ལ་མ་བལྟོས་པར་ཐོན་ཕྱིན་ནས་བླ་མ་རིན་པོ་ཆེའི་རི་ཁྲོད་དུ་ཞག་གསུམ་བསྡད། སང་ཐོན་རྒྱུའི་དོ་ནུབ་ཞལ་ཏ་འདི་ལྟར་བསྩལ་ཏེ། ཁྱོད་གྲྭ་སར་བསླེབས་ནས་མཚན་ཉིད་ཀྱི་གཞུང་བལྟས་མ་བལྟས་འདོད་མོས་གྱིས། དེ་ཡང་གཞན་གྱིས་མཚན་ཉིད་རྩོད་པ་མཐོང་བ་ན་དེ་ལ་འདུན་པ་ངང་གིས་ཡོང་གིན་འདུག་ན་བག་ཆགས་ཡོད་པའི་རྟགས་ཡིན་པས་མཚན་ཉིད་ལྟོས་ལ། ལྟ་ལུགས་ཀྱང་གང་བྱུང་གིས་མི་ཆོག་པས་འདི་འདྲ་ཞིག་དགོས་ཏེ། རང་འོག་ཏུ་འགྲོ་བ་ས་དང་ཆུ་ལས་མེད་པ་ལྟ་བུའི་དམའ་ས་བཟུང་ཐོག་ཉིན་རེ་བཞིན་ཡང་གང་ཐོས་པའི་དོན་ལ་བསམ། བསམས་པའི་དོན་ལ་བསྒོམས་ཏེ་ཐོས་བསམ་སྒོམ་པ་ཡ་བྲལ་དུ་མ་སོང་བ་ཞིག་ཅིས་ཀྱང་གལ་ཆེ། ཡང་གཞན་དག་བགྲོ་གླེང་བྱེད་པ་སོགས་མཐོང་བ་ན་ངས་ནི་འདི་འདྲ་ཡོང་བ་མི་འདུག་སྙམ་དུ་སྒྱིད་ལུག་ཤ་སྟག་སྐྱེ་གི་འདུག་ན་ནི་བག་ཆགས་མེད་པའི་རྟགས་ཡིན་པས། ལོ་གཅིག་བསྡད་ནས་ཕ་ཡུལ་དུ་ལོག་ཤོག གཞུང་བཀའ་པོད་ལྔ་ཞེས་སྙན་གྲགས་ཅན་དེ་ལ་བག་ཆགས་འཇོག་རྒྱུ་མ་བྱུང་བསམ་པ་ཡང་བྱེད་མ་དགོས། གང་ཡིན་ཞེ་ན། ཁྱོད་ཀྱིས་ཉན་པས་རྔོ་ཐོགས་ན་ངས་གཞུང་བཀའ་པོད་ལྔ་ག་མཛུབ་ཁྲིད་བྱས་པས་ཆོག དེ་ལྟར་ཁྱོད་རང་གཅིག་པུར་གོ་དོན་གཙོ་བོར་བྱས་ནས་འཁྲིད་ན་ང་རྒྱལ་ཁྱོད་ཕམ་གྱིས་དགེ་རྩ་བཅོམ་རེས་བྱེད་མི་དགོས་པ་སོགས་ཀྱི་དགེ་མཚན་ཆེ་བ་ཡང་ཡོང་གསུངས། དེར་བརྒྱ་ལ་མཚན་ཉིད་བལྟ་ཐུབ་པ་འདྲ་བྱུང་ཚེ་སྦྱོར་ཆོས་ཆག་མེད་འདོན་ཐུབ་པ་མི་འདུག་པས་དགོངས་འཁྲོལ་ཡོང་བ་མཁྱེན་ཞུས་པས། ཐུགས་ཅུང་ཟད་ཕམ་ཉམས་ཀྱིས་སྦྱོར་ཆོས་ནི་མཚན་ཉིད་བལྟས་ན་དེ་བས་ཀྱང་དགོས་གལ་ཆེ་བ་ཞིག་རེད་དེ་གསུངས་པ་ལས་གཞན་གང་ཡང་མ་གསུངས།
ཕྱི་ཉིན་སྔ་བར་ལངས་ཏེ་སྐུ་དྲུང་དུ་བཅར་བ་ན་མདུད་པ་སུམ་བརྩེགས་ཅན་གྱི་སྲུང་མདུད་ཅིག་དང༌། ལྗགས་སྔགས་མང་དུ་གདབ་པའི་སྲུང་ནས་བཅས་བསྩལ་ཏེ། འོ་ད་ལན་ཕྱི་ཕྱག་འཚལ་བ་དང་ཡིད་འཁྲེང་བ་སོགས་བྱས་ན་རྟེན་འབྲེལ་འཕྱུགས་ཏེ་སླར་མི་ཕྲད་པའི་རྒྱུར་འགྲོ་བས་དེ་ལྟར་མི་བྱ་བར་བླ་མའི་ཞབས་དྲུང་དུ་མྱུར་བར་འོངས་རྒྱུ་ཡིན་སྙམ་པའི་དགའ་ཚོར་དང་བཅས་ཏེ་སོང་ཞིག་གསུངས། དེར་བླ་མ་རིན་པོ་ཆེ་སྐུ་ཚེ་བརྟན་ཅིང་ཞལ་མྱུར་དུ་མཇལ་བ་སོགས་ཀྱི་གསོལ་འདེབས་སྨོན་ལམ་གང་ཤེས་ཞུས་ནས་ཕྱི་འགྲོས་ཀྱིས་ཕྱིན། བདག་སོང་བ་དང་བླ་མ་རིན་པོ་ཆེ་ཡང་པུ་ཤུད་སྟེང་དུ་ཕེབས་ནས་སྤྱན་གྱིས་སྐྱེལ་མ་མཛད། མ་གཅིག་བུ་གཅིག་ཁ་བྲལ་བ་དང་འདྲ་བའི་ཡིད་ལ་གདུང་བ་དྲག་པོ་སྐྱེས་ཀྱང་རྟེན་འབྲེལ་འཕྱུགས་དོགས་ཀྱིས་བསྲན་བཙུགས་ནས་ཇི་སྲིད་ཞལ་མ་ཡོལ་བ་དེ་སྲིད་དུ་ཕྱི་འགྲོས་ཀྱིས་ཕྱིན་ཏེ་ཞལ་ཡོལ་བ་དང་ཐད་ཀར་ཕྱིན། དེ་ནས་གཅུང་པོ་བློ་བཟང་ཡོན་ཏན་ཡང་ཕྲན་བསྐྱལ་བར་སླེབསས་བྱུང་བས་ཁོ་དང་འགྲོགས་ཏེ་ཞག་གསུམ་ཕྱིན་པས་འཇོལ་ཟེར་བར་བསླེབས། དེར་ཉིན་ཁ་ཤས་ངལ་བསོས་ཏེ་འགྲོ་རྩིས་བྱས་པས་གཅུང་པོ་ན་རེ། ད་དུང་ཚོང་ཙག་ཙིག་ཕྲན་བུ་ཡོད་པ་བྲིན་མ་སོང་བས་ཞག་གཅིག་གཉིས་སྡོད་རོགས་གྱིས། གང་ལགས་ཤེ་ན། རབ་ལ་ཁྱོད་མ་སོང་གོང་དུ་ཕྲན་རང་ཡུལ་དུ་ལོག་པའམ། ཅི་སྟེ་དེ་ལྟར་མ་བྱུང་ཡང་མཉམ་དུ་ཁ་གྱེས་ན་ལས་དེ་མིན་ཁྱོད་སྔོན་ལ་སོང་ན་ང་སེམས་སྐྱོ་ནས་མིའི་ལུང་པར་ཆུ་ཚོད་སྐར་མ་གཅིག་ཀྱང་སྡོད་ནུས་པར་མི་འདུག་ཟེར་བྱུང་བ་ལ། ངས་སྡོད་ལོངས་མེད། ད་ལྟ་རང་འགྲོ་གི་ཡིན་བྱས་མ་ཉན་པའི་ཚེ་ཁོ་བློ་ཕམ་ནས་ཡུད་ཙམ་རིང་ལ་མཆི་མས་བརྣངས་ཏེ་ཁ་ཡང་གྲག་མ་ཐུབ། དེ་ནས་མིག་ཆུ་ལྷུང་ལྷུང་གཏོང་བཞིན་ངུ་གིན་འདུག་པས། ཁོའི་རོགས་པ་གྲྭ་པ་གཅིག་འདུག་པ་དེ་ཡང་ངུས་ནས་ཕྲན་ལ་ཉིན་ཤས་སྡོད་རོགས་ཟེར་ནས་ཞུ་བ་འཐེན་གྱིན་འདུག་ཀྱང་ངས་མ་ཉན་པར་ཕྱིན།
ལྔ་པ།
ཁ་བ་དཀར་པོའི་གནས་སྐོར་བ་ལ་འཇོལ་གཤམ་ནས་འགྲོ་དགོས་པར་བརྟེན་ངའི་ཁྲེས་པོ་གཅུང་པོས་འཁྱེར་ནས་མ་ཚད་དུ་བསྐྱལ་བར་ཡོང༌། དེ་ནས་ཁ་གྱེས་ཁར་ངུ་བཞིན་དུ་ལོ་གཅིག་ནས་ཕ་ཡུལ་དུ་ཅིས་ཀྱང་ལོག་ཡོང་རོགས་གྱིས་ཟེར་བྱུང་བར་ངས་ཀྱང་ཁས་བླངས་པའི་ཟོལ་བྱས། དེ་ནས་སོང་སྟེ་རྒྱང་གྲགས་ཕྱེད་ཙམ་བསླེབས་པ་ན་ཕྱི་མིག་ཅིག་བལྟས་པས་ཁོ་ད་དུང་ཡང་སྔར་གྱི་ས་དེ་གར་ཕྲན་ལ་ལྟ་བཞིན་དུ་ཀྲོང་ངེར་ལངས་ཏེ་བསྡད་འདུག་པས། དེ་མཐོང་བ་ན་གཞི་ནས་ང་རང་ཡང་སེམས་སྐྱོ་ནས་མཆི་མ་མང་པོ་ཤོར་བྱུང༌། རྒྱུན་གཏན་ཨ་མ་དང་སྤུན་མཆེད་སོགས་ལ་བརྩེ་གདུང་ཆེ་ལུགས་ཀྱི་རྩིས་བཏང་ན་ཁོ་ཚོ་དང་གཏན་དུ་ཁ་བྲལ་བའི་ཚེ་བཟོད་གླགས་མེད་པའི་སྡུག་བསྔལ་ཆེན་པོ་ཞིག་ཡོང་དགོས་ཚོད་དུ་ཡོད་ཀྱང༌། ད་རེས་མ་གཏོགས་སྐྱོ་སྣང་གང་ཡང་མ་བྱུང་བ་ནི་བླ་མའི་བྱིན་རླབས་སུ་མངོན། དེ་ནས་རང་གཅིག་པུ་ལམ་དུ་ཞུགས་ཏེ་ཕྱིན་པས་ཐོག་མར་མཆོད་རྟེན་དཀར་ཀྲོང་ཟེར་བ་མཇལ་ཏེ། དེ་ནི་སངས་རྒྱས་ཀྱི་དབུ་སྐྲ་རང་བྱུང་དུ་འཁྲུངས་པར་གྲགས་པའི་ས་རྡོ་གྱེན་སྟབས་སུ་ཀྲོང་ངེར་ལངས་པ་དུ་མས་མཐའ་བསྐོར་བ་ཞིག་འདུག དེ་ནས་ཡར་ཙམ་དུ་ཕྱིན་པ་ན་ཇོ་བོ་ནམ་མཁའ་བཀྲ་ཤིས་ཞེས་གྲགས་པའི་རྟེན་བྱིན་རླབས་ཅན་ཞིག་བཞུགས་འདུག་པ་དེ་མཇལ། དེར་སྤྲང་མོ་ཞིག་གསོལ་འདེབས་སྨོན་ལམ་དང་སྦྲགས་ནས་ཕྱག་འཚལ་ཞིང་འདུག་པ་མཐོང་ཙམ་ནས་དད་པའི་སྤུ་ལོང་གཡོས་ཏེ་མཆི་མ་དབང་མེད་དུ་ཤོར། དེ་རྗེས་ཁྱོད་ཕ་ཡུལ་གང་ནས་ཡིན་བྱས་པས། གང་ཡིན་ཆ་མེད། གང་ལགས་ཤེ་ན། ཆུང་དུས་ནས་ཕ་མས་གནས་སྐོར་ལ་ཁྲིད་དེ་མི་ཚེ་བསྐྱལ་བ་ཞིག་ཡིན་ཟེར་བ་དང༌། ད་དུང་ཁྱོད་རང་གཅིག་པུར་གྲྭ་སར་ཕྱིན་ན་དགོང་མོ་གནས་ཚང་གང་དུ་བསྡད་ན་ལེགས་པ་སོགས་ཞལ་ཏ་གནད་ཆེ་བ་དུ་མ་ཞིག་གནང་བྱུང་བས། རྗེས་སུ་བསམས་ན་བུད་མེད་རང་འགའ་བ་ཞིག་ཨེ་ཡིན་ནམ་སྙམ། དེར་གནས་མཇལ་ཞུས་ཏེ་རི་བོ་མཐོན་པོ་དེ་བརྒལ་ནས་ཐུར་གཟར་པོ་ཤིན་ཏུ་རིང་བ་ཞིག་འདུག་པ་ལ་བབས་ཕྱིན་པས་བརྡ་ཆུ་ཁར་བསླེབས། ཆུ་ཀླུང་ཆེན་པོ་དྲག་ཏུ་འབབ་པ་དེ་ལ་སྨྱུག་མ་ལྷས་པའི་འདྲེན་ཐག་ཅིག་འདུག་གི་དེ་མིན་ཀོ་བ་དང་ཟམ་པ་སོགས་གང་ཡང་མི་འདུག ཆུའི་ཕ་རིར་ཡར་ཙམ་ན་གྲོང་ཚོ་འགའ་རེ་འདུག་པས། དེ་ནས་བསུ་མཁན་ཞིག་ཡོང་ཤག་གིས་བརྡ་བཏང་ཡང་ཡོང་མཁན་མི་འདུག་ལ། ཉི་མ་ཡང་འཕྱི་པོར་སོང་བས། ད་དོ་དགོང་རང་གཅིག་པུ་ཆུ་འགྲམ་འདིར་ལུས་པར་འདུག་བསམས་ནས་ཇ་གཅིག་བསྐོལ། ཇ་འཁོལ་ནས་འཐུང་གྲབས་བྱས་པ་ན་གློ་བུར་དུ་མི་ཕོ་གསར་གཟིག་འདྲ་བ་གཉིས་འཁྲིས་སུ་བསླེབས་བྱུང་བས། ཁྱེད་གཉིས་གར་འགྲོ་བྱས་པས་ཆུ་ཕ་ཁར་འགྲོ་ཟེར། འོ་ན་ཁྱོད་གཉིས་བསུ་མི་ཡོང་གི་རེད་དམ་བྱས་པས། བསུ་མཁན་མི་དགོས་འདྲེན་གཏོང་བྱེད་ཀྱི་ཡོ་ཆས་ཚང་མ་ངེད་གཉིས་ལ་ཡོད་ཟེར་ནས་མིག་ལ་བསྟན་བྱུང༌། འོ་ན་ང་ཡང་འཁྲིད་དང་བྱས་པས་རུང་ཟེར། དེ་ནས་ཁོ་པ་གཉིས་ལ་ཇ་བླུག་རྩིས་བྱས་པ་ན་ཇ་འཐུང་ལོངས་མི་འདུག་ས་རུབ་གྲབས་འདུག་པས་མགྱོགས་པོ་འགྲོ་ཟེར་ནས་གཅིག་གིས་ངའི་ཁྲེས་པོ་རྒྱབ་ལ་འཁུར་ནས་འདྲེན་བཏང་སྟེ་ཤར་གྱིས་ཕྱིན་སོང༌། གཅིག་ཤོས་དེས་ངས་འདྲེན་གཏང་གི་ཁྱོད་ངའི་ཐག་པ་ལ་འཇུས་ཤིག་ཟེར་བྱུང་བ་ལ་གཅིག་ཏུ་དེ་སྔོན་འདྲེན་ལ་འགྲོ་མྱོང་མེད་པ་དང༌། གཉིས་སུ་ཆུའི་རྦ་རླབས་འཚུབ་ཅིང་གཡང་གཟར་བ་དང༌། གསུམ་དུ་མི་དེའི་ཆ་རྒྱུས་མེད་པ་སོགས་ལ་བརྟེན་འགྲོར་མི་ཕོད་ནས་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་སྙིང་འདར་བཞིན་དུ། ཁོ་ལ་སྨྲས་པ། ངས་ཐག་པར་འཇུ་ཁུལ་བྱས་ན་རྦབ་ཏུ་ལྷུངས་ཏེ་ཆུས་འཁྱེར་བ་ལས་འོས་མི་འདུག་གི་དེ་བས་ཁྱོད་ཐག་པར་འཇུས་དང་ངས་བཏང་ཟེར་བ་ལ། ཁོ་ན་རེ། ཁྱོད་ཀྱིས་རྩ་བ་ནས་ཡོང་གི་མ་རེད། དེ་ལས་ངས་སྲོག་ཁག་འཁུར་ཆོག་ཟེར་བྱུང་ཡང༌། ད་དུང་ཀར་ཀོར་མང་ཙམ་བཤད་ནས་མཐར་བླ་མ་རིན་པོ་ཆེས་བསྩལ་བའི་ཕྱག་ནས་འབྲུ་ཁ་ཤས་ཁྱུར་མིད་བཏང༌། ཁ་ཤས་ཆུར་འཕངས་ཏེ་ད་ཐོངས་ཤིག་བྱས་པས་ཐོག་མར་རྐང་པ་ས་ལ་རེག་ཙམ་རེག་ཙམ་ཕྱིན་ཏེ་གཡང་སར་བསླེབས་པ་དང་ཡུད་ཀྱིས་ལྷུངས་སོང་བ་དང་ཆབས་ཅིག་འདྲེན་ཐག་སྟེང་ནས་དུ་བ་འཕྱུར་བཞིན་པར་སིད་སྒྲ་དང་བཅས་ཏེ་མིག་ཡུད་ཙམ་ཞིག་ལ་ཆུའི་ཕ་རོལ་ཏུ་བསླེབས། དེར་བསླེབས་ནས་ཁོ་པ་གཉིས་ལ་རྔན་པ་ཞིག་སྟེར་རྩིས་བྱས་ཀྱང་ལེན་གྱི་མི་འདུག དེ་ནས་ཁོ་པ་གཉིས་ཀྱི་ཕྱི་བཞིན་དུ་སོང་བས་ལྷ་ཁང་གོག་པོ་ཞིག་བསྟན་ནས་འདི་རྦ་ལྕོག་ཕག་མོའི་གནས་ཟེར་བ་ཡིན། དོ་ནུབ་འདིར་དཀོན་གཉེར་ལ་གནས་ཚང་གཡར་ནས་འདུག་ཅིག་ཟེར་ཏེ་ག་ཤེད་དུ་སོང་ངོ༌། །མི་དེ་གཉིས་ནི་གློ་བུར་དུ་བྱུང་བ་དང༌། གླ་རྔན་མི་ལེན་པ་དང༌། ངང་རྒྱུད་རིང་བ་དང༌། ཕྱིས་གར་སོང་དང་འདིར་སོང་མེད་ལུགས་སོགས་ལ་བསམས་ན་སྤྲུལ་པ་ཞིག་ཡིན་ནམ་སྙམ་མོ། །
དེ་ནས་ནགས་ཚལ་སྟུག་པོ་འཁྲིགས་པའི་རི་མཐོན་པོ་ཞིག་བརྒྱུད་དེ་སོང་བས་ནམ་ཞིག་ན་ཞིང་ལས་བྱེད་མི་འགའ་ཞིག་དང་འཕྲད། དེར་གནས་ཚང་ཞིག་གཡར་དང་བྱས་པས་མི་གཅིག་གིས་མཛུབ་མོ་བཙུགས་ནས་ཁྱིམ་ཕ་གིར་སོང་ལ་སྡོད་ཅིག་དང་ང་ཚོ་མགྱོགས་པོ་བསླེབ་ཡོང་ཟེར་བས། ཁྱིམ་དེར་འཛུལ་ཕྱིན་པས་ནང་གི་ཕ་རྒན་པོ་ནག་ཁུང་དུ་བསྡད་འདུག་པ་ལ་རྒྱུ་མཚན་བཤད་པས་ཁོ་པའི་གྲལ་འོག་ཏུ་སྡོད་ཟེར་ཏེ་སྒྲོན་མེ་ཞིག་སྤར་སོང་བས་ངའི་ལུས་ལ་གྲྭ་ཆས་གྱོན་ཡོད་པ་མཐོང་ནས་འདུག་སའི་འོག་གི་གདན་ཕྱུངས་ཏེ་ཕྲན་ལ་བསྟབ་སྟེ་ཁོ་པའི་གྲལ་གོང་དུ་བཞག་བྱུང༌། དེ་ནས་ཡུན་རིང་མི་འགོར་བར་ལས་མི་རྣམས་སླེབ་བྱུང་བས་ནང་གི་ཨ་མ་དེས་ང་མཐོང་བ་དང་དྲག་ཏུ་ངུས་ནས་བརྗོད་རིགས་སུ་གུས་མོའི་མེས་པོ་རི་ཁྲོད་པ་ཚད་ལྡན་ཞིག་ཡོད་དེ་སྐུ་གཤེགས་ནས་ཟླ་བ་གཅིག་ཙམ་ཕྱིན་སོང༌། ཁྱོད་ནི་ཁོང་དང་པར་བཤུས་ལྟ་བུ་ཞིག་འདུག་པས་མེས་པོའི་ཚབ་བྱས་ནས་ང་ཚོའི་རི་ཁྲོད་དུ་བཞུགས་རོགས་གྱིས། མི་ཚེའི་རིང་སྦྱིན་བདག་ཞུ་གི་ཡིན་ཟེར་ནས་ཨུ་ཚུགས་མཐའ་ལ་བསྐྱལ་བྱུང་ཡང་ཁས་མ་བླངས། དེའི་ཕྱི་ཉིན་ཁ་བ་དཀར་པོའི་གནས་ལྟེ་བ་ཤར་གླེགས་བམ་ཟེར་བ་དང༌། ཆུ་རྦ་འཕྱུར་ཟེར་བ་སོགས་མཇལ་བར་བསྐྱོད་རྩིས་བྱས་པས་གནས་ཚང་ནས་མི་རྒྱུས་ཡོད་གཅིག་རོགས་ལ་བཏང་ཆོག་ཟེར་བ་ལ་མི་དགོས་བྱས་ང་རང་གཅིག་པུར་ཕྱིན་པས་ཐོག་མར་ལྷ་ཁང་འདྲ་བ་འགའ་རེ་འདུག་པ་རྣམས་མཇལ། དེ་ནས་ཟིལ་དངངས་ཤིན་ཏུ་ཆེ་བའི་ནགས་ཚལ་སྟུག་པོའི་དབུས་སུ་ཞུགས་ཏེ་ཕྱིན་ཕྱིན་པས་གངས་རི་མཐོ་ལ་བརྗིད་ཆགས་པ་ཤེལ་གྱི་ལྷུན་པོ་འདྲ་བ་ཞིག་གི་དྲུང་དུ་བསླེབས་ཏེ། ཁ་བ་དཀར་པོ་ཞེས་པའི་མཚན་འདོགས་ས་གཙོ་བོ་དེ་ཡིན་འདུག་ཅིང༌། དཔལ་འཁོར་ལོ་བདེ་མཆོག་གི་ཕོ་བྲང་དངོས་ཡིན་པར་གྲགས་སོང༌། དེའི་གཤམ་དུ་བྲག་གཡང་གཟར་པོའི་ངོས་ནས་ཆུ་ཞིག་ལྷུང་བ་ལ་ཆུ་རྦ་འཕྱུར་ཟེར་ཏེ། གནས་མཇལ་བ་ལ་ལ་དེར་བསླེབས་དུས་ཐོག་མར་ཆུ་མེད་པ་ལ་ཕྱག་འཚལ་ཞིང་གསོལ་བ་བཏབ་པ་ན་དེ་མ་ཐག་ཆུ་ལྷུང་ལྷུང་བབས་ཡོང་བ་དང༌། ཡང་མི་སྡིག་ཆེན་འགའ་ཞིག་དེར་བསླེབ་ན་ཆུ་རྒྱུག་འཕྲོ་ལ་གྱེན་དུ་ལྡོག་སྟེ་ཆད་འགྲོ་བ་སོགས་མཐོང་ཚུལ་སྣ་ཚོགས་ཤིག་འོང་སྐད་འདུག་ཀྱང༌། ཕྲན་དེར་སླེབས་དུས་བྲག་ངོས་ནས་ཆུ་རྒྱུག་བཞིན་འདུག་པས་ཁྲུས་ཤིག་བྱེད་བསམས་ཏེ་འཁྲིས་སུ་ཕྱིན་པ་ན་འཕྱུར་འཕྱུར་ཟེར་བའི་སྒྲ་དང་འབབ་ཤུགས་ཆེས་པའི་དབང་གིས་དེའི་དཀྱིལ་དུ་ལངས་ཏེ་ཡུད་ཙམ་ལས་སྡོད་ཐུབ་མ་བྱུང༌། དེའི་གཡས་གཡོན་དུ་ད་དུང་སྒྲུབ་ཕུག་དང་སྒྲུབ་ཆུ་རང་བྱོན་སོགས་ངོ་མཚར་བ་མང་པོ་ཞིག་མཇལ་རྒྱུ་ཡོད་འདུག་ཀྱང་ཆ་རྒྱུས་མེད་པར་བརྟེན་མཇལ་ཐུབ་མི་འདུག དེ་ནས་སླར་འཁོར་ཏེ་འགྲོ་རྩིས་བྱས་པ་ན་གནས་ཚང་དེའི་མི་ཐམས་ཅད་ངུས་ཏེ་མ་མཐར་ཟླ་བ་གཅིག་སྡོད་རོགས་ཟེར་ཡང་མ་ཉན་པར་ཐོན་ཕྱིན། ཁོ་ཚོས་ངེད་ལ་དེ་ཙམ་དུ་མོས་པོ་བྱེད་པའི་རྒྱུ་མཚན་ངས་རྒྱུ་འབྲས་ཀྱི་ཆོས་ཐར་ཐོར་བཤད་པ་དང༌། སྦྱོར་ཆོས་བཏོན་ནས་མནྜལ་ཕུལ་བ་སོགས་ལ་བརྟེན་ནས་ཡིན་འདུག འདི་ཙམ་དུ་མ་ཟད་ཁྱིམ་གང་དུ་བསླེབས་ཀྱང་སྤྲང་པོ་གཞན་དང་མི་འདྲ་བར་གྲལ་གོང་ལ་བཞག་ནས་ལྟོ་སྟེར་བ་སོགས་སུས་ཀྱང་དགའ་མོས་བྱེད་པ་ཤ་སྟག་བྱུང་སྟེ་དེ་ནི་ལུས་ལ་གྲྭ་ཆས་གྱོན་པ་དང༌། ངག་ནས་ཁ་བཏོན་བྱེད་པ་སོགས་ཀྱིས་ཡིན་འདུག་པས་ལས་འབྲས་དང་དཀོན་མཆོག་གི་ཐུགས་རྗེ་ལ་ཡིད་ལྷག་པར་ཆེས།
དེ་ནས་རིམ་གྱིས་བི་ལུང་དགོན་སྟོད་དགོན་སྨད་ཟེར་བ་སོགས་ཁ་བ་དཀར་པོའི་ཁོངས་སུ་གཏོགས་པའི་གནས་རྣམས་མཇལ་ཏེ་སྨན་རི་ཤོད་ཟེར་བར་བསླེབས། དེར་ཞག་གཅིག་བསྡད་ནས་ཕྱི་ཉིན་འཇོལ་ཤོག་ལ་ཟེར་བའི་རི་ཆེན་པོ་དེ་ལ་འཛེགས་ཕྱིན་པས་རི་དེ་ཧ་ཅང་མཐོ་བའི་སྟབས་ཀྱིས་ཉིན་གཅིག་ལ་བརྒལ་མི་ཐུབ་པར་རི་སྐེད་ཙམ་དུ་ང་རང་གཅིག་པུར་ཞག་གཅིག་ལུས། ཕྱི་ཉིན་ལ་དེ་བརྒྱབས་ནས་སོང་བས་མར་ཙམ་བསླེབས་པ་ན་བླ་མ་དྲན་ཏེ་མིག་ཆུ་མང་པོ་ཤོར་བ་ནི་སླར་མི་མཇལ་བའི་རྟགས་སུ་གོ དེ་ནས་ཉིན་ཤས་སོང་མཚམས་ཚ་བ་བུལ་ཏོག་དགོན་དུ་བསླེབས། དེར་གྲྭ་ཤག་ཆེན་པོ་ཞིག་གི་སྒོ་འགྲམ་ནས་རྒན་ལགས་ཞེས་བོས་པས། བར་ཐོག་ནས་གྲྭ་པ་རྫིག་པོ་ཞིག་གིས་སུ་ཡིན་ཡར་ཤོག་དང་ཟེར། དེ་ནས་སྒོ་ཕྱེས་ཏེ་ནང་དུ་སོང་བས་ཁྱོད་ལ་ཁོ་བོའི་མིང་བཤད་མཁན་སུ་བྱུང་ཟེར། སུ་ཡང་མ་བྱུང་ལགས་བྱས་པས། འོ་ན་གང་ཡིན་ནམ། ཁོ་བོ་མཆོད་ཁང་དུ་རྣལ་འབྱོར་མའི་བདག་བསྐྱེད་འདོན་བཞིན་ཡོད་པ་ལ་རྒན་ཡེ་ཤེས་དབང་རྒྱལ་ཞེས་པའི་སྒྲ་ཤིན་ཏུ་གསལ་བ་ཞིག་ལྷང་གིས་ཐོས་ཏེ་དེ་འཕྲལ་རང་དབང་མེད་པར་ལངས་དགོས་བྱུང༌། མི་ཚེའི་རིང་ལ་ད་རེས་མ་གཏོགས་བདག་བསྐྱེད་འགོ་བཙུགས་ནས་མཇུག་མ་བསྐྱལ་བར་ལངས་རྒྱུ་ལྟ་ཞོག་ཁ་ཡང་གྲག་མ་མྱོང་བ་ཡིན་ཏེ་ཟེར་ནས་ཡ་མཚན་ཉམས་ཆེན་པོ་བྱེད་ཀྱི་འདུག དེ་ནས་ཁོང་དང་ལམ་རིམ་བློ་སྦྱོང་གི་གླེང་མོལ་བྱས་པས་ཤིན་ཏུ་དགའ་ནས་དེར་འདུག་རིང་བླ་མའི་ཚུལ་དུ་བཟའ་བཏུང་གྱ་ནོམ་པ་བྱིན། དེ་ནས་ཕར་ཙམ་སྡོད་ཟེར་ཡང་མ་ཉན་པར་ཐོན་ཕྱིན་ཏེ་བདུན་ཞག་གཅིག་ཙམ་ནས་ཚ་བ་སྤོམ་མདའ་ཟེར་བར་བསླེབས། དེར་ཕ་ཡུལ་གཅིག་པ་གྱང་དམར་ཆོས་མཛད་ལགས་རྒྱལ་ཐང་དགོན་པའི་ཚབ་བྱས་ཏེ་ྋརྒྱལ་བ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོར་ཁྲི་འབུལ་སྤམ་མཐོ་བ་ལེགས་པར་ཕུལ་གྲུབ་ནས་གནང་སྐྱེས་སུ། ྋརྒྱལ་བ་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོའི་འདྲ་སྐུ་རྒྱ་དངུལ་བླུག་མ་ལས་གྲུབ་པ་མི་ཚད་ཙམ་པ་གཅིག་གིས་མཚོན་སྲིད་ན་དཀོན་པ་དུ་མ་བསྩལ་བ་རྣམས་བསྣམས་ཏེ་ཕྱིར་འཁོར་ནས་རེ་ཞིག་ངལ་བསོས་ཏེ་བསྡད་འདུག་པ་དང་འཕྲད། དེར་ཁོང་དཔོན་གཡོག་རྣམས་ནས་བརྗོད་དོན་ལ་ད་ཕ་ཡུལ་གཅིག་པའི་འགྲུལ་པ་དང༌། གྲྭ་རྒྱུན་རྣམས་སླེབ་ཉེར་ཡོད་པས་འདིར་ཁོ་ཚོ་བསྒུག་ནས་མཉམ་དུ་སོང་དང༌། དེ་མིན་ན་སྲོག་འགོ་ཐོན་མི་ཡོང་ཟེར་ཡང་མ་ཉན་པར་ང་རང་གཅིག་པུར་ཕྱིན་ཏེ་སྐབས་དེར་དགོང་མོ་འགྲུལ་པ་དང་ཐུག་དུས་དེ་དག་གི་འཁྲིས་སུ་ཉལ། སྐབས་རེར་མི་མེད་ལུང་སྟོང་དུ་ཉལ་བ་སོགས་གར་སྐྱིད་ལ་ཕ་ཡུལ་དང༌། སུ་བྱམས་ལ་ཕ་མ་ཟེར་བའི་ཚུལ་དུ་ཅི་བདེར་ཕྱིན་པས་སྐྱིད་སྣང་ཆེན་པོ་བྱུང༌། དེ་ནས་དགའ་ལྡན་ལ་གཤམ་དུ་སླེབ་པ་ན་ཟླ་བོ་འགའ་ཞིག་དང་མཉམ་དུ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཆོས་མཇལ་ལ་ཕྱིན། གསེར་སྡོང་ཆེན་པོས་གཙོར་བྱས་རྟེན་གསུམ་བྱིན་རླབས་ཅན་མཐའ་ཀླས་པར་བཞུགས་པ་རྣམས་ཞིབ་ཏུ་མཇལ།
དྲུག་པ།
ཕྱི་ཉིན་དེ་ནས་སོང་སྟེ་ཚལ་གུང་ཐང་དུ་གནས་མལ་བཅས། དེའི་ནུབ་མོར་འབྲས་ཕུ་ཁང་གི་སྲུང་མས་བསུར་འོངས་པའི་རྨི་ལྟས་བྱུང༌། དེ་ལྟར་སྐྱེ་ཡུལ་ནས་རྐང་ཐང་མར་ཟླ་བ་གསུམ་མ་ཟིན་ཙམ་དཀའ་ཚེགས་ཆེན་པོས་འོངས་པའི་མཐར་གཞི་ནས་བོད་ཀྱི་རྒྱལ་ས་ལྷ་ལྡན་དུ་འབྱོར། ྋཇོ་བོ་ཤཱཀྱ་རྣམ་གཉིས་ཀྱིས་མཚོན་སྤྲུལ་པའི་རྟེན་གསུམ་ནམ་མཁའི་སྐར་ཚོགས་ལ་ཅོ་འདྲི་བ་ཇི་སྙེད་ཅིག་བཞུགས་པ་ཞིབ་ཏུ་མཇལ་ཏེ་གསོལ་བ་སྨོན་ལམ་ཤུགས་དྲག་ཏུ་བཏབ། ལྷག་པར་ྋཇོ་བོ་རིན་པོ་ཆེ་མཇལ་རེས་བཞིན་དུ་བསྟན་པ་དང་འགྲོ་བའི་དོན་དུ་རང་སྲོག་བློས་གཏོང་ནུས་པར་ཤོག་ཅེས་པའི་སྨོན་ཚིག་ཅིག་ཁ་ནས་ལན་མང་ཐལ་བ་ད་ལྟའང་དྲན་གྱི་འདུག དེ་ནས་ཆོས་སྡེ་ཆེན་པོ་འབྲས་སྤུངས་སུ་ཕྱིན། ཐོབ་ཁུངས་བློ་གླིང་ཕུ་ཁང་ཡིན་པས་དེར་ཞུགས་ཏེ་དགེ་བཤེས་བློ་བཟང་བསྟན་འཛིན་ཁག་འཁྱག་དགེ་རྒན་དུ་བསྟེན། དགེ་ཕྲུག་གཞན་དག་གིས་ནི་ཁོང་ལ་ལག་རྟགས་དང༌། དངུལ་བཅོལ་རྒྱུ་སོགས་མང་པོ་འདུག་མོད། བདག་ནི་དབུལ་ཞིང་ཕོངས་པས་དངུལ་ཕར་བཅོལ་རྒྱུ་ལྟ་ཞོག་འཕྲལ་གྱི་འཚོ་གོས་སོགས་གང་ས་ཅི་ཐད་ནས་ཚུར་འགོ་འདོན་དགོས་པ་བྱུང༌། དེ་ལྟར་དགེ་ཕྲུག་རྣམས་ཀྱི་ངོས་ནས་འབྱོར་པ་ཆེ་ཆུང་སོགས་སྣ་ཚོགས་ཡོད་མོད། དགེ་རྒན་དམ་པ་དེ་ཉིད་ཀྱི་ངོས་ནས་ཀུན་ལ་ཐུགས་སྙོམ་ཞིང་དམན་ལ་ལྷག་པར་བརྩེ་བ་ནི་སེམས་དཔའི་རྣམ་ཐར་རོ། །རྒན་དམ་པ་ཁོང་མིན་ན་སྤྲང་པོ་བདག་ལྟ་བུ་ནི་གྲྭ་སར་ཆགས་པའི་གནས་མེད་པས་སྐུ་དྲིན་ལ་འཁོར་མཐའ་མ་མཆིས་སོ། །
གྲྭ་སར་སླེབ་འཕྲལ་ཆོས་གྲོགས་བློ་བཟང་བཀྲ་ཤིས་དང་ངེད་གཉིས་ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་སྐུ་མདུན་དུ་བཅར་ནས་ཁམས་སུ་སོང་ནས་བླ་མ་རིན་པོ་ཆེའི་འཁྲིས་སུ་ཉམས་ལེན་བྱས་ནས་སྡོད་པ་དང༌། གྲྭ་སར་བསྡད་ནས་གཞུང་ཆེན་ཁག་ལ་སློབ་གཉེར་བྱས་པ་གང་བཟང་ཐུགས་དམ་ཞུས་པས། ཕྲན་ལ་ཁྱོད་ནི་ཁམས་སུ་སོང་ནའང་ཨང་ཀི་དང་པོ་ཡོང་བར་འདུག་ཅེས་དང༌། བློ་བཀྲར་ཁྱོད་གྲྭ་སར་བསྡད་ན་བར་ཆད་ཆེ་བར་འདུག་པས་ཁམས་སུ་སོང་ཞིག་ཅེས་ཕེབས། དེ་ནས་ངས་སླར་ཡང་ཕར་ཕྱིན་ལོ་ཤས་བལྟས་ནས་ཁམས་སུ་སོང་ན་ལེགས་སམ་ཞུས་པས། འོ་དེ་ལེགས་འདུག་གསུངས། དེ་ནས་གྲྭ་སར་སླེབ་པའི་ལོ་དེའི་དགུན་ཁར་ལྗང་དགུན་ཆོས་སུ་ཕྱིན། དེར་ཞལ་སྔ་ནས་ཐུབ་བསྟན་འཇིགས་བྲལ་མཆོག་དགེ་རྒན་དུ་བསྟེན་ཏེ་བསྡུས་གྲྭ་ལ་སྦྱངས་པས་རིགས་ལམ་ཕྱོགས་འགྲོ་ཙམ་ཆགས། འཛིན་གྲྭའི་ནང་ནས་རིག་པ་དྲགས་ཤོས་སུ་བྱེད་པ་བྱུང་ཡང་ད་བསམས་ན་རིགས་ལམ་སྣ་གཅིག་ཀྱང་དཔྱིས་ཕྱིན་པ་ནི་ཤེས་མི་འདུག དེ་དུས་གདན་ས་སོ་སོ་ནས་ཕེབས་པའི་གྲྭ་ཚོགས་ཆེ་ཞིང་རྩོད་པ་སྨར་བ་དང༌། མཁས་པའི་དབང་པོ་རྣམས་ཀྱི་རིགས་པའི་རྣམ་འགྱུར་ལ་མོས་གུས་ཆེན་པོ་སྐྱེས། དེ་དུས་ས་གྲང་ལ་གདན་དང་རྡོ་གྲང་ལ་སྔས་བྱས་ནས། ནམ་ཕྱེད་ཕར་ཡོལ་ནས་སང་གི་ཐོ་རེངས་ཙམ་གྱི་བར་དུ་སློབ་སྦྱོང་བྱེད་དགོས། ནམ་དུས་ཤིན་ཏུ་གྲང་བའི་ཁར་གྲྭ་སར་ལོ་ཆུང་རྣམས་མཚན་གང་ཁང་པའི་ཕྱི་ལོགས་སུ་བསྡད་ནས་སྐྱོར་སྦྱངས་དང་རྩོད་པ་འུར་ཆེམ་ཆེམ་དུ་རྩོད་པ་ལས་རང་དགར་བསྡད་པ་མེད། དེ་ཡང་གཟན་སྐེད་པ་ལ་དཀྲིས་ཏེ་རྐང་བརྡབ་ལག་བརྡབ་ཀྱི་ཚུལ་དུ་རྩོད་པ་ཡུན་རིང་རྩོད་དགོས་པ་དང༌། གྲང་ངར་ཤིན་ཏུ་ཆེ་བ་གཉིས་འདོམས་པའི་སྟོབས་ཀྱིས་རྐང་ལག་རྣམས་གས་ཏེ་ཁྲག་དང་ཆུ་སེར་ལྷུང་བ་སོགས་ཏེ་སྐབས་དེའི་སློབ་གཉེར་བ་རྣམས་ཀྱིས་དཀའ་སྤྱད་སྙིང་རུས་ཇི་ལྟར་བྱེད་པ་ཙམ་ནི་སྐྱིད་འདོད་ཅན་གྱིས་མནལ་ལམ་དུའང་བྱ་དཀའོ། །
སྐབས་དེའི་འཚོ་བ་ནི་ཁང་ཚན་གྲྭ་ཚང་གང་དུ་སོང་ཡང་ཕལ་ཆེར་ཇ་ཐང་སླ་སེང་ངེ་བ་ཞིག་ལས་མེད་པས་ཀུན་ཀྱང་ཤ་སྐམ་ལྤགས་སྐམ་ལ་འགྲོའོ། །ལྗང་དགུན་ཆོས་ནས་ཚུར་འཁོར་འཕྲལ་ཁང་ཚན་དུ་རྩོད་རྒྱུགས་འབུལ་དགོས་པས་གཞན་དག་འཇིགས་སྣང་བྱེད་ཀྱང་ཁོ་བོ་ལ་ནི་དངངས་སྐྲག་ཅི་ཡང་མ་བྱུང༌། དེ་དུས་ལོ་ན་ཕྲ་བ་དང་དཀོར་གྱིས་མ་སྦགས་པས་བྱས་པ་ཡིན་ནམ་གང་ལྟར་དགེ་རྒན་ནས་གསུངས་པ་དང་རང་གིས་དཔེ་ལྟ་བ་སོགས་ཀྱི་ཚེ་ན་ལན་རེ་ཟུང་ཁོ་ནས་བློ་ལ་ངེས་ཤིང་ངག་ནས་ཤར་ཤར་བསྐྱོར་ཐུབ་པ་ཡོད། རྭ་སྒྲེང་རིན་པོ་ཆེ་ནས་མཛད་པའི་ྋརྒྱལ་བའི་ྋཞབས་བརྟན་རྒྱས་པ་དེ་ཉིན་ཕྱེད་ལས་མ་འགོར་བར་བློ་ལ་འཇགས་འདུག་པ་ལ་བལྟས་ན། སྡུག་རུས་བྱས་ཚེ་ཕར་ཕྱིན་སྤྱི་དོན་སོགས་ནི་ཉིན་རེར་ཤོག་བུ་བཅུ་རེ་ཙམ་ཡང་འཛིན་ཐུབ་ཚོད་དུ་གདའོ། །དེ་ལྟ་ནའང་གཉིད་རྨུགས་དང་ལེ་ལོའི་དབང་གིས་ད་ལྟ་ཤོག་ལྷེ་བཅུ་སྐོར་ཙམ་ཡང་བསྐྱོར་རྒྱུ་མེད་པ་ནི་ངོ་ཚ་བའི་གནས་སོ། །
རང་ལོ་ཉེར་གསུམ་ལ་སོན་པ་ན་རིགས་ལམ་ཆེ་འབྲིང་ཆུང་གསུམ་དང༌། བློ་རྟགས་རྩོད། དེའི་ལོ་རྗེས་མར་ཕར་ཕྱིན་གྱི་འཛིན་གྲྭར་བསླེབས་པས་གཞུང་གསར་ནས་ལྟ་འགོ་བཙུགས། སྔ་རྟིང་དུ་མངོན་རྟོགས་རྒྱན་དང༌། འགྲེལ་པ་དོན་གསལ། ཕར་ཕྱིན་སྤྱི་དོན་སོགས་གཞུང་མང་པོ་བློར་འཛིན་ཐོག་ཉི་སྣང་དང༌། བརྒྱད་སྟོང་འགྲེལ་ཆེན། ལེགས་བཤད་གསེར་འཕྲེང་དང༌། རྣམ་བཤད་སྙིང་རྒྱན་སོགས་འཕགས་བོད་ཀྱི་ཡིག་ཆ་མང་པོ་ལོ་དྲུག་གི་རིང་ལ་ཞིབ་ཏུ་བལྟས་ཏེ་ཚངས་སྤྱོད་ཀྱི་གྲོགས་པོ་རྣམས་དང་ལྷན་ཅིག་ཏུ་རྩོད་པས་བརྡར་ཤ་བཅད་པའི་ལུགས་སུ་བྱས། ཐོག་མར་གཞུང་གསར་དང་དྲང་ངེས་ཀྱི་སྐབས་སུ་གྲགས་སྐམ་ཆེན་པོ་བྱུང་མོད་ཀྱང༌། མི་རིང་བར་རྒན་རིན་པོ་ཆེའི་བཀའ་དགོངས་ལྟར་སྤང་སྒང་བླ་བྲང་དུ་སྡོད་དགོས་ཤར་བས་རིག་པ་ཇེ་ཞན་དང་གྲགས་པ་ཇེ་ཆུང་དུ་སོང་ཡང༌། དུས་རེ་ཞིག་གི་བར་དུ་བསྲན་བཙུགས་ཏེ་བསྡད། དེ་ནས་ཨུ་ཚུགས་མཐའ་བསྐྱལ་གྱིས་དགོངས་པ་ཞུས་ཏེ་དོན་ཉུང་བྱ་ཉུང་ལ་བརྟེན་པས་རིག་པ་སོར་ཆུད་ཐུབ་ཙམ་བྱུུང༌། རང་ལོ་ཉེར་ལྔ་པའི་སྐབས་འཆི་བའི་རྨི་ལྟས་འཇིགས་སུ་རུང་བ་ཞིག་བྱུང་བས་དངངས་ཏེ་ཏྲེ་ཧོར་བཀའ་འགྱུར་རིན་པོ་ཆེར་ཐུགས་དམ་ཞུ་བར་ཕྱིན་པས་ཤིན་ཏུ་འཚུབ་ཅེས་ཕེབས། ྋསྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོར་ཞུས་པས་ཀྱང་འཚུབ་པོ་འདུག་ཅེས་ཕེབས་བྱུང་བས་དངངས་སྐྲག་སྐྱེས་ཏེ་འཕྲལ་མར་སྒྲོལ་དཀར་ཚེ་སྒྲུབ་ཅིག་བྱས་པས་བར་ཆད་བཟློག་པའི་གདེངས་རྙེད། དུས་ཕྱིས་སུའང་དུས་མིན་གྱི་འཆི་ལྟས་སོགས་བྱུང་རེས་བཞིན་དུ་ལྷ་འདིའི་བསྙེན་སྒྲུབ་ལ་འབད་པས་བཟློག་ཐུབ་པར་ཤ་སྟག་བྱུང༌། སྐབས་ཤིག་འབྲས་སྤུངས་གསང་སྔགས་ཕོ་བྲང་དུ་དཔེ་མཚམས་ལ་ཕྱིན། དེར་སྡོད་རིང་ཆུ་གྲང་མོ་ཁོ་ན་བཏུངས་པས་ལུས་ཀྱི་སྟོབས་ཤོར། དེ་མཚུངས་བྲག་རི་རི་ཁྲོད་དང༌། དགོན་གསར་རི་ཁྲོད་རྣམས་སུའང་ཆུ་གྲང་ཁོ་ནས་དུས་འདའ་བས་སྐབས་ཤིག་ནས་ཁ་སྐོམ་སྟེ་ཆུ་ཇི་ཙམ་བཏུངས་ཀྱང་ངོམས་རྒྱུ་མེད་པ་ཞིག་བྱུང༌། དེ་ནས་ཁོག་སྨད་ཀྱང་ལྕི་རུ་སོང་སྟེ་ཡར་ལྡང་མི་ཐུབ་པ་ཞིག་བྱུང་བས་གློ་བུར་དུ་གྲུབ་པའི་དབང་ཕྱུག་རྒན་རིག་འཛིན་བསྟན་པ་ལགས་ཕེབས་ནས་དེ་ལྟར་མི་རུང་བའི་བཀའ་སློབ་ནན་པོ་བསྩལ་བྱུང་བས་རེ་ཞིག་དྭང་ལེན་ཞུས་ཏེ་ཇ་ཐང་སླ་པོ་རེ་བསྐོལ་ནས་བཏུངས་པས་ལུས་ལ་མི་སྐྱོན་ཙམ་བྱུང༌། དེ་ལྟར་ལོ་ངོ་བཅུ་ཕྲག་གཉིས་ཙམ་གྱི་རིང་ས་གྲང་ལ་གདན་དང༌། རྡོ་གྲང་ལ་སྔས་བྱས། ལྟོ་གོས་གཏམ་གསུམ་ལ་གྱོང་བསྐུར། དམན་པའི་ས་བཟུང་ཧྲུལ་པོའི་གོས་གྱོན་པ་སོགས་དཀའ་སྤྱད་སྙིང་རུས་ཀྱིས་དུས་འདའ་བར་བྱས་སོ། །ཆོས་མཚམས་ཆེན་པོའི་སྐབས་ཤིག་དགོན་གསར་རི་ཁྲོད་དུ་དཔེ་མཚམས་ལ་ཕྱིན་པས་ལན་གཅིག་གོས་ཐུང་སྟོད་ཐུང་མཚོན་ཙམ་ཞིག་ལས་གྱོན་རྒྱུ་མེད་པའི་མི་དར་མ་ཞིག་འོངས་ནས་བརྗོད་དོན། བདག་རྒྱ་མི་ཚེ་རིང་ཚང་གི་དྲེལ་པ་ཞིག་ཡིན་ཏེ་ནང་གི་དྲེལ་གཅིག་བརླགས་ནས་ཞག་ཁ་ཡར་སོང་བ་ལ་ཁྲིམས་ཁྲི་ཟམ་ཕ་རིར་འདུག་ཟེར་བ་མདང་ནུབ་ལན་འབྱོར་བྱུང་བས་ད་ནངས་སྔ་མོར་ལངས་ནས་བསྐོངས་པར་ཕྱིན་པ་ཡིན་ཏེ། སྤྱི་རིའི་ཟུར་གདོང་ལ་བསླེབས་དུས་རྐུན་མ་ཁག་ཅིག་དང་འཕྲད་དེ་གྱོན་གོས་རྐང་ལྷམ་ཐམས་ཅད་འཕྲོགས་སོང༌། ད་འདི་འདྲར་བྱས་ནས་ལྷ་སའི་གྲོང་ཁྱེར་ནང་དུ་འགྲོ་ཤེས་པ་མི་འདུག་པས་ཕྱུ་པ་དང་ལྷམ་ཞིག་གཡོར་དང་ཟེར་བྱུང་བས། ང་རང་ལ་ལྷམ་དང་ཕྱུ་པ་མེད་ཀྱང་ངས་དགོན་གསར་བླ་བྲང་དུ་ཕྱིན་ཏེ་ཁྲུ་ཙེའི་རྒྱབ་ལྡན་ཕྱུ་པ་ཞིག་དང༌། ཤུད་ཙིའི་ལྷམ་ཞིག་གཡར་ནས་ཁོ་པར་གཡོགས་ཤིང་འདི་གཉིས་སང་ཉིན་ཚུར་བསྐྱལ་བར་ཤོག་བྱས་པས། ཁོ་པས་ཕྲན་ལས་ཀ་མང་བས་ལྷམ་དང་ཕྱུ་པ་བསྐྱལ་བར་ཡོང་ལོངས་མེད། ཁྱེད་ལེན་པར་ཡོང་རོགས་གྱིས་ཟེར་ཐལ་མོ་བསླངས་བྱུང་བས་ངོ་མ་ལྕོགས་པར་ཁོ་པ་དང་བསྡེབས་ནས་ལེན་པར་ཕྱིན། མགྱོགས་ཙམ་འགྲོ་བྱས་ཀྱང་མ་ཉན་པར་ལམ་དུ་ཅི་འགོར་བྱེད་ཀྱི་འདུག མི་དེ་ནི་ཡུལ་གྱི་རྐུན་པོ་གཡོ་ཁྲམ་ཅན་ཞིག་ཡིན་འདུག་པས། དེ་དུས་ཁོ་བོའི་ལུས་ལ་གཟན་ཤམ་ཅུང་ལེགས་ཙམ་ཞིག་གྱོན་ཡོད་པས་ང་གུད་ཟུར་ནས་འཁྲིད་ནས་བསད་ལ་གཟན་ཤམ་འཕྲོགས་བསམས་འདུག ཁོའི་ཁ་ནས་ཀྱང་ཉི་མའི་གུང་ལ་ནང་དུ་ཕྱིན་ན་སྦྱིན་བདག་ནས་ཨཱ་བཀའ་བཀྱོན་གསུང་ཡོང༌། ས་རུབ་ནས་ནང་ལ་འགྲོ་བ་དགའ་ཟེར་བྱུང༌། དེ་ནས་རྩེ་པོ་ཏཱ་ལའི་རྒྱབ་ལ་སླེབ་པ་ན་གློ་བུར་དུ་དཔལ་ལྡན་ལྷ་མོའི་རྣམ་འཕྲུལ་ཡིན་ནམ་སྙམ་པའི་བུད་མེད་ཅིག་འོངས་ཏེ་ཁོ་ལ། ཁྱོད་ཀྱིས་ཁ་བསླུས་དང་རྐུན་མ་ཇི་ལྟར་བྱས་ཚུལ་སོགས་ནག་ཉེས་མང་པོ་བགྲངས་ཏེ་ཁོ་དང་འཐབ། ཕྲན་ལའང་དགེ་བཤེས་ལགས་ཁྱེད་རང་མི་འདི་ལ་ཁ་ཡ་མ་བྱེད་ཅིག མི་འདི་ཕྱི་ཚུལ་ལ་རྫིག་མདོག་ཁ་བ་ལས་དོན་དངོས་ཐོག་ཡོངས་སུ་མར་བུད་རྫུན་མཁན་རེད་ཟེར་བྱུུང༌། དེ་ནས་བུད་མེད་དེས་ཁོང་ཚོ་ཤོག་ཟེར་ལག་པ་གཡུགས་ཏེ་རོགས་པ་ཁ་ཤས་སྐད་བཏང་སོང་བས་རྐུན་མ་དེ་སྐྲག་ནས་བྲོས་སོང་བ་དང་བུད་མེད་དེ་ཚོས་རྐུན་མ་འཇུས་ཤིག་ཅེས་དེད་སོང་ཡང༌། རྐུན་མ་དེས་ཀྱང་རྐུན་མ་འཇུས་ཤིག་ཅེས་སྐད་ཅོར་རྒྱག་བཞིན་བྲོས་སོང་བར་མི་རྣམས་མགོ་འཐོམས་ནས་ཤོར་ཐལ། དེ་ནས་ཡིད་ལ་འདི་སྙམ་དུ་ལྷམ་དང་ཕྱུ་པའི་རིན་མ་བསབ་པར་བསྡད་ས་ནི་མེད། བསབ་པ་ལ་ནི་རང་གི་ཁའི་ཕོར་པ་ཡན་བཙོང་ནའང་དེའི་རིན་ཆ་ཤས་ཕྲ་མོ་ཡང་མི་འདང་བས་ད་ནི་ཇི་ལྟར་བྱ་སྙམ་ནས་ཁྲག་རླུང་ལྡང་བའི་ཚོད་ཙམ་གྱི་སེམས་ཁྲལ་དང་ཡིད་མི་བདེ་བ་ཆེན་པོ་སྐྱེས། བྱ་ཐབས་ཟད་ནས་དེའི་ནུབ་མོ་ངོ་ཤེས་ཤིག་གི་ནང་དུ་གནས་ཚང་གཡར་ནས་ཉལ། ནམ་སྨད་རྨི་ལམ་དུ་བུད་མེད་ཅིག་གིས་རྒྱལ་སྒོ་ཞིག་ཧར་གྱིས་ཕྱེ་ནས་ལྟོས་ཤིག་ཟེར་མཛུབ་མོ་བཙུགས་ཀྱིན་འདུག་པར་བལྟས་པས་སྔར་གྱི་རྐུན་མ་དེ་ཕར་ཙམ་ན་འགྲོ་གི་འདུག དེར་ངས་ཁོ་དེད་པ་དང་ཁོས་བྲོས་སོང་བ་ཞིག་རྨིས་ཏེ། དེ་མ་ཐག་གཉིད་སད། དེ་ནས་ཡར་ལངས་ཏེ་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་མཆོད་མཇལ་ལ་ཕྱིན་པས་རྡོ་སྦུད་པ་གཟུགས་ཀྱི་ཐད་དུ་སླེབ་པ་ན་མི་ཞིག་གིས་ང་ལ་ཚུར་འཇུས་བྱུང་བར་བལྟས་པས་རྐུན་མ་དེ་རེད་འདུག དེ་ལྟར་བྱེད་པ་ནི་ལྷ་ཆོས་སྲུང་གིས་ཁོ་རང་དབང་མེད་པར་བཀུག་སྟེ་ངའི་ལག་ཏུ་སྟེར་བ་ལས་གཞན་གང་ཡང་མིན་པ་ནི་འོག་ཏུ་གསལ་ལོ། །དེ་ནས་ད་ལྷམ་དང་ཕྱུ་པ་ཚུར་འཁྱེར་ཤོག་བྱས་པས་ཁྱོད་འདི་གར་སྒུག་དང་ངས་མཆོད་མཇལ་ཞུས་ནས་སླེབ་ཡོང་ཟེར་མགོ་བསྐོར་བཏང་ནས་བྲོས་འགྲོ་རྩིས་འདུག་ཀྱང་ངས་ཁོ་མ་གློད། དེར་ཁོས་ཀ་ཀོར་མང་པོ་བཤད་པའི་མཐར་བཞི་སྡེ་གྲྭ་ཚང་གི་ཐོག་ཁར་རྭ་སྒྲེང་ཛ་སག་བཞུགས་ཡོད་པས་དེའི་ས་ནས་ཕྱུ་པ་ཚབ་ཅིག་གཡར་ཏེ། ཁྱོད་ཀྱི་ཕྱུ་པ་ཚུར་སྤྲད་ཆོག་ལེན་པར་ཡོང་རོགས་གྱིས་ཟེར་བྱུང་བས་བདེན་ནམ་སྙམ་སྟེ་ཁོ་པའི་ཕྱི་བཞིན་ལེན་པར་ཕྱིན་པས་ཁོ་པ་བཞི་སྡེའི་ལྟག་སྒོ་བརྒྱུད་ནས་བྲོས་ལ་ཤོར་སོང༌། དེར་རྐུན་མ་བྲོས་སོང་ཞེས་སྐད་འབོད་དང་སྦྲགས་རྗེས་འདེད་བཏང་བས་ལྷ་ཆོས་སྲུང་གི་མཐུས་བྲོས་མ་ཕོད་པར་ཧྲང་ངེར་ལངས་ནས་བསྡད་འདུག་པས་གདོད་ཕྱུ་པ་བཤུས་ཏེ་ཚུར་ལེན་ཐུབ་ཙམ་བྱུང༌། ཁོ་པའི་བྱེད་ལུགས་བྱེད་སྟངས་དེ་དག་ལ་བལྟས་ན་ཐོག་མར་རི་ཁྲོད་ནས་ལྷམ་དང་ཕྱུ་པ་ལེན་པར་ཡོང་རོགས་ཟེར་བ་ནི་བདག་བསད་ནས་གཟན་ཤམ་འཕྲོག་འདོད་པ་དང༌། གཙུག་ལག་ཁང་དུ་ངས་ཁོ་ཕར་མ་མཐོང་ཡང་ཁོས་དབང་མེད་དུ་བདག་ལ་ཚུར་འཇུ་རུ་འོངས་པ་ནི་ལྷ་སྲུང་དག་གི་འཕྲུལ་ཡིན་པར་ཤེས་ནུས་སོ། །
བདུན་པ།
དེ་ལྟར་ཕར་ཕྱིན་རགས་རིམ་བལྟས་ཟིན་ནས་དབུ་མའི་འཛིན་གྲྭར་སླེབ་ཙམ་ན་བློ་མི་བདེ་བའི་གནས་ཤིག་བྱུང་སྟེ། དེ་ཡང་ཁང་ཚན་དགེ་རྒན་བྱེད་རྒྱུ་ནི་ཐག་རིང་གི་གྲྭ་རྒྱུན་རྣམས་ཀྱི་ཁྲལ་ཡིན་པས་གཡོལ་དུ་མེད་ལ། དེ་བླུ་བར་བྱེད་པ་ལ་བླུ་བྱེད་ཀྱི་ཆ་རྐྱེན་མེད་ཅིང༌། ཡོད་པའི་དབང་དུ་བྱས་ཀྱང་བླུ་མི་ཆོག་པའི་སྒྲིག་ཁྲིམས་དམ་པོ་བསྡམས་ཡོད། ཁང་རྒན་བྱེད་དགོས་བྱུང་ན་ནི་ལས་ཀྱི་མཐའ་མང་ཞིང༌། དགེ་འདུན་ཁྲིམས་ཀྱིས་བཅུན་དགོས་པ་སོགས་དགག་བྱ་ཤིན་ཏུ་ཆེ་བས་མི་བྱེད་ཐག་ཆོད་ཡིན། གལ་ཏེ་བླུ་ལངས་གང་རུང་མི་བྱེད་ན་ནི་གྲྭ་ས་དང་ཁ་བྲལ་དགོས་ཤིང༌། དབུ་མ་ལྟ་ལོངས་མ་བྱུང་བར་གྲྭ་ས་དང་བྲལ་དགོས་བྱུང་ན་ནི་ཤིན་ཏུ་ཕངས་པར་འདུག་པས་དེས་ན་ཁང་རྒན་ཡང་བྱེད་མི་དགོས་ལ་གྲྭ་ས་དང་ཡང་བྲལ་མི་དགོས་པ་ཞིག་དཀོན་མཆོག་རིན་པོ་ཆེས་མཁྱེན་སྙམ་དུ་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་ཕུར་ཚུགས་སུ་ཡང་ཡང བཏབ། དེ་ལྟར་གསོལ་བ་ཤུགས་དྲག་བཏབ་རེས་བཞིན་དུ་ཚེག་སྒྲ་དང་ཏོག་སྒྲ་མངོན་གསལ་ཅན་ནར་མར་བྱུང་སྟེ། དེ་ནི་འདོད་དོན་འགྲུབ་པར་ཞལ་གྱིས་བཞེས་པའི་བརྡར་གོའོ། །དེ་ནས་མི་རིང་བར་ཁང་རྒན་ཐོག་ཏུ་འཁེལ་ལ་ཉེ་བའི་གྲྭ་ཞིག་གིས་དོན་དུ་ཁང་ཚན་གྱི་སྒྲིག་ཁོངས་ནས་འཐེན་པར་འདོད་ཀྱང་ལེ་ཁག་ཚོགས་འདུ་ལ་འགེལ་བསམས་ནས་ཁང་རྒན་བླུས་ཆོག་པ་ཞེས་སྙན་སེང་ཕུལ་བའི་ལུགས་སུ་བྱས། དེར་ཚོགས་འདུས་ཀྱང་ལག་པ་འཕྱིས་འདོད་པར་ཤེས་ཏེ་ཊམ་རྡོ་བརྒྱ་དང་ཚོགས་ཇ་བཞི། འགྱེད་ཞོ་གསུམ་བཅས་ཕུལ་ན་བླུས་ཆོག་ཅེས་བཀའ་ཁྲོལ་བའི་ཟོལ་བྱས། བླུ་ཆ་དེ་ཙམ་འཁྱེར་ཤོག་ཟེར་བ་ནི་དོན་དུ་སུས་ཀྱང་སྒྲུབ་མི་ནུས་པའི་ཁྲིམས་སུ་བཅས་པར་འདུག་གོ། དེར་བདག་གི་བསམ་པར་ད་རེས་དཀོན་མཆོག་གི་ཐུགས་རྗེས་བླུས་ཆོག་པའི་གོ་སྐབས་ཤར་བ་ལས་གཞན་འདི་འདྲ་འོང་ག་ལ་སྲིད། དེ་ལྟ་ནའང་བདག་ནི་དབུལ་ཞིང་ཕོངས་པས་བླུ་ཡོན་དེ་ཙམ་འཇལ་རྒྱུ་ལྟ་ཞོག་གི་ཉིན་རེའི་འཚོ་བ་ཙམ་ཡང་འཁྱོལ་དཀའ་བའི་ངང་ཚུལ་འདིར་ཟད། འོན་ཏེ་བླ་མ་རིན་པོ་ཆེས་རང་ཡུལ་ཚོང་པ་རྣམས་ལ་བཀའ་བསྩལ་ན་ནི་དོན་འདི་འགྲུབ་པར་གདོན་མི་ཟ་ཡང༌། འདི་ཐད་བླ་མ་རིན་པོ་ཆེར་ཞུ་འོས་སུ་མི་འདུག་པས་ཇི་ལྟར་བྱ་སྙམ་དུ་བློ་ཐེ་ཚོམ་གྱི་འཁྱོག་ལ་འཕྱང་བཞིན་པར་དེའི་ཉིན་མོ་རང་ལ་ལྷ་སར་ཕྱིན། གནས་ཚང་དུ་སླེབ་འཕྲལ་མི་ཞིག་གིས་བླ་མ་རིན་པོ་ཆེས་ཁྱེད་ལ་བསྐུར་བ་ཡིན་ཞེས་ཕྱག་བྲིས་ཤིག་སྤྲད་བྱུང་བ་བཀླགས་པས། འདི་ལོར་ཁྱོད་ལ་དཀའ་ངལ་ཅི་འདྲ་ཞིག་ཡོད་རུང་སྦ་གསང་མེད་པར་ཡིག་རིས་སུ་ཕབ་ནས་བསྐུར་ཤོག་ཅེས་གསུངས་འདུག་པས་འདི་རྨི་ལམ་མིན་ནམ་སྙམ་པ་བྱུང༌། དེའི་རྒྱུ་མཚན་ཡང་རྣམ་ཀུན་ལོ་རེར་ཕྱག་བྲིས་དུས་རེ་ལས་བསྩལ་སྲོལ་མེད་ཅིང༌། གསུང་རིས་དེ་འདྲ་ཡང་ཕེབས་མྱོང་མེད་ལ་འདི་ལོའི་བཀའ་ཡིག་བསྩལ་གྲུབ་ནས་ཟླ་བ་གཅིག་ཙམ་སོང་ཟིན་ཀྱང་ད་རེས་སླར་ཡང་བཀའ་ཡིག་དེ་འདྲ་བསྩལ་བ་ནི་ད་ལོ་ཁང་རྒན་བླུ་རྒྱུར་ཆེས་སྔ་ས་ནས་མཁྱེན་པ་མ་ཡིན་ན་གཞན་ཅི་ཞིག་ཡིན། ལར་ནས་ཁང་ཚན་གྱིས་སྐབས་དབྱེ་བ་སོགས་ཐམས་ཅད་བླ་མའི་ཐུགས་རྗེ་ཉག་ཅིག་ཡིན་འདུག་ཅིང༌། སངས་རྒྱས་ཀྱི་འཕྲིན་ལས་དུས་ལས་མི་འདའ་བར་གསུངས་པ་ཡང་འདི་འདྲ་ཞིག་ལ་དགོངས་པ་ཡིན་འདུག་སྙམ་པའི་ཡིད་ཆེས་དང་མོས་གུས་ཚད་ལས་འདས་པ་སྐྱེས། དེ་ལྟར་བླ་མ་རིན་པོ་ཆེས་ཞལ་བཞེས་ཐོབ་ཀྱང་བར་ན་ས་ཐག་རིང་ཞིང༌། དེ་དུས་མོ་ཏྲའི་ལམ་བུ་སོགས་ཀྱང་མེད་པས་དོན་སྨིན་ཡོང་བར་དམའ་མཐར་ཡང་ལོ་གཅིག་ཙམ་འགོར་བཟོ་འདུག་ལ་ཁང་རྒན་བླུ་རྒྱུ་ནི་ཉིན་ཞག་ལྔ་ལས་འགྱངས་མི་རུང་བས་འདི་ཐད་ཇི་ལྟར་བྱས་ན་འགབ་ཅེས་རྒན་ངག་དབང་ཐར་པ་དང༌། ཞང་པོ་ཚུལ་ཁྲིམས། རྒན་ཉི་མ་གསུམ་ལ་གྲོས་དྲིས་པས་ཁོང་གསུམ་ནས་འགན་གཙང་མར་བཞེས་ཤིང༌། དེའི་ནང་ནས་ཀྱང་རྒན་ངག་དབང་ཐར་པས་འགན་ཡོངས་རྫོགས་བཞེས་ཏེ་ཚོགས་འདུས་ཐག་བཅད་དེ་ཉིན་ཞག་གཉིས་ལས་མ་སོང་བར་བླུས་ཐུབ་པ་བྱུང་སྟེ་ཀུན་ཀྱང་ངོ་མཚར་རོ། །དེར་འགྲོ་སོང་རྡོ་ཚད་བརྒྱ་དང་ལྔ་བཅུ་ཙམ་སོང་ཞིང་བུ་ལོན་དེ་རྣམས་གསབ་པའི་ཐབས་ཤེས་སུ་སླར་ཡང་བུ་ལོན་རྡོ་ཚད་བརྒྱ་དང་ལྔ་བཅུ་གཡར་ཏེ་འབྲེལ་ཡོད་ཚོང་པ་རྣམས་ལ་ཚོང་བཅོལ་དུ་བསྐུར་སོང་བས་ཀུན་དྲིལ་ན་བུ་ལོན་རྡོ་ཚད་སུམ་བརྒྱ་ཙམ་ཆགས་འདུག ཡིན་ཡང་གོང་སྨོས་ཁོང་གསུམ་གྱི་ནང་ནས་གཉིས་ཀྱིས་དོ་བདག་བྱས། གཅིག་གིས་ཁག་འཁྱག་བྱས་ཏེ་ཁུངས་སོ་སོར་དངུལ་གཡར་བ་ལས་བདག་ནི་སྤྲང་འཁྱམས་འབའ་ཞིག་ལ་སོང་དོ་བདག་དང་ཁག་འཁྱག་གང་དུའང་མ་ཐེ། དེ་ནས་ཚོང་བཅོལ་བསྐུར་ཡུལ་གྱི་ཚོང་པ་རྣམས་རང་ཡུལ་དུ་འབྱོར་འཕྲལ་བླ་མ་རིན་པོ་ཆེས་བཀའ་ཕེབས་པར་བརྟེན་དེའི་ཕྱི་ལོར་ཚོང་པ་ལ་ལས་མ་རྩའི་ལྡབ་ཉིས་འགྱུར་དང༌། ལ་ལས་ལྡབ་སུམ་འགྱུར་ལ་སོགས་པ་སྤྲད་བྱུང་བས་བུ་ལོན་རྡོ་ཚད་བཞི་བཅུ་ཙམ་ལས་མ་ལུས་པར་འཇལ་ཐུབ་པ་བྱུང༌། དེ་ལྟར་ཁང་རྒན་བླུས་ཟིན་ནས་རིང་པོར་མ་སོང་བའི་སྐབས་ཤིག་ན་ད་ནི་ཁང་ཚན་གྱི་ཁྲིམས་འོག་ཏུ་སྡོད་མི་དགོས་པས་ཚེ་བློས་བཏང་གི་ཆོས་པ་རྣམ་དག་ཅིག་བྱ་བསམས་ཏེ་ཤག་ཆས་ཡོངས་རྫོགས་བཙོངས་ནས་ཁང་རྒན་བླུས་པའི་བུ་ལོན་འཕྲོར་ལུས་པ་རྣམས་འཇལ། གནས་མལ་ཡོ་བྱད་སོགས་ནོར་ཕན་ཐོགས་པ་སྣ་གཅིག་ཀྱང་མེད་པ་སྤྲང་པོ་ལྟར་བྱས་ནས་བསྡད། འགྱེད་ཕོགས་སོགས་ཀྱང་འཇུ་དཀའ་བར་མཐོང་ནས་མ་བླངས་པས་འཚོ་བ་ཤིན་ཏུ་བཀྲེན་པོ་བྱུང༌། ལར་ནས་རྩམ་པ་ངན་ངོན་དང་ཇ་ཐང་སྣུམ་འདྲ་བ་ཉུང་ཟད་རེ་ལས་མེད་ཅིང༌། སྐབས་འགར་རྩམ་པ་ངན་ངོན་དེ་ཡང་ཆད་ནས་སྲན་མ་སྦངས་ནས་ཟ་དགོས་པའང་བྱུང༌། གཞན་གྱིས་ཅུང་ཟད་སྟེར་མཁན་འདྲ་བྱུང་ཡང་དཀོར་ལ་བསམས་ནས་མ་བླངས་པས་ཤ་སྐམ་པགས་སྐམ་ཡི་དྭགས་ལྟར་གྱུར། དེ་དུས་དབུ་མ་དང་འདུལ་བ་སོགས་བལྟས་མ་ཚར་བས་རྒན་རྣམ་པའི་སྐུ་མདུན་ནས་དཔེ་ཁྲིད་དང༌། ཆོས་ར་ནི་ཆག་མེད་དུ་འགྲིམས། ཐད་ཀ་ཐད་ཀའི་གཞུང་ཚན་རེ་རེ་བཞིན་ཚངས་སྤྱོད་ཀྱི་གྲོགས་པོ་རྣམས་དང་ལྷན་ཅིག་ཏུ་རྩོད་དེ་སྒྲོ་འདོགས་ཆོད་པར་བྱས། ལྗང་དགུན་ཆོས་སུ་གདན་ས་ཁག་གི་མཁས་དབང་རྒྱ་མཚོ་ལྟ་བུ་གདན་འཛོམས་པའི་དབུས་སུ་ཚད་མའི་དམ་བཅའ་འཇོག་པའི་སྐལ་བཟང་དགའ་སྟོན་ཡང་ཐེངས་མང་མྱངས། དེའི་ཚེ་གྲགས་པའི་འཕྲེང་བ་ཕྱོགས་ཀྱི་བུ་མོའི་འགྲམ་པ་ལ་བཀོད་ཀྱང་དོན་གྱི་སྙིང་པོས་དབེན་པས་སྟོང་འུར་དུ་ཟད།
རང་ལོ་སོ་གསུམ་པར་འབྲས་སྤུངས་དགེ་འཕེལ་རིར་འཇམ་དཀར་གྱི་བསྙེན་པ་ཞིག་བསྐྱལ་བས་དེ་ནས་བཟུང་རིག་པ་ཅུང་ཟད་དྲག་ཏུ་སོང་འདུག་ཅེས་རྒྱུས་ཡོད་རྣམས་གླེང༌། དེ་ལྟར་འཚོ་བ་དཀའ་ཐུབ་ལ་གནས་པ་དང་འདུལ་བའི་བཅས་མཚམས་ཀྱང་ཚུལ་བཞིན་བསྲུང་བའི་ཁུལ་བྱས་པས་སྐབས་ཤིག་ནས་ཁོ་བོའི་ཤག་མཚེས་པ་སྔགས་པ་ཕྱག་ཟུར་སྐལ་བཟང་ནོར་བུ་ཟེར་བ་མགུ་ནས་མེ་ཤིང་སོགས་རོགས་རམ་གནང་བྱུང་བས་བཀའ་དྲིན་ཆེ་བར་འཁུམས། ཁོང་གིས་བརྗོད་རིགས་སུ་ཕྲན་གྱི་རྨི་ལམ་དུ་ཤར་ཕྱོགས་ཀྱི་ནམ་མཁའ་ནས་གསེར་གྱི་འཁོར་ལོ་འོད་འབར་བ་ཞིག་ཤར་གྱིས་འོངས་ནས་བདག་གི་ཐད་དུ་སླེབ་པ་ན་བསྡད་སོང་བ་ཞིག་རྨིས་ཏེ། དེ་ནི་ཁྱོད་འདིར་ཤག་འཕོས་པའི་ལྟས་སུ་འདུག་ཅེས་ཟེར་ནས་དད་དད་བྱེད་ཀྱི་ཡོད། སྐབས་ཤིག་ན་ཇ་དང་ཚྭ་འདི་ཡང་ཉེས་དམིགས་ཆེ་བར་འདུག་སྙམ་ནས་ད་ཕྱིན་ཆད་ཆུ་འཁོལ་ལས་མི་འཐུང་ཞེས་དམ་བཅའ་ཤུགས་དྲག་བྱས། དེ་ལྟར་ཆུ་འཁོལ་ཁོ་ན་བཏུངས་ནས་ལོ་གཅིག་ཙམ་སོང་བའི་ཚེ་རུས་པའི་གཏིང་ནས་ཟུག་གཟེར་དང༌། འབམ་ལ་སོགས་པའི་ནད་སྣ་ཚོགས་ལངས་ཏེ་ཉལ་མལ་དུ་ལུས། ཚུལ་དེ་སྐྱབས་གཅིག་བཀའ་དྲིན་ཟླ་མེད་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོས་གསན་འཕྲལ་ཚ་བ་ཟམ་གདོང་རིན་པོ་ཆེ་བརྒྱུད་ནས་བཀའ་ཕེབས་གསལ། ངའི་ཁ་ལ་ཉན་ན་རེ་ཞིག་ན་ཚ་དྲག་དྲག་གི་བར་དུ་ཇ་ཐུངས་ཤིག གཞན་དུ་མཐོ་རིས་ནི་རྩིག་པས་ཆོད་པ་ཙམ་དང༌། ཐར་པ་ནི་ཡོལ་བས་ཆོད་པ་ཙམ་གྱི་གདེངས་དང་ལྡན་པ་ཡིན་ན་ནི་ཅི་དགའ་བར་བྱོས་ཤིག་ཅེས་བཀའི་ཐ་ཚིག་རྡོ་རྗེའི་ཐོག་འདྲ་བ་སྤྱི་བོར་ཕེབས་པར་བརྟེན་འཁྱོག་མི་ནུས་པར་དེ་མ་ཉིད་དུ་བཀའ་སྤྱི་བོས་མནོས། དེ་ལྟར་ཇ་དང་ཁ་ཟས་ཞག་རྩི་ཡོད་པ་ཅུང་ཟད་རེ་བསྟེན་པས་ན་ཚ་རྣམས་ཀྱང་ཁད་ཀྱིས་དྲག འགྲོ་བསྐྱོད་ཐུབ་ཙམ་བྱུང་མཚམས་ཆོས་ཀྱི་འཁོར་ལོས་བསྒྱུར་བ་འཇམ་མགོན་རིན་པོ་ཆེ་མཇལ་ཕྱག་ཏུ་བཅར་བས། ཞལ་ནས། ལན་བཏང་བ་འབྱོར་བྱུང་ངམ་གསུངས། འབྱོར་ལགས་ཞུས་པས། འོ་དེ་འདྲ་བྱས་ན་མི་ལུས་ཆུད་ཟོས་ལ་འགྲོ་བས་ཇ་ཐུངས་ཤིག་དང༌། ལྕེ་བདེ་རིག་གསལ་འགྲོ་ན་མགྱོགས། ཞེས་པ་ལྟར། ཇ་ལ་ཡོན་ཏན་མང་པོ་ཡོད་གསུངས། དེ་ལྟར་འཚལ་བ་ལ་སྔར་ཇ་མི་འཐུང་བའི་དམ་བཅའ་ཤུགས་དྲག་བྱས་ཟིན་པས་མི་དགོས་པ་མཁྱེན་ཞུས་པས། དེ་ལ་སྐྱོན་མེད། དུས་དྲན་བསྟེན་པ་ལྟར་བྱས་པས་ཆོག གལ་ཏེ་སྔར་ལྟར་བྱས་ན་སྲོག་གི་བར་ཆད་དུ་འགྲོ་གསུངས། དེར་འཆི་ཡང་ཆོས་ཕྱིར་ཡིན་པས་ཅུང་དྲག་གམ་ཞུས་པས། ཁྱོད་ཕར་ཤི་ནས་སླར་ལུས་རྟེན་འདི་འདྲ་ཞིག་ཐོབ་རྒྱུའི་གདེངས་ཚོད་ཅང་མེད་འགྲོ་གསུངས་པས་སྤོབས་པ་ལན་མེད་དུ་གྱུར་ཀྱང༌། ད་དུང་ལྐུགས་པ་ཨུ་ཚུགས་ཀྱིས་ཀ་ཀོར་མང་པོ་ཞུས་པས། མཐར་ཁྱོད་ངའི་ཁ་ལ་ཉོན་ཅིག་ཅེས་རྡོ་རྗེ་འཆང་འུ་ཐུག་པའི་བཀའ་ཕེབས་བྱུང་བས་འཇིགས་ཏེ་གཞི་ནས་བཀའ་བཞིན་འཚལ་ལོ་ཞེས་ཞུས་པས་ཐུགས་མཉེས། རྗེས་སུ་བསམས་ན་བླ་མ་ཐམས་ཅད་མཁྱེན་པའི་བཀའ་ལ་གྱེན་ལོག་དེ་ལྟ་བུ་ཞུས་པ་ནི་ཆོས་སྲིད་གང་དང་ཡང་མཐུན་མི་འདུག་ཅིང༌། སྐབས་གཞན་དུའང་སྙན་སུན་མང་པོ་ཞུས་པ་དྲན་ཏེ་འགྱོད་པ་རྟས་མི་ཟིན་པ་ཡོད་དོ། །
དེའི་རྗེས་སུ་ལན་ཅིག་མང་ཇའི་ཞག་ཕྲན་བུ་ཞིག་ལག་སོན་བྱུང་བས་བཞུས་ནས་ཚོགས་རིལ་འགའ་ཤས་བཟོས་ཏེ་འབུལ་རྩིས་བྱས། དེར་ཀུན་སློང་ལ་བརྟག་པ་ན་མཐར་རང་གིས་ཟ་འདོད་པར་འདུག་པས། ལམ་སེང་ཚོགས་རིལ་ཡོད་ཚད་ནམ་མཁར་གཏོར་ཏེ་ད་ཁྱོད་ཟོ་ཞིག་ཅེས་བྱས་རང་གིས་རང་ལ་སྙིང་ཚིམ་སྒྲིམ། དེ་འདྲ་ལན་ཁ་ཡར་བྱས་པ་དྲན་ཏེ། ད་ནི་དེ་དུས་ཀྱི་སྙིང་སྟོབས་ཀྱི་ཕྱེད་ཆ་ཙམ་ཡང་མི་གདའོ། །ཕར་དེད་ན་ཕར་འབྲོས་ལ་ཚུར་བྱོལ་ན་ཚུར་འོང་བ་འདོད་པའི་ཆོས་ཉིད་ཡིན་པར་བརྟེན་སྐབས་ཤིག་ནས་སྐུ་དྲག་དགའ་རེས་འཚོ་ཆས་ལེན་པར་ཤོག་ཟེར་ནས་ལན་འབྱོར་ཏེ་དགོད་བྲོ་བ་ཞིག་བྱུང༌། གང་ཡིན་ཞེ་ན། མདུན་ན་ཡོད་པའི་འགྱེད་ཕོགས་སོགས་རང་གི་ཟ་སྐལ་རྣམས་ཀྱང་སྤངས་ཟིན་ན་ལྟོ་གོས་ལ་དམིགས་ནས་འབྱོར་ལྡན་གྱི་ཐད་དུ་ཅི་ལ་འགྲོ་སྙམ་པ་བྱུང༌། དེ་ལྟར་དབུ་མ་ལོ་གཉིས་དང༌། འདུལ་བ་ལོ་བཞི་སྟེ་དེ་དག་གི་རིང་དཀའ་སྤྱད་དང་སྙིང་རུས་ཆེན་པོས་གཞུང་དོན་ཡན་ལག་དང་བཅས་པར་གཏིང་ཕྱིན་པ་སྤྱངས་པའི་ལུགས་སུ་བྱས། དེའི་ནང་ནས་འདུལ་བ་ནི་གང་ཡང་ལག་ལེན་གྱི་ཐོག་ནས་ཤེས་དགོས་པར་བསམས་ཏེ་འདུལ་བའི་བཅས་མཚམས་ཐ་ན་རུང་ཆུ་འདེབས་པ་ཡན་ཆད་ལག་ལེན་དུ་འགེལ་གང་ཐུབ་བྱས། ཡོ་བྱད་བྱིན་རླབས་སོགས་ཀྱང་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བྱས་ཏེ་ཁྲིམས་ཉིས་བརྒྱ་ང་གསུམ་དུས་རེ་ཞིག་གི་བར་དུ་ཚུལ་བཞིན་བསྲུངས། དེ་ནས་དུས་ཡུན་གང་འཚམས་སོང་བ་ན་ཇི་སྐད་དུ། བྱིས་པ་རྙེད་དང་བཀུར་སྟིས་བརླག །ཅེས་པ་ལྟར་གཞན་དོན་ལྟར་སྣང་ལ་འཇུག་པའི་ལུགས་སུ་བྱས་པ་ནས་བཟུངས་སྐྱེ་བོའི་འདུ་ལོང་ནང་རྙེད་བཀུར་སོགས་ཀྱིས་ཉེས་པ་ཐར་ཐོར་འགོས་མོད། འོན་ཀྱང་ཇི་མི་སྙམ་དུ་མི་འཇོག་པར་སྔར་འགྱོད་ཕྱིས་སྡོམ་གྱི་སྒོ་ནས་ཕྱིར་བཅོས་ལ་འབད། བར་ལམ་གཅིག་ཏུ་འཚོ་བ་དཀའ་ཐུབ་ལ་བརྟེན་པ་དང༌། གཉིས་སུ་ལོ་ཆུང་ངུའི་དུས་ནས་ཤ་མ་ཟོས་པའི་རྐྱེན་གྱིས་གཟུགས་སྟོབས་ནི་གང་ལས་ཀྱང་ཞན་པ་བྱུང༌། །
བརྒྱད།
རང་ལོ་སོ་ལྔ་པའི་དུས་སུ་སླེབས་ཙམ་ནས་མངོན་པ་མཛོད་ཀྱི་འཛིན་གྲྭར་ཚུད། དེར་མཛོད་རྩ་བློར་བཟུང་བ་དང་སྦྲགས་རྒན་རིན་པོ་ཆེ་མཁས་དབང་ཉི་མ་རྒྱལ་མཚན་པའི་ཞལ་སྔ་ནས་ཀྱི་སྐུ་མདུན་ནས་དཔེ་ཁྲིད་ཞུས་པ་དང༌། མཛོད་ཀྱི་ཡིག་ཆ་མང་པོ་གུང་བསྒྲིགས་ནས་ཞིབ་ཏུ་དཔྱོད་པ་དང་ཆབས་ཅིག་བློ་གསལ་གྱི་གྲོགས་པོ་རྣམས་དང་ལྷན་ཅིག་ཏུ་བརྒལ་ཞིང་བརྟག་པའི་སྒོ་ནས་རྩོད་པ་ལ་རྟག་འགྲུས་བྱས། དེ་ལྟར་བྱས་ནས་རིང་པོར་མ་སོང་བའི་སྐབས་ཤིག་ན་བསམ་བློ་འདི་ལྟ་ཞིག་འཁོར་ཏེ། མཉམ་མེད་ཇོ་བོ་ཆེན་པོས། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང༌། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་བྱ། །ཞེས་གང་གསུངས་པ་ལྟར། ནམ་འཆི་ལ་ངེས་པ་ཅུང་ཟད་ཀྱང་མི་འདུག བརྒྱ་ལ་ལག་ལེན་བྱེད་རྒྱུ་མ་བྱུང་བར་ཤི་ན་ནི་དམྱལ་བ་ལས་འགྲོ་ས་མེད་པས། ད་ནི་རེ་ཞིག་ཐོས་པའི་མཇུག་བསྒྲིལ་ལ་གང་ཤེས་རྒྱུད་ལ་སྦྱར་ཏེ་མ་མཐར་འཆི་ཁར་མི་འགྱོད་ཙམ་གྱི་སྒྲུབ་པ་ཉམས་ལེན་ཞིག་བྱའོ་སྙམ་དུ་ཧེ་རུ་ཀཿམིའི་གར་མཛད་ྋསྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོར་བསམ་ཚུལ་ཞུར་ཕྱིན་པས་ཐུགས་དགྱེས་མཉེས་ཆེན་པོས་ད་མཚམས་ལ་བསྡད་ན་ལེགས་པོ་འོང་ཞེས་བཀའི་གནང་བ་ཐོབ་ཅིང༌། གསུང་གི་དབུགས་དབྱུང༌། དེ་མཚུངས་བཅོམ་ལྡན་འཇིགས་མཛད་རྡོ་རྗེ་སྐུ་རློན་པ་ཡོངས་འཛིན་རྡོ་རྗེ་འཆང་ྋསྐྱབས་རྗེ་གླིང་རིན་པོ་ཆེར་ཡང་སྐྱབས་འཇུག་ཞུར་ཕྱིན་པས་གོང་མཚུངས་གསུང་གི་གནང་བ་ལེགས་པར་ཐོབ། དེ་ནས་དེ་མ་ཐག་མི་སྨྲ་བའི་བརྟུལ་ཞུགས་བཟུང་སྟེ་མཚམས་དམ་པོར་སྡོད་པའི་ལུགས་སུ་བྱས། དེར་བསགས་སྦྱངས་གཙོར་བཏོན་ཐོག་ལམ་སྒོམ་པའི་དམིགས་རྣམ་སྐྱོང་ལོ་བྱས་པས་རེ་ཞིག་རྒྱུད་ལ་མ་སྐྱེས་ཀྱང་གང་ཡང་སྙུག་བསྲིངས་ནས་བསྒོམ་ན་རྒྱུད་ལ་སྐྱེ་རྒྱུ་ཡོད་པ་ཞིག་ཡིན་རིགས་སུ་གདའོ་སྙམ་པའི་ངེས་པ་ཅུང་ཟད་སྐྱེས། དེ་དུས་ཁམས་ཕྱོགས་སུ་དུས་ཟིང་ལངས་ཟིན་པར་བརྟེན་བླ་མ་རིན་པོ་ཆེའི་སྐུ་ཆར་ཇི་ལྟར་བྱས་ཡོད་དམ་སྙམ་ཡིད་བློང་བློང་པོར་གྱུར་པའི་སྐབས་ཤིག་ན། རང་དབང་མེད་པར་བླ་མ་རིན་པོ་ཆེ་ཞེས་ངུ་ངག་གིས་བོས་ཐལ་བས། དེ་མ་ཐག་རྩིག་ངོས་ནས་ཨ་ཡིག་ཤིན་ཏུ་གསལ་བ་ཞིག་ལྷང་གིས་ཤར། དེའི་གཡས་གཡོན་གཉིས་ན་ཐིག་ལེ་ནག་པོ་རེ་རེ་འདུག་སྟེ། དེ་དག་ནི་ད་ལྟ་སྐུ་འཚོ་ཞིང་གཞེས་ཞེས་པའི་བརྡར་གོའོ། །
དེ་ནས་རང་ལོ་སོ་བརྒྱད་པ་སྟེ་བོད་ས་ཕག སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དགུ་ལོར་སྔོན་ཆད་བྱུང་མ་མྱོང་བའི་དུས་འགྱུར་ཆེན་པོ་དེ་བྱུང་བར་བརྟེན་མཚམས་ལ་སྡོད་ཐབས་དང་བྲལ་ནས་རེ་ཞིག་ཉེན་ཡོལ་གྱི་ཚུལ་དུ་དགེ་ཕྲུག་བདུན་འཁྲིད་ནས་སྙེ་ཐང་གི་རི་སྦུག་ཀློང་རྡོལ་རི་ཁྲོད་དུ་ཕྱིན། དེར་བསླེབས་ནས་ཟླ་བ་འགའ་ཞིག་གི་བར་དུ་སྟོན་འཁོར་ཚང་མ་ཕྱག་འཚལ་སྒྲིབ་སྦྱངས་སོགས་དགེ་སྦྱོར་བྱས་ནས་བསྡད། ལོ་དེའི་ཟླ་བ་བདུན་པ་ཙམ་ན་ཉིན་གཅིག་བདག་ཅག་དགེ་སློབ་འཁོར་བཅས་ཚང་མ་ལུང་པ་དེའི་མདར་ར་ྭསྟོད་དགོན་དུ་རྒྱ་མིའི་ཚོགས་འདུ་ལ་ཤོག་ཟེར་བའི་བརྡ་ཐོ་འབྱོར། དགེ་ཕྲུག་རྣམས་བཏང་ནས་ཕྲན་མ་ཕྱིན་པར་བྲག་ཕུག་ཅིག་ཏུ་ཡིབ་ནས་བསྡད། ཁོ་ཚོ་དང་ཁ་བྲལ་ཚེ་ཕན་ཚུན་གཅིག་ལ་གཅིག་སེམས་འཁྲེང་སྟེ་འབྲལ་མི་ཕོད་པ་ལྟ་བུ་བྱུང་ཡང༌། མ་སོང་བར་སྡོད་དབང་ག་ལ་མཆིས། དེ་ནས་ཁོ་ཚོ་རྭ་སྟོད་དུ་ཞག་གཉིས་ཉར་ནས་འབྲས་སྤུངས་སུ་བརྫངས། འབྲས་སྤུངས་ནས་བརྟག་དཔྱད་ཙམ་ཡང་མ་བྱས་པར་རྒྱ་ནག་ཏུ་བརྫངས་ཏེ་མི་གཅིག་མ་གཏོགས་ཚང་མ་བཀྲེས་ལྟོགས་སོགས་ཀྱིས་མནར་ཏེ་འཇིག་རྟེན་ཕ་རོལ་ཏུ་སོང་འདུག ཁོ་པ་ཚོར་རྒྱ་མིའི་ཁྲིམས་དང་འགལ་བའི་ཉེས་པ་སྣ་གཅིག་མེད་པ་ནི་ཁོ་བོས་ཤེས་མོད། འོན་ཏེ་དེ་ལྟ་བུའི་གཉའ་གནོན་གདུག་རྩུབ་ཀྱི་འོག་ཏུ་འཆི་དགོས་བྱུང་བ་ནི་སོ་སོའི་ལས་ཀྱི་ཉེར་ལེན་དང་ཀླ་ཀློའི་ལྷན་ཅིག་བྱེད་རྐྱེན་ལ་བརྟེན་ནས་སོ། །དེ་ནས་ཟླ་བ་འགའ་ཤས་ཀྱི་བར་དུ་བྲག་ཕུག་ཏུ་དགེ་སྦྱོར་བྱས་ནས་བསྡད་པའི་ལུགས་སུ་བྱས་མོད་ཀྱང༌། མི་འདི་དང་འདི་ཞེས་བྱ་བ་བསད་དོ། །བཟུང་ངོ༌། །བརྡེག་གོ་བྱ་བ་སོགས་མི་སྙན་པའི་གཏམ་སྣ་ཚོགས་ཐོས་པས་འཇིགས་སྐྲག་དང་སྐྱོ་སྣང་གི་ངང་དུ་གནས་པ་ལས་བག་ཕེབས་པའི་གོ་སྐབས་སྐད་ཅིག་ཀྱང་མ་བྱུང༌། །
དེ་ནས་ལོ་དེའི་ཟླ་བ་བཅུ་གཉིས་པའི་ཚེས་བཅུའི་ཉིན་མོར་གོ་ལག་ཐོགས་པའི་མི་བཅུ་སྐོར་ཞིག་འོངས་ནས་འགྲོ་ཟེར་ཁྲིད་བྱུང་ཡང་ཕྲན་གཟུགས་སྟོབས་ཞན་པས་མགྱོགས་པོར་འགྲོ་མ་ཐུབ། དེའི་ཚེ་ལས་བྱེད་འདྲ་བ་དེ་དག་གིས་དྲག་ཏུ་སྤྱོས་མོད་ཀྱང་གོམ་པ་རེ་ཟུང་ལས་བསྐྱོད་མ་ཐུབ་པར་ལུས། དེ་ལྟར་འགྲོ་མ་སྡོད་ཀྱི་ངང་ནས་ས་སྲིབ་ཙམ་ན་གཞི་ནས་རྭ་སྟོད་དགོན་པར་འབྱོར། དེར་བདག་གཅིག་པུ་ཤག་སྟོང་པ་གཅིག་ཏུ་བཅུག་ནས་བཞག་སྟེ་སྒོ་ཕྱི་ནས་བསྡམས། དེ་རྗེས་མེ་མདའ་འཁྱེར་བའི་མི་གཉིས་སྒོ་བསྲུང་བར་བཞག་སོང་བས་དགོད་བྲོ་བ་ཞིག་བྱུང༌། ཕྱི་ཉིན་ཞོགས་པ་ཕྲན་དང་རོགས་པ་མི་བཞི་བཅས་ཐག་པ་ནག་པོ་རེས་ལག་པ་ཕྱིན་ཅི་ལོག་ཏུ་བསྡམས་ནས་དྲུད་འཁོར་ཐེར་གེར་བླུགས་ཏེ་ཆུ་ཤུར་བཙོན་ཁང་དུ་བསྐྱལ། དེར་བཙོན་རོགས་མི་གྲངས་བཞི་བཅུ་ཙམ་དང་མཉམ་དུ་ཟླ་བ་གཅིག་ཙམ་བསྡད། འཛིན་བཟུང་བྱས་པའི་ཉིན་དེར་དམ་བཅའ་གཉིས་བྱས་ཏེ། གཅིག་ནི་དེང་སང་ཆོས་དང་ྋསྐྱབས་རྗེ་རིན་པོ་ཆེར་ངོ་རྒོལ་བྱེད་དགོས་ཚོད་དུ་འདུག་པས་སྲོག་ལ་བབས་ཀྱང་མི་བྱེད་ཐག་ཆོད་ཡིན་སྙམ་པ་དང༌། གཅིག་ནི། མཐོ་ན་མི་དགའ་དམའ་ན་དགའ། །དམའ་ས་རྒྱལ་བའི་འབྱུང་གནས་ཡིན། །ཞེས་པ་ལྟར་དམའ་ས་བཟུང་ནས་ངན་ལས་ཐམས་ཅད་དྭང་དུ་བླང་སྙམ་པའོ། །དེ་ནས་གཟུགས་གཞིའི་བབ་ཀྱིས་ལས་ཀར་མ་ཕྱིན་ན་འགྲིག་ཚོད་དུ་འདུག་ཀྱང་སྔར་དམ་བཅས་པ་ལྟར་བཙོན་པ་གཞན་དང་ལྷན་ཅིག་ལས་ཀར་སོང་སྟེ་ཐ་ན་གསང་སྤྱོད་འདོན་པ་ཡན་ཆོད་ངན་ལས་ཐམས་ཅད་དྭང་དུ་ལེན་པའི་ཁུལ་བྱས། ཡིན་ཡང་གཅིག་ཏུ་གཟུགས་སྟོབས་ཤིན་ཏུ་ཞན་པ་དང༌། གཉིས་སུ་གྲྭ་ཆས་ཁོ་ན་ལས་སྐྱ་ཆས་ཡེ་ནས་མ་གྱོན་པ་དང༌། གསུམ་དུ་ས་བརྐོ་རྡོ་སློག་སོགས་ཀྱི་ལས་ཀ་བྱེད་མྱོང་མེད་པར་བརྟེན། སེམས་ཀྱིས་བྱེད་བསམས་ཀྱང་ལུས་ཀྱིས་རྔོ་མི་ཐོགས། ལྷག་པར་ཉིན་གཅིག་ད་རེས་མདུན་མཆོངས་ཆེན་པོ་ཡིན་ཞེས་བཙོན་པའི་འགོ་དཔོན་རྣམས་ཀྱང་ཕྱིར་དོན་ནས་ལྕང་མ་བཙུགས་པ་སོགས་ཀྱི་ལས་ཀ་བྱེད་པའི་ཁུལ་བྱས། གཙོ་བོ་ནི་བཙོན་པ་རྣམས་ཀྱིས་ལས་ཀ་བྱེད་ལུགས་ལྟ་ཞིབ་བྱེད་པའི་ཆེད་དུ་ཡིན་འདུག་ཀྱང༌། ང་རང་གཅིག་པུ་མ་གཏོགས་བཙོན་པ་གཞན་རྣམས་ནི་གཅིག་ལས་གཅིག་ཞེད་དུ་འཇོན་པ་འདུག་པས་ཟེར་མ་རྙེད། ཕྲན་གྱི་ལས་ཀ་བྱེད་སྟངས་མ་མགུ་ནས་རྒྱ་མིའི་ལས་བྱེད་ཚང་མ་ང་རང་གི་འཁྲིས་སུ་འོངས་ནས་ངོ་ནག་པོ་བསྟན་ཏེ་ཁྭ་ཡེས་ཁྭས་ཞེས་བོད་སྐད་ལྟར་ན་མགྱོགས་པོ་གྱིས། མགྱོགས་པོ་གྱིས་ཞེས་ཟེར་བར་འདུག་ཀྱང༌། ང་རང་ནི་ནུས་ཤུགས་ཡོངས་སུ་རྫོགས་ནས་དབུགས་ཆད་ལ་ཁད་པ་བྱུང༌། དེ་ནུབ་བཙོན་ཁང་དུ་ལོག་ནས་ཀྱང་ད་དུང་བཙོན་སྲུང་བས་གཤེ་གཤེ་མང་པོ་བཏང་བ་དང༌། བཙོན་པ་ནང་ཚག་རེ་ཟུང་ནས་ཀྱང་བཙོན་པའི་ཞབས་འདྲེན་རེད་ཟེར་ནས་བརྙས་སྨོད་ཅི་ཡང་བྱེད་པ་སོགས་གང་ལྟར་དེའི་ཉིན་མོ་ལས་དཀའ་ངལ་ཆེ་བ་སྔོན་ཆད་བྱུང་མ་མྱོང༌། དེ་ནུབ་ད་ལས་ཀྱི་ལྷག་མ་འཕྲོད་དོ་ཟེར་བའི་ཉམས་དང་རྨི་ལམ་འདྲེས་པ་གསལ་པོ་ཞིག་བྱུང་སྟེ། དེ་ནས་ཉིན་ཞག་གཉིས་སོང་མཚམས་གཟུགས་གཞིའི་བབ་ལ་བལྟས་ཏེ་ཕྱི་ལ་ལས་ཀ་འགྲོ་མི་དགོས་ཞེས་ནང་དུ་བསྡད་ཆོག་པའི་བཀའ་འཁྲོལ་ཐོབ། དེ་དུས་གནམ་གཤིས་ཤིན་ཏུ་གྲང་ཡང་འདུལ་ཁྲིམས་ལ་བསམས་ནས་གོས་ཕུ་ཐུང་ཅན་ཡེ་མ་གྱོན། འཚོ་བ་ཤིན་ཏུ་བཀྲེན་ཀྱང་དགུང་བཅད་ཆག་མེད་དུ་བྱས་པ་སོགས་བསླབ་པ་བརྟན་པོ་བསྲུང་བའི་ཁུལ་བྱས། །
དགུ།
ཕྱི་ལོ་བོད་ཟླ་དང་པོའི་ཚེས་བརྒྱད་ཉིན་དེ་ནས་ལྷ་སའི་བཙོན་ཁང་དུ་གཏོང་རྩིས་སོ་སོའི་ཉལ་ཆས་རྣམས་འཁྱེར་ལ་མོ་ཏྲའི་ལམ་བུའི་ཁར་སྒུག་སྡོད་ཅིག་ཟེར། དེར་སྒུག་ནས་བསྡད་པས་ཉི་མ་བཞུད་ཙམ་ན་རྩེད་ཐང་ནས་བཙོན་པ་གང་བླུག་པའི་མོ་ཊ་གསུམ་འབྱོར་ཏེ་ང་ཚོ་མི་ལྔ་ཡང་དེའི་ནང་འཛུལ་ཅིག་ཟེར། དེ་ནས་རོགས་པ་རྣམས་ནི་གཅིག་ཏུ་ལུས་བདེ་ལ་ཡང་བ་དང༌། གཉིས་སུ་སྐྱ་ཆས་སྟབས་བདེ་གྱོན་ཡོད་པས་ཤར་གྱིས་འཛུལ་སོང་ཡང༌། ཕྲན་ནི་ཚུལ་དེ་ལས་གོ་ལྡོག་པས་ཐོག་མར་མོ་ཊ་ལ་འཛེགས་མི་ཐུབ་པའི་དཀའ་ངལ་ཅི་ཆེ་བྱུང་བས་དེའི་བར་ན་རྒྱ་མིའི་ལས་བྱེད་དང་དམག་མིའི་ཉེས་རྡུང་གང་འཚམ་རག དེ་ནས་མོ་ཊའི་ནང་ནས་འཇམ་དཔལ་ཟེར་བའི་མི་ཞིག་གིས་ལག་པ་བསྐྱངས་ཏེ་ཡར་འཐེན་རོགས་བྱས་བྱུང་བས་མོ་ཊའི་ཐོག་ཏུ་སླེབས་ཙམ་བྱུང་ཡང༌། གོས་ཙག་ཙིག་མང་བའི་སྟབས་ཀྱིས་བཙོན་པའི་གྲལ་བསྟར་དུ་འཛུལ་མ་ཐུབ་པར་རང་རང་ཁེར་རྐྱང་འབུར་དུ་ལུས་པ་ལ་རྒྱབ་ནས་དམག་མི་དང་ལས་བྱེད་པས་ཁུ་ཚུར་སོགས་མང་པོ་བསྣུན་བྱུང་ཡང༌། བཟེད་ནས་བསྡད་རྒྱུ་ལས་བྱ་ཐབས་ཅི་ཡང་མ་རྙེད། ཡུད་ཙམ་སོང་མཚམས་གཡས་གཡོན་གྱི་བཙོན་པ་གཉིས་ཀྱིས་ཀྲོང་ཀྲོང་བྱས་པས་གདོད་དེ་གཉིས་ཀྱི་བར་དུ་འཛུལ་ཐུབ་ཙམ་བྱུང༌། དེ་ནས་མེ་མདའ་འཁྱེར་བའི་དམག་མིས་བཙོན་པའི་མཐའ་བསྐོར་ནས་བརྗོད་དོན། ཉེས་ཅན་ཁྱོད་རྣམས་སྐད་ཆ་ཚིག་གཅིག་ཤོད་པ་དང་གཡོ་འགུལ་ཏོག་ཙམ་བྱས་ན་དེ་མ་ཐག་མེ་མདའ་བརྒྱབ་སྟེ་གསོད་ཐག་ཆོད་ཡིན་ཟེར་ནས་མོ་ཊ་འུར་སྒྲ་དང་བཅས་བཏང་སོང་བ་ལས་ནམ་ཕྱེད་ཙམ་ན་ལྷ་སའི་ཉེ་འཁོར་བཙོན་ཁང་ཞིག་ཏུ་བསྐྱལ་བྱུང༌། དེ་གའི་བཙོན་སྲུང་ཞིག་གིས་ལུས་ལ་ཞིབ་བཤེར་བྱས་རྗེས་ཁང་མིག་གཅིག་གི་སྒོ་ལྕགས་བཀྲོལ་ཏེ་སྒོ་ཕྱེ་ནས་ནང་དུ་བཏང་བྱུང་བས་བཙོན་པ་མང་པོ་ཕག་ལྟར་ཉལ་ནས་འདུག ཁོ་བོ་ཡང་སྒོ་མཚམས་དེ་གར་རང་མལ་དུ་ཉལ་བ་ལས་ཕར་ཚུར་འགྲོ་ས་མི་འདུག སྒོའི་འཁྲིས་སུ་ཆབ་ཏོག་ཆེན་པོ་གཉིས་བཞག་འདུག་པས་དེར་བཙོན་པ་རྣམས་ཀྱིས་ཆབ་དོར་བ་མགོའི་ཐོག་ཏུ་ལྷུང་ལ་ཉེ་བ་དང། གཡས་གཡོན་ན་ཉལ་བའི་བཙོན་པ་རྣམས་ཀྱིས་མགོ་ལ་རྐང་པ་རྐྱོང་བ་དང༌། ཆབ་གསང་དུ་འོང་མི་རྣམས་ཀྱིས་མགོ་ལ་རྡོག་པས་བརྫིས་པ་སོགས་ཤིན་ཏུ་སྐྱུག་བྲོ་ལ་ཡ་ང་བ་ཞིག་བྱུང་བས། ཀྱེ་མ་ཀྱི་ཧུད་ད་ནི་ཉི་ཚེ་བའི་དམྱལ་བ་ཞིག་ཏུ་སླེབས་པ་ནི་མིན་མཆི་སྙམ་པ་བྱུང༌།
ཕྱི་ཉིན་ནམ་ལངས་ནས་ལྟ་དུས་ངོ་ཤེས་པ་ཆེར་མི་འདུག་ཀྱང༌། དོན་དུ་བཙོན་པ་ཕལ་ཆེ་བ་སྐུ་དྲག་སོགས་ཡ་རབས་སྤྱོད་བཟང་ཅན་ཤ་སྟག་ཏུ་འདུག་པས་ཡིད་དགའ་བར་བྱུང༌། དེ་ནས་སྐྱེ་ཡུལ་གང་ཡིན་འདྲི་བ་སོགས་སྤྱི་འགྲོས་ཙམ་ཞིག་ལས་དོན་དུ་ནག་ཉེས་གང་ཡང་མེད་པར་བརྟེན་ཞུ་བ་ཕུལ་འདོད་ཀྱང་ལེན་མཁན་སུ་ཡང་མ་བྱུང་བར་རང་འགར་ལྟོགས་བཀག་བཏང་ནས་བཞག དེ་ནས་དགོང་དྲོ་ཐུག་པ་སླ་པོ་ཞིག་སྟེར་ཙམ་བྱུང༌། བཙོན་པའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་ཞན་དུ་སོང་བས་མཐར་ཞོགས་པར་རྩམ་པ་སྦར་གང་ཙམ་དང༌། དགོང་མོའང་དེ་ཙམ་ཞིག་ལས་མེད་པར་ཡུན་རིང་སོང༌། སྐབས་དེ་དང་དེའི་ཚེ་བཙོན་པ་གཞན་དག་ནི་ལྟོགས་ནས་བཟོད་གླགས་མེད་པ་ལྟ་བུ་བྱུང་སོང་ཡང༌། ཁོ་བོ་ནི་སྔར་ནས་སྦྱོང་བརྡར་བྱས་ཟིན་པས་བཀྲེས་སྣང་ཆེར་མ་བྱུང་ངོ༌། །
དེ་དུས་བཙོན་དུ་ཚུད་པའི་མི་དཀྱུས་མ་རྣམས་ལྟ་ཅི་བླ་ཆེན་དང་མི་ཆེན་རྣམས་ཀྱང་བཀྲེས་པས་བཟོད་བསྲན་མི་ཐུབ་ནས་མིག་གིས་གང་མཐོང་ཟ་ཞིང༌། ཐ་ན་བཙོག་ཆུ་འདོར་བའི་འདམ་དོང་ན་ཡོད་པའི་ཚལ་གྱི་སྙིགས་མ་རྣམས་ཀྱང་ཚམ་ཚོམ་མེད་པར་བླངས་ནས་ཅག་སྒྲ་དང་བཅས་ཏེ་ཟ་བ་མང་པོ་མཐོང༌། རྩམ་པ་བགོ་ཤ་བྱེད་དུས་སྐབས་རེ་གྲལ་གཞུག་གི་མི་འགའ་ཤས་ལ་མ་ཁེབས་ནས་ཆད་པ་འདྲ་བྱུང་ན་ཐུར་མ་ཆུང་ངུ་ཞིག་གིས་མི་རེ་རེའི་ས་ནས་སེན་མོ་གང་ཙམ་རེ་བསྡུ་དགོས་ཤར་ཞིང༌། དེའི་ཚེ་བསྡུ་ཡུལ་གྱི་མི་རྣམས་བློ་ཕམ་ནས་ངོ་རིས་ཡོངས་སུ་འགྱུར་འགྲོ་གིན་ཡོད། ཚུལ་དེ་མཐོང་བ་ན་ཕྲན་ལའང་བློ་ཕམ་ཆེན་པོ་འོང་གིན་ཡོད་ཀྱང་ཐབས་ཤེས་གཞན་མ་རྙེད་ནས་རང་གི་སྐལ་བ་སྦར་གང་ཙམ་པ་དེ་ནས་ཕྲན་ཙམ་རེ་འཐེན་ནས་གསོག་འཇོག་བྱས། ཕྱིས་སུ་ཆད་པ་ནམ་བྱུང་མཚམས་མང་ཚོགས་ས་ནས་བསྡུ་རུ་མི་འཇུག་པར་ངས་བསབས་པས་ཚང་མ་དགའ་འགྲོ་གི་ཡོད་ལ། ད་བསམས་ན་དེང་དུས་ཀྱི་བརྒྱ་མཆོད་སྟོང་མཆོད་ལས་ཀྱང་དེ་བསོད་ནམས་ཆེ་བར་བྱུང་འདུག་སྙམ། སྐབས་ཤིག་ནས་རྩམ་པ་ཐུར་མ་གང་ཙམ་པ་དེ་ཡང་མེད་པར་སྔ་དགོང་གཉིས་སུ་རྒྱ་སྲན་འཐག་པའི་ཕྱེ་ཅུང་ཟད་རེ་བསྟབ་པའི་ཐུག་པ་སླ་སིང་ངེ་བ་ཞིག་ལས་གཞན་གང་ཡང་མ་སྟེར། དེའི་ཚེ་སྔ་དྲོ་ཐུག་པ་སླ་པོ་ཕོར་གང་ཙམ་བཏུངས་ཀྱང་ཕྱི་དྲོ་དགུང་བཅད་ལ་བརྟེན་ཐུག་པ་མ་བཏུངས་ཤིང༌། གཞན་ཆུ་ཐིགས་ཙམ་ཡང་མེད་པས་ཙོག་པུར་བསྡད་མ་ཐུབ་པར་ཉལ་ནས་སྡོད་དགོས་བྱུང༌། དེ་ནས་ཐུག་པ་དེ་ཡང་ཇེ་ཞན་ལ་སོང་སྟེ་སྐབས་རེ་ཕག་ལྟོ་ཡིན་ནམ་སྙམ་པའི་རྩ་དང་སྔོ་འདྲེས་མ་རེ་བཏབ་ནས་སྟེར་བྱུང་བས་དེས་རྐྱེན་བྱས་ཏེ་བཙོན་པ་མང་པོ་འདས་གྲོངས་སུ་སོང༌། སྐབས་དེ་དང་དེའི་ཚེ་ཇི་ལྟར་ལྟོགས་ཀྱང་ཕྱི་དྲོ་ཁ་ཟས་མི་ཟ་ཞིང༌། ཇི་ལྟར་འཁྱག་ཀྱང་གུ་ཐུང་སྟོད་ཐུང་སོགས་ཁྱིམ་པའི་གོས་མི་བགོ་བར་དཀའ་ཐུབ་དྭང་དུ་ལེན་པ་ནི་བསྟན་པ་ལ་བྱ་བ་ཅུང་ཟད་བྱས་འདུག་སྙམ། བཙོན་པ་གཞན་ལ་ལྟོ་བསྐྱལ་མི་འཇུག་ཀྱང་གཟའ་འཁོར་གཉིས་རེའི་མཚམས་སུ་གོས་གསར་རྙིང་བརྗེ་ལེན་བྱེད་བཅུག་པར་བརྟེན་དགའ་ཉེ་སྤུན་མཆེད་སོགས་ནས་དུས་ཐོག་ཏུ་དེ་ལྟར་བྱེད་ཀྱིན་འདུག་ཀྱང༌། ཕྲན་ལ་ནི་བཙོན་དུ་འདུག་རིང་གོས་བསྐྱལ་མཁན་ལྟ་ཞོག་རྩད་གཅོད་མཁན་ཙམ་ཡང་མ་བྱུང་ངོ༌། །དེའི་རྒྱུ་རྐྱེན་ནི། ལར་ནས་ངོ་ཤེས་ཉུང་ཞིང༌། དགེ་ཕྲུག་རེ་ཟུང་ཡོད་པ་རྣམས་ཀྱང་སྲན་ཕུང་བེར་ཀས་གཏོར་བ་བཞིན་ཕྱོགས་ཕྱོགས་སུ་འཐོར་བས་ཡིན་ནོ། །དེ་དུས་གཞན་ཕར་ཞོག་ཐ་ན་ཆབ་གསང་ལ་འགྲོ་བའི་ཚེ་ཡང་ཅི་དགར་འགྲོ་མི་ཆོག་པར་རྒྱབ་མདུན་ནས་མེ་མདའ་འཁྱེར་མི་རེ་རེ་ཡོད་པས་མཚོན་ཁྲིམས་ཧ་ཅང་ལྕི་བས་ང་རྒྱལ་དང་སྤོབས་པ་ནི་ཡོང་ས་མེད་ལ་དད་རྫས་གཤིན་རྫས་སོགས་ཀྱི་དཀོར་དང་ལོག་པའི་འཚོ་བས་ནི་དྲི་ཙམ་ཡང་འགོས་ས་མེད་པས། ཆོས་བྱེད་ས་ངོ་མ་ནི་བཙོན་ཁང་འདི་ལྟ་བུ་ཡིན་འདུག་སྙམ་པ་བྱུང་ཞིང༌། བརྒྱ་ལ་མི་ཚེ་འདི་རུ་བསྐྱལ་དགོས་བྱུང་ཡང་དཀོན་མཆོག་ལ་སྐྱབས་བཅོལ་ནས་ཐོས་དོན་སྒྲུབ་པ་ལ་སྦྲེལ་བས་ཆོག་པས་འགྱོད་པ་སྤུ་ཙམ་ཡང་མེད་དོ་སྙམ་པ་བྱུང༌། ཡིན་ཡང་ཉིན་གཅིག་ངེད་མི་གསུམ་གྱི་མིང་བོས་ནས་ཉལ་ཆས་རྣམས་དྲིལ་ལ་ཕྱིར་ཐོན་ཤོག་ཅིག་ཟེར་ནས་བཙོན་ཁང་སྒོ་ཕྱེས་བྱུང་བས་ཕྱིར་ཐོན། དེ་ནས་ལས་བྱེད་པ་གཅིག་གིས་བརྗོད་དོན། ད་རེས་ཁྱོད་གསུམ་གློད་བཀྲོལ་གཏོང་རྒྱུ་ཡིན་པས་བཙོན་ཁང་ནང་གི་གནས་ཚུལ་གང་ཡིན་ཕྱིར་མ་གྱར་བ་གྱིས་ཤིག་ཟེར་ནས་བཏང་ངོ༌། །
བདག་ཅག་བཙོན་པ་རྣམས་ཕན་ཚུན་ཡིད་གཅུགས་པའི་དབང་གིས་བདག་སོང་བ་ན་ཚང་མ་མཆི་མ་ལྷུངས་སོང༌། བདག་ནི་ཕྲ་རིང་ནས་ལྷ་སའི་བར་སྐོར་བར་དུའང་འགྲོ་མི་ཐུབ་པའི་དཀའ་ངལ་ཆེན་པོ་བྱུང་ཡང་དལ་གྱིས་བསྐྱོད་པས་ཤ་ཁྲོམ་ཟུར་གྱི་མི་ཚང་ཞིག་གི་སྒོ་འགྲམ་དུ་འབྱོར། དེར་རྡོག་ཁྲེས་རྣམས་ཕབ་ནས་བསྡད་པས་ལམ་སེང་ཁྱིམ་དེའི་ནང་ནས་ཨ་ཅག་གཅིག་མར་ཡོང་ནས་ངེད་གསུམ་ལ་ཇ་ཐང་ཚ་པོ་ཁོག་ལྟིར་གང་བྱིན་བྱུང་བ་དེ་བཏུང་ནས་གཙུག་ལག་ཁང་དུ་ཆོས་མཇལ་ལ་ཕྱིན་པས། ཁྲོམ་གཞུང་དུ་མི་ཆེ་ཆུང་སུ་དང་ཐུག་ཀྱང་བཙོན་ནས་གློད་པར་ཤེས་ཏེ་སྟབས་ཡག་ཟེར་གྱི་འདུག ལྷ་ས་བ་རྣམས་དེ་སྔོན་དང་མི་འདྲ་བར་གདོང་ལ་ཐལ་བ་བབས་པ་དང༌། ལུས་ལ་གྱོན་རྒྱུ་སྐྱོ་བ་སོགས་ཕྱིའི་རྣམ་འགྱུར་རྦད་དེ་ཉམས་འདུག་ཀྱང༌། ནང་གི་སྙིང་རྗེ་དང་ཕན་སེམས་ཉམས་མི་འདུག་པས་བདག་ལ་མི་དགོས་ཟེར་ཡང་དངུལ་སྟེར་མི་མང་པོ་བྱུང་ངོ༌། །རྣམ་པ་གཅིག་ཏུ་ན་ལྷ་ས་བ་རྣམས་ཀྱིས་བདག་མཐོང་བ་ཙམ་ནས་སྙིང་རྗེ་དེ་འདྲ་སྐྱེས་པ་ནི་སྔོན་གྱི་ལས་འབྲེལ་ཞིག་ཀྱང་ཡིན་འདྲ་སྟེ། དེ་མིན་ན་ཉམ་ཐག་བདག་འདྲ་བའི་སྤྲང་པོ་གཞན་དག་ལའང་སྙིང་རྗེ་དེ་འདྲ་སྐྱེ་རིགས་པ་ལ་དེ་མི་འདུག་པའི་ཕྱིར་རོ། །གཙུག་ལག་ཁང་དུ་ཆོས་མཇལ་ལ་སོང་བ་ན་མཆོད་མེ་ཁབ་རྩེ་ཙམ་ཡང་མི་འདུག་པར་བརྟེན་ལྷ་ཁང་གང་དུ་ཕྱིན་ཀྱང་གྲང་ཤུར་ཤུར་ཞིག་ལས་མི་སྣང་བས་ཡིད་སྐྱོ་བ་ལ་ཚད་མེད་བྱུང༌། ཨ་ཅག་བཀྲ་སྒྲོན་ལགས་སུ་གནས་ཚང་གཡར་ནས་ལྷ་སར་མལ་ཞག་གཉིས་བསྡད། དེའི་ཕྱི་ཉིན་ཐེར་གེ་མི་དྲུད་གཅིག་གླས་ནས་འབྲས་སྤུངས་སུ་ཕྱིན། དེར་གྲྭ་པ་ཕལ་ཆེར་ཕྱོགས་གང་སར་འཐོར་ནས་བཞུགས་མི་འདུག་ཅིང༌། ལྷག་མ་ཉུང་ཤས་བཞུགས་པ་རྣམས་ཀྱང་ཕལ་ཆེ་བ་ལུས་སྐྱ་ཆས་གྱོན། ཁར་ཐ་མག་འཐེན། མགོ་ལ་སྐྲ་རིང་པོར་འཇོག་པ་སོགས་དགོན་པའི་རྣམ་པ་ཡོངས་སུ་ཉམས་འདུག་པས་སྙིང་ལ་གདུང་བ་དྲག་པོ་སྐྱེས། དེ་ནས་བཟུང་ཇི་སྲིད་རིག་གནས་གསར་བརྗེ་མ་ཚུགས་ཀྱི་བར་དུ་མཚམས་ལ་སྡོད་པའི་ཟོལ་བྱས་ནས་ྋརྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་གཅིག་ཞིབ་ཏུ་མཇལ། དེ་ཡང་བཀླགས་ལོ་ཙམ་མ་ཡིན་པར་ཆོས་ཚན་རེ་རེ་བཞིན་བསྐྱར་བསྐོར་ཡང་བསྐོར་གྱི་ཚུལ་དུ་ཞིབ་ཏུ་མཇལ་ནས་གོ་བ་ཅི་ལོན་དུ་བལྟས་མཐར་ཕྱོགས་འགྲོ་ཙམ་གོ་བ་ན་བརྗེད་བྱང་གི་ཚུལ་དུ་བསྡུས་དོན་རེ་སྦྱར་ཏེ་ཆོས་ཀྱི་དགའ་སྟོན་རྒྱ་ཆེར་མྱངས་པས་ཡིད་ལ་དགའ་བ་དང་བདེ་བ་ཟད་མི་ཤེས་པ་དེ་བྱུང༌། དེའི་རྗེས་སུ་དབུ་ཕར་ལ་ལྟ་སྐྱོར་བྱས་བསམས་ཏེ་དབུ་མ་རིགས་ཚོགས་དྲུག །བྱམས་ཆོས་སྡེ་ལྔ། འགྲེལ་པ་དོན་གསལ་སོགས་བློར་བཟུང་སྟེ་རྒྱ་འགྲེལ་མང་པོ་དང་སྦྲགས་ནས་གོ་བས་ཆོད་ངེས་སུ་སྦྱངས། རིགས་ཚོགས་རྣམས་ལ་ཊཱིཀྐ་རེ་ཡང་བཏབ་སྟེ། ཕྱིས་དོན་གྱི་བདག་པོའི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྤྱན་ལམ་དུ་སོན་ཏེ་ཐུགས་དགྱེས་པའི་མཆོད་སྤྲིན་དུ་གྱུར་འདུག ལྷག་པར་གསེར་འཕྲེང་དང་རྣམ་བཤད་སྙིང་རྒྱན་སོགས་ཞིབ་ཏུ་བལྟས་ཏེ་ཕར་ཕྱིན་གྱི་གཞུང་ལ་དཔྱིས་ཕྱིན་པར་སྦྱངས་པའི་ལུགས་སུ་བྱས་མོད་ཀྱང་གཅིག་ཏུ་རྩོད་པས་བརྡར་ཤ་དེ་ཙམ་གཅོད་རྒྱུ་མ་བྱུང་བ་དང༌། གཉིས་སུ་དྲན་ཤེས་མི་བརྟན་པའི་སྟོབས་ཀྱིས་ད་ལྟ་ཚིག་རིས་ཕལ་ཆེར་བརྗེད་ནས་ཡིད་ཡུལ་དུ་མི་གདའོ། །ཡིན་ཡང་གྲུབ་དོན་སྙིང་པོ་ནི་སེམས་གསལ་རིག་དང་རོ་གཅིག་ཏུ་སོང་བས་བརྗེད་པར་མི་སྤྱོད་དོ། །སྐབས་སྐབས་སུ་ཡི་དམ་ལྷའི་བསྙེན་པ་འདྲ་ཡང་བསྐྱལ་བའི་ལུགས་སུ་བྱས་ཏེ་ཁ་སྐོང་སྦྱིན་སྲེག་དང་བཅས་པ་གསང་སྟབས་སུ་ལན་དྲུག་ཙམ་བྱས་པ་དྲན་ནོ། །
བཅུ་པ།
སྐབས་ཤིག་ཕ་ཡུལ་ནས་ཡི་གེ་ཞིག་འབྱོར་བའི་ནང་བླ་མ་རིན་པོ་ཆེ་སྐུ་གཤེགས་གྲུབ་པའི་གནས་ཚུལ་འཁོད་འདུག་པ་མཐོང་འཕྲལ་སྙིང་ལ་ཚེར་མ་ཟུག་པ་ལྟར་གྱུར་ཏེ་ཁྲག་རླུང་གིས་དེ་མུར་བརྒྱལ། དེ་ནས་རིག་པ་བསྒྲིམས་ཏེ་དགོངས་རྫོགས་མཆོད་འབུལ་སོགས་ཅི་ནུས་ཅི་ལྕོགས་སྒྲུབ་ཁུལ་བྱས་པ་ལས་གཞན་བྱ་ཐབས་དང་བྲལ། སྟབས་ལེགས་པ་ཞིག་ནི་དེ་དུས་གློག་འཁྱུག་པ་ལྟ་བུའི་དུས་ཡུན་ཙམ་གྱི་རིང་ལ་ཆོས་དད་རང་མོས་རྣལ་མ་ཞིག་དང༌། གཞུང་ནས་མར་ཡང་ཅི་དགོས་བཙོངས་པའི་སྐབས་དང་འཁེལ་བས་ཇོ་ཤཱཀ་རྣམ་གསུམ་གྱིས་མཚོན་རྟེན་འགངས་ཆེན་རྣམས་ཀྱི་དྲུང་དུ་དཀར་མེ་སོགས་གང་ལེགས་འབུལ་རྒྱུ་བྱུང་བ་ནི་བླ་མ་རིན་པོ་ཆེ་ཉིད་ཀྱི་སྐུ་བསོད་དུ་གདའོ། །དེ་གང་ལགས་ཤེ་ན། ཞག་བཅུ་སྐོར་ཞིག་ནས་སྐལ་བ་བཟང་པོ་དེ་འཇའ་ལྟར་ཡལ་འདུག་པའི་ཕྱིར་རོ། །
དེ་ལྟར་ལོ་ངོ་བཞི་ཙམ་གྱི་རིང་ལ་མཚམས་བསྙེན་སྒྲུབ་དང་བཀའ་འགྱུར་ཞལ་མཇལ་བ་སོགས་དགེ་སྦྱོར་གང་ལེགས་བྱེད་རྒྱུ་བྱུང་ཡང་འདུས་བྱས་སོ་ན་མི་སྡོད་པའི་སྟབས་ཀྱིས་དེའི་མཇུག་ཐོག་ཏུ་རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་གདུག་རྩུབ་ཅན་དེ་ལངས་པར་གྱུར་པས་མཚམས་ལ་འདུག་རྒྱུ་ལྟ་ཞོག་མ་ཎི་ཙམ་ཡང་འདོན་མི་ཆོག་པའི་ཁྲིམས་བཅས། ལྷག་པར་ནུབ་གཅིག་གློ་བུར་དུ་ཚོགས་འདུ་ཆེན་པོ་གཅིག་འཚོགས་ཏེ་འགོ་ཁྲིད་ནས་ཁྱབ་བསྒྲགས་བྱས་དོན། ད་རེས་དགོང་མོའི་ཆུ་ཚོད་ལྔ་པ་ཙམ་ན་དམར་སྲུང་དམག་ལྷ་ས་གཙུག་ལག་ཁང་དུ་འུར་ནས་སྐུ་གསུང་ཐུགས་རྟེན་ཡོད་རྒུ་གཏོར་ཟིན་འདུག་ན། དམག་འདིར་ཡང་རིང་མིན་ཕེབས་རྒྱུ་གཏན་འཁེལ་ལ། དེར་བརྟེན་རང་རེའི་རྟེན་གསུང་འདི་རྣམས་ཀྱང་ཇི་སྲིད་སྲུང་དམག་མ་འབྱོར་གྱི་བར་དུ་ཙོག་གེར་བཞག་གམ། ཡང་ན་རང་འགུལ་གྱིས་གཏོར་བ་གང་ལེགས་ཚང་མས་གོ་བསྡུར་བྱ་དགོས་འདུག ངས་བྱས་ན་རང་རེས་སང་ཉིན་ནས་འགོ་བརྩམས་ཏེ་རིམ་པས་གཏོར་ན་དགའོ་སྙམ། དེ་གང་ཡིན་ཞེ་ན། ནམ་ཞིག་སྲུང་དམག་མ་བྱོན་གྱི་བར་དུ་བཞག་ན་གཅིག་ཏུ་རང་རེ་རྗེས་ལུས་ཐེབས་པར་འགྲོ་ལ། གཉིས་སུ་དམར་སྲུང་དམག་ལོ་ཆུང་རྣམས་ཀྱིས་དབྱེ་སེལ་མེད་པར་ཚང་མ་གང་བྱུང་དུ་གཏོར་ཏེ་ཕྲ་རྒྱན་རིན་ཐང་ཅན་རྣམས་ཀྱང་གཏོར་བཤིག་ཏུ་འགྲོ་བའི་ཉེན་ཁ་འདུག གལ་ཏེ་སོ་སོས་ལག་པ་འཆང་ན་དགོས་པའི་གསེར་དངུལ་དང་ཕྲ་རྒྱན་སོགས་ཚུར་ཉར་ལ། མི་དགོས་པའི་རིགས་ལྷ་སྐུ་སོགས་ཕར་གཏོར་ནས་གང་ལའང་འཐུས་ཤོར་མི་འགྲོ་བའི་ཁྱད་ཡོང་བར་འདུག ཡིན་ཡང་གཙོ་བོར་མང་ཚོགས་རྣམས་གྲོས་བསྡུར་གྱིས་ཤིག བརྒྱ་ལ་རྟེན་གསུང་རྣམས་གཏོར་གྱི་མིན་ཟེར་ན་དོན་དུ་རིག་གནས་གསར་བརྗེ་བྱེད་ཀྱི་མིན་ཟེར་བར་འགྲོ་བས་དེ་ལུགས་ཀྱིས་བསམ་བློ་ཐོངས་ཤིག་ཟེར་རོ། །
དེའི་ཚེ་མང་ཚོགས་ཕལ་ཆེ་བ་ཡིད་ལ་གཏོར་འདོད་མེད་བཞིན་དུ་ཞེད་སྣང་གིས་གཏོར་རྒྱུར་མོས་མཐུན་བྱས་སོང་ཡང༌། བདག་ནི་འདི་ལྟ་བུའི་ལས་ངན་ཚབས་ཆེན་གསོག་པ་ལས་ཤི་ན་དགའ་སྙམ་དུ། ཁྱེད་རྣམས་གཏོར་མ་གཏོར་སོ་སོའི་ཐུགས་འདོད་ལྟར་བྱོས་ལ། ང་ནི་མི་གཏོར་ཐག་ཆོད་ཡིན་པས་དེས་ན་འདིའི་ཉེས་ཆད་དུ་བྱུང་ན་བཙོན་ལ་འཇུག་པ་གནང་རོགས་དང༌། དེ་མིན་རང་སྲོག་ནི་རང་ལ་དབང་བས་ཐག་གཅོད་བྱས་ཆོག་པ་མཁྱེན་བྱས་པས། དེར་ཡིན་དེ་མིན་ཟེར་མཁན་ཅང་མ་བྱུང་ཡང༌། གློ་བུར་དུ་རང་སྲོག་བཅད་ཀྱི་དོགས་པ་ཡིན་ནམ། གང་ལྟར་ཚོགས་འདུ་གྲོལ་འཕྲལ་འགོ་ཁྲིད་པ་གཉིས་འོངས་ནས། ཁྱོད་སང་ཉིན་མིག་ལྟ་བར་ཡོང་བ་ལས་གཞན་ལྷ་རྟེན་སོགས་གང་ཡང་མ་གཏོར་ན་འགྲིག དེ་བས་རང་སྲོག་བཅད་ན་སྡུག་གྱོང་ལས་མེད་པས་བསམ་བློ་སྦུབས་སུབ་དོག་པོ་དེ་འདྲ་མ་གཏོང་ཞིག་ཟེར་བྱུང༌། དེར་ལན་དུ་གཏོར་མི་དགོས་གསུངས་པ་ཐུགས་རྗེ་ཆེ་བའི་གནས་ཡིན་མོད་ཀྱང༌། མིག་གིས་མཐོང་ནའང་བརྒྱལ་འགྲོ་བར་འདུག་པས་ལྟ་བར་ཡང་འགྲོ་མི་དགོས་པ་མཁྱེན་བྱས་པས། དེ་ངོས་གཉིས་ནས་ཐག་མི་ཆོད་ཀྱི་དབུ་ཁྲིད་རོགས་པ་རྣམས་དང་གྲོས་བྱས་ནས་ལན་བསྐྱལ་ཡོང༌། གལ་ཏེ་ལན་མ་བྱུང་ན་སྡོད་ཅིག་ཟེར་ནས་སོང་ངོ༌། །
དེ་ནས་རིམ་གྱིས་གཏོར་བའི་འགོ་བརྩམས་ཏེ་བཀའ་བསྟན་འགྱུར་སོགས་གསུང་རབ་པུ་ཏི་རྣམས་མེར་བསྲེགས་ནས་དུ་བས་ནམ་མཁའ་ཁེངས། འཇིམ་སྐུ་རྣམས་ཀྱི་གཟུངས་གཞུག་རིན་པོ་ཆེ་སོགས་ཕྱུངས་ནས་ཆག་གྲུམ་རྣམས་གད་སྙིགས་སུ་དོར་བས་ཕུང་པོ་ཆེན་པོ་རི་ཙམ་དུ་གྱུར། གསེར་དངུལ་གྱི་སྐུ་དང་མཆོད་པའི་ཡོ་བྱད་ལ་སོགས་པ་ནི་རླངས་འཁོར་དུ་མས་ལོ་ཟླ་སྦྲེལ་ཏེ་ག་ཤེད་དུ་དབོར། ཐོག་མར་ཚོགས་ཆེན་དང་གཅིག གྲྭ་ཚང་བཞི། ཁང་ཚན་མི་ཚན་གཉིས་ཏེ་བདུན་ལ་ལག་པ་མ་འཆང་བར་རང་སོར་འཇོག་རྒྱུ་བྱས་ཀྱང༌། དེར་ཆ་མི་གནས་པར་རྗེས་སུ་བདེ་ཡངས་གྲྭ་ཚང་རྩ་གཏོར་དུ་བཏང་ཞིང༌། དེ་འཕྲོས་རྣམས་ཀྱི་རྟེན་གསུང་ཡང་གྲགས་ཅན་རྣམས་མ་གཏོགས་ཕལ་ཆེ་བ་གཏོར། དེའི་ཚེ་སྙིང་གས་ལ་ཐུག་པའི་སེམས་གདུང་སྐྱེས་ཏེ་སྤྱིའི་རྟེན་གསུང་སྤྱིས་གཏོར་བ་ལ་འགོག་ཐབས་མ་བྱུང་ཡང༌། སྒེར་སོ་སོའི་སར་ཕྱིན་ནས་རང་གི་རྟེན་གསུང་ནི་རང་ལ་དབང་བས་མ་གཏོར་ཅིག་ཟེར་ནས་བཀག་འགོག་བྱེད་པར་ཕྱིན་ཀྱང༌། སུ་གཅིག་ཀྱང་བཀག་མི་ཐུབ་པའི་ཚེ་འོ་ན་ངའི་སར་བསྐྱལ་ཤོག་དང༌། ངས་ཉར་ཚགས་བགྱིས་པས་ཆོག་གི་བྱས་པས། ཚང་མ་དགའ་ནས་ངའི་སར་བསྐྱལ་བྱུང་བས་བཞག་ས་མ་རྙེད་པ་ལྟ་བུ་བྱུང༌། ཕྱིས་སུ་ནི་དགོན་པ་ཙམ་དུ་མ་ཟད། ལྷ་ས་སོགས་ནས་ཀྱང་རྟེན་གསུང་བསྐྱལ་མི་བྱུང་བ་རྣམས་རང་སྲོག་བློས་བཏང་སྟེ་ཉར་ཚགས་ལེགས་པར་བགྱིས། དེའི་དམིགས་ཡུལ་ནི་སངས་རྒྱས་ཀྱི་བསྟན་པ་རྩ་མེད་དུ་བཏང་བའི་སྦྱོར་བ་ངན་པ་འདི་བྱུང་བས། ྋརྒྱལ་བའི་གསུང་རབ་པུ་ཏི་གཅིག་ཙམ་ཉར་ཚགས་བགྱིད་ཐུབ་ནའང་རྗེས་སུ་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་ཏེ་འོངས་སྙམ་པ་ལས་གཞན་དམིགས་ཡུལ་གང་ཡང་མ་མཆིས་སོ། །
སྐབས་དེ་དུས་ཕྱོགས་གང་སར་རིག་གནས་གསར་བརྗེ་ཟེར་བའི་མུན་ཞགས་ཀྱིས་ཁེབས་པར་བརྟེན་མཐར་སྐུ་གསུང་ཐུགས་རྟེན་ཡང་བསྒྲིག་རྒྱུ་ལྟ་ཞོག་གི་ཐ་ན་འཕྲེང་བ་ཙམ་ཡང་ཉར་མི་ཆོག་པའི་ཁྲིམས་སུ་གྱུར་ཅིང༌། སུས་ཀྱང་མ་ཎི་ཙམ་ཡང་མངོན་གསལ་དུ་འདོན་མི་ནུས་པའི་མུན་ནག་ཏུ་གྱུར་པ་དེའི་ཚེ་ཡིད་ལ་དཔའ་འདི་ལྟར་བསྐྱེད་དེ། གང་ཡང་མུན་ནག་ཏུ་སོང་དུས་སྒྲོན་མེ་སྦར་དགོས་ཀྱི། ཉི་མ་ཤར་དུས་མི་དགོས་པ་ལྟར་བསྟན་པ་རྩ་མེད་དུ་སོང་བའི་དུས་སྐབས་འདི་ལྟ་བུར་ནུས་ཤུགས་ཡོད་ཚད་བཏོན་དགོས་ཀྱི། སླར་བསྟན་པ་ས་དར་རྡོ་དར་དུ་བྱུང་བའི་ཚེ་བཏང་སྙོམས་སུ་བསྡད་པས་ཆོག་སྙམ་པ་བྱས་ནས་རྟེན་གསུང་བཞུགས་སུ་འཚལ་ཆོས་བཤམ་དུ་ཡར་བསྒྲིགས། དེ་དག་གི་མདུན་དུ་དཀར་མེ་སོགས་མཆོད་སྤྲིན་མཚར་དུ་དངར་བ་རྣམས་ལེགས་པར་བཤམས། ཚེས་བཟང་དུས་བཟང་ནམ་ཡིན་ལ་མར་རྒྱ་མ་བརྒྱ་ཕྲག་བརྒལ་བ་བཞུས་ཏེ་མཆོད་མེ་དང༌། ཚོགས་འཁོར་རི་ལྟར་བརྩེགས་ནས་གྲོགས་དུ་མ་དང་ལྷན་དུ་མཆོད་པའི་རོལ་དབྱངས་གདངས་དང་བཅས་ལེགས་པ་འཐེན་པ་སོགས་ཏེ། མི་རྣམས་ཀྱི་བློ་ཡུལ་དུ་མི་ཤོང་བ་ཙམ་བྱས་སོ། །
སྐབས་དེར་ཚིག་འདི་འདྲ་ཞིག་ཀྱང་བརྩམས་ཏེ། ཐུབ་བསྟན་འདི་འདྲའི་སྨག་ཏུ་ཐིམ་དུས་འདིར། །མེ་འཁྱེར་ཙམ་གྱི་སྟོབས་ལས་མེད་ན་ཡང༌། །ཅི་ཡོད་ནུས་པས་སྣང་བ་མི་འབྱིན་ན། །བསྟན་ལ་བཏང་སྙོམས་བྱས་པར་ཅིས་མི་འགྲོ། །ཞེས་པའོ། །སྤྱིར་བདུད་ཀྱི་ཁྲིམས་གནག་པ་དང༌། མི་གཞན་དག་མ་ཎི་ཙམ་བཏོན་པ་ལའང་ཁྲིམས་བཅད་པའི་ཚོད་དང་སྦྱར་ན་དོ་ནུབ་ཀྱི་བྱེད་ལུགས་བྱེད་སྟངས་འདིས་ཁྲིམས་ཁང་གིས་ཤེས་ནས་སང་ཉིན་ཁྲིམས་ལ་སྦྱར་བའི་གནས་ཡོད་སྙམ་པ་ཤ་སྟག་བྱུང་ཡང༌། དཀོན་མཆོག་གི་ཐུགས་རྗེས་བདུད་ཀྱིས་གླགས་རྙེད་པར་མ་གྱུར་ཏོ། །མདོར་ན་སྐབས་དེ་དུས་ནག་ཕྱོགས་པས་རྟེན་གསུང་གི་རིགས་རྣམས་ཕར་བསྐྱུར་བ་ལ་ངས་ནན་གྱིས་ཚུར་སྒྲུག ནག་ཕྱོགས་པས་རྟེན་གསུང་ཤུལ་མེད་དུ་བཅོམ་པ་ལ་ངས་པར་བརྐོ་བ་སོགས་རྟེན་གསུང་མཐའ་ཡས་པ་རྣམས་གསར་དུ་བཞེངས། ནག་ཕྱོགས་པས་ལྷན་པ་དམར་སེར་ཙམ་ལའང་དགྲར་བཟུང་སྟེ་རབ་བྱུང་མིང་མེད་དུ་བྱས་པ་ལ། ངས་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་མ་ཉམས་པར་བྱས། ནག་ཕྱོགས་པས་མི་རྣམས་ལོག་པའི་ལམ་དུ་བཀྲི་བ་ལ། ངས་ཡང་དག་པའི་ལམ་དུ་འཁྲིད་གང་ཐུབ་བྱས། ནག་ཕྱོགས་པས་བདུད་ཀྱི་རྒྱལ་མཚན་བསྒྲེངས་པ་ལ། ངས་ཆོས་ཀྱི་རྒྱལ་མཚན་བསྒྲེངས་པ་སོགས་ཏེ། མདོར་ན་གང་གི་ཚེ་ནག་ཕྱོགས་པས་བསྟན་པ་རྨེག་མེད་དུ་འཇོམས་པར་བྱས་པ་དེའི་ཚེ་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་དེ་དང་རྒྱབ་ཀྱིས་ཕྱོགས་པའི་སྦྱོར་བ་ཅུང་ཟད་རྔོ་ཐོགས་པར་བྱུང་བ་ནི། སྔར་ལོ་ཆུང་ངུའི་དུས་སུ་བསྟན་པ་དང་འགྲོ་བའི་དོན་དུ་རང་སྲོག་བློས་གཏོང་ནུས་པར་ཤོག་ཅེས་ལྷ་སའི་ྋཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་སྨོན་ལམ་ཡང་ཡང་བཏབ་པའི་འབྲས་བུ་ཅུང་ཟད་དུས་སུ་སྨིན་པ་འདྲའོ། །
ངས་རྟེན་གསུང་བསྒྲིགས་པ་དང་མཆོད་འབུལ་བྱེད་པ་སོགས་མཐོང་བ་ན་མི་ལ་ལ་དགའ་ནས་མིག་ཆུ་ཤོར་བ་དང༌། ལ་ལ་ཞེད་ནས་ངོ་རིས་འགྱུར་བ་སོགས་ཏེ་སྣ་ཚོགས་འོང་གིན་ཡོད་ལ། རྒྱུས་ཡོད་ཕལ་ཆེ་བས་ནི་བྱེད་ལུགས་བྱེད་སྟངས་ལ་དཔགས་ནས་སྔ་ཕྱི་ཙམ་མ་གཏོགས་ཁྲིམས་རར་ཚུད་པར་ཐག་བཅད་ཅིང༌། ཡང་ཤ་ཚ་སྙིང་ཉེ་དུ་མ་ཞིག་གིས་ནི་ད་ལྟའི་དུས་སུ་འདི་འདྲ་མངོན་གསལ་བྱར་མི་རུང་གི ནམ་ཞིག་སྒྲིག་ཁྲིམས་ཅུང་ཟད་ལྷོད་ཡང་དུ་སོང་བ་ན་བྱས་པས་ཆོག་ཟེར་ནས་ཁ་བརྡ་བསླབ་བྱ་བྱེད་མཁན་ཡང་བྱུང་སྟེ། དེ་དག་ལ་ཁྱོད་ཀྱིས་ཇི་སྐད་བཤད་པ་ང་ལ་ཕན་སེམས་ཡིན་པ་ཤེས་མོད་ཀྱང༌། ཁ་ལ་ཉན་གྱི་མིན། དེ་གང་ཡིན་ཞེ་ན། གཅིག་ཏུ་དཀོན་མཆོག་ཐུགས་རྗེ་ཆེ་བ་དང༌། གཉིས་སུ་བསམ་པ་ལ་བསླད་མེད་པས་བཙོན་དུ་རང་མི་ཚུད་ལས་ཆེ། བརྒྱ་ལ་ཚུད་ཀྱང་བསྟན་པའི་དོན་དུ་ཡིན་པས་བློ་འགྱོད་མེད་དོ། ཁྱོད་ཀྱིས་ད་ལྟ་མ་བྱེད། རྗེས་མ་བྱེད་ཟེར་བ་ནི་ས་རུབ་དུས་ཞུན་མར་མ་སྤར། ཉི་མ་ཤར་དུས་སྤར་ཟེར་བ་དང་འདྲ་བ་མིན་ནམ་བྱས་པས། དེ་ཕྱིན་ཆད་ཁ་བརྡ་བྱེད་མཁན་མ་བྱུང་ངོ༌། །
བཅུ་གཅིག་པ།
འདིའི་ཡས་མས་སུ་སྲིད་ན་དཀོན་པའི་དམ་རྫས་ཀྱི་རིགས་དཔག་ཏུ་མེད་པ་ཞིག་ལག་སོན་བྱུང་སྟེ། དེ་ཡང་སྤྲུལ་པའི་གཙུག་ལག་ཁང་གི་རྟེན་གསུང་རྣམས་གཏོར་སྐབས་དེའི་སྒྲིག་ཁོངས་སུ་རང་དབང་མེད་པར་ཚུད་པའི་བྲག་གཡབ་པ་དོན་གྲུབ་ཚེ་རིང་ལགས་ནས་ལྷ་སོ་སོའི་གཟུངས་གཞུག་ནས་བྱུང་བའི་དམ་རྫས་ཀྱི་རིགས་དཔག་ཏུ་མེད་པ་ཞིག་བསྡུ་རྒྱུ་བྱུང་འདུག་པ་རྣམས་ཅུང་ཙད་ཀྱང་འཐོར་དུ་མི་འཇུག་པར་བདག་ལ་སྟེར་བྱུང་བ་དང༌། དེ་བཞིན་དུ་འབྲས་སྤུངས་ཕོ་བྲང་དང༌། ཀུན་དགའ་ར་བ་སོགས་ཀྱི་ལྷ་སྐུ་རྟེན་གསུང་རྣམས་གཏོར་སྐབས་སྔགས་གྲྭ་ངག་དབང་དབྱིག་གཉེན་ལགས་ནས་སངས་རྒྱས་བྱང་སེམས་ཀྱི་སྐུ་རུས་རིང་བསྲེལ་འཕེལ་གདུང་སོགས་གྲངས་ལས་འདས་པ་ཞིག་བསྡུས་ཏེ་ཉར་ཚགས་བགྱིས་འདུག་པ་རྣམས་ཀྱང་ཕྱིས་སུ་བདག་ལ་སྟེར་བ་དང༌། གཞན་ཡང་གཟིམས་ཤག་སྣེའུ་ཤར་གྱི་དམ་རྫས་ངོ་མཚར་ཅན་ཡོད་ཚད་དང༌། གཞུང་ས་དགའ་ལྡན་ཕོ་བྲང་པའི་རྟེན་སྒམ་དུ་དམ་རྫས་ཀྱི་རིགས་ཇི་སྙེད་ཅིག་བཞུགས་པའི་ཆ་ཤས་རེ་ཡང་བདག་ལ་བྱུང་བ་སོགས་ཏེ། མདོར་ན་ངོ་མཚར་བརྗོད་ཀྱིས་མི་ལང་བའི་དམ་རྫས་བྱིན་རླབས་ཅན་མཐའ་དང་མུ་མེད་པ་ཞིག་བདག་གི་སྐལ་བར་ཐོབ་པ་རྣམས། བོད་མི་དམངས་ལ་ཕན་ཐོགས་པ་ཞིག་བྱ་སྙམ་དུ་ཐམས་ཅད་ནས་ཆ་ཤས་རེ་བླངས་ཏེ་བསྡུས་ནས་རི་ལུར་དྲིལ་ཏེ། བོད་རིགས་ཡོངས་ལ་འགྱེད་པའི་ལུགས་སུ་བྱས་པ་སྟེ། མཐོང་ཆོས་སུའང་ཕན་ཐོགས་རྒྱ་ཆེར་བྱུང་སོང་ངོ༌། །
འདིའི་ལོ་རྒྱུས་ཕྲ་ཞིང་ཞིབ་པ་བརྗོད་དུ་མི་ནུས་མོད། འོན་ཏེ་ཕྱོགས་ཙམ་བརྗོད་ན། ལྷ་ས་ར་མོ་ཆེའི་ཁུལ་དུ་གནས་སྡོད་བྱེད་པའི་བཅུ་དཔོན་ལགས་ཟེར་བའི་མི་ཞིག་ན་ནས་མི་དམངས་སྨན་ཁང་དུ་ཡུན་རིང་བསྟེན་འདུག་ཀྱང་ཉིན་རེ་ལས་ཉིན་རེར་ཇེ་སྡུག་ཏུ་སོང་ནས་མཐར་འཆི་བ་ལ་མངོན་དུ་ཕྱོགས་པའི་ཚེ་བྱ་ཐབས་གཞན་ཟད་ནས་དེའི་ནང་མི་ཞིག་བདག་གི་གམ་དུ་སླེབ་བྱུང་བ་ལ་རིལ་བུ་ཞིག་བསྐུར་བ་བཏང་བས་དེའི་སང་ཉིན་ནས་དྲག་འགོ་ཚུགས་ཏེ་ཉིན་གཅིག་གཉིས་ནས་སངས་དྲག་བྱུང་སྟེ་ད་ལྟའང་བདེ་ཐང་དུ་གནས་ཡོད་པ་དང༌། ཡང་ལྷ་ལྡན་ཆུ་མིག་ཤར་དུ་སྡོད་པ་མིང་ལ་དབྱངས་ཅན་སྒྲོལ་དཀར་ཟེར་བ་ཞིག་ལོ་མང་ན་ནས་ཇེ་སྡུག་ཏུ་ཕྱིན་ཏེ། ནུབ་གཅིག་དབུགས་རྦད་དེ་ཆད་པས་ལམ་སེང་རིལ་བུ་འདི་བཞིན་ཆུར་སྦངས་ཏེ་ཁར་བླུགས་པ་ན། འཕྲལ་དུ་སླར་གསོས་ཏེ་སང་ཉིན་ནས་རོགས་ཀྱང་མི་དགོས་པར་ཕར་ཚུར་འགྲོ་ཐུབ་པ་བྱུང༌། ཡང་ཕ་ཡུལ་སྟོད་ལུང་ནས་ཡིན་པའི་བཙུན་མ་བློ་བཟང་དམ་ཆོས་ཟེར་བ་ཞིག་ཡུན་རིང་ན་ནས་ལྷ་སར་སྨན་ཁང་བསྟེན་པར་ཕྱིན། དེ་ནས་ཇེ་སྡུག་ཏུ་སོང་སྟེ་མཐར་སྨན་པ་རྣམས་ཀྱིས་མི་འཚོ་བར་ཐག་བཅད་ལ་ནང་ཉེ་སྤུན་མཆེད་རྣམས་ཀྱིས་ཀྱང་དོ་ནུབ་ལས་མི་སྡོད་པར་ཐག་བཅད་དེ་བྱིན་རྟེན་འདི་བཞིན་སྦངས་ནས་བཞག བླུགས་གྲབས་བྱས་ཀྱང་དེ་དུས་རིག་གནས་གསར་བརྗེའི་སྐབས་ཡིན་པས་མི་གཞན་གྱིས་མཐོང་སར་བླུགས་མི་ཤེས། དེ་ནས་ནམ་ཕྱེད་ཙམ་ན་མི་རྣམས་སོ་སོར་སོང་བར་བརྟེན་གདོད་ཁར་བླུགས་ཐུབ་པ་བྱུང༌། དེ་ནས་ལམ་སེང་ན་ཚ་མེད་པ་ལྟ་བུར་སོང་བས། སང་སྨན་པ་རྣམས་སླར་འོངས་ནས་ནད་པ་ལ་གང་སྟེར་བ་ཡིན་ཞེས་དྲི་རྩད་ནན་པོ་བྱས་འདུག་ཀྱང་ཤོད་ནུས་མི་འདུག ཡང་རྒྱ་ཕྲུག་ཅིག་ན་ནས་ཆབ་གསང་དུ་ཁྲག་ཐོན། དེའི་ཕ་མ་གཉིས་རྒྱ་རིགས་འགོ་ཁྲིད་ཆེན་པོ་ཡིན་པར་བརྟེན་སྨན་ཁང་དྲག་རེ་དྲག་ཚད་དུ་ལོ་དང་ལོ་བསྟུད་ནས་བསྟེན་ཀྱང་དྲག་སྐྱེད་མེད་པར་ཇེ་སྡུག་ཏུ་སོང༌། དེར་ཕ་མ་གཉིས་ཀ་ཆོས་སྣང་དཀར་བ་ཞིག་ཡིན་འདུག་པས་བུ་འདི་བཞིན་བླ་མ་ཞིག་གི་སྐྱེ་བ་ཡིན། འདི་ཤི་ན་ངེད་གཉིས་སྡོད་ཐབས་མེད་པས་ཆོས་ཕྱོགས་ནས་ཕན་ཆ་འདྲ་བྱེད་རྒྱུ་ཡོད་ནའང་བྱེད་རོགས་ཞེས་བོད་རིགས་ཤིག་ལ་ལབ་འདུག་ཅིང༌། དེ་ཕྲན་གྱི་སར་སླེབ་བྱུང་བ་ལ་རིལ་བུ་གཅིག་བསྐུར་བས་རིལ་བུ་བཏང་ནས་ཞག་གཅིག་ལས་མ་སོང་བར་ཁྲག་ཐོན་མཚམས་ཆད། དེ་ནས་གཟུགས་སྟོབས་ཀྱང་མྱུར་དུ་སོར་ཆུད་པ་སོགས་ཏེ་དེ་འདྲའི་ལོ་རྒྱུས་མཐའ་ཡས་སོ། །
གཞན་ཡང་རིལ་བུ་འདི་བཞིན་གཅིག་ལས་དུ་མར་འཕེལ་འགྲོ་བར་འདུག་ཅེས་མང་པོ་ཞིག་གིས་བདག་ལ་བཟླས་མོད་ཀྱང་ཐོག་མར་ཡིད་མ་ཆེས། དེ་ནས་གོ་བོ་ཆོས་མཛད་དགེ་འདུན་ལགས་ནས་ཤོག་ཆག་གཅིག་ཏུ་རིལ་བུ་ངོ་གྲངས་ཉི་ཤུ་རྩ་ལྔ་བླུགས་ཏེ་བཞག་སོང་བ་ལ་ཕྱིས་ཁ་ཕྱེས་ནས་བལྟས་པས་ངོ་གྲངས་བཅུ་བཞི་དངོས་སུ་འཕེལ་འདུག་པ་ཕྲན་རང་གིས་མངོན་སུམ་དུ་མཐོང་བས་མཚོན་འདིའི་ངོ་མཚར་བརྗོད་ན་རྫོགས་པའི་མཐའ་མེད་དོ། །སྐབས་ཤིག་རྒྱའི་ལས་བྱེད་མང་པོ་ཞིག་ཕྲན་སར་ཡང་ཡང་འོངས་ནས་བསམ་ཚུལ་ཡི་གེ་བྲིས་ཤོག་ཟེར་ནས་བྲིས་ཟིན་པ་ན་འཁྱེར་ཏེ་འགྲོ་གིན་འདུག ཐོག་མར་དེའི་གནད་དོན་ཅི་ཡིན་མ་འཚལ་ཀྱང༌། ཕྱིས་ནང་ཉེ་ཞིག་གིས་ཁྱོད་ལ་དོགས་པ་ཞིག་བྱུང་བ་རེད་ཟེར། དོགས་པ་གང་བྱུང་བ་ཡིན་ནམ་བྱས་པས། མི་གཞན་ཞིག་གིས་ཁྱོད་ཀྱི་ཤག་གི་ཉེ་འགྲམ་ན་བོད་རང་བཙན་ཡིན་ཟེར་བའི་ཡི་གེ་གཅིག་འདུག་ཟེར་ནས་ལས་བྱེད་པ་རྣམས་ལ་སྤྲད་པས། དེས་དོགས་པ་ཟ་ནས་ཡི་གེ་དེ་དང་ཁྱོད་ཀྱི་ལག་རིས་གཉིས་འདྲ་ཡིན་འདུག་མི་འདུག་བརྟག་དཔྱད་བྱེད་སྒང་རེད་ཟེར་བས་གདོད་གནད་དོན་རྟོགས། དེའི་ཕྱི་ཉིན་ཡང་སླེབ་བྱུང་བ་ལ་ད་ཚུར་མགོ་གཡོགས་ན་ཕར་ཡང་གཡོགས་བསམས་ནས་བསམ་འཆར་ཡི་གེ་འབྲི་བ་ལ་ཉེ་བར་མཁོ་བའི་ཆོས་ལུགས་པོད་གཅིག་དཔེ་མཛོད་ཁང་དུ་ཡོད་པས་དེ་ཕྲན་ལ་གཡོར་དང༌། དེ་ནས་རྒྱལ་ཁབ་ལ་ཕན་ཐོགས་ཡོད་པའི་བསམ་འཆར་ལེགས་པ་ཞིག་བྲིས་ཆོག་བྱས་པས། མགོ་འཐོམས་ནས་བདག་ལ་སྟེར་བྱུང་སྟེ། དེ་ནི་དཔེ་རྒྱུན་ཤིན་ཏུ་དཀོན་པ་ཞིག་ཡིན་པས་ཕན་ཐོགས་ཆེན་པོ་བྱུང༌། དེ་ནས་ད་དུང་འགའ་ཟུང་གཡར་རོགས་བྱས་པས་གདོད་གཡོ་ཡིན་པ་ཤེས་ཏེ་དེ་ནས་གཡར་མ་བྱུང༌། ཁོ་བོས་བྲིས་པའི་ཡི་གེ་དང་གཞན་གཉིས་བསྡུར་ནས་བརྟག་དཔྱད་མང་པོ་བྱས་པའི་མཐར་ལག་རིས་མི་གཅིག་པར་ཐག་ཆོད་འདུག་པས་ཞྭ་མོ་གཡོགས་བསམས་ཀྱང་གཡོགས་ས་མ་རྙེད་པར་ལུས་སོ། །མི་དཀར་པོ་ལ་ཞྭ་ནག་པོ་གཡོགས་རྩིས་བྱེད་མཁན་གྱི་མི་དེ་ནི་དེང་སང་ཡང་འདི་ན་གསོན་པོར་གནས་འདུག་ཅིང༌། གནོད་ལན་འཇལ་ན་སྐབས་རྙེད་རིགས་སུ་འདུག་ཀྱང་གནོད་ལན་བྱེད་རྒྱུ་ལྟ་ཞོག་བྱེད་བསམ་པ་ཙམ་ཡང་མི་གདའོ། །
ལར་ནས་ཁྲོ་བ་ཡོད་ཀྱང་འཛིན་པ་མེད་ཅེས་པ་ལྟར་གནོད་བསྐྱལ་མཁན་སུ་འདྲ་ཞིག་ལའང་འཕྲལ་སེལ་སྤྲོ་ལངས་པ་ཙམ་ལས་གོ་སྐབས་བྱུང་ན་མཐའ་གཅིག་ཏུ་གནོད་ལན་འཇལ་སྙམ་པའི་བསམ་ངན་ཡིད་ཀྱི་དགུ་ལའང་མེད་པ་འདི་ནི་ཁོ་བའི་ཡོན་ཏན་ཆེ་ཤོས་སུ་རློམ་མོ། །གང་ཡང་ཚང་མས་ཤེས་གསལ་ལྟར་ལོ་མང་པོའི་རིང་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོར་ངོ་རྒོལ་བྱེད་པའི་ཐལ་ཚུབ་བསླངས་ཤིང༌། མི་རེ་རེ་བཞིན་བཙན་དབང་གིས་ངོ་རྒོལ་བྱེད་དུ་བཅུག་པས་ཚང་མ་འ་ཆད་འུ་ཐུག་གི་གནས་སུ་གྱུར་ཀྱང་ཕལ་ཆེ་བས་མིན་ཞེས་ཟེར་མི་ནུས་སོ། །ལྷག་པར་ངས་ངོ་རྒོལ་བྱེད་པ་ཞིག་བྱུང་ན་གཞན་ལ་བསྐུལ་བདེ་བ་སོགས་ཀྱི་ཁྱད་ཆེ་བར་མཐོང་ནས་དངོས་ཤུགས་བརྒྱུད་གསུམ་དང་དྲག་རྩུབ་འཇམ་གསུམ་སོགས་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་བྱེད་ཅི་ཐུབ་བལྟས་ཀྱང་གཏན་ནས་མ་བྱས་པའི་ཚེ་རབ་ཏུ་ཁྲོས་ཏེ་ཚིག་ངན་གྱི་ཆར་འབེབས་པ་དང༌། ས་བརྐོ་རྡོ་སློག་གི་ལས་བྱེད་དུ་བཅུག་པ་སོགས་ཏེ་ཉེས་ཆད་ནན་པོ་ཅི་དང་ཅི་ཡང་བསྐུལ་བྱུང་ཡང༌། ལམ་གྱི་རྩ་བ་བླ་མ་ཉིད་ཡིན་པས་རྐྱེན་ཅི་ལ་ཐུག་ཀྱང་ངོ་རྒོལ་མི་ཞུ་ཐག་ཆོད་ཡིན་སྙམ་པ་ལས་སེམས་གཞན་དུ་གཡོ་བར་མ་གྱུར་ཏོ། །
བཅུ་གཉིས་པ།
རང་ལོ་ང་བརྒྱད་སྐབས་རྒྱ་གར་འཕགས་ཡུལ་ནས་ྋརྒྱལ་དབང་དོན་གྱི་བདག་པོའི་སྐུ་ཚབ་བློན་ཆེན་རྣམ་པ་ལྔ་འདི་ཕྱོགས་སུ་གཟིགས་སྐོར་ལ་ཕེབས་འབྱོར་བྱུང་བས་ཁོང་རྣམ་པ་དང་མཇལ་འཕྲད་ཞུས། ཁོང་རྣམ་པའི་ཕེབས་རོགས་ལ་བསྙད་པའི་ལས་བྱེད་འདྲ་བ་མང་པོ་ཞིག་ལྷན་དུ་བྱུང་བ་རྣམས་བཀའ་བློན་འཇུ་ཆེན་ཐུབ་བསྟན་ལགས་ནས་ཕྱིར་བྲུལ་སོང་བས་ངེད་ཚོ་སྐུ་རྐྱང་བཀའ་མོལ་གནང་བདེ་བྱུང་བ་དང༌། རིག་གནས་གསར་བརྗེའི་སྐབས་སྲོག་དང་བསྡོས་ནས་ཉར་ཚགས་བགྱིས་པའི་རང་བྱོན་གྱི་རིགས་འདྲ་མིན་མང་པོ་དང༌། རྟེན་གསུང་རྩ་ཆེན་བཞུགས་སོ་ཅོག་ཁོང་རྣམ་པ་བརྒྱུད་ནས་ྋགོང་ས་མཆོག་ལ་འབུལ་ལམ་ཞུས། རིག་གནས་གསར་བརྗེའི་གོང་ཙམ་ནའང་ངོས་མི་གཉིས་ནས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་དཔེ་རྒྱུན་དཀོན་རིགས་རྣམས་བསྡུས་ཏེ་བྱམས་བཟོད་བརྒྱུད་ནས་འབུལ་ལམ་ཞུས་ཡོད་ཀྱང་འབྱོར་ལན་མ་བྱུང་བས་ཕྱག་ཏུ་སོན་མིན་ཆ་མ་འཚལ། འོན་ཏེ་ྋསྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་རྣམ་གཉིས་སུའང་རྟེན་གསུང་གང་འཚམ་འབུལ་ལམ་ཞུས་ཡོད་པ་ལས་བདེ་མཆོག་ལུས་དཀྱིལ་གྱི་ཕྱག་དཔེ་དང༌། ཕྱག་དྲིལ་གཅིག་གི་འབྱོར་ལན་བྱུང་བ་ལས་གཞན་མ་བྱུང༌། ྋགོང་ས་མཆོག་ལ་་འབུལ་རྒྱུའི་གྲས་སུ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་གསུང་འབུམ་བྲིས་མ་པོད་གཅིག་དང༌། མ་གཅིག་ལབ་སྒྲོན་གྱི་ལུང་བསྟན་མཁའ་འགྲོའི་བརྡ་ཡིག་གིས་བརྒྱན་པ་རྣམ་གྲངས་མང་པོ། རྒྱལ་རབས་བྲིས་མ་འདྲ་མིན་སྣ་ཚོགས་སོགས་ཤིན་ཏུ་གནད་ཆེའི་རིགས་མང་པོ་ཡོད་དེ། དེ་རྣམས་ཕྱག་ཏུ་མ་འབྱོར་ཚེ་ཤིན་ཏུ་བློ་ཕམ་པའི་གནས་སོ། །ཕྱག་དཔེ་བྱིངས་རྣམས་ཁྱོན་ཆེ་བའི་སྟོབས་ཀྱིས་རེ་ཞིག་འབུལ་བར་རྔོ་མི་ཐོགས་པར་ལུས་པ་ལ་དཀར་ཆག་བཏབ་ནས་བསྐུར་ཤོག་ཅེས་བཀའ་ཕེབས་པ་ལྟར་འཕྲལ་དུ་མངོན་པར་འདུ་བྱས་ཏེ་འབུལ་ལམ་ཞུས། དེར་ཞིབ་གཟིགས་ཀྱིས་ཐུགས་གལ་ཆེ་རིགས་འདི་དང་འདི་བསྐུར་ཤོག་གསུངས་པ་རྣམས་ཚིམ་ལུས་མེད་པར་འབུལ་ལམ་ཞུས། དཀར་ཆག་དེ་བཞིན་སྐུ་སྒེར་ཡིག་ཚང་ནས་ཉར་གནང་བར་བརྟེན་སླར་ཡང་པོད་གྲངས་འདི་དང་འདིའི་ནང་ཕྱག་དཔེ་འདི་དང་འདི་བསྐུར་ཤོག་ཅེས་ཐེངས་ཁ་ཤས་བཀའ་ཕེབས་བྱུང་བ་ལ་འཕྲལ་འཕྲལ་དུ་འབུལ་ལམ་ཞུས། ཡིན་ཡང་ད་དུང་འབུལ་རྒྱུ་འགའ་ཞིག་ཡོད་ཀྱང་འབུལ་མི་ཐུབ་པར་ལུས་པའི་རྒྱུ་རྐྱེན་གཉིས་བྱུང་སྟེ། གཅིག་ནི་འདི་ནས་འཁྱེར་མི་རྣམས་ཀྱིས་སྒེར་མཇལ་དགོས་ཚུལ་སོགས་ཀ་ཀོར་ཞུས་པར་བརྟེན། སྐུ་སྒེར་དྲུང་ཆེ་སོགས་ཐུགས་སུན་བྱུང་ཡོད་བཟོ་འདུག་པ་དང༌། གཉིས་ནི་བར་ལམ་ཕར་ཚུར་འགྲོ་མི་ཉུང་དུ་སོང་བས་གཅིག་ཏུ་བསྐུར་མི་ཕོད་པ་དང༌། གཉིས་སུ་བསྐུར་ས་མ་རྙེད་པས་ལུས་སོ། །བར་སྐབས་ཤིག་བདུན་གསུམ་གྱི་རིང་རྡེའུ་བཅུད་ལེན་ཞིག་བཏང་ལོ་བྱས་ཀྱང་དགེ་སྦྱོར་ལ་དེ་ཙམ་གྱི་ཕན་ཐོགས་མ་བྱུང་བས་འདི་ལས་འཚོ་བ་ངན་ངོན་ཙམ་བསྟེན་ན་དགེ་སྦྱོར་ལ་བོགས་ཆེ་བར་འདུག་སྙམ་བྱུང༌། ལོ་ཚིགས་གང་ཡིན་གསལ་པོར་མ་ངེས་ཀྱང་གང་ལྟར་སྐབས་ཤིག་ལ་བལ་རྒྱལ་བཱི་རན་ཏ་ར་མཆོག་བོད་དུ་གཟིགས་སྐོར་འཚམས་འདྲི་ལ་ཕྱག་ཕེབས། འབྲས་སྤུངས་སུ་གནས་གཟིགས་ལ་ཕེབས་སྐབས་ཕྲན་དང་མཇལ་འཕྲད་དགོས་ཚུལ་གྱི་བཀའ་ཕེབས་འདུག་པར་བརྟེན། ལམ་སེང་རྒྱའི་ལས་བྱེད་པ་གཅིག་འཚབ་འཚུབ་ངང་ཕྲན་སར་འོངས་ནས་བལ་རྒྱལ་མཆོག་ད་ལྟ་རང་འདིར་ཕེབས་རྒྱུར་གཏན་འཁེལ་སོང་བས་དེ་ལུགས་ཀྱི་སྐད་ཆ་བཤད་ཕྱོགས་ལ་བསམ་བློ་ཐོངས་ཤིག་ཟེར། དེར་ཆོས་ཕྱོགས་ནས་གང་དྲིས་ཀྱང་ཐད་ཀ་ཐད་ཀར་ལན་གདབ་རྒྱུ་ཡིན། སྲིད་ཕྱོགས་ནས་དྲིས་ན་ངས་མི་ཤེས། ལྷག་པར་ྋརྒྱལ་བ་རིན་པོ་ཆེར་དད་པ་ཡོད་མེད་འདྲི་བ་ལ་སོགས་པ་བྱུང་ན་ཡོད་ཅེས་ལབ་རྐྱང་ཡིན་པས་དེ་ལུགས་ཀྱི་དགོངས་པ་བཞེས་རོགས་བྱས་པས། ངས་ཁོ་ཚོའི་འདོད་པ་ལྟར་སྐད་ཆ་ཡག་པོ་ཞིག་བཤད་པ་མི་འདུག་བསམས་ནས་བལ་རྒྱལ་ལ་བཤོལ་བཏབ་ནས་ངའི་སར་འཁྲིད་མ་བྱུང་ཡང༌། དེ་ཡིས་ཁྲོས་ནས་ཚིག་གིས་སྤྱོས་པ་དང་ལས་ལ་བཀོལ་བ་སྡུག་པོ་ཅི་ཡང་སྟེར་རོ། །
དེ་ལྟར་བྱེད་པའི་རྒྱུ་མཚན་ནི། སྐབས་དེར་ྋརྒྱལ་བ་རིན་པོ་ཆེར་ངོ་རྒོལ་མི་ཞུ་མཁན་གང་ཡིན་དགྲ་བོའི་ཕྱོགས་སུ་བརྩིས་ཏེ་འཛིན་བཟུང་བྱས་པ་དང༌། རྡུང་རྡེག་བཏང་བ་སོགས་བྱེད་ཀྱི་ཡོད་པས་ཡིན་ནོ། །དེ་ལྟར་རང་གིས་ངོ་རྒོལ་བྱེད་རྒྱུ་ལྟ་ཞོག་གཞན་གྱིས་བྱེད་པར་མཐོང་ནའང་ཡིད་མི་བདེ་བ་ཆེན་པོ་འོང་གིན་ཡོད་ཅིང༌། ལྷག་པར་ལིང་དགག་ཁུང་དགག་ཟེར་བའི་ལས་འགུལ་ཞིག་སྤེལ་ཏེ་དོན་དུ་ྋརྒྱལ་བ་རིན་པོ་ཆེར་དམིགས་ཀྱིས་བཀར་ནས་ངོ་རྒོལ་དང་སྐུར་འདེབས་ཤུགས་ཆེན་ཞུས་སོང་བ་མཐོང་བས་སེམས་སྡུག་ནས་ཡུད་ཙམ་ཞིག་གི་རིང་སྐྲ་ཡང་ཕལ་ཆེར་དཀར་པོར་གྱུར་འདུག །
དེ་ནས་རང་ལོ་ང་དགུ་པའི་སྐབས་ཤིག་ནུབ་གཅིག་རྒྱ་གར་རྒྱང་གྲགས་ནས་སྐྱབས་གཅིག་བཀའ་དྲིན་ཟླ་མེད་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་འཇམ་མགོན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོ་མཆོག་རེ་ཞིག་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་སླད་དུ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ་ཞེས་པའི་གཏམ་ངན་མི་བཟད་པ་གཅིག་ཐོས་པས་མྱ་ངན་དང་སྡུག་བསྔལ་གྱིས་ཡིད་གདུངས་ཏེ་དྲན་མེད་དུ་བརྒྱལ་བ་ལ་ཐུག དེའི་ནུབ་མོ་གཉིད་དུ་ཡུར་བའི་གོ་སྐབས་ཀྱང་མེད་པ་ལྟ་བུ་བྱུང་མོད་ཀྱང༌། ནམ་སྨད་ཙམ་ན་ཉམས་དང་རྨི་ལམ་འདྲེས་པ་ལྟ་བུ་ཞིག་ལ་ྋསྐྱབས་རྗེ་རྡོ་རྗེ་འཆང་ཁོ་བོའི་སྡོད་ཤག་ཏུ་སྐུ་དངོས་སུ་ཕེབས་ནས་བཟང་པོའི་བཞུགས་སྟངས་ཀྱི་ཁྲི་ལ་བཞུགས་ནས་གསུང་གིས་དབུགས་དབྱུང་བའི་སྣང་བ་ཞིག་ཤར་ཏེ། དེས་ཅུང་ཟད་ཡིད་སོས། དེ་འཕྲལ་དགོངས་པ་ཆོས་དབྱིངས་སུ་རྫོགས་ཐབས་སུ་རང་འཁོས་དང་བསྟུན་པའི་དཀོན་མཆོག་ལ་མཆོད་པ་དང༌། དགེ་འདུན་ལ་བསྙེན་བཀུར་སོགས་རྒྱ་ཆེར་བསྒྲུབས་པའི་ལུགས་སུ་བྱས། རང་ལོ་རེ་གཅིག་པར་ལོ་འཁོར་མཚམས་ལ་སྡོད་རྩིས་ཀྱིས་ྋགོང་ས་མཆོག་ལ་སྙན་སེང་སྐྱབས་འཇུག་ཞུས་པར་བཀའི་གནང་བ་ཐོབ། །
དེ་ནས་ཆུ་ཁྱི་ལོའི་ཟླ་བ་དང་པོའི་ཚེས་གཅིག་ནས་བཟུང་མི་སུ་དང་ཡང་གཏམ་མི་སྨྲ་ཞིང༌། ཐུག་འཕྲད་མི་བྱེད་པའི་དམ་བཅའ་བྱས་ཏེ་སྒོ་བཅད། སྒོའི་ཕྱི་ལོགས་སུ་ངའི་སར་སུ་ཡང་མ་ཡོང་ཞེས་པའི་སྦྱར་ཚིག་ཀྱང་བཏབ་ནས་བཞག དེ་དུས་ལོ་གཅིག་ཙམ་གྱི་རིང་ལ་དགེ་སྦྱོར་ལེགས་རབ་བྱུང་བས་ད་ནི་ཇི་སྲིད་འཚོའི་བར་དུ་སྒོ་མི་དབྱེ་བར་འདི་མུར་བསྡད་སྙམ་པ་ཞིག་བྱུང་ངོ༌། །རང་ལོ་རེ་གཉིས་པ་ཆུ་ཕག་ལོར་བོད་ཟླ་བདུན་པའི་ཚེས་བཅུ་བདུན་མཚན་ཕྱེད་ཙམ་ན་གོ་ལག་ཐོགས་པའི་མི་བཞི་བཅུ་ལྷག་ཙམ་ཞིག་གིས་སྒོ་གློ་བུར་དུ་བཙན་ཤེད་ཀྱིས་ཕྱེས་ཏེ་ནང་དུ་འོངས་ནས་བརྗོད་དོན། ལྷ་ས་བ་ཡིན་པའི་གཞོན་ནུ་བྱམས་པ་བརྩོན་འགྲུས་ཟེར་བ་དེ་ནི་མི་རིགས་ཁ་བྲལ་དུ་གཏོང་མཁན་གྱི་ལོག་སྤྱོད་པ་ཡིན་པར་བརྟེན་ཁོ་པ་ང་ཚོས་འཛིན་བཟུང་བྱས་ཟིན་པ་ཡིན། ཁྱོད་ཁོ་པ་དང་འབྲེལ་བ་འདུག་པར་བརྟེན་ཁྱོད་ཀྱི་སྡོད་ཤག་བསྔོག་རྒྱུ་ཡིན་ཟེར་ནས་མཚན་གང་བསྔོགས་སོང་བ་ལ་རྒྱ་མིར་ངོ་རྒོལ་བྱེད་པའི་ཡིག་ཆ་རེ་ཟུང་དང༌། ྋསྐྱབས་མགོན་ྋརྒྱལ་བ་ཡབ་སྲས་ཀྱི་ཕྱག་རྟགས་འཁོད་པའི་བཀའ་ཡིག་འགའ་རེ་ཐོན་སོང༌། དེར་ཞེད་སྣང་ཇི་ལྟར་བསྐུལ་ཡང་དཀོན་མཆོག་གི་ཐུགས་རྗེས་དངངས་སྐྲག་དང་ཞེད་སྣང་གང་ཡང་མ་བྱུང༌། དེ་ནས་ཁོ་བོས་བྲིས་པའི་རྩོམ་ཡིག་ཁག་བསྡོམས་དེབ་ངོ་གྲངས་བཅོ་བརྒྱད་ཙམ་དང༌། རྒྱ་གར་ཕྱོགས་ནས་ཐོན་པའི་དེབ་མང་པོ་དང༌། ཐ་ན་ཡི་གེ་ཡོད་པའི་ཤོག་ལྷེ་ལྷེབ་ཙམ་ཡན་ཆད་བསྡུས་ཏེ་ཉི་མ་ཤར་ཙམ་ན་ལོག་རྩིས་བྱས་ནས་རྡོག་ཐོན་ཁར་དེའི་དཔོན་རིགས་ཤིག་གིས་བརྗོད་དོན། ད་དུང་བསྔོག་རྒྱུ་བསྡད་ཡོད་པས་སང་གནངས་སྔོག་བཤེར་བྱེད་པར་འོང་གི་ཡིན། དེའི་བར་ཁྱོད་འདིར་བསྡད་མི་ཆོག་ཟེར་ནས་ཕྲན་ཕྱིར་ཕྱུང༌། སྦུག་གི་སྒོ་ལྕགས་བརྒྱབས་ནས་ལྡེ་མིག་ཁོ་པ་ཚོས་འཁྱེར་ཏེ་ལོག་སོང༌། དེ་ནས་འདུག་ས་མེད་པས་ཐབ་ཚང་དུ་སྡོད་དགོས་བྱུང་བ་དང༌། འཛིན་བཟུང་ཡང་བྱེད་ལ་ཉེ་བ་སོགས་གནས་ཚུལ་ཛ་དྲག་ཅན་དུ་གྱུར་མོད་ཀྱང༌། ལྷ་བླ་མ་དཀོན་མཆོག་གི་ཐུགས་རྗེས་ཞེད་སྣང་ཕར་ཞོག་གི་ད་དུང་ཉམས་དགའ་བ་ལ་སེམས་སྐྱིད་པ་ཞིག་བྱུང་སྟེ་སྔོན་ཆད་དེ་འདྲའི་སྐྱིད་སྣང་བྱུང་མ་མྱོང་བ་ལྟ་བུ་ཡིན། བསམ་བློར་ཡང་ལུས་བཙོན་ཁང་དུ་བཅུག་རུང་སེམས་འཇུག་ཐབས་མེད་པས་སེམས་ཀྱི་དགེ་སྦྱོར་ཡང་དག་པ་ཞིག་བྱེད་ཨང་སྙམ་པ་བྱུང༌། དེ་ནས་ཉི་མ་ནུབ་ལ་ཉེ་བའི་སྐབས་སུ་སླར་ཡང་འོངས་ཏེ་སྟན་ཉལ་ཆས་སྔོག་བཤེར་ནན་པོ་བྱས་སོང་སྟེ། དམིགས་ཡུལ་ནི་གསང་ཉུལ་གྱི་ཡོ་ཆས་ཏར་འཕྲིན་སོགས་རྙེད་དུ་རེ་ནས་ཡིན་འདུག་ཀྱང་དེ་འདྲ་ནི་གཏན་ནས་མེད་པས་ག་ལ་རྙེད། ཡིན་ཡང་གང་ཞིག་ལག་ཏུ་སོན་ན་གཏན་མི་ལེགས་པའི་ཡིག་རིགས་མང་དག་ཅིག་ཡོད་དེ། དེ་དག་ནི་ལྷ་སྲུང་ཁྱད་པར་ཅན་རྣམས་ཀྱིས་རེ་ཞིག་ཕྱག་ཏུ་བསྣམས་ཏེ་རྗེས་སུ་ཚུར་གནང་བ་ཡིན་ནོ། །འདི་ཇི་ལྟར་སྙམ་ན། ཕྲན་གྱི་ཤག་སྔོག་པའི་ནུབ་མོ་དེར་ཆ་སྒམ་ནག་པོ་ཞིག་ཡོད་པ་དེ་རྒྱ་མི་ལྔས་མཚན་གང་པོ་བསྔོགས་ཏེ་ཐ་ན་ཡི་གེ་འཁོད་པའི་ཤོག་ལྷེ་ལག་མཐིལ་ཙམ་ཡན་ཆད་བསྡུས་ཏེ་འཁྱེར་ཟིན་ནས་ཁོ་ཚོ་སོང་རྗེས་ཕྲན་དགེ་སློབ་གསུམ་གས་ཆ་སྒམ་ནང་ཞིབ་བལྟ་བྱས་ཏེ་དེའི་ནང་གད་ཡན་ཆད་བརྒྱབས་ཟིན་ཀྱང༌། དེ་ནས་ཟླ་ཕྱེད་ཙམ་སོང་བ་ན་ཉིན་གཅིག་ཆ་སྒམ་སྒོ་ཕྱེ་དུས་རས་སེར་པོའི་སྒྲིལ་འཐུམ་ཆེན་པོ་ཞིག་འདུག་པ་ཁ་བཤིགས་ནས་བལྟས་པ་ན་གནད་ཡོད་ཀྱི་དེབ་ཤ་སྟག་ཉི་ཤུ་རྩ་གྲངས་ཤིག་འདུག་པས་ཤིན་ཏུ་ངོ་མཚར་ཏེ་ལྷ་བླ་མ་དཀོན་མཆོག་མེད་ན་འདི་གང་རེད་དམ་ཞེས་ཆིག་ལབ་ཀྱང་ཐལ་སོང༌། གལ་ལ་ཐུག་དུས་དཀོན་མཆོག་གིས་མངོན་གསལ་དུ་སྐྱོབ་པའི་ལོ་རྒྱུས་འདི་དང་འདི་འདྲ་བ་མཐའ་ཡས་པ་ཞིག་ཡོད་དེ་བྲིར་མི་ལང་ངོ༌། །
བཅུ་གསུམ།
སང་ཆ་སྒམ་ནས་སྒྲིལ་འཐུམ་ཆེན་པོ་དེ་ཐོན་རྒྱུའི་དོ་ནུབ་ཉལ་ནས་གཉིད་དུ་མ་སོང་བའི་བར་དེར་འཕྲིན་ལས་རྒྱལ་པོའི་སྐུའི་སྣང་བ་ཆེས་གསལ་བ་མངོན་སུམ་ལྟ་བུ་ཞིག་རྟོག་ངོར་ལྷང་ལྷང་འཆར་ཏེ་དུས་དེར་ཡིག་རིགས་དེ་རྣམས་སླར་སྩོལ་བའི་བརྡར་གོའོ། །རྒྱུ་མཚན་འདི་དང་དེ་འདྲ་བ་མང་པོ་ཞིག་ལ་བསམ་པའི་ཚེ་དཀོན་མཆོག་གི་ཐུགས་རྗེ་ལ་ཡིད་མི་ཆེས་པའི་རང་དབང་མི་གདའོ། །འོ་ན་བསྟན་དགྲ་ཐོག་མ་ནས་སྡོད་གནས་སུ་འོང་དུ་མི་འཇུག་པར་ལྷས་བཀག་རིགས་པ་ལ་མི་འགོག་པ་གང་ཡིན་ནམ་སྙམ་ན། དེ་ནི་དགོས་པའི་དབང་གིས་ཏེ། དེའི་སྔོན་ཙམ་ན་རྨི་ལམ་དུ་ྋསྐྱབས་རྗེ་རིན་པོ་ཆེས། དགྲ་ལྷ་གནས་ཆུང་ཆོས་སྐྱོང་ནས་ཁྱོད་ཀྱིས་ཁོང་གི་བཀའ་ལན་གསུམ་བཅག་ཟིན་ན་བཞི་པའི་ཚེ་ལས་སླ་མོར་མི་འཇོག་ཐག་ཆོད་ཡིན་གསུངས་ཀྱི་གདའོ་ཞེས་གསུངས་པ་ཞིག་རྨིས་ཏེ། སྐབས་དེར་དེའི་དོན་མ་རྟོགས་ཀྱང་ཕྱིས་བསམ་ན་ལྷ་བླ་མ་མི་དམངས་དང་བཅས་པས་ཕྲན་ལ་ཆོས་ཀྱི་རེ་བ་ལན་གསུམ་དུ་བཅོལ་ཡང་མི་ཉན་པ་དེ་ལྟར་ལ་ལན་བཞི་པའི་ཚེ་མི་ཉན་ན་བཀའ་ཆད་དྲག་པོ་གཏོང་རྒྱུ་ཡིན་ཞེས་པའི་བརྡར་འདུག་གོ། འདིའི་རྒྱུ་མཚན་ཅུང་ཟད་བརྗོད་ན། ཁོ་བོ་ནི་ཆུང་གཞོན་ནུའི་དུས་ནས་ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད་ཅེས་གང་གསུངས་པ་ལྟར་དཔེ་ཆ་བལྟས་ནས་ཉམས་ལེན་བྱེད་ལུགས་ཕྱོགས་འགྲོ་ཙམ་ཤེས་པ་ཞིག་བྱུང་ན་མི་མེད་ལུང་སྟོང་ཞིག་ཏུ་སོང་སྟེ་ཚེ་དང་སྒྲུབ་པ་སྙོམ་པའི་སྒོམ་ཆེན་ཞིག་བྱས་སྙམ་པ་མ་གཏོགས་མི་ལ་ཆོས་བཤད་བསམ་པ་ནི་རྨི་ལམ་དུ་ཡང་མེད་ལ། ཚིགས་བཅད་འདི་འདྲ་ཞིག་ཀྱང་བྲིས་མྱོང་སྟེ། རང་གི་ཁ་ལ་རང་ཡང་མི་ཉན་ན། །གཞན་གྱིས་རང་གི་ཁ་ལ་ཉན་དོགས་མེད། །དེ་ཕྱིར་གཞན་རྒྱུད་འདུལ་བའི་གྲབས་ཤོལ་ནས། །ཐོག་མར་རང་རྒྱུད་ཐུལ་ཅིག་ལམ་རིམ་པ། །ཞེས་པའོ། དེ་ལྟར་རང་གི་སེམས་ལ་གང་བསམས་པ་ལྟར་ཞུ་ཡིག་གི་ལམ་ནས་ྋསྐྱབས་རྗེ་རིན་པོ་ཆེར་ཞུས་པས། བཀའ་ཕྱིར་ཕེབས་སུ་དུས་ངན་འདི་ལྟ་བུར་ཆོས་ཀྱི་སྣང་བ་ཅུང་ཟད་འགྱེད་དེ་གདུལ་བྱ་རེ་ཟུང་ལ་ཐར་པའི་ས་བོན་ཞིག་བསྐྲུན་ཐུབ་ན་སྟོན་པ་དང་བསྟན་པ་གཉིས་ཀར་རིམ་གྲོ་དེ་ལྷག་མ་མཆིས་པས་ཡིད་ལ་ཟུངས་ཤིག་ཅེས་དང༌། ྋསྐྱབས་མགོན་རྒྱལ་བ་ཡབ་སྲས་སོགས་ནས་ཀྱང༌། ཁོ་བོས་བཤད་ན་ཅུང་ཟད་ཕན་ཐོགས་འབྱུང་བར་དགོངས་ཏེ་གོང་མཚུངས་བཀའ་ཕེབས་པ་དང༌། བོད་རྒྱ་ཆེའི་མི་དམངས་ནས་ཀྱང་རེ་བ་ཆེན་པོ་བྱེད་མོད་ཀྱི། འོན་ཏེ་མི་ཤེས་རྨོངས་སྒྲིབ་ཀྱི་དབང་གིས་རྩ་བའི་བླ་མ་རྣམས་ཀྱི་བཀའ་དགོངས་ཚུལ་བཞིན་མ་བསྒྲུབས་པར་རས་སུ་བོར་བ་དང༌། དད་ལྡན་མི་དམངས་རྣམས་ཀྱི་རེ་འདུན་ཆུད་ཟོས་སུ་བཏང་བས་སྲུང་མ་དམར་ནག་གཉིས་ཐུགས་ཕམ་སྟེ་འཇིག་རྟེན་གྱི་གཏམ་དཔེར། ཤིང་གི་སྟ་གྲི་ཤིང་ལ་མི་འགྲོ་ན། ལྕགས་ཀྱི་སྟ་གྲི་བེད་སྤྱོད་གཏོང་དགོས། ཟེར་བ་ལྟར་ནག་ཕྱོགས་པ་བེད་སྤྱད་ནས་མཚམས་དཀྲུགས་ཏེ་ཆོས་མི་ཤོད་ཀ་མེད་དུ་བཟོས་སྣང་ངོ༌། །
འདིའི་རྒྱུ་མཚན་ད་དུང་བརྗོད་དུ་ཡོད་དེ། འདི་ལྟར་མཚམས་ལ་སྡོད་པའི་སྐབས་དེར་ལོ་ངོ་གཅིག་ཙམ་གྱི་རིང་ལ་བླ་མའི་བཀའི་གནང་བ་ཐོབ་པར་བརྟེན། དགེ་སྦྱོར་ལམ་ལྷོངས་གཞན་དང་མི་འདྲ་བ་བྱུང་བ་དེ་ལྟར་ཡང་དེ་རྗེས་མི་ཚེར་འདི་མུར་བསྡད་སྙམ་པའི་འཕེན་པ་བཏང་ཕྱིན་ཆད་རང་སེམས་རྣལ་དུ་མི་ཕེབས་པ་སོགས་དགེ་སྦྱོར་ལམ་དུ་མི་འགྲོ་བའི་གནས་ཚུལ་དུ་མ་བྱུང་བ་ཡང་ལྷ་བླ་མ་ཐུགས་མི་དགྱེས་པའི་སྐྱོན་དུ་གདའ་བ་སོགས་ཏེ་ཡིད་ཆེས་པའི་གཏན་ཚིགས་མང་ངོ༌། །དེ་ནས་ཆོས་འཆད་སྤེལ་ཅུང་ཟད་མ་བྱས་ན་སླར་ཡང་སྐྱོན་ཆེན་པོ་ཞིག་འོང་བར་མཐོང་སྟེ་གང་ཤེས་ཅི་ཤེས་ཀྱིས་ལམ་རིམ་བློ་སྦྱོང་སོགས་ཚིག་རེ་ཟུང་བཤད་སྙམ་པའི་འཕེན་པ་བཏང༌། སྐབས་དེར་ནུབ་གཅིག་རྨི་ལམ་དུ་མཆོད་སྡོང་ཆེན་པོ་ཞིག་ལ་ཉེ་སྲས་བརྒྱད་ཞབས་སྐོར་མཛད་ཀྱིན་འདུག་པ་མཐོང་བས་ལུས་ཀྱི་བ་སྤུ་གཡོ་བའི་དད་མོས་སྐྱེས་ཏེ་ལག་ཐལ་མོ་སྦྱར་ནས་གསོལ་བ་ཤུགས་དྲག་འདེབས་པ་ཞིག་རྨིས་པ་དང༌། ཡང་རང་ལོ་རེ་གསུམ་པའི་དཔྱིད་ཀར་གཞོན་ནུ་ལོ་ཆུང་འགའ་ལ་སང་རབ་བྱུང་གི་སྡོམ་པ་འབོག་རྒྱུའི་དོ་ནུབ་རྨི་ལམ་དུ་ལྷ་སའི་ྋཇོ་བོ་རིན་པོ་ཆེ་དང་མཇལ་ནས་ཞབས་པུས་ལ་དཔྲལ་བ་གཏུགས་པ་ན་ཐུགས་ཤིན་ཏུ་དགྱེས་ཉམས་ཀྱིས་ཕྱག་གཡས་པ་ནར་གྱིས་བརྐྱངས་ནས་མགོ་ལ་བཞག་སྟེ་ཚིགས་སུ་བཅད་པ་དུ་མ་ཞིག་བཀའ་བསྩལ་བ་རྨིས་ཏེ། དེ་ནི་སླད་ཕྱིན་ཐུབ་བསྟན་སྤེལ་བ་ལ་ཐུབ་པ་ཉིད་ཀྱིས་བཀའ་ཡི་གནང་བ་བྱིན་པ་ཡིན་ནམ་སྙམ་མོ། །དེ་དུས་ཐན་པ་ཤིན་ཏུ་ཆེ་བའི་སྐབས་ཡིན་ཀྱང་སྡོམ་པ་འབོགས་པ་དང་ཆར་རྒྱུན་ཤིན་ཏུ་བཟང་བ་ཞིག་བབས་པས་ཀུན་ཀྱང་དགའ་བདེས་དབུགས་དབྱུང་བ་ཐོབ་སྟེ། ཅུང་ཟད་ཕན་ཐོགས་པའི་མཚན་མ་ཡིན་ནམ་སྙམ། ཚེ་འདིར་སོ་ཐར་གྱི་སྡོམ་པ་འབོགས་པའི་ཐོག་མ་ནི་དེ་ཡིན་ལ། དུས་དེ་ནས་བཟུང་དགེ་ཚུལ་སློང་སོགས་ཀྱི་སྡོམ་པ་ཡང་ཡང་འབོགས་པས་ད་ཙམ་ཁྱོན་དྲིལ་ན་སྐྱེ་བོ་ཁྲི་ཕྲག་བརྒལ་ཏེ། བསྟན་པ་ལ་བྱ་བ་ཅུང་ཟད་བྱས་པར་རློམ་མོ། །
དེ་ནས་ལོ་དེའི་ཟླ་བ་བརྒྱད་པར་སྤོམ་ར་ཁང་ཚན་དུ་དགེ་སློང་བརྒྱ་སྐོར་ཞིག་ལ་སྡོམ་གསུམ་བསླབ་བྱ་ཞིག་འཆད་པའི་ཁུལ་བྱས་ཏེ། ཁྲི་ཐོག་ཏུ་བསྡད་ནས་ཆོས་འཆད་པའི་ཐོག་མ་ཡིན། དེས་རྐྱེན་བྱས་ནས་སྤང་ལྟུང་བྱིན་རླབས་དང་ཕྱི་དྲོའི་ཁ་ཟས་སྤོང་བ་སོགས་སྡོམ་གསུམ་གྱི་བསླབ་བྱ་ཅི་རིགས་ལག་ལེན་དུ་འདེབས་མི་དུ་མ་ཞིག་བྱུང་བས་ཡིད་སྤྲོ་བའི་གནས་སུ་གྱུར། དེ་དུས་དགེ་ཚུལ་སོགས་བཀག་ཡོད་ཀྱང་ཉིན་གཉིས་པར་གང་ནས་འོང་གི་ཆ་མེད་པར་བཙུན་ཆུང་ཞིག་གློ་བུར་དུ་བྱུང་ནས་དགོན་པའི་བཙུན་ཆུང་ཞིག་ཡིན་གཞིར་བཞག་གིས་ཁྱོད་སུའི་དགེ་ཕྲུག་ཡིན་བྱས་པས། ང་འདི་ནས་མིན་ཟེར་ཏེ་ཚིག་དེ་ལས་མ་སྟེར། དེ་ནས་ཡུད་ཙམ་སོང་བ་ན་གར་སོང་མི་འདུག་པས་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་གྱི་སྐུའི་རྣམ་འཕྲུལ་ཞིག་ཡིན་འདྲའོ། །འདི་ཁོ་ནར་མ་ཟད་དུས་ནམ་ཡིན་རུང་ཆོས་འཆད་སྤེལ་གྱི་བྱ་བ་ལ་ཞུགས་ཙམ་ནས་ལྷ་བླ་མ་དགྱེས་པའི་རྟགས་མཚན་བཟང་པོ་ཤ་སྟག་བྱུང་སྟེ། འདི་ལས་དཔགས་ན་སྐབས་བབ་ཏུ་དགོངས་པར་སེམས་སོ། །དེ་ནས་འབྲས་སྤུངས་ཚོགས་ཆེན་དབུ་མཛད་ངག་དབང་སྟོབས་བཅུ་ཤག་ཚང་ནས་སྔ་ཕྱིར་ལན་དུ་མར་བསྐུལ་མ་གནང་བ་ལྟར་ལོ་དེའི་ཟླ་བ་དགུ་པའི་ཚེས་ཉེར་གསུམ་ནས་འབྲས་སྔགས་པ་གྲྭ་ཚང་གི་འདུ་ཁང་དུ་ཚོགས་པ་ཆིག་སྟོང་ལྷག་ཙམ་ལ་ལམ་རིམ་ཉམས་མགུར་གྱི་ཁྲིད་དང༌། མཐའ་མའི་ཉིན་དེར་སེམས་བསྐྱེད་མཆོད་པ་བྱས། རང་ལོ་རེ་བཞི་པའི་བོད་ཟླ་གསུམ་པ་ནས་སྦྱིན་བདག་གོང་གསལ་གཉིས་ནས་བྱས་ཏེ་ལམ་རིམ་ཡོན་ཏན་གཞིར་གྱུར་མ་དང་ལམ་གཙོ་སྦྲགས་པའི་ཁྲིད་བྱས། སེམས་བསྐྱེད་ཉིན་ཚོགས་ཆེན་འདུ་ཁང་དུ་མ་ཤོང་བར་སྒོ་འཕྱོར་འོག་ཏུའང་མིས་ཁེངས་པ་བྱུང༌། ལོ་དེའི་ཟླ་བ་དྲུག་པའི་ཚེས་ཉེར་ལྔ་ལ་འདུལ་བ་བླ་བྲང་དུ་སྡོད་གནས་སྤོས། རང་ལོ་རེ་ལྔ་པའི་ཟླ་བ་གསུམ་པའི་ཚེས་ཉེར་གཉིས་ལ་སྦྱིན་བདག་འཕྲིན་ལས་ཆོས་འབྱོར། བྲག་ཡབ་ཨ་ནེ། རྟ་མགྲིན་ཉི་མ་གསུམ་ནས་བྱས་ཏེ་ལམ་རིམ་འཆད། །
(འདི་མན་རིན་པོ་ཆེ་གང་ཉིད་ཀྱི་རྩོམ་འཕྲོར་ལུས་པའམ་ཡང་ན་བརྩམས་ཟིན་ནས་མཛད་རྣམ་མཇུག་དེ་ཡོད་མེད་ཆ་མ་མཆིས་པས་ མཛད་རྣམ་འདི་མན་སུ་ལ་ཡོད་ན་ཡང་རྩོམ་སྒྲིག་པར་འབྲེལ་བ་གནང་རོགས། )