བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ཐོག་མའི་བསམ་ཚུལ།  

བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ཐོག་མའི་བསམ་ཚུལ།  

རྩོམ་པ་པོ།  དུང་དཀར་བློ་བཟང་འཕྲིན།

 

དང་པོ།  སྤྱིར་ཡི་གེ་ཟེར་བ་གང་འདྲ་ཞིག་ལ་ངོས་འཛིན་དགོས་པའི་སྐོར།

 

གནའ་རབས་བོད་ཡིག་གི་དཔེ་དེབ་མང་ཆེ་བའི་ནང་བཤད་སྲོལ་ལ།  ༡ ཡི་གེ་ཟེར་བ་ནི་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ལ་ངོས་འཛིན་པ་དང་།  སྐད་ཀྱི་སྒྲ་གདངས་མཚོན་བྱེད་ཀྱི་རི་མོ་དེ་ལ་ཡིག་གཟུགས་ཟེར་བ་མ་གཏོགས་ཡི་གེ་ངོ་མ་མིན་ཟེར།  དེང་སང་ང་རང་ཚོའི་གོམས་གཤིས་ཐོག་ཡི་གེ་ཟེར་བའི་མིང་དེ་རྣ་བར་ཐོས་མ་ཐག་ཤོག་བུའི་ཐོག་ཏུ་བྲིས་པའི་སྐད་ཀྱི་སྒྲ་གདངས་མཚོན་བྱེད་ཀྱི་རི་མོ་དེ་ལ་གོ་བ་ལེན་གྱི་ཡོད་པ་དང་ཡི་གེ་དང་ཡིག་གཟུགས་གཉིས་གཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་སྟབས།  བོད་ཀྱི་གནའ་རབས་དཔེ་དེབ་མང་ཆེ་བའི་ནང་མིང་ཚིག་གཉིས་ཀྱི་རྩོམ་གཞི་ཡིན་པའི་སྐད་ཀྱི་སྒྲ་གདངས་དེ་ཡི་གེ་ཡིན་ཞེས་བཤད་པ་མཐོང་དུས་གད་མོ་ཤོར་མདོག་ཁ་པོ་རེད།

དེ་ལ་བསམ་བློ་ཞིབ་ཏུ་བཏང་ན་རྒྱུ་མཚན་མེད་པ་མིན་ཏེ།  གང་ལགས་ཟེར་ན།  མིང་ཚིག་གཉིས་ཀྱི་རྩོམ་གཞི་ཡིན་པའི་སྐད་ཀྱི་སྒྲ་གདངས་དེ་མིའི་རིགས་ཀྱི་བསམ་བློ་མཚོན་བྱེད་ཀྱི་བརྡ་རྟགས་ཡིན་པར་བརྟེན་དེ་ལ་ཡི་གེ་ཞེས་ཟེར་ཆོག་པ་དང་།  སྒྲ་གདངས་དེ་རི་མོར་བྲིས་པ་ལ་ཡིག་གཟུགས་ཞེས་ཟེར་ཆོག་པ་ལ་བསམ་ནས་དེ་ལྟར་བཤད་པ་རེད།  མི་ཡི་རིགས་ཐོག་མར་བྱུང་ནས་གདོད་མའི་སྤྱི་ཚོགས་སྐབས་མི་རྣམས་ཐུན་མོང་ཐོག་འཚོ་བ་སྐྱེལ་བ་དང་ཐོན་སྐྱེད་བྱས་པ་བཅས་ཀྱི་གོ་རིམ་ནང་མི་དང་མི་ཡི་བར་ལ་ཁ་བྲལ་དུ་མི་རུང་བའི་འབྲེལ་བ་ཞིག་ཆགས་པ་དེས།  མི་རྣམས་ཐུན་མོང་གི་བྱ་སྤྱོད་གཅིག་གྱུར་ཞིག་ཡོང་རྒྱུར་སྐུལ་འདེད་བྱུང་ཞིང་།  མི་རྣམས་ཕན་ཚུན་བསམ་བློ་མཚོན་བྱེད་ཀྱིི་སྐད་བརྡ་གཅིག་གྱུར་ཞིག་ཆགས་ཐུབ་པ་བྱུང་བ་དང་།  ཐོག་མའི་སྐབས་ཀྱི་བརྡ་རྟགས་དེ་ནི་སྐད་ཆེན་པོ་ཞིག་རྒྱག་པ་ལྟ་བུའི་ཧ་ཅང་སྟབས་བདེ་ཞིག་ཡིན་སྟབས།  སྐད་རྒྱག་པ་དེས་མ་ལྡང་བའི་ཆ་རྣམས་ལག་པའི་བརྡ་དང་ལུས་ཀྱི་རྣམ་འགྱུར་ལ་བརྟེན་ནས་གོ་ཐབས་བྱེད་ཀྱི་ཡོད་པ་རེད།

༢ ནང་དོན་ཡོད་པའི་སྐད་ཀྱི་སྒྲ་གདངས་དེ་ལ་སྐད་བརྡའམ་སྐད་ཀྱི་བརྡ་རྟགས་ཟེར་བ་དང་།  ལག་པའི་བརྡ་ལ་བརྟེན་ནས་ནང་དོན་གོ་ཐུབ་པ་དེ་ལ་ལག་བརྡ་ཟེར་གྱི་ཡོད།  འཚོ་བ་དངོས་ཀྱི་གོམས་གཤིས་ཐོག་ཡི་གེ་ཟེར་བའི་མིང་དེ་རྣ་བར་གོ་མ་ཐགཤོག་བུའི་ཐོག་ཏུ་བྲིས་པའི་རི་མོ་དེ་རང་ལམ་གྱིས་དྲན་ཡོང་བ་ལས།  རི་མོ་དེ་སྐད་ཀྱི་སྒྲ་གདངས་མཚོན་བྱེད་ཀྱི་བརྡ་རྟགས་ཡིན་པ་དང་།  མཐོ་དམན་མི་འདྲ་ཞིང་ནང་དོན་ཡོད་པའི་སྒྲ་གདངས་དེ་བསམ་བློ་མཚོན་བྱེད་ཀྱི་བརྡ་རྟགས་ཡིན་པ་དེ་གཉིས་བསམ་བློའི་ནང་འཁོར་ཐུབ་ཀྱི་མེད་པ་རེད།  གནའ་རབས་བོད་ཡིག་གི་དཔེ་དེབ་ནང་བཤད་པའི་ཡི་གེའི་ངོས་འཛིན་བྱེད་སྟངས་དང་ང་ཚོའི་འཚོ་བ་དངོས་ཀྱི་གོམས་གཤིས་ཐོག་ཡི་གེའི་ངོས་འཛིན་བྱེད་སྟངས་བར་ལ་ཁྱད་པར་དེ་འདྲ་ཡོད་ཀྱང་།  ཞིབ་ཏུ་བསམ་བློ་བཏང་ན་སོ་སོར་རྒྱུ་མཚན་རེ་བཤད་རྒྱུ་ཡོད་པས་འགལ་བ་ཆེན་པོ་ཡོད་པ་མ་རེད།

 

གཉིས།  བོད་ཡིག་གི་ལོ་རྒྱུས་དང་འཕེལ་རྒྱས་སྐོར།

 

དེང་སང་ང་ཚོས་བེད་སྤྱོད་བྱེད་མུས་ཡིན་པའི་བོད་ཡིག་འདི་ནི་སྒྲ་སྦྱོར་ཡི་གེ་ཡིན་པ་དང་།  བྱ་བ་དང་དངོས་པོ་གསར་པའི་མིང་ཚིག་ཁ་སྣོན་བྱེད་དགོས་པ་ཕུད།  དེ་མིན་བོད་རིགས་ཀྱི་འཚོ་བ་དངོས་ནང་གི་སྐད་ཆ་གང་ཡོད་ཡི་གེ་འདི་རང་གི་ཐོག་ནས་བྲིས་ཐུབ་ཀྱི་ཡོད་སྟབས་ཡི་གེས་མ་ལྡང་བ་མེད་ལ།  ཡིག་གཟུགས་ཀྱང་མང་པོ་མེད་སྟབས་སློབ་སྦྱོང་བྱེད་བདེ་པོ་ཡོད་པ་ཞིག་རེད།  བློ་མཐུན་འགའ་ཞིག་གིས་བོད་ཡིག་གིས་ལྡང་གི་མི་འདུག་པས་བོད་ཡིག་གསར་པ་ཞིག་བཟོ་དགོས་ཟེར་གྱི་ཡོད་པ་རེད།  དེ་ནི་བྱ་བ་དང་དངོས་པོ་གསར་པ་རེ་བྱུང་དུས་མིང་དང་ཚིག་གིས་མ་ལྡང་བ་དེ་མཐོང་ནས་ཡི་གེས་ལྡང་གི་མི་འདུག་ཅེས་ཉ་དང་ཉུང་མ་བསྲེས་ནས་བཤད་པ་ཞིག་ཡིན་པ་མ་གཏོགས།  བྱ་བ་དང་དངོས་པོ་གསར་པ་རེ་བྱུང་རྗེས་མིང་དང་ཚིག་གསར་པ་བཟོ་དགོས་པ་ནི་ཡི་གེ་ཡོད་པའི་མི་རིགས་ཚང་མའི་ཡི་གེ་ཡང་དེ་འདྲ་ཤ་སྟག་རེད།  ཡི་གེ་ཡོད་པའི་མི་རིགས་ཚང་མའི་སྐད་ཀྱི་ནང་ནས་སྤྱི་ཚོགས་འཕེལ་རྒྱས་ཆེ་ཙམ་ཡིན་པའི་མི་རིགས་ཀྱི་སྐད་ནི་མི་རིགས་དེའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཀྱི་དུས་རིམ་མང་པོ་ཞིག་བརྒྱུད་ནས་ཆགས་པ་དང་།  ཞུན་བརྡར་ཆོད་པ།  འཕེལ་རྒྱས་བྱུང་བ་བཅས་ཡིན་སྟབས་སྐད་ཆ་ཤོད་སྟངས་ཆ་ཚང་ཞིག་ཆགས་ཟིན་པ་དང་།  སྐད་ཆ་དེ་ཚོ་རང་ཉིད་ཀྱི་ཡི་གེའི་ཐོག་ཆ་ཚང་བར་བྲིས་ཐུབ་ཀྱི་ཡོད་པ་རེད།  ༣ དེང་སྐབས་བློ་མཐུན་འགའ་ཞིག་གིས་རང་ཉིད་ཀྱིི་དེང་དུས་ཀྱི་ཆབ་སྲིད་ཀྱི་ནང་དོན་རྣམས་མི་རིགས་གཞན་གྱི་ཡི་གེ་ནས་རང་ཉིད་ཀྱི་ཡི་གེའི་ཐོག་བསྒྱུར་ཐུབ་པ་དང་།  བྱ་དངོས་གསར་པའི་མིང་ཚིག་གསར་གཏོད་བྱེད་ཐུབ་པ་དེ་ཙམ་གྱིས་འདོད་པ་ཁེངས་ནས་ང་རྒྱལ་ཆེན་པོ་བྱས་ཏེ་རང་ཉིད་ཀྱིས་གནའ་རབས་ཡི་གེ་དང་རྩོམ་ཡིག་སློབ་སྦྱོང་བྱེད་ཀྱི་མེད་པ་དང་།  གནའ་བཟང་དེང་སྤྱོད་བྱེད་ཤེས་ཀྱི་མེད་པ་རེད།  གནའ་རབས་བོད་ཀྱི་གཏམ་དཔེའི་ནང་།  །  མ་མཐོང་ཕྱིར་ན་མེད་པ་མིན།  །  ཁྱེད་ཀྱིས་མ་མཐོང་ཤེས་བྱ་མང་།  །  བོང་བུས་མ་བགྲོད་ལམ་འཕྲང་མང་།  །  ༤ ཟེར་བ་ལྟར་རང་ཉིད་ཀྱིས་སློབ་སྦྱོང་བྱེད་མ་མྱོང་བ་དང་།  མཐོང་མ་མྱོང་བ་ཙམ་རྒྱུ་མཚན་དུ་བཀོད་ནས་བོད་ཡིག་གིས་ལྡང་གི་མི་འདུག་མི་ཟེར་བར་བདེན་པ་བདེན་ཐུབ་དང་།  ཁེངས་བསྐྱུང་གི་སྒོ་ནས་སློབ་སྦྱོང་བྱེད་དགོས།  དེ་འདྲ་བྱས་པ་ཡིན་ན་རང་ཉིད་ཀྱིས་བྲིས་པའི་རྩོམ་ཡིག་དང་།  བསྒྱུར་བའི་ཡི་གེ་རྣམས་ཚིག་སྦྱོར་གསོན་ཉམས་ལྡན་པ་དང་ནང་དོན་ཕུན་སུམ་ཚོགས་པ།  གོ་བསྐོན་བློ་འགུགས་ཀྱི་ནུས་པ་ཡོད་པ་ཞིག་བཅས་ཡོང་གི་རེད།  དེང་སང་ང་ཚོས་བེད་སྤྱོད་བྱས་པའི་བོད་ཡིག་འདི་ག་དུས་བྱུང་བའི་ལོ་རྒྱུས་སྐོར་ལ།  བོན་པོའི་ལོ་རྒྱུས་ཐོག་བཤད་པ་ལྟར་ན།  ༥ རྒྱལ་པོ་སྲོང་བཙན་སྒམ་པོའི་གོང་དུ་བོད་ལ་བོན་པོའི་ཆོས་ལུགས་དར་རྒྱས་ཆེན་པོ་བྱུང་ཡོད་སྟབས་ཡི་གེ་མེད་ཟེར་བ་དངོས་ཡོད་གནས་ཚུལ་དང་མི་མཐུན་ཞིང་།  བོད་ཡིག་དེ་ཡང་ཐོག་མར་སྟག་གཟིག་༼རྒྱལ་པོ་སྲོང་བཙན་སྒམ་པོའི་གོང་གི་ལོ་རྒྱུས་ནང་གསལ་བའི་སྟག་གཟིག་ནི་ཨ་ལ་པོ་ལ་ངོས་འཛིན་དགོས་པ་དང་སྲོང་བཙན་སྒམ་པོས་སྲིད་དབང་བཟུང་བ་ཚུན་ཆད་ཀྱི་བོད་ཀྱི་ལོ་རྒྱུས་ནང་གསལ་བའི་སྟག་གཟིག་ནི་དབྱི་ལང་ལ་ངོས་འཛིན་བྱེད་དགོས།  ཞིབ་ཆ་༦གཞན་དུ་གསལ།  ༽གི་སྤུངས་ཡིག་ཟེར་བ་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར་ཞིང་།  དེ་ནས་སྨན་བྲག་གི་ཡི་གེར་བསྒྱུར་བ་དང་།  དེ་རིམ་བཞིན་དབུ་ཅན་དང་འབྲུ་མར་འགྱུར་བ་ཡིན་ཟེར།  བོད་ཀྱི་ལོ་རྒྱུས་མཁས་པ་མང་པོས་༧རྒྱལ་པོ་སྲོང་བཙན་སྒམ་པོའི་གོང་དུ་བོད་ལ་ཡི་གེ་མེད་ཅིང་།  བློན་པོ་ཐོན་མི་སམ་བྷོ་ཊས་རྒྱ་གར་གྱི་ན་ག་རའི་ཡི་གེ་ལ་དཔེ་བྱས་ནས་ཡིག་གཟུགས་གསར་གཏོད་བྱས་པ་ཡིན་ཞེས་བཤད་ཡོད།  དེ་ནི་བོད་ཡིག་གི་ཡིག་གཟུགས་དེ་རྒྱ་གར་གྱི་ཡི་གེ་ལ་དཔེ་བྱས་་ནས་གསར་དུ་བཟོས་པ་ཡིན་ཟེར་བའི་གོ་དོན་ཡིན་པ་མ་གཏོགས།  བོད་ཡིག་རྒྱ་གར་གྱི་ཡི་གེ་ལ་དཔེ་བྱས་ནས་བཟོས་པ་ཡིན་ཟེར་བའི་དོན་མིན།  རྒྱུ་མཚན་ནི།  ཡི་གེ་ཡོད་པའི་མི་རིགས་གང་འདྲ་ཞིག་ཡིན་རུང་རང་ཉིད་ཀྱི་ཡི་གེ་དེ་རང་ཉིད་ཀྱི་སྐད་གཞིར་བཟུང་ནས་བཟོས་པ་ཡིན་པ་ལྟར་བོད་ཡིག་ཀྱང་དེ་འདྲ་རང་རེད།  དེར་བརྟེན་ངས་བསམ་པར།  རྒྱལ་པོ་སྲོང་བཙན་སྒམ་པོའི་གོང་དུ་བོད་ཡིག་རྙིང་པ་ཞིག་ཡོད་པ་དེ་ནི་ཞང་ཞུང་གི་ཡིག་རྙིང་ཡིན་པ་དང་།  དེ་ཆ་མི་ཚང་ཞིང་ཧ་ཅང་སྟབས་བདེ་ཞིག་ཡིན་པའི་དབང་གིས་སྤྱི་ཚོགས་ཀྱི་ཐོན་སྐྱེད་གོང་འཕེལ་ཕྱིན་པའི་དགོས་མཁོ་དང་འཚམས་ཐུབ་ཀྱི་མེད་པ་རེད།  སྤྱི་ལོའི་དུས་རབས་བདུན་པའི་དཀྱིལ་དུ་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་ཡར་རྒྱས་ཆེན་པོ་བྱུང་བ་དང་།  མི་རིགས་གཞན་དང་།  ཁྱིམ་མཚེས་རྒྱལ་ཁབ་བར་མཛའ་གྲོགས་ཀྱི་འགྲོ་འོང་བྱས་པ་བརྒྱུད་སྔར་ཡོད་བོད་ཡིག་རྙིང་བ་དེ་ལས་ཆ་ཚང་ཞིང་བརྡ་སྤྲོད་རིགས་པའི་གཞུང་ལུགས་ཡོད་པའི་བོད་ཡིག་གསར་པ་ཞིག་དགོས་མཁོ་བྱུང་བར་བརྟེན།  ཐོག་མར་རང་ཉིད་ཀྱི་བློན་པོ་ཐོན་མི་སམ་བྷོ་ཊ་སོགས་མི་བཅུ་དྲུག་རྒྱ་གར་དུ་བཏང་སྟེ་རྒྱ་གར་གྱི་ཡི་གེ་མཁས་པ་བྲམ་ཟེ་ལི་བྱིན་དགེ་རྒན་དུ་བསྟེན་ཞིང་ཡིག་རིས་མི་འདྲ་བ་མང་པོ་སློབ་སྦྱོང་བྱས་ནས་བོད་དུ་ལོག་རྗེས་སྐབས་དེའི་བོད་ཀྱི་སྐད་ལ་བརྟག་དཔྱད་ཞིབ་འཇུག་བྱས་པའི་གནས་ཚུལ་ངོ་མ་གཞིར་བཟུང་ནས་སྔར་ཡོད་བོད་ཡིག་རྙིང་པ་དེར་ཆ་མི་ཚང་བ་རྣམས་ཁ་སྐོང་དང་ལེགས་བཅོས་བྱས་ཏེ།  ད་ལྟའི་བོད་ཡིག་གི་ཡིག་གཟུགས་གསར་གཏོད་དང་ཅུང་ཟད་ཆ་ཚང་ཞིང་གོ་རིམ་ཡོད་པའི་རིགས་པའི་གཞུང་ལུགས་༼སུམ་ཅུ་པ་༽དང་༼རྟགས་འཇུག་༽སོགས་བརྡ་སྤྲོད་རིག་པའི་བསྟན་བཅོས་བརྒྱད་བརྩམས་པ་བཅས་བྱས་ནས་དེང་སང་ང་ཚོས་བེད་སྤྱོད་བྱས་པའི་བོད་ཡིག་གི་ཡིག་གཟུགས་འདི་བྱུང་རེད།  ༨ཉེ་བའི་ལོ་ཤས་རིང་མི་བཞི་ངན་རེངས་ཤོག་ཁག་གིས་སྤྱི་ཚོགས་རིང་ལུགས་ཀྱི་དུས་སྐབས་སུ་མི་རིགས་ཡོད་པ་ཁས་མི་ལེན་པ་དང་།  མི་རིགས་ཀྱི་རིག་གནས་དང་ཡི་གེ་ནི་རྗེས་ལུས་ཡིན་པ་སོགས་དམའ་འབེབས་ཤུགས་ཆེན་བྱས་ནས་གཏོར་བཤིག་ཚབས་ཆེན་བཏང་བའི་གནས་ཚུལ་འོགབློ་མཐུན་མི་ཉུང་བ་ཞིག་གིས་བཤད་དོན་དུ།  ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་གཏོད་བྱས་པ་ཟེར་བའི་ཤོད་ཚུལ་དེ་དཔའ་བོས་ལོ་རྒྱུས་གསར་སྐྲུན་བྱས་པའི་ལྟ་ཚུལ་རེད་ཅེས་བཤད་པ་མ་ཟད།  དེང་སང་ང་ཚོས་བེད་སྤྱོད་བྱས་པའི་བོད་ཡིག་འདི་གོ་མི་ཆོད་པ་དང་།  རྗེས་ལུས་བཅས་སོགས་ཡིན་པས་བོད་ཡིག་གསར་པ་ཞིག་བཟོ་དགོས་ཟེར་བ་དང་།  སུམ་རྟགས་ནི་བོད་རིགས་ཤེས་ཡོན་ཅན་མཐོ་རིམ་པ་དེ་ཚོས་མང་ཚོགས་ཀྱི་སྐད་ལ་ཞིབ་འཇུག་མ་བྱས་པར་གང་བྱུང་དུ་བཟོས་པ་ཞིག་ཡིན་པས་སུམ་རྟགས་གསར་པ་ཞིག་བཟོ་དགོས་ཟེར་གྱི་ཡོད་པ་རེད།  ཤོད་ཚུལ་དེ་ཚོར་ངས་དྲི་བ་ཁ་ཤས་འདོན་རྒྱུར།  ༡དེང་སང་ང་ཚོས་བེད་སྤྱོད་བྱེད་མུས་ཡིན་པའི་བོད་ཡིག་འདི་སྒྲ་སྦྱོར་ཡི་གེ་ཡིན་སྟབས།  ཐོག་མར་བཟོ་དུས་མི་རིགས་གཞན་དག་གི་སྐད་ཡིག་རིག་པར་ཞིབ་འཇུག་བྱས་ཏེ།  སོ་སོའི་མི་རིགས་ཀྱི་སྐད་དང་མཐུན་པའི་ཡི་གེ་བཟོ་ཐུབ་མཁན་གྱི་མི་ཞིག་དགོས་སམ་མི་དགོས།  ༢དེ་དགོས་ན་མི་དེས་ཞིབ་འཇུག་བརྟག་དཔྱད་བྱས་པའི་ཕྱོགས་བསྡོམས་ཀྱི་རིགས་པའི་གཞུང་ལུགས་ཤིག་མེད་ན་སྒྲ་སྦྱོར་ཡི་གེ་བཟོ་མི་ཐུབ་པས་སྐབས་དེའི་བོད་ཀྱི་སྐད་ལ་ཞིབ་འཇུག་བྱས་རྗེས་ཕྱོགས་བསྡོམས་བྱས་པའི་རིགས་པའི་གཞུང་ལུགས་ཤིག་ཡོད་དམ་མེད།  ཡོད་ན་དེ་རྩོམ་པ་པོ་སུ་ཡིན་པ་དང་།  རིགས་པའི་གཞུང་ལུགས་དེ་ལ་མིང་གང་ཟེར་གྱི་ཡོད།  ༣རང་རྒྱལ་དབུ་བརྙེས་པའི་རྗེས་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་ཟེར་འཕྲོས་པའི་འོགདེ་སྔོན་ཡི་གེ་མེད་པའི་གྲངས་ཉུང་མི་རིགས་ཁག་ཅིག་ལ་རོགས་རམ་བྱས་ནས་ཁོ་ཚོའི་སྐད་དང་མཐུན་པའི་སྒྲ་སྦྱོར་ཡི་གེ་གསར་དུ་བཟོས་པ་དེ་བརྡ་སྤྲོད་རིག་པ་དང་སྒྲ་རིག་པ་ལ་མཁས་པའི་བློ་མཐུན་དེ་ཚོས་དཀའ་ངལ་ཧ་ཅང་མང་པོ་སྤྱད་ནས་བྱུང་བའི་གྲུབ་འབྲས་མ་རེད་དམ།  ༤ རྒྱལ་ནང་དང་ཕྱི་རྒྱལ་ལ་ཚན་རིག་མཁས་ཅན་གྱི་ཀྲོན་ཅཱ་མང་པོ་ཞིག་བྱུང་བ་དེ་ཚོའི་གྲུབ་འབྲས་ཁས་ལེན་གྱི་ཡོད་པས་གྲངས་ཉུང་མི་རིགས་ཀྱི་ནང་རང་ཉིད་ཀྱི་ཡི་གེ་གསར་གཏོད་དང་གསར་སྐྲུན་བྱེད་ཐུབ་མཁན་མི་གཅིག་ཀྱང་བྱུང་མྱོང་མེད་པ་རེད་དམ་ཟེར་བ་བཅས་དྲི་བ་འདོན་རྒྱུ་ཡིན།  སྒྲ་སྦྱོར་ཡི་གེ་ནི་འདྲ་གཟུགས་ཡི་གེ་དང་མི་འདྲ་བར་སྐད་ཀྱི་སྒྲ་གདངས་ཆགས་ཚུལ་དང་སྡེབ་སྦྱོར་ཆགས་ཚུལ་ལ་ཞིབ་འཇུག་བྱས་པའི་རྨང་གཞིའི་ཐོག་དེ་དང་མཐུན་པའི་ཡིག་གཟུགས་དང་།  བརྡ་སྤྲོད་རིག་པ་གཏན་ཁེལ་བྱས་པ་ཞིག་ཡིན་སྟབས་དུས་རབས་བདུན་པའི་དཀྱིལ་ལ་བོད་ཡིག་འདི་གསར་དུ་བཟོས་ནས་བཟུང་ད་བར་ལོ་ཆིག་སྟོང་སུམ་བརྒྱ་ཉི་ཤུ་རྩ་བརྒྱད་ཙམ་ཕྱིན་ཡོད་རུང་།  གནའ་རབས་ཀྱི་ཡི་གེ་དེ་ཚོ་དེང་སང་ཡང་བོད་ཡིག་གི་ཆུ་ཚད་ངེས་ཅན་ཡོད་པའི་མི་ཚོས་བརྒྱ་ཆ་དགུ་བཅུ་ཚོད་དཔག་བྱས་པ་ཙམ་མ་ཡིན་པར་དངོས་འབྲེལ་ཀློག་ཐུབ་པ་དང་གོ་བ་ལེན་ཐུབ་ཀྱི་ཡོད་པ་རེད།  དཔེར་ན།  ལྷ་ས་པོ་ཏ་ལའི་ཕོ་བྲང་མདུན་གྱི་རྡོ་རིང་ཕྱི་མའི་ལྡེབས་སུ་བརྐོས་པའི་བོད་ཡིག་རྣམས།  ༩ཕྱི་ལོ་༧༦༣ལོར་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཏའི་ཙུང་དང་།  བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་བར་དམག་འཁྲུག་བྱུང་བའི་རྗེས་སུ་བཙུགས་པ་ཞིག་ཡིན་ཚུལ་གསལ་པོར་འཁོད་ཡོད་པ་དང་།  རྡོ་རིང་དེ་བཙུགས་ནས་ད་བར་ལོ་ཆིག་སྟོང་ཉིས་བརྒྱ་ཉི་ཤུ་རྩ་བརྒྱད་ཙམ་སོང་ཡོད་རུང་།  རྡོ་རིང་འདིའི་ངོས་ཀྱི་བོད་ཡིག་རྣམས་རིག་གནས་ཀྱི་ཆུ་ཚད་ངེས་ཅན་ཡོད་པའི་མི་ཚོས་ཀློག་ཐུབ་པ་དང་།  གོ་བ་ལེན་ཐུབ་ཀྱི་ཡོད་པ་དེ་འདྲ་རེད།  དེང་སང་ང་ཚོས་བེད་སྤྱོད་བྱེད་པའི་ཡི་གེ་འདི་ཐོན་མི་སམ་བྷོ་ཊས་བཟོས་གནང་བ་དང་།  དེ་ལ་གོང་གསལ་ལྟར་གྱི་ཁྱད་ཆོས་མང་པོ་ལྡན་པ་དེ་སྐབས་དེར་ཕྱི་རྒྱལ་གྱི་མཁས་པ་དང་།  རྒྱ་གར་གྱི་པཎྜིཏ་མང་པོ་ཞིག་གིས་ཐོན་མི་ལ་སམ་བྷོ་ཊ་སྟེ་བོད་བཟང་པོ་ཞེས་ཚད་མཐོའི་བསྟོད་བསྔགས་བྱས་ཡོད་པའི་གནས་ཚུལ་གནའ་རབས་བོད་ཡིག་གི་ལོ་རྒྱུས་ནང་འཁོད་ཡོད་རུང་།  ༡༠ང་ཚོའི་རྒྱལ་ཁབ་ནང་གི་གྲངས་ཉུང་མི་རིགས་ཡིན་པའི་བོད་རིགས་ཀྱི་ཡི་གེ་གསར་གཏོད་བྱེད་མཁན་ལ་དམའ་འབེབས་དེ་འདྲ་བྱས་པ་དང་།  གྲངས་ཉུང་མི་རིགས་ཀྱི་ནང་གསར་གཏོད་བྱེད་མཁན་གཅིག་ཀྱང་བྱུང་མྱོང་མེད་པའི་དམའ་འབེབས་དེ་འདྲ་བྱས་ན་འགྲིག་གི་རེད་དམ།  སྒྲ་སྦྱོར་ཡི་གེ་མིན་པའིི་ཡི་གེའི་རིགས་ལ་འདྲ་གཟུགས་ཡི་གེ་ཟེར་ཞིང་།  དེ་ལ་ཡིིག་གཟུགས་ཧ་ཅང་མང་པོ་ཡོད་པས་སློབ་སྦྱོང་བྱེད་པར་དཀའ་ངལ་ཆེན་པོ་ཡོད་ཀྱང་།  ཡི་གེ་དེ་ཀློག་པའི་སྐབས་སུ་སྒྲ་གདངས་མི་འདྲ་བ་ཡོད་པ་དེས་གཟུགས་གཅིག་གྱུར་ཡོང་རྒྱུར་གནོད་སྐྱོན་བྱེད་ཐུབ་ཀྱི་མེད་པ་དེ་ནི་མི་རིགས་དེའི་ཡི་གེ་སྒྲ་གདངས་ལ་བརྟེན་ནས་བཟོས་པ་མིན་པའི་རྐྱེན་གྱིས་ཡིན་པ་དང་།  ཡིག་གཟུགས་སྟབས་བདེ་རུ་བཏང་ཡང་ཡི་གེ་དང་སྐད་གྱི་བར་འགལ་བ་ཡོང་གི་མེད་པ་གཉིས་ནི།  སྒྲ་སྦྱོར་ཡི་གེ་མིན་པའི་མི་རིགས་ཀྱི་ཡི་གེའི་དགེ་མཚན་གྱི་ཕྱོགས་དེ་རེད།  བོད་ཡིག་ནི་དེ་དང་མི་འདྲ་བར་སྒྲ་སྦྱོར་ཡི་གེ་ཡིན་པ་དང་།  ཐོག་མར་བཟོ་སྐབས་ས་གནས་ཁག་གཅིག་གི་ཡུལ་སྐད་གཞིར་བཟུང་ནས་བཟོས་པ་ཞིག་མ་ཡིན་པར།  ས་གནས་ཁག་ཁ་ཤས་ཀྱིས་ཐུན་མོང་དུ་གོ་ཐུབ་པའི་སྐད་ཞིག་ལ་གཞིར་བཟུང་ནས་བཟོས་པ་ཞིག་ཡིན་སྟབས་དེ་ལ་ཐུན་མོང་གི་ཆོས་ཉིད་ཡོད་པ་དང་ཅུང་ཟད་གཏན་ཁེལ་བའི་རིག་པའི་གཞུང་ལུགས་ཡོད་པ།  ལོ་སྟོང་ཕྲག་ལྷག་ཙམ་ཕྱིན་པའི་རྗེས་སུ་ཡང་རིག་གནས་ཀྱི་ཆུ་ཚད་ཡོད་པའི་མིས་ཀློག་ཐུབ་པ་དང་།  གོ་བ་ལེན་ཐུབ་པ་ཡོང་གི་ཡོད་པ་རེད།  ཡང་བློ་མཐུན་འགའ་ཞིག་གིས།  བོད་ཡིག་ནི་སྒྲ་སྦྱོར་ཡི་གེ་མིན་པས།  ད་ལྟའི་བོད་ཡིག་འདི་མི་དགོས་པ་བཟོས་ཏེ་དེའི་ཚབ་ཏུ་ལ་ཏིང་གི་ཡི་གེ་དེ་བོད་ཡིག་དང་མཐུན་པར་སྒྲ་སྦྱོར་ན་སྟབས་བདེ་གི་རེད་གསུང་གི་ཡོད་པ་རེད།  ད་ལྟའི་བོད་ཡིག་འདི་སྒྲ་སྦྱོར་ཡི་གེ་ཡིན་པ་ཙམ་མ་ཟད།  ཅུང་ཟད་སྔོན་ཐོན་ཡིན་པའི་སྒྲ་སྦྱོར་གྱི་ཡི་གེ་ཞིག་རེད།  དེ་ཡང་བོད་ཡིག་གིི་སྒྲ་སྦྱོར་བྱེད་སྟངས་ཀྱི་ཁྱད་ཆོས་གཙོ་བོ་ནི།  རྒྱ་གར་ཡི་གེ་ལ་དབྱངས་བཅུ་དྲུག་ཡོད་ཀྱང་།  བོད་སྐད་ལ་ཨ་ཨི་ཨུ་ཨེ་ཨོ་ལྔ་མ་གཏོགས་མི་དགོས་པས་དོར་ཞིང་།  དབྱངས་ཀྱི་དང་པོ་ཨ་ཡིག་དེ་དགོས་པའི་དབང་གིས་གསལ་བྱེད་སུམ་ཅུའི་མཇུག་ཏུ་བཞག་སྟེ་དབྱངས་བཞི་དང་།  རྒྱ་གར་ཡི་གེར་གསལ་བྱེད་སོ་བཞི་ཡོད་ཀྱང་།  འཐུག་པོ་ལྔ་དང་།  ལོག་པ་ལྔ།  ཀྵ་ཡིག་བཅས་བཅུ་གཅིག་བོད་སྐད་ལ་མི་དགོས་པས་དོར།  བོད་སྐད་ལ་ཡོད་པའི་དམིགས་བསལ་གྱི་གསལ་བྱེད་ཡི་གེ་ཅ་ཆ་ཇ་གསུམ་དང་ཞ་ཟ་འ་གསུམ་གསར་དུ་བསྣན།  བརྩེགས་པའི་ཡི་གེ་རྣམས་མིང་གཞིའི་སྒྲ་མ་ཐོན་གོང་དུ་མགོ་ཅན་སོ་སོའི་སྒྲ་མི་གསལ་བར་ཐོན་ཞིང་།  མིང་གཞིའི་སྒྲ་གསལ་བར་ཐོན་པའི་དབང་གིས་མགོ་ཅན་རྣམས་མིང་གཞི་སོ་སོའི་སྟེང་དུ་བརྩེགས།  འདོགས་ཅན་རྣམས་སྔོན་དུ་མིང་གཞིའི་ཡི་གེའི་སྒྲ་གདངས་གསལ་བར་ཐོན་པ་དང་ཆབས་ཅིག་འདོགས་ཅན་གྱི་ཡི་གེའི་སྒྲ་མི་གསལ་བར་ཐོན་པའི་ཆ་ནས་འདོགས་ཅན་རྣམས་འོག་ཏུ་བཞགདེ་བཞིན་དུ་འཕུལ་ཅན་གྱི་ཡི་གེ་རྣམས་མིང་གཞིའི་ཡི་གེའི་སྒྲ་མ་ཐོན་གོང་དུ་སྔོན་འཇུག་སོ་སོའི་སྒྲ་གདངས་མི་གསལ་བར་ཐོན་པ་དང་ཆབས་ཅིག་མིང་གཞིའི་ཡི་གེའི་སྒྲ་གདངས་གསལ་བར་ཐོན་པའི་དབང་གིས།  གསལ་བྱེད་སུམ་ཅུའི་ནང་ནས་གས་འཕུལ་ཐོབ་པ་བཅུ་གཅིགདས་འཕུལ་ཐོབ་པ་དྲུགབས་འཕུལ་ཐོབ་པ་བཅུ།  མས་འཕུལ་ཐོབ་པ་བཅུ་གཅིགའས་འཕུལ་ཐོབ་པ་བཅུ།  འཕུལ་གཏན་ནས་མི་ཐོབ་པའི་ཡི་གེ་དྲུག་བཅས་སུ་དབྱེ་བ་ཕྱེ་བ་དང་།  རྗེས་འཇུག་ཐོབ་པའི་ཡི་གེ་རྣམས་དེང་སང་གི་སྐབས་སུ་ཡང་མིང་གཞི་དང་རྗེས་འཇུག་གཉིས་ཀའི་སྒྲ་གདངས་གསལ་བར་ཐོན་གྱི་ཡོད་ཅིང་།  བརྩེགས་པ་དང་འདོགས་ཅན།  འཕུལ་ཅན་རྣམས་ནི་དེང་སང་བོད་དབུས་གཙང་གི་སྐད་ལ་སྒྲ་གདངས་གསལ་བར་ཐོན་གྱི་མེད་པ་ཙམ་ལས།  དེ་སྔོན་དུས་རབས་བཅུ་གསུམ་པའི་མགོར་འབྲི་གུང་དུ་སྐྱོབ་པ་འཇིག་རྟེན་མགོན་པོ་ཞལ་བཞུགས་སྐབས་དང་།  དེང་སང་གི་ཁམས་ཁུལ་དང་།  རྒྱལ་མོ་རོང་།  ཨ་མདོ་བཅས་ཀྱི་ས་ཁུལ་དུ་སྔོན་འཇུག་ཡོད་མེད་དང་།  མགོ་ཅན་ཡོད་མེད་ཀྱི་སྒྲ་གདངས་དབྱེ་བ་གསལ་པོ་ཡོད་པའི་སྐོར།  སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི་༼སུམ་རྟགས་འགྲེལ་ཆེན་༽ཤོག་གྲངས་༡༣༠ན༢ ནས་༡༣༢བ༦བར་གསལ་བར་བཤད་པ་ལྟར་ཡིན།  ད་དུང་བོད་ཡིག་གི་དབྱངས་དང་གསལ་བྱེད་དེ་ཚོ་ཚང་མར་རང་རང་གི་སྒྲ་གདངས་འབྱུང་བའི་གནས་དང་སྒྲ་གདངས་ཐོན་པར་བྱེད་པའི་རྐྱེན།  དབུགས་སྟོབས་ཀྱི་རྩོལ་བ་ཤུགས་ཆེ་ཆུང་གི་ཁྱད་པར་བཅས་མི་འདྲ་བ་ཡོད་པ་རེད།  ༡༡ སྒྲ་གདངས་འབྱུང་བའི་གནས་ལ།  ཁོག་པ།  མགྲིན་པ།  རྐན།  སོ།  མཆུ།  ལྕེ།  སྤྱི་བོ།  སྣ་བཅས་བརྒྱད་ཡོད།  གནས་བརྒྱད་པོ་དེའི་ནང་ནས།  མགྲིན་པ་དང་།  སྣ་དང་།  སྤྱི་བོའི་ཀླད་པའི་སྦུབས་གསུམ་ནི་སྒྲ་གདངས་དོག་པའི་གནས་ཡིན་ཞིང་།  ཁོག་པ་དང་།  རྐན་དང་།  ལྕེ་དང་།  སོ་དང་།  མཆུ་ལྔ་ནི་སྒྲ་གདངས་ཡངས་པའི་གནས་ཡིན།  སྒྲ་གདངས་འབྱུང་བའི་གནས་ཀྱི་ང་རོའི་རྩ་བ་གསུམ་ནི།  ཨ་དང་།  ཧ་དང་།  འ་གསུམ་ཡིན་ཞིང་།  དེ་ཡང་ཨ་ཡིག་གི་སྒྲ་ཡི་ཆ་དང་ལྡན་ཞིིང་།  མགྲིན་པ་དམ་ཞིང་སྒྲ་དྲག་པོ་དང་།  དབུགས་སྟོབས་ཆུང་བར་འདོན་དགོས་པ་བཅས་ཀྱི་ཁྱད་ཆོས་གསུམ་དང་ལྡན་པའི་ཡི་གེ་༼ཀ་ཅ་ཏ་པ་ཙ་༽ལྔ་ནི་ཕོ་ཡིག་ཡིན་པ་དང་།  ཧ་ཡིག་གི་སྒྲ་ཡི་ཆ་དང་ལྡན་ཞིང་།  ཁོག་པ་ཅུང་ཟད་གློད་པའི་སྒོ་ནས་དབུགས་སྟོབས་བསྐྱེད་དེ་འདོན་དགོས་པ།  སྒྲ་གདངས་དྲག་ཞན་མཉམ་པའི་སྒོ་ནས་བརྗོད་དགོས་པ་བཅས་ཀྱི་ཁྱད་ཆོས་གསུམ་དང་ལྡན་པའི་ཡི་གེ་༼ཁ་ཆ་ཐ་ཕ་ཚ་༽ལྔ་ནི་མ་ནིང་གི་ཡི་གེ་ཡིན་ལ།  འ་ཡིག་གི་སྒྲ་ཡི་ཆ་དང་ལྡན་ཞིང་མགྲིན་པ་གློད་དེ་དབུགས་སྟོབས་ཞན་པའི་ཚུལ་གྱིས་འདོན་དགོས་པ་བཅས་ཀྱིི་ཁྱད་ཆོས་གསུམ་དང་ལྡན་པའི་ཡི་གེ་༼ག་ཇ་ད་བ་ཛ་ཝ་ཞ་ཟ་ཡ་ར་ལ་ཤ་ས་༽བཅུ་གསུམ་ནི་མོ་ཡིག་ཡིན་པ་དང་།  འ་ཡིག་ནི་སྒྲ་ཡི་ཆ་དང་ལྡན་ཞིང་།  སྣའི་ནང་ནས་དབུགས་སྟོབས་ཤིན་ཏུ་ཞན་པའི་སྒོ་ནས་བརྗོད་དགོས་པ་དང་།  སྒྲ་གདངས་ཤིན་ཏུ་ཞན་པའི་ཚུལ་གྱིས་བརྗོད་དགོས་པ་བཅས་ཀྱི་ཁྱད་ཆོས་གསུམ་དང་ལྡན་པའི་ཡི་གེ་༼ང་ཉ་ན་མ་༽བཞི་ནི་ཤིན་ཏུ་མོའི་ཡི་གེར་འཇོག་པ་ཡིན།  དེ་ཡང་ད་དུང་སྡེ་པ་དང་པོ་ནས་སྡེ་པ་བརྒྱད་པའི་བར་གྱི་གསལ་བྱེད་སུམ་ཅུ་པོ་སོ་སོར་སྒྲ་གདངས་འབྱུང་བའི་གནས་དང་།  སྒྲ་གདངས་ཐོན་པར་བྱེད་པའི་རྐྱེན།  རྩོལ་བའི་དབུགས་སྟོབས་བཅས་མི་འདྲ་བའི་ཞིབ་ཆ་མང་པོ་བཤད་རྒྱུ་ཡོད་པ་རྣམས་འདིར་མ་བྲིས།  དབྱངས་བཞི་ཡོད་པ་ལས་ཨི་ཡིག་ནི།  སྒྲ་གདངས་འབྱུང་བའི་གནས་མགྲིན་པ་ལས་བྱུང་ཞིང་།  སྤྱི་བོའི་ཆ་ནས་བཀུག་ཅིང་ཅུང་ཟད་དོག་པོར་བྱས་པའི་རྐྱེན་གྱིས་ཐོན་པ་དང་།  ཨེ་ནི་སྒྲ་གདངས་འབྱུང་བའི་གནས་མགྲིན་པ་ལས་བྱུང་ཞིང་སྤྱི་བོའི་ཆ་དང་ཅུང་ཟད་འདྲེས་ལ།  དབུགས་གྱེན་དུ་བསྟོད་ཅིང་ལྷོད་པའི་སྒོ་ནས་བརྗོད་དགོས་པ་ཞིག་དང་།  ཨུ་ནི་སྒྲ་གདངས་འབྱུང་བའི་གནས་མགྲིན་པ་དང་མཆུ་གཉིས་ཀ་ལས་བྱུང་ཞིང་།  མཆུ་ཡས་མས་གཉིས་མ་རེག་ཙམ་དུ་ཟུམ་ཞིང་འཕང་སྨད་ནས་ཅུང་ཟད་དོག་པའི་ཚུལ་གྱིས་བརྗོད་དགོས་པ་དང་།  ཨོ་ནི་སྒྲ་གདངས་འབྱུང་བའི་གནས་མགྲིན་པ་དང་མཆུ་གཉིས་ལས་བྱུང་ཞིང་།  མ་མཆུ་གྱེན་དུ་བཏེག་པ་ལྟ་བུས་འཕང་བསྟོད་དེ་དབུགས་ལྷོད་པའི་སྒོ་ནས་བརྗོད་དགོས་པ་བཅས་ཡིན།  འདིར་གོ་བདེ་བའི་སྒོ་ནས་གནད་བསྡུས་ཉུང་ཟད་བཤད་པ་ཡིན་པ་ལས།  ཞིབ་ཆ་ནི་དུས་རབས་བཅུ་གཉིས་པའི་དཀྱིལ་དུ་ས་ཆེན་བསོད་ནམས་རྩེ་མོས་མཛད་པའི་༼ ཆོས་ལ་འཇུག་པའི་སྒོ་༽དང་།  དུས་རབས་བཅོ་བརྒྱད་པའི་མགོར་བྲ་སྟི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱིས་མཛད་པའི་༼ཡི་གེའི་རྣམ་གཞག་རྨད་བྱུང་དོན་གྱི་བདུད་རྩིའི་རོ་འཛིན་།  ༽དུས་རབས་བཅུ་དགུ་པའི་དཀྱིལ་དུ་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་༼བོད་ཡིག་གི་གནས་དང་བྱེད་རྩོལ་ངོས་འཛིན་ཚུལ་ངོ་མཚར་གཏམ་གྱི་མྱུ་གུ་༽ རྣམས་ལས་གསལ་བར་གསུངས་ཡོད་པས་དེ་དག་ལ་གཟིགས་པར་འཚལ།  དེང་སང་ང་ཚོས་བེད་སྤྱོད་གཏོང་མུས་ཀྱི་བོད་ཡིག་འདི་སྔོན་ཐོན་གྱི་མི་རིགས་གཞན་དག་གི་ཡི་གེ་དང་བསྟུན་ན་རྙོག་འཛིང་ཆེ་ཙམ་དང་།  ཡིག་དཔར་འཕྲུལ་འཁོར་ཐོག་སྤྱོད་སྟབས་མི་བདེ་བ་བཅས་ཀྱི་སྐྱོན་ཆ་ཡོད་པ་དེ་ནི་སྒྲ་སྦྱོར་ཡི་གེ་མིན་པའི་རྐྱེན་གྱིས་བྱུང་བ་མ་ཡིན་པར་སྒྲ་སྦྱོར་བྱེད་སྟངས་ཀྱི་རྣམ་པ་གཞན་ཞིག་ཡིན་པ་དེ་དང་དེང་སང་གི་ཡིག་དཔར་འཕྲུལ་འཁོར་སྒྲིག་སྟངས་ཀྱི་ཁྱད་ཆོས་གཉིས་འཕྲོད་པོ་མེད་པ་དེ་ཙམ་ཞིག་རེད།  གལ་ཏེ་བོད་ཡིག་རང་གི་ཁྱད་ཆོས་དང་མཐུན་པའི་ཡིག་དཔར་འཕྲུལ་འཁོར་ཞིག་བཟོས་པ་ཡིན་ན་བཟོ་མི་ཐུབ་པ་མེད་རུང་དེ་བོད་ཡིག་ཁོ་ནའི་ཐོག་བེད་སྤྱོད་གཏོང་ཐུབ་པ་ལས་ལ་ཏིང་ཡི་གེའི་ཡིག་དཔར་འཕྲུལ་འཁོར་ཐོག་འཕྲོད་པོ་མེད་པའི་དབང་གིས་བོད་ཡིག་གི་ཚབ་བྱེད་ལ་ཏིང་ཡི་གེ་བེད་སྤྱོད་བྱེད་དགོས་བྱུང་བ་དེ་ནི་ལས་ཀའི་དགོས་མཁོ་ཆེ་ཆུང་ལ་ལྟ་དགོས་པ་མ་གཏོགས།  ཚབ་བྱེད་ལ་ཏིང་གི་ཡི་གེ་དེས་ག་དུས་ཡིན་རུང་བོད་ཡིག་གི་གོ་ཆོད་པ་བྱས་ཏེ་སྔར་ཡོད་བོད་ཡིག་དེ་ལོ་རྒྱུས་ཀྱི་འགྲེམས་སྟོན་ཁང་ནང་དུ་བསྐྱལ་ན་འགྲིག་གི་མ་རེད་ལ།  བོད་ཡིག་གི་ཁྱད་ཆོས་དང་མཐུན་པའི་ཡིག་དཔར་འཕྲུལ་འཁོར་གསར་པ་བཟོ་རྒྱུར་ངོ་རྒོལ་བྱས་ནའང་འགྲིག་གི་མ་རེད།  དེར་བརྟེན་མི་རིགས་རང་ཉིད་ཀྱི་སྐད་དང་མཐུན་པའི་སྒྲ་རིག་པ་ཡོད་པ་དེ་རང་ཉིད་ཀྱིས་ལེགས་པར་ཤེས་རྟོགས་བྱེད་པའི་རྨང་གཞིའི་ཐོགསྒྲ་རིག་པ་གཞན་དག་ནས་ལེགས་ཆ་ཁ་སྐོང་བྱས་ན་ལེགས་པོ་ཡོང་རྒྱུ་ལས།  མི་རིགས་རང་ཉིད་ཀྱི་སྒྲ་རིག་པ་ནམ་མཁའི་མཐའ་ལ་བསྐྱུར་ནས་རྒྱལ་སྤྱིའི་སྒྲ་རིག་པ་ཟེར་བའི་རྫིག་ཉམས་ཆེན་པོ་བཤད་ན་མི་རིགས་ཁག་གིས་དགའ་བསུ་ཞུ་གི་མ་རེད།  བོད་ཡིག་གི་ཡིག་གཟུགས་ལ་འགྱུར་བ་ག་འདྲ་བྱུང་བ་ནི།  ཐོག་མར་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ཀྱི་ཡིག་གཟུགས་ཁག་ཅིག་ལྷ་སའི་ཤར་རྒྱུད་འཇན་ཁོག་སྣང་ལྷ་ཁང་གི་བྲག་རྡོའི་ཐོག་བརྐོས་པ་དེའི་ནང་དོན་ནི་ཐོན་མིས་རྒྱལ་པོ་སྲོང་བཙན་སྒམ་པོར་བསྟོད་བསྔགས་གནང་བའི་སྙན་ཚིག་བོད་ཡིག་གི་ལོ་རྒྱུས་༡༣མང་པོའི་ནང་འཁོད་པ་དེ་ཡིན་ཞིང་།  དེའི་ཡིག་གཟུགས་ནི་སྦལ་ནག་ན་ལ་བགྲད་འདྲ་ཟེར།  དེའི་རྗེས་སུ་རྒྱལ་པོ་མང་སྲོང་མང་བཙན་གྱི་དུས་སུ་ཡིག་མཁན་ཆ་ངར་རིན་ཆེན་འབར་གྱིས་བྲིས་པའི་ཡིག་གཟུགས་ལ་སོ་ཕག་གཤིབས་འདྲ་ཟེར།  དེའི་རྗེས་སུ་རྒྱལ་པོ་འདུས་སྲོང་མང་པོ་རྗེའི་དུས་སུ་ཡིག་མཁན་ཆབ་དཀར་བེའུ་ཚེ་ཟེར་བས་བྲིས་པའི་ཡིག་གཟུགས་ལ་བྱ་ཕོ་འཇོལ་བ་འདྲ་བ་ཟེར།  དེ་རྗེས་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱི་དུས་སུ་ཡིག་མཁན་དགེ་བསྙེན་དཀོན་མཆོག་དབང་ཞུ་བས་བྲིས་པའི་ཡིག་གཟུགས་ལ་ནས་སྔོན་པོ་ཕྱིང་དཀར་གྱི་སྟེང་དུ་བཀྲམ་པ་འདྲ་བ་ཟེར་གྱི་ཡོད།  དེ་རྗེས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཡིག་མཁན་བྷེ་ཤོ་ཁྲམ་ཟེར་བས་བསམ་ཡས་ཀྱི་རྡོ་རིང་ཐོག་བོད་ཡིག་བརྐོས་པའི་ཡིག་གཟུགས་ལ་མུ་ཏིག་སྟར་ལ་བརྒྱུས་པ་འདྲ་བ་ཟེར།  དེ་རྗེས་རྒྱལ་པོ་མུ་ནི་བཙན་པོའི་དུས་སུ་ཡིག་མཁན་མཁས་པ་ཚེས་སྤོང་བྱང་ཆུབ་ཟེར་བས་བྲིས་པའི་ཡིག་གཟུགས་ལ་སྦུར་ནག་བགྲད་པ་འདྲ་བ་ཟེར།  དེ་རྗེས་རྒྱལ་པོ་མུ་ཏིག་བཙན་པོའི་དུས་སུ་ཡིག་མཁན་མཁས་པ་འབྲེ་བ་ཡོན་ཏན་ཟེར་བས་བྲིས་པའི་ཡིག་གཟུགས་ལ་ཉ་མོ་ཆུ་ནང་ནས་ཐོན་འདྲ་བ་ཟེར།  དེ་རྗེས་རྒྱལ་པོ་ཁྲི་རལ་པ་ཅན་གྱི་དུས་སུ་ཡིག་མཁན་མཁས་པ་གྲ་ཤོད་རྣམ་གཉིས་ཟེར་བས་བྲིས་པའི་ཡིག་གཟུགས་ལ་སེང་གེ་གནམ་དུ་འཕྱོངས་པ་འདྲ་བ་ཟེར།  དེ་ནས་དུས་རབས་བཅུ་པའི་མཇུག་ཏུ་སྟོད་མངའ་རིས་དང་མཚོ་སྔོན་བརྒྱུད་ནས་བོད་དུ་སངས་རྒྱས་ཆོས་ལུགས་བསྐྱར་གསོ་བྱུང་སྐབས།  ཡིག་མཁན་མཁས་པ་སྒྲོ་གཉའ་ཁྲི་ཟེར་བས་སྔར་གྱི་རྡོ་རིང་གི་ཡི་གེ་མ་དཔེ་བྱས་ནས་ཡིག་གཟུགས་ལེགས་བཅོས་བཏང་བ་དེ་ལ་བར་གསར་ཟེར།  དེ་རྗེས་རིམ་བཞིན་ཡིག་མཁན་མཁས་པ་ཤཱཀྱ་རྡོ་རྗེ།  ཁྱུང་པོ་གཡུ་ཁྲི།  སྣ་གནམ་ཞང་བཙུན།  སུམ་གྷ་གནོད་སྦྱིན་སོགས་བྱུང་བ་མ་ཟད།  ལྷག་པར་དུ་ཁྱུང་པོ་གཡུ་ཁྲི་ལ་སློབ་མ་ཡིག་མཁན་མཁས་པ་བཅུ་གཉིས་བྱུང་ཞིང་ཡང་སློབ་མཁས་པ་ཆེན་པོ་རོང་པོ་སོགས་བྱུང་།  ཁྱུང་པོ་གཡུ་ཁྲིས་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱི་ཡིག་གཟུགས་ལ་དཔེ་བྱས་ཏེ་བོད་ཡིག་དབུ་ཅན་གྱི་ཡིག་གཟུགས་ཐིག་རིས་ཐོག་མར་གཏན་ལ་ཕབ་ཅིང་།  དེའི་ཡང་སློབ་མཁས་པ་ཆེན་པོ་རོང་པོས་༼ཡི་གེའི་ཐིག་རིས་གསལ་བྱེད་རིན་ཆེན་སྒྲོམ་བུ་༽ཞེས་པའི་གཞུང་བརྩམས་ནས་བོད་ཡིག་དབུ་ཅན་གྱི་ཡིག་གཟུགས་ཚད་གཞི་ཅན་དུ་འགྱུར་བ་བྱས་པ་དེ་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་སྡེ་པ་སངས་རྒྱས་རྒྱ་མཚོས་འགྲེལ་བཤད་བརྩམས་གནང་མཛད་ཡོད།  ༼བཻཌཱུརྱ་གཡའ་སེལ༽གྱི་ཤོག་གྲངས་༢༧༨བ་༦ཤོག་གྲངས་ཁ་ཤས་བར་ཡོད།  ཡི་གེ་དབུ་མེད་ལ་འབྲུ་མ་ཡང་ཟེར་ཞིང་དེ་ལ་ལི་ལུགས་དང་།  ལྡན་ལུགས་གཉིས་ཡོད་པ་ལས་ལི་ལུགས་ཐོག་མར་གསར་གཏོད་བྱེད་མཁན་སུ་ཡིན་སྐོར་ལོ་རྒྱུས་ཐོག་མི་གསལ་བ་མ་ཟད།  དེའི་ལག་རྒྱུན་དེང་སང་ཆད་ཟིན་ཅེས་ལོ་རྒྱུས་འགའ་ཤས་ནང་གསལ།  ལྡན་ལུགས་ནི་དེང་སང་ང་ཚོས་བེད་སྤྱོད་གཏོང་བའི་ལག་རྒྱུན་འདི་ཡིན་ཞིང་།  དེ་ཡང་ཐོག་མར་དུས་རབས་བརྒྱད་པའི་དཀྱིལ་དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ལོ་ཙཱ་བ་མཁས་པ་ལྡན་མ་རྩེ་མངས་ཟེར་བ་དེའི་ལག་རྒྱུན་ཡིན།  ལྡན་ལུགས་དེ་ཡང་རྗེས་སུ་ཡིག་མཁན་སོ་སོའི་ལག་རྩལ་འདྲ་མིན་གྱི་དབང་གིས་ཡིག་གཟུགས་གཏན་ཁེལ་མེད་པ་ཞིག་ཏུ་གྱུར་པར་བརྟེན།  དུས་རབས་བཅོ་ལྔ་པའི་མགོར་རྒྱལ་རྩེ་སྡེ་སྲིད་རབ་བརྟན་ཀུན་བཟང་འཕགས་ཀྱིས་གནའ་རབས་ལྡན་ལུགས་ཀྱི་ཡིག་གཟུགས་ལ་མཁས་པའི་མི་མང་པོ་བསགས་ནས་དེས་ནང་གི་ཡིག་གཟུགས་ལེགས་ཤོས་ཞིག་ལ་དཔེ་བྱས་ཏེ་དབུ་མེད་ཀྱི་ཐིག་རིས་དང་།  ༼ཐིག་བཤད་༽བརྩམས་ཤིང་དེའི་འགྲེལ་པ་ཡང་གོང་གསལ་སྡེ་པ་སངས་རྒྱས་རྒྱ་མཚོས་མཛད་པའི་༼བཻཌཱུརྱ་གཡའ་སེལ་༽གྱི་ཤོག་གྲངས་༢༨༣ན༦ཤོག་གྲངས་ཁ་ཤས་བར་ཡོད།  ༡༤གོང་གསལ་དབུ་ཅན་དང་དབུ་མེད་གཉིས་ཀྱི་ཐིག་ཚད་དང་།  ཡིག་གཟུགས་ཆབས་ཅིག་ཏུ་འཁོད་པའི་དཔེ་རིས་ནི་དུས་རབས་བཅུ་དགུ་པའི་དཀྱིལ་དུ།  མཚོ་སྔོན་ཞིང་ཆེན་གྱི་སྐུ་འབུམ་དགོན་པར་ཤིང་དཔར་བརྐོས་པ་དེ་རེད།  དེའི་ཡིག་གཟུགས་ཧ་ཅང་ཡག་པོ་ཡོད་པ་མ་ཟད།  ཡིག་གཟུགས་ཀྱི་སྒྱུ་རྩལ་རང་བཞིན་དང་།  གཏན་འཁེལ་གྱི་ཚད་གཞི་ཡོད་པའི་ཐིག་རིས་གཉིས་ཟུང་འབྲེལ་ཡག་པོ་བྱས་ཡོད་པས།  ཤིང་དཔར་དེ་ནི་ལོ་བརྒྱ་ཕྲག་ཁ་ཤས་ཕྱིན་ཀྱང་བོད་ཡིག་གི་ཡིག་གཟུགས་བཟོ་དབྱིབས་མི་འགྱུར་བར་གནས་ཐུབ་པའི་དཔེ་རིས་ཧ་ཅང་ཡག་པོ་ཞིག་ཡིན་པ།  དེང་སང་པེ་ཅིན་མི་རིགས་ཕྲོ་བྲང་གི་དཔེ་མཛོད་ཁང་ནང་བདག་གཅེས་བྱས་ཡོད་པ་རེད།  གནའ་རབས་བོད་རིགས་ཀྱི་ཡིག་མཁན་མཁས་པ་ཚོས་དཀའ་ཚེགས་ཆེ་བའི་ངལ་རྩོལ་བྱས་པ་བརྒྱུད་ནས་ཐོན་པའི་ཡིག་གཟུགས་དེ་ལ་མི་རབས་རྒན་པ་མང་པོས་མཐོང་ཆེན་བྱས་ཏེ་ཐིག་རིས་བཟོ་བ་དང་།  ཐིག་བཤད་བརྩམས་པ།  དེ་གཉིས་ཟུང་འབྲེལ་བྱས་པའི་དཔེ་རིས་བཟོས་ཏེ་དཔར་སྐྲུན་བྱས་པ་སོགས་ནི་ང་ཚོས་བསྟོད་བསྔགས་བྱེད་འོས་པ་ཞིག་རེད།  གང་ཡིན་ཟེར་ན།  ཁོ་ཚོས་ཡི་གེ་ནི་སྐད་ཆའི་ཚབ་བྱེད་མཁན་ཡིན་པ་དང་སྐད་ཆ་ནི་བསམ་བློའི་ཚབ་བྱེད་མཁན་ཡིན་པ།  བྲིས་པའི་ཡི་གེ་དེས་སྐད་ཆའི་ཚབ་བྱེད་ཐུབ་མིན་ནི་ཡིག་གཟུགས་ལེགས་ཉེས་ལ་ཐུག་ཡོད་པ་བཅས་གསལ་པོར་ཤེས་ཀྱི་ཡོད་པའི་རྐྱེན་གྱིས་རེད།  བར་སྐབས་མི་བཞི་ཤོག་ཁག་གིས་སྤྱི་ཚོགས་རིང་ལུགས་ཀྱི་དུས་སྐབས་སུ་མི་རིགས་གནས་པ་ཁས་མི་ལེན་པའི་ཐོགགྲངས་ཉུང་མི་རིགས་ཀྱི་ཡི་གེ་དང་སྐད་ལ་གཏོར་བཤིག་ཚབས་ཆེན་ཐེབས་པའི་དབང་གིས་བློ་མཐུན་མང་པོ་ཞིག་གི་བསམ་བློར་ཤུགས་རྐྱེན་ཐེབས་ཏེ་བོད་ཡིག་ལ་མདུན་ལམ་མེད་པའི་བསམ་ཚུལ་བྱུང་ནས་བོད་ཡིག་མི་དགོས་པ་བཟོ་རྩིས་བྱེད་པ་དང་།  བོད་ཡིག་སློབ་སྦྱོང་བྱེད་རྒྱུར་མཐོང་ཆུང་།  བོད་ཡིག་གི་ཡིག་གཟུགས་ལ་མཐོང་ཆུང་།  བོད་ཡིག་གིས་དེང་སང་གོ་མི་ཆོད་པ་སོགས་ཀྱི་བྱེད་སྟངས་བྱུང་བ་རེད།  ཡིག་གཟུགས་ལ་མཐོང་ཆུང་བྱེད་པ་ནི་མར་ཁེ་སི་རིང་ལུགས་ཀྱི་སྐད་ཡིག་རིག་པའི་ཤེས་ཡོན་ད་དུང་ཡག་པོ་ཤེས་ཀྱི་མེད་པའི་རྟགས་རེད།  ཡི་གེ་ཟེར་བ་ནི་སྐད་ཆའི་ཚབ་བྱེད་མཁན་ཡིན་པ་དང་།  སྐད་ཆ་ནི་བསམ་བློའི་ཚབ་བྱེད་མཁན་ཡིན་སྟབས་རང་གིས་བྲིས་པའི་ཡི་གེ་དེས་སྐད་ཆའི་ཚབ་བྱེད་ཐུབ་མིན་ནི་ཡི་གེ་དེ་མི་གཞན་དག་གིས་ཀློག་ཐུབ་མིན་ལ་རག་ལུས་ཡོད་པ་དང་།  ཐོག་མར་མི་གཞན་གྱིས་ཀློག་མི་ཤེས་པ་དང་ཞག་གསུམ་སོང་ན་སོ་སོ་རང་ཉིད་ཀྱིས་ཀྱང་ཀློག་མི་ཤེས་པ་དེ་འདྲ་བྲིས་པ་ཡིན་ན།  རང་ཉིད་ཀྱི་བྲིས་པའི་ཡི་གེ་དེ་ལ་ཕན་ཐོགས་གང་ཡང་མ་བྱུང་བ་རེད།  དེར་བརྟེན་ཡི་གེ་འབྲི་བའི་སྐབས་སུ་རང་ཉིད་ཀྱིས་བྲིས་བའི་ཡི་གེ་དེ་གཞན་དག་གིས་ཀློག་ཐུབ་པའི་གདེང་ཚོད་ཡོད་པ་བྱས་ཏེ་ཡིག་གཟུགས་གང་ལེགས་འབྲི་རྒྱུར་དོ་སྣང་བྱེད་དགོས།  གསུམ་པ།  བོད་ཡིག་བཅོས་བསྒྱུར་བྱེད་དགོས་མིན་གྱི་གནད་དོན་སྐོར།  དེ་ལ་ཐོག་མར་ལོ་རྒྱུས་ཐོག་བོད་ཡིག་ལ་བཅོས་བསྒྱུར་བྱུང་ཡོད་མེད་དང་།  བཅོས་བསྒྱུར་བྱེད་སྟངས་གང་འདྲ་ཡིན་པའི་སྐོར་བཤད་ན་ཕན་ཐོགས་ཆེན་པོ་ཡོད་པས་དེའི་སྐོར་ཅུང་ཟད་ངོ་སྤྲོད་བྱེད་རྒྱུ་གཤམ་གསལ།  དུས་རབས་བདུན་པའི་དཀྱིལ་དུ་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ད་ལྟའི་བོད་ཡིག་འདི་ཐོག་མར་གསར་གཏོད་བྱས་པ་ནས་རྒྱལ་པོ་ཁྲི་རལ་པ་ཅན་གྱིས་སྲིད་དབང་མ་བཟུང་བར་ལོ་བརྒྱ་དང་བརྒྱད་ཅུ་རིང་གི་བོད་ཡིག་གི་དག་ཆ་དེ་ནི།  དུས་སྐབས་དེའི་རིང་གི་ལོ་ཙཱ་བ་ཐོན་མི་སམ་བྷོ་ཊ་སོགས་ཀྱིས་གཏན་འབེབས་གནང་བའི་ཡི་གེའི་དག་ཆ་ཡིན་པས་དེ་ལ་བོད་ཀྱི་ལོ་རྒྱུས་ཐོག་བཀས་བཅད་དང་པོ་ཟེར་ཞིང་།  ༡༥དེའི་སྐབས་ཀྱི་ཡི་གེའི་དག་ཆ་དང་དེ་དང་མཐུན་པའི་དཔེ་ཆ་གང་དང་གང་ཡོད་སྐོར་སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ཀྱིས་མཛད་པའི་༼དག་ཡིག་ལི་ཤིའི་གུར་ཁང་༽གི་ཤོག་གྲངས་༡ན་༡ནས་༢བ༡བར་གསལ།  དེ་ནས་དུས་རབས་དགུ་པའི་མགོར་རྒྱལ་པོ་ཁྲི་རལ་པ་ཅན་གྱི་དུས་སུ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་།  ཅོག་རོ་ཀླུའི་རྒྱལ་མཚན།  ཞང་ཡེ་ཤེས་སྡེ་སོགས་མང་དུ་བྱུང་བ་དེ་དག་གིས་སྐབས་དེའི་ཡུལ་སྐད་དང་བསྟུན་ནས་བོད་ཡིག་གི་དག་ཆ་བཅོས་བསྒྱུར་བྱས་ནས་གཏན་འབེབས་བཟོས་པ་དེ་ལ།  ལོ་རྒྱུས་ཐོག་བཀས་བཅད་བར་པ་ཟེར་ཞིང་།  ༡༦དེང་སང་བོད་ཡིག་བཅོས་བསྒྱུར་ཐེེངས་དང་པོ་ཟེར།  སྐབས་དེར་ཡི་གེའི་དག་ཆ་ལ་བཅོས་བསྒྱུར་གང་བྱས་པའི་སྐོར།  གོང་གསལ་༼དག་ཡིག་ལི་ཤིའི་གུར་ཁང་༽གི་ཤོག་གྲངས་༣བ་༣ནས་༡༢བ༣བར་གསལ།  དེ་ནས་ལོ་ཉི་ཤུ་ལྷག་ཙམ་སོང་རྗེས་དུས་རབས་དགུ་པའི་དཀྱིལ་དུ་རྒྱལ་པོ་གླང་དར་མས་སྲིད་དབང་བཟུང་སྟེ་སངས་རྒྱས་ཆོས་ལུགས་རྩ་མེད་བཟོ་སྐབས།  ཐོན་མི་སམ་བྷོ་ཊས་མཛད་པའི་བརྡ་སྤྲོད་བསྟན་བཅོས་བརྒྱད་ཀྱི་ནང་ནས་༼སུམ་ཅུ་པ་༽ དང་༼རྟགས་འཇུག་༽གཉིས་ཙམ་མ་གཏོགས་གཞན་དག་མིག་གིས་མཐོང་རྒྱུ་མེད་པ་ཆགས་པ་དང་༡༧དེ་རྗེས་དུས་རབས་བཅུ་བའི་མཇུག་ཏུ་བོད་དུ་སངས་རྒྱས་ཆོས་ལུགས་བསྐྱར་གསོ་བྱུང་སྐབས་མངའ་རིས་ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་བྱུང་བ་ནས།  དུས་རབས་བཅོ་ལྔ་བའི་མགོར་ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་བྱུང་བའི་བར་ལོ་བཞི་བརྒྱ་བདུན་ཅུ་ལྷག་ཙམ་ཞིག་རིང་ལོ་ཙཱ་བ་མཁས་པ་བརྒྱ་དང་དྲུག་ཅུ་རེ་བདུན་ཙམ་བྱུང་བ་༡༨དེ་ཚོས་བོད་ཡིག་གི་དག་ཆའི་ཐད་བཅོས་བསྒྱུར་རིམ་པར་གནང་བ་དེ་ལ་ལོ་རྒྱུས་ཐོག་བཀས་བཅད་གསུམ་པ་ཟེར་ཞིང་།  ༡༩དེང་སང་བོད་ཡིག་གི་བཅོས་བསྒྱུར་ཐེངས་གཉིས་པ་ཟེར་ཆོགདུས་སྐབས་དེའི་རིང་བཅོས་བསྒྱུར་གང་དང་གང་བྱས་སྐོར་གོང་གསལ་༼དག་ཡིག་ལི་ཤིའི་གུར་ཁང་༽གི་ཤོག་གྲངས་གཉིས་པའི་ནང་དཔེ་མཚོན་འགའ་ཞིག་དྲངས་ཏེ་མཇུག་ཏུ།  སྐབས་དེར་བཅོས་བསྒྱུར་དེ་ལྟར་བྱས་ཀྱང་ལག་ལེན་དངོས་ཀྱི་ཐོག་བཅོས་བསྒྱུར་ཐེངས་གཉིས་པ་ལྟར་གནས་པ་མང་ཞེས་གསལ།  གོང་གསལ་གྱི་བཅོས་བསྒྱུར་ཐེངས་གསུམ་པོ་དེ་ནི་སྔར་ཡོད་སུམ་རྟགས་ཀྱི་རིགས་པའི་གཞུང་ལུགས་རྒྱུན་འཛིན་བྱས་ཐོགཡི་གེའི་དག་ཆའི་ཐད་སྐབས་དེའི་ཕལ་སྐད་དང་བསྟུན་ནས་བཅོས་བསྒྱུར་བྱས་པ་ཞིག་ཡིན་པ་ལས་རྩ་བའི་བརྡ་སྤྲོད་རིག་པ་ཡིན་པའི་སུམ་རྟགས་ཀྱི་གཞུང་རྩ་གཏོར་བཏང་ནས།  རིགས་པའིི་གཞུང་ལུགས་གསར་གཏོད་ཟེར་བའི་བཅོས་བསྒྱུར་བྱས་པ་དེ་འདྲ་ལོ་རྒྱུས་ཐོག་རྩ་བ་ནས་བྱུང་མྱོང་མེད་ཅིང་།  ལྷག་པར་དུ་བཅོས་བསྒྱུར་ཐེངས་གསུམ་པ་དེ་དུས་རབས་བཅུ་པའི་མཇུག་ནས་དུས་རབས་བཅོ་ལྔའི་མགོ་བར་བྱུང་བ་ཡིན་ཀྱང་ལག་ལེན་དངོས་ཀྱི་ཐོག་བཅོས་བསྒྱུར་ཐེངས་གཉིས་པ་ལྟར་རང་འཇགས་གནས་པའི་གནས་ཚུལ་དེ་ལ་བརྟགས་ན་བློ་སྒོ་ཆེན་པོ་ཕྱེ་ཐུབ་ཀྱི་རེད།  བཞི་པ།  ཡུལ་སྐད་དང་ཡིག་སྐད་གཅིག་གྱུར་བྱེད་རྒྱུའི་གནད་འགག་ཐུག་ས་གང་ཡིན་སྐོར།  དེང་སྐབས་ང་ཚོས་རྒྱུན་དུ་ཁ་སྐད་དང་ཡིག་སྐད་ཟེར་བའི་ཐ་སྙད་ཅིག་ཤོད་སྲོལ་ཡོད་པ་ཡིན་མོད་ཀྱང་།  ཁ་སྐད་ཟེར་བའི་ཐ་སྙད་དེ་ནི་བར་སྐབས་ལོ་ཤས་རིང་གསར་དུ་བཟོས་པ་ཞིག་ཡིན་པ་ལས།  གནའ་རབས་བོད་ཡིག་གི་དཔེ་ཆའི་ནང་།  ས་གནས་སོ་སོའི་སྐད་ལ་ཡུལ་སྐད་ཟེར་བའི་མིང་བཏགས་ཡོད་པ་དང་།  ༢༠ས་གནས་ཁག་མང་པོར་ཁྱབ་ཅིང་མང་ཆེ་བས་ཐུན་མོང་དུ་གོ་ཐུབ་པའི་སྐད་ལ་ཕལ་སྐད་ཟེར་བའི་མིང་བཏགས་ཡོད།  འོན་ཀྱང་དེང་སྐབས་ཀྱི་བཤད་སྲོལ་ལྟར་ཁ་སྐད་དང་ཡིག་སྐད་ཟེར་བའི་ཐ་སྙད་དེ་རང་གཞིར་བཟུང་ནས་བཤད་ན།  ཁ་སྐད་དང་ཡིག་སྐད་ཟེར་བ་ནི་ལྟོས་བཅས་ཞིག་ཡིན་པ་ལས་ལྟོས་མེད་ཀྱི་ཁ་སྐད་དང་ཡིག་སྐད་ཟེར་བ་ཞིག་མེད།  དེ་ཡང་ཁ་ཐོག་ནས་བཤད་རྒྱུན་ཡོད་པའི་སྐད་ཆ་ལ་ཁ་སྐད་ཟེར་བ་དང་།  ཁ་ཐོག་གི་བཤད་རྒྱུན་དང་མི་འདྲ་བར་ཡིག་ཐོག་ཏུ་བྲིས་པའི་སྐད་ཆ་དེ་ལ་ཡིག་སྐད་ཟེར་ཞིང་།  དེ་ཡང་ས་གནས་འགའ་ཞིག་གི་ཡུལ་སྐད་དེ་ས་གནས་གཞན་ཞིག་ལ་ཡིག་སྐད་ཡིན་པ་དང་།  ས་གནས་འགའ་ཞིག་གི་ཡིག་སྐད་དེ་ས་གནས་གཞན་ཞིག་ལ་ཡུལ་སྐད་ཡིན་པ་དེ་འདྲ་རེད།  འོན་ཀྱང་བར་སྐབས་བློ་མཐུན་འགའ་ཞིག་གིས་ཁ་སྐད་དང་ཡིག་སྐད་ཟེར་བའི་ལྟོས་མེད་ཅིག་ཡོད་པར་བརྩིས་ནས།  ཡི་གེའི་ནང་ཁ་སྐད་གཞིར་བཟུང་ནས་འབྲི་དགོས་པ་མ་ཟད།  ཁ་སྐད་ཀྱི་ནང་ནས་ལྷ་ས་གྲོང་ཁྱེར་གྱི་སྐད་དེ་བོད་ས་གནས་སུ་ཁྱབ་པའི་སྐད་ཡིག་ཡིན་པས་འབྱུང་འགྱུར་ལྷ་ས་གྲོང་ཁྱེར་གྱི་ཁ་སྐད་དེ་ཁྱབ་བརྡལ་གཏོང་དགོས་པ།  དེ་གཞིར་བཟུང་ནས་ཡི་གེ་འབྲི་དགོས་པ།  སྔར་ཡོད་སུམ་རྟགས་དང་།  དག་ཡིག་གི་འགྲོ་ལུགས་མེད་པ་བཟོས་ནས་སུམ་རྟགས་ཀྱི་གཞུང་གསར་པ་དང་།  དག་ཡིག་གསར་བཟོ་དགོས་པ་བཅས་ནི་ཁ་ཕྱོགས་ཆེན་པོ་ཡིན་པ།  ཁ་ཕྱོགས་དེ་དང་མ་མཐུན་པའི་བྱེད་སྟངས་དང་ཤོད་སྟངས་ཚང་མ་རྙིང་ཞེན་རིང་ལུགས་དང་།  ཕྱི་བཤོལ་རིང་ལུགས།  རིག་གནས་གསར་བརྗེ་ཆེན་པོའི་གྲུབ་འབྲས་ཁས་མི་ལེན་པ་བཅས་ཀྱི་ངོས་འཛིན་བྱེད་པ་དེ་ནི་གནས་ཚུལ་དངོས་དང་མི་མཐུན་པའི་གསར་གཏོད་ཉེན་མཆོང་རིང་ལུགས་ཞིག་ཡིན་པ་ལས་ཚན་རིག་དང་མཐུན་པའི་གསར་གཏོད་ཅིག་གཏན་ནས་མ་རེད།  བློ་མཐུན་དེ་ཚོས་བོད་ཡིག་དེ་སྒྲ་སྦྱོར་ཡི་གེ་ཡིན་པར་མ་ཤེས་པའི་རྐྱེན་གྱིས་ཁ་སྐད་དང་ཡིག་སྐད་བར་ལ་འགལ་བ་ཡོད་པ་དེའི་གནད་འགག་ཐུག་ས་དེ་ཡུལ་སྐད་གཅིག་གྱུར་མེད་པ་དེ་ལ་ཐུག་ཡོད་པ་མ་ཤེས་པ་རེད།  བློ་མཐུན་དེ་ཚོས་ཡིག་སྐད་ཡིན་པར་ངོས་འཛིན་བྱེད་པ་དེ་ཚོ།  གཙང་དང་།  མངའ་རིས།  ལྷོ་ཁ།  འཕན་པོ།  དྭགས་པོ།  ཀོང་པོ།  ཨ་མདོ།  འབར་ཁམས་བཅས་ཀྱི་ས་ཁུལ་ལ་ཡུལ་སྐད་ངོ་མ་ཡིན་པས་འགྲེལ་བཤད་རྒྱག་མི་དགོས་པར་གོ་ཐུབ་ཀྱི་ཡོད་པ་དང་།  བློ་མཐུན་དེ་ཚོས་ངོས་འཛིན་བྱེད་པའི་ཡུལ་སྐད་དེ་ས་གནས་གཞན་དག་གི་མིས་ཉན་དུས་འགྲེལ་བཤད་མ་རྒྱབ་ན་གོ་ཐུབ་ཀྱི་མེད་པ་རེད།  དེར་བརྟེན་ཁ་སྐད་དང་ཡིག་སྐད་བར་གྱི་འགལ་བ་ནི་ལྟོས་བཅས་ཀྱི་འགལ་བ་ཡིན་པ་དང་།  འགལ་བའི་ཕྱོགས་གཙོ་བོ་ནི་ཡུལ་སྐད་གཅིག་གྱུར་མེད་པ་དེར་ཐུག་ཡོད་པ་མ་ཟད་གཅིག་གྱུར་མེད་པའི་ས་གནས་སོ་སོའི་ཡུལ་སྐད་དང་།  ས་གནས་ཁག་མང་པོར་ཁྱབ་ཆེ་བའི་ཐུན་མོང་གི་སྐད་གཉིས་མཉམ་དུ་གནས་པའི་ཕྱོགས་གཉིས་ཀ་མཐོང་དགོས་པ་བཅས་རེད།  ཡུལ་སྐད་དང་ཡིག་སྐད་བར་གཅིག་གྱུར་མེད་པ་དེ་ག་འདྲ་བྱས་ནས་གཅིག་གྱུར་བྱེད་དགོས་པའི་སྐོར་ལ་བསམ་བློ་ཞིབ་ཕྲ་ཐེངས་མང་པོ་བཏང་བ་བརྒྱུད།  རླབས་ཆེན་སློབ་དཔོན་མར་ཁེ་སེས་༼ས་ཕྱོགས་དང་གོམས་སྐད་༽ཞེས་པའི་གསུང་རྩོམ་ནང་མི་རིགས་ཀྱི་སྐད་རྣམས་གཅིག་གྱུར་ཆགས་པའི་འགྲོ་ལམ་སྐོར་གསུངས་སྐབས་གསུང་དོན།  ས་ཕྱོགས་ཀྱི་སྐད་རྣམས་གཅིག་ཏུ་གྱུར་ནས་མི་རིགས་ཀྱི་སྐད་ཐུན་མོང་བ་ཞིག་བྱུང་བ་ནི།  དཔལ་འབྱོར་དང་ཆབ་སྲིད་གཅིག་ཏུ་གྱུར་པ་ལ་རག་ལུས་ཡོད།  ༢༡ཅེས་གསུངས་པ་དེ་མཐོང་བྱུང་།  གསུང་རྩོམ་དེས་མི་རིགས་དེའི་དཔལ་འབྱོར་དང་ཆབ་སྲིད་གཅིག་གྱུར་མ་བྱུང་གོང་མི་རིགས་ཀྱི་སྐད་ལ་གཅིག་གྱུར་ཡོང་ཐུབ་ཀྱི་མེད་པ་གསལ་པོར་གསུངས་པ་དེ་ཚན་རིག་དང་མཐུན་པའི་བཀའ་སློབ་རང་རེད།  གང་ཡིན་ཟེར་ན།  མི་ཡི་རིགས་ཀྱི་སྐད་ཐོག་མར་བྱུང་བ་ནི་ཐོན་སྐྱེད་ངལ་རྩོལ་གྱི་གོ་རིམ་ནང་ནས་བྱུང་བ་དང་།  བར་དུ་འཕེལ་རྒྱས་འགྲོ་བ་ཡང་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བའི་འཕེལ་རྒྱས་དང་བསྟུན་ནས་འཕེལ་རྒྱས་འགྲོ་བ།  མཐར་གཅིག་གྱུར་ཆགས་པ་ཡང་སྐབས་དེའི་ཐོན་སྐྱེད་ནུས་ཤུགས་དང་དཔལ་འབྱོར་ཐད་གཅིག་གྱུར་ཆགས་པ་དང་བསྟུན་ནས་གཅིག་གྱུར་ཡོང་དགོས་པ་ཡིན་སྟབས།  མི་རིགས་ཁག་གི་སྐད་འཕེལ་རྒྱས་འགྲོ་བ་ནི་མི་རིགས་སོ་སོའི་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་རེད།  བོད་ནི་དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་ཕན་ཆད་ཀྱི་ལོ་སྟོང་ཕྲག་ཁ་ཤས་རིང་ཐོན་སྐྱེད་རྒྱུ་ཆས་སྒེར་ལ་དབང་བའི་ལམ་ལུགས་ཡིན་པ་དང་།  ཐོན་སྐྱེད་ནུས་ཤུགས་དང་།  ཐོན་སྐྱེད་བྱེད་སྟངས་བཅས་ཧ་ཅང་རྗེས་ལུས་ཡིན་པའི་དབང་གིས་ཐོན་སྐྱེད་བྱེད་མཁན་མི་དང་མིའི་བར་གྱི་འབྲེལ་བ་དེ་ཡང་རྒྱ་ཁྱོན་ཧ་ཅང་ཆུང་ཆུང་ཞིག་ལས་མེད་པར་བརྟེན།  རྒྱུན་དུ་ཕན་ཚུན་འབྲེལ་བ་བྱེད་སྐབས་སྤྱོད་པའི་སྐད་དེ་ཡང་རང་རང་སོ་སོའི་ས་གནས་དང་།  ཡུལ་ཚོ་སོ་སོའི་སྐད་དེ་བེད་སྤྱོད་གཏོང་དགོས་པའི་དུས་ཡུན་རིང་ཞིང་།  ས་ཁུལ་གཞན་དག་དང་།  ཡུལ་ཚོ་གཞན་དག་བར་ཕན་ཚུན་འབྲེལ་བ་བྱེད་སྐབས་ཕན་ཚུན་ཐུན་མོང་དུ་གོ་ཐུབ་པའི་སྐད་དེ་བེད་སྤྱོད་གཏོང་གི་ཡོད་ཀྱང་།  དེའི་དུས་ཡུན་ཐུང་ཐུང་ལས་མེད་པ་རེད།  ཚོ་པ་ཁག་རྣམས་གཅིག་ཏུ་འདྲེས་ནས་གཅིག་གྱུར་གྱི་མི་རིགས་ཞིག་ཆགས་ཐུབ་པ་ཡོང་དང་མི་ཡོང་དེ་ཚོ་པ་ཁག་གི་ཐོན་སྐྱེད་ནུས་ཤུགས་དང་།  ཐོན་སྐྱེད་འབྲེལ་བ།  དཔལ་འབྱོར་འཕེལ་རྒྱས་བཅས་ལ་རག་ལུས་ཡོད་པ་དང་།  ཚོ་པ་ཁག་གི་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་བྱུང་བ་བརྒྱུད།  ཞིང་ལས་དང་།  འབྲོག་ལས།  ལག་ཤེས་བཟོ་ལས་བཅས་གོང་འཕེལ་ཆེན་པོ་བྱུང་བ་དང་ཆབས་ཅིག་ཕན་ཚུན་དངོས་ཟོག་བརྗེ་རེས་དང་འགྲོ་འོང་གི་འབྲེལ་བ་སྔར་ལས་རྒྱ་ཆེ་རུ་ཕྱིན་ཏེ་མཐར་ཚོ་པ་ཁག་རྣམས་གཅིག་ཏུ་འདྲེས་ནས་མི་རིགས་ཁག་གཅིིག་ཏུ་གྱུར་པ་དང་།  སྐབས་དེར་ཕན་ཚུན་ཐུན་མོང་དུ་གོ་ཐུབ་པའི་སྐད་ཞིག་ཆགས་པ་དེ་མི་རིགས་ཀྱི་སྐད་རེད།  ༢༢ཚོ་པ་ཁག་གཅིག་ཏུ་འདྲེས་ཏེ་མི་རིགས་གཅིག་གྱུར་ཞིག་ཆགས་ནས་ཚོང་ལས་ཀྱི་འབྲེལ་བ་གོང་འཕེལ་ཕྱིན་པ་དེས།  དུས་ཡུན་རིང་པོར་བེད་སྤྱོད་བྱེད་ཐུབ་པའི་ཡི་གེ་ཞིག་དགོས་མཁོ་ཆེ་རུ་འགྲོ་བའི་རྗེས་སུ་གཞི་ནས་མི་རིགས་ཀྱི་ཡི་གེ་བྱུང་བ་རེད།  ཚོ་པ་ཁག་རྣམས་གཅིག་ཏུ་འདྲེས་ནས་གཅིིག་གྱུར་གྱིི་མི་རིགས་ཤིག་ཆགས་ཟིན་པའི་རྗེས་སུའང་།  མི་མང་ཆེ་བ་གྲོང་གསེབ་དང་འབྲོག་ཁུལ་གྱི་ས་གནས་སོ་སོར་སྔར་བཞིན་ཁ་གྲམ་ནས་སྡོད་དགོས་པའི་དབང་གིས་རྒྱུན་དུ་རང་རང་སོ་སོའི་ཡུལ་སྐད་ཐོག་ནས་སྐད་ཆ་ཤོད་དགོས་ཀྱི་ཡོད་པར་བརྟེན།  ངས་ངོས་འཛིན་བྱས་དོན་དུ།  བོད་རིགས་ནི་ཚོ་པ་ཁག་རྣམས་གཅིག་ཏུ་འདྲེས་ནས་གཅིག་གྱུར་ཆགས་ཟིན་པའི་མི་རིགས་ཤིིག་ཡིན་པ་མ་ཟད།  ཐུན་མོང་དུ་གོ་ཐུབ་པའི་ཕལ་སྐད་ཡོད་ལ།  ས་གནས་སོ་སོའི་ཡུལ་སྐད་ཀྱང་ཡོད་པ་དེ་འདྲ་ཞིག་ཡིན་པར་བརྩི་གི་ཡོད།  བློ་མཐུན་འགའ་ཞིག་གིས་ཚོ་པ་ཁག་རྣམས་གཅིག་ཏུ་འདྲེས་ནས་མི་རིགས་ཞིག་ཏུ་གྱུར་ཟིན་པའི་རྗེས་སུ་ཐུན་མོང་དུ་གོ་ཐུབ་པའི་སྐད་མ་གཏོགས་ས་གནས་སོ་སོའི་ཡུལ་སྐད་མེད་པ་ཆགས་ཟིན་པ་རེད་ཟེར་བ་དང་།  ཡང་སྐབས་དེར་ས་གནས་སོ་སོའི་ཡུལ་སྐད་ཡོད་པ་ཙམ་རྒྱུ་མཚན་དུ་བྱས་ནས་ཐུན་མོང་དུ་གོ་ཐུབ་པའི་ཕལ་སྐད་མེད་ཟེར་བ་དེ་གཉིས་ཀ་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་རེད།  ལྷག་པར་དུ་བོད་རིགས་གཅིག་གྱུར་གྱི་མི་རིགས་ཤིག་ཡིན་ཀྱང་ད་ལྟ་ཐུན་མོང་དུ་གོ་ཐུབ་པའི་ཕལ་སྐད་མེད་ཟེར་བ་དེ་ནི་དེ་བས་ཀྱང་ཁུངས་མེད་རེད།  དེང་སྐབས་རྒྱལ་སྤྱིའི་ཐོག་སྒྲ་རིག་མཁས་པ་ཚོས་བོད་སྐད་ལ་ཡུལ་སྐད་རིགས་མི་འདྲ་བ་ཁག་ལྔར་ཕྱོགས་བསྡོམས་བྱས་ཡོད་པ་དང་།  རྒྱལ་ནང་དུ་མི་རིགས་ཀྱི་སྐད་ཡིག་ཞིབ་འཇུག་གནང་མཁན་སྒྲ་རིགས་མཁས་ཅན་ཚོས་བོད་སྐད་ནང་གི་ཡུལ་སྐད་དེ་རིགས་ཆེན་པོ་གསུམ་༼དབུས་གཙང་།  ཁམས།  ཨ་མདོ་བཅས་༽དུ་ཕྱོགས་བསྡོམས་གནང་ཡོད་པ་དེ་ནི་རིག་གནས་གསར་བརྗེ་ཆེན་པོའི་གོང་དུ་རང་རྒྱལ་གྱི་སྒྲ་རིག་མཁས་པ་ཚོས་ལོ་མང་རིང་གྲངས་ཉུང་མི་རིགས་ཀྱི་ཡུལ་སྐད་ལ་དངོས་སུ་ཞིབ་འཇུག་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་རེད།  འོན་ཀྱང་གྲུབ་འབྲས་དེའི་ཐ་མའི་མཇུག་བསྡོམས་སུ་ལྷ་ས་གྲོང་ཁྱེར་གྱི་སྐད་དེ་ཡུལ་སྐད་དང་ཡིག་སྐད་གཅིག་གྱུར་བྱེད་རྒྱུར་གཞི་འཛིན་སའི་རྨང་གཞིའི་ཡུལ་སྐད་དུ་བཞག་ནས་དེ་རང་དར་སྤེལ་གཏོང་རྒྱུའི་ཨུ་ཚུགས་བྱས་པ་དེ་ཅུང་ཟད་ཐལ་དྲགས་པ་རེད་བསམ་གྱི་འདུགགང་ལགས་ཟེར་ན་བོད་སྐད་དེ་ཡུལ་སྐད་ཆེན་པོ་གསུམ་དུ་བསྡུས་པའི་རྗེས་སུ་ད་དུང་གནའ་རབས་ཀྱི་རྩོམ་ཡིག་ཁག་ལ་ཞིབ་འཇུག་བྱས་ནས།  ཡུལ་སྐད་ཆེན་པོ་རིགས་གསུམ་གྱི་ནང་ནས་གང་ང་ཚོས་དེང་སང་ངོས་འཛིན་བྱས་པའི་ཡིག་སྐད་དང་མཐུན་པོ་ཡོད་མེད་ཞིབ་འཇུག་བྱས་ཏེ།  མཐུན་པོ་ཡོད་པ་རྣམས་ཡུལ་སྐད་དང་ཡིག་སྐད་གཅིག་གྱུར་བྱེད་རྒྱུའི་གཞི་འཛིན་ས་བྱེད་དགོས་ཀྱི་རེད།  ཁྱབ་ཆེ་ཆུང་གི་ཐོག་ནས་བཤད་ན།  ད་དུང་གཙང་བའི་སྐད་དང་།  ལྷོ་ཁའི་སྐད།  ཁམས་སྐད།  ཨ་མདོའི་སྐད་སོགས་ཀྱི་ནང་ནས་མང་པོ་ཞིག་ང་ཚོས་དེང་སང་ངོས་འཛིན་བྱས་པའི་ཡིག་སྐད་དང་ཏག་ཏག་མཐུན་པོ་ཡོད་པས་ལྷ་སའི་ཡུལ་སྐད་ལས་ཁྱབ་ཆེ་གི་རེད།  ང་ཚོས་གཤམ་གསལ་གྱི་བོད་ཡིག་དཔེ་ཆ་དེ་ཚོ་ལྟ་ཙམ་བྱས་ན།  དུས་རབས་ཁ་ཤས་རིང་གི་བོད་ཡིག་དང་བོད་སྐད་ཀྱི་གནས་ཚུལ་གང་འདྲ་ཡིན་མིན་གསལ་པོར་ཤེས་ཐུབ་པ་ཡོང་རྒྱུར་དཔེ་ཆ་ཁག་གཅིག་གི་མིང་ཐོ་གཤམ་གསལ།  ༡༽རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ཐོན་མི་སམ་བྷོ་ཊ་སོགས་ཀྱིས་བསྒྱུར་བའི་༼འདུལ་བ་ལུང་གཞི་༽བཀའ་འགྱུར་འདུལ་བ་པོད་དང་པོའི་ནང་ཡོད།  ༢༽རྒྱལ་པོ་ཁྲི་རལ་པ་ཅན་གྱི་དུས་འགོས་ལོ་ཙཱ་བ་ཆོས་གྲུབ་ཀྱིས་བསྒྱུར་བའི་༼མདོ་མཛངས་བླུན།  ༽ ༣༽དུས་རབས་བཅུ་གཅིག་པའི་དཀྱིལ་དུ་ཨ་ཏི་ཤའི་སློབ་མ་འབྲོམ་སྟོན་པས་བརྩམས་པའི་༼ཨ་ཏི་ཤའི་རྣམ་ཐར་བླ་མའི་ཡོན་ཏན་ཆོས་ཀྱི་འབྱུང་གནས།  ༽ ༤༽དུས་རབས་བཅུ་གཉིས་པའི་མགོར་དཀའ་གདམས་པའི་དགེ་བཤེས་པོ་ཏོ་བས་འཕན་པོའི་སྐད་ཀྱིས་བརྩམས་པའི་བེའུ་བུམ་སྔོན་པོ།  ༽ ༥༽དུས་རབས་བཅོ་ལྔ་པའི་མཇུག་ཏུ།  གཙང་སྨྱོན་ཧེ་ཏུ་ཀསངས་རྒྱས་རྒྱལ་མཚན་གྱིས་སྟོད་མངའ་རིས་པའི་སྐད་དུ་བརྩམས་པའི་༼མི་ལ་རས་པའི་རྣམ་ཐར།  ༽ ༦ ༽དུས་རབས་བཅུ་དགུ་པའི་འགོར།  བཀྲ་ཤིས་འཁྱིལ་གྱི་གུང་ཐང་སྤྲུལ་སྐུ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཨ་མདོའི་སྐད་ཀྱིས་བརྩམས་པ་༼གོ་བདེ་བའི་ཕལ་སྐད་ཟབ་ཆོས་༽དང་།  ༼ཟློས་གར་གྱི་བསྟན་བཅོས་༽བཅས་ལ་གཟིགས་ཐུབ་ཚེ།  ཆོས་སྐད་དང་ཡུལ་སྐད་ཁག་གཅིག་འགྲེལ་བཤད་མ་བྱས་ན་གོ་ཐུབ་ཀྱི་མེད་པ་ཕུད།  དེ་མིན་འཚོ་བའི་ནང་གི་སྐད་ཆ་མང་ཆེ་བ་གོ་ཐུབ་ཀྱི་ཡོད་པ་དེ་ཐོག་ནས།  བོད་སྐད་དེ་ལ་ས་གནས་སོ་སོའི་ཡུལ་སྐད་དང་།  ཐུན་མོང་དུ་གོ་ཐུབ་པའི་སྐད་གཉིས་ཀ་ཡོད་པ་གསལ་པོར་མཁྱེན་ཐུབ་རྒྱུ་རེད།  དེ་མིན་ད་དུང་གནའ་རབས་ཀྱི་བོད་ཡིག་ཁག་མང་པོ་ཞིག་ལ་ཞིབ་འཇུག་བྱེད་སྐབས།  ཡུལ་སྐད་ཐོག་གཅིག་གྱུར་མེད་པ་མ་གཏོགས།  རྩ་བའི་བརྡ་སྤྲོད་རིག་པ་དང་།  རྩ་བའི་ཐ་སྙད་མང་ཆེ་བ་གཅིག་གྱུར་ཡིན་པ་དང་།  ལྷག་པར་དུ་དུས་རབས་བཅོ་ལྔ་པའི་མགོར་ཏཱ་མིང་གོང་མ་ཡུང་ལོ་རྒྱལ་པོས་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་བརྒྱུད་ཙོང་ཁ་པ་དང་།  ཀརྨ་པ།  ས་སྐྱ་པ་བཅས་ལ་ནན་ཅིང་དུ་དཔར་བསྐྲུན་བྱས་པའི་བོད་ཡིག་གི་བཀའ་འགྱུར་ཆ་ཚང་རེ་བསྐུར་བ་དེས་བོད་ཀྱི་མཁས་པ་མང་པོའི་མཐོང་རྒྱ་ཆེ་རུ་ཕྱིན་ནས་བོད་ཡིག་གི་ཆོས་དཔེ་ཁག་རྣམས་ཤིང་དཔར་ཐོག་ཐོག་མར་བརྐོས་པ་དེ་ནས་བཟུང་བོད་ལ་དཔར་བསྐྲུན་གྱི་ལག་རྩལ་དར་འགོ་ཚུགས་པ་དང་ཆབས་ཅིག་བོད་ཡིག་གི་ཡིག་གཟུགས་དང་དག་ཆ་ཡང་སྔར་ལས་གཅིག་གྱུར་ཆེ་རུ་སོང་བ་མ་ཟད།  རྩོམ་པ་པོ་ཚོའི་རྩོམ་ཡིག་ནང་གི་ཡུལ་སྐད་ཡང་གཅིག་གྱུར་ཆེ་རུ་ཕྱིན་ཡོད་པ་རེད།  ༢༣ གོང་གསལ་གྱི་གནས་ཚུལ་དེའི་ཐོག་ནས་དཔར་སྐྲུན་ལས་རིགས་ཀྱིས་སྐད་ཡིག་གཅིག་གྱུར་བྱེད་རྒྱུའི་ཐད་ལ་ནུས་པ་ཧ་ཅང་ཆེན་པོ་ཐོན་གྱི་ཡོད་པ་མཐོང་ཐུབ་ཀྱི་རེད།  གལ་ཏེ་ཁ་སྐད་དང་ཡིག་སྐད་བར་གྱི་འགལ་བ་གཙོ་བོ་དེ་ཡིག་སྐད་དང་།  ཡི་གེའི་དག་ཆའི་ཐད་ལ་བཞག་ནས་སྔར་ཡོད་ཀྱི་སུམ་རྟགས་འགྲོ་ལུགས་རྣམས་མེད་པ་བཟོས་པ་དང་།  ཡི་གེའི་དག་ཆ་དེ་ལྷ་སའི་ཁ་སྐད་རྐྱང་པའི་ཐོག་ལ་བསྒྱུར་རྒྱུའི་ཨུ་ཚུགས་བྱས་པ་ཡིན་ན།  ཡུལ་སྐད་དང་ཡི་གེ་གཅིག་གྱུར་བཟོ་ཐུབ་རྒྱུ་ཕར་ཞོགགསར་བཟོས་ཡི་གེའི་དག་ཆ་དེ་དང་ས་གནས་གཞན་དག་གི་ཡུལ་སྐད་བར་ཁ་བྲལ་ཆེ་རུ་འགྲོ་གི་རེད།  གང་ལགས་ཟེར་ན།  བོད་རིགས་ཟེར་བ་ལྷ་ས་གྲོང་ཁྱེར་གཅིག་པུའི་བོད་རིགས་ཙམ་མིན་པར།  གཙང་དང་།  ལྷོ་ཁ།  དྭགས་ཀོང་།  ཁམས་ཁུལ།  མཚོ་སྔོན།  རྒྱལ་མོ་རོང་།  ཡུན་ནན་བདེ་ཆེན་བཅས་ལ་སྡོད་པའི་བོད་རིགས་མང་པོ་ཡོད་པ་དང་།  དེ་རྣམས་ཀྱིས་བེད་སྤྱོད་གཏོང་རྒྱུའི་བོད་ཡིག་ནི་གཅིག་མ་གཏོགས་ས་གནས་རེ་རེ་ལ་བོད་ཡིག་རེ་རེ་མེད་པའི་རྐྱེན་གྱིས་རེད།  གལ་ཏེ་ལྷ་སའི་སྐད་དང་མཐུན་པའི་བོད་ཡིག་གཅིག་བཟོས་ན།  ས་གནས་གཞན་དག་གིས་དེ་གོ་མི་ཐུབ་པས་ཁོ་ཚོས་ཀྱང་སོ་སོའི་སྐད་དང་མཐུན་པའི་བོད་ཡིག་གསར་པ་ཞིག་བཟོ་དགོས་མདོག་ཁ་པོ་རེད།  དེ་འདྲ་བྱས་ཏེ་བོད་རིགས་ས་ཁུལ་ཚང་མས་སོ་སོའི་ཡུལ་སྐད་དང་མཐུན་པའི་བོད་ཡིག་གསར་པ་དེ་བཟོས་པ་ཡིན་ན་གཅིག་གྱུར་གྱི་མི་རིགས་ཀྱི་ཡི་གེ་དེ་ཁ་བྲལ་དུ་འགྲོ་གི་མ་རེད་དམ།  བོད་རིགས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་གི་གཅིག་ཆགས་ཟིན་པའི་གྲངས་ཉུང་མི་རིགས་ཞིག་ཡིན་པ་དང་།  བོད་ཡིག་ནི་ཀྲུང་གོའི་མི་རིགས་ཁག་གི་ཡི་གེའི་ནང་གི་གཅིག་གྱུར་ཆགས་ཟིན་པའི་མི་རིགས་ཀྱི་ཡི་གེ་ཞིག་ཡིན་པས།  གཅིག་གྱུར་གྱི་ཡི་གེ་ཁ་བྲལ་དུ་གཏོང་བའི་བཅོས་བསྒྱུར་དེ་འདྲ་ལ་སུས་ཀྱང་དགའ་བསུ་ཞུ་གི་མ་རེད།  ཡང་བར་སྐབས་ལོ་ཤས་རིང་སུམ་རྟགས་ནང་བཤད་པའི་ཚིག་ཕྲད་དང་།  བདག་གཞན་དུས་གསུམ་མང་པོ་ཞིག་ལྷ་སའི་ཁ་སྐད་ནས་སྒྲ་གསལ་པོར་ཐོན་ཀྱི་མེད་པས་མི་དགོས་ཟེར་ནས་སྔར་གྱི་བྲིས་སྟངས་དང་།  དེང་གི་བྲིས་སྟངས་ཟེར་བའི་གཏན་འབེབས་ཞིག་རྩོམ་ཡིག་མང་པོའི་ནང་བཀོད་འདུག་ཀྱང་སྲོལ་ཡིག་དེ་སྤྱིར་བཏང་གི་སྲོལ་ཡིག་དང་མི་འདྲ་བར་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གཏན་འབེབས་བྱས་པ་ལྟར།  གྲངས་ཉུང་མི་རིགས་ཀྱི་ཡི་གེའི་དོན་གནད་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས།  རྒྱ་ཆེའི་མང་ཚོགས་དང་།  ལས་བྱེད་པ།  ཤེས་ཡོན་ཅན་བཅས་ལ་རྒྱ་ཁྱབ་ཆེ་བའི་བསམ་འཆར་བསྡུ་ལེན་བྱས་མེད་པ་དེ་ནི།  སྐབས་དེར་ལིན་པེའོ་དང་།  མི་བཞི་ཤོག་ཁག་གིས་གྲངས་ཉུང་མི་རིགས་ཀྱི་ཡི་གེ་དང་རིག་གནས་གང་བྱུང་གིས་གཏོར་བཤིག་བཏང་བའི་གནས་ཚུལ་འོག་བཟོས་པ་ཞིག་ཡིན་པ་གསལ་བོ་རེད།  བྲིས་སྟངས་དེར་ཚིག་ཕྲད་མང་པོ་ཞིག་མེད་པ་བཟོས་ཀྱང་།  བོད་རིགས་ས་ཁུལ་གཞན་དག་གི་སྐད་ཆའི་ནང་།  འབྲེལ་སྒྲའི་ཀྱི་དང་གྱི་གཉིས།  རྫོགས་ཚིག་གི་གོ་ངོ་དོ་གསུམ།  འབྱེད་སྡུད་ཀྱི་ངམ་དང་།  དམ།  ལ་དོན་གྱི་ར་དང་རུ་སོགས་དངོས་སུ་བེད་སྤྱོད་བྱེད་ཀྱི་ཡོད་པ།  དཔེར་ན།  ཁྱོད་ཀྱིས་ཁོང་ལ་བཤད་ན་ཉན་གྱི་རེད།  ཁོང་དེ་རིང་ནང་ལ་བསྡད་ཡོད་ཀྱིི་རེད།  ངས་ཁོ་ལ་བཤད་པ་ཡིན་ཏེ་ཁོས་ཉན་གྱི་མི་འདུག་གོཁྱེད་རང་མགྱོགས་པོར་ཕྱིན་ན་མ་གཏོགས་ཁོང་ད་གིན་ནས་ཕྱིན་ཚར་སོང་ངོ་།  ཁ་སང་ཁྱེད་རང་ས་ནས་གཡར་བའི་དཔེ་ཆ་དེ་ད་རིང་ཕུལ་ཡོད་དོ།  རྗེས་སུ་མ་བྱུང་མ་གསུང་ཨཱ།  ངས་ཁྱེད་རང་ལ་བསྐུར་པའི་ཡི་གེ་དེ་འབྱོར་བྱུང་ངམ་མ་བྱུང་།  ངས་ཁྱེད་ལ་མངགས་པའི་དཔེ་དེབ་དེ་འདུག་གམ་མི་འདུགཟེར་བ་ལྟ་བུ་མང་པོ་ཞིག་ཡོད་རུང་།  ཚང་མར་ལིན་པོའོ་དང་མི་བཞི་ཤོག་ཁས་རྒྱུག་པ་ལེབ་འདུར་གྱི་ཁྲིམས་གཅོར་ཕོག་ཡོད་པ་རེད།  དེ་མཚུངས་དེང་སང་ལྷ་སའི་ཁ་སྐད་ལ་སྔོན་འཇུག་དང་།  མགོ་ཅན་ཡིན་མིན་བཅས་ལ་སྒྲ་གདངས་ཀྱི་དབྱེ་བ་གསལ་པོ་མི་ཐོན་ཀྱང་།  དུས་རབས་བཅུ་གསུམ་པའི་མགོར་འབྲི་གུང་དུ་སྐྱོབ་པ་འཇིག་རྟེན་མགོན་པོ་ཞལ་བཞུགས་སྐབས་དང་།  དེང་སང་གི་ཁམས་ཁུལ་དང་།  ཅོ་ནེ།  རྒྱལ་རོང་།  མགོ་ལོག་བཅས་ཀྱི་བོད་རིགས་ས་ཁུལ་ལ་ཡང་སྔོན་འཇུག་ཡོད་མེད་དང་།  མགོ་ཅན་ཡིན་མིན་བར་ལ་དབྱེ་བ་གསལ་པོ་ཡོད་སྐད་འདུག་པ།  དེ་ཚོས་བེད་སྤྱོད་གཏོང་བའི་བོད་ཡིག་ནི་དེང་སང་ང་ཚོས་བེད་སྤྱོད་བྱེད་པའི་བོད་ཡིག་འདི་རང་ཡིན་པ་མ་གཏོགས་ཟུར་དུ་མེད་པ་ནི་ས་གནས་སོ་སོར་དངོས་སུ་ཞིིབ་འཇུག་བྱས་ན་ཤེས་ཐུབ་རྒྱུ་རེད།  ལྔ་པ།  ཡུལ་སྐད་གཅིག་གྱུར་བྱེད་རྒྱུའི་འགྲོ་ལམ་གང་ཡིན་སྐོར།  སི་ཏཱ་ལིན་གྱིས་བློ་མཐུན་ཧོ་ལོ་པོ་ཧྥུ་ལ་བཏང་བའི་ཡིག་ལན་ཞེས་པའི་ནང་དུ་གསུང་དོན།  ཁོང་གིས་ཏང་གི་འཐུས་ཚོགས་ཆེན་པོ་ཐེངས་དྲུག་པའི་ཐོག་བཤད་པའི་གཏམ་གྱི་ནང་དུ་སྐད་རིགས་སྣ་ཚོགས་འདྲེས་ནས་ཐུན་མོང་གི་སྐད་གཅིག་ཏུ་འགྱུར་བའི་སྐོར་གྱི་ངེས་ཚིག་གཞན་ཞིག་ཏུ་བཤད་པ་ནི་གོང་གི་བཤད་པ་དེ་དང་མི་འདྲ་བས་དུས་རབས་གཞན་ཞིག་སྟེ་འཛམ་གླིང་ཡོངས་སུ་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་ཐོབ་ཟིན་པའི་རྗེས་ཀྱིི་དུས་རབས་དེ་ཡིན།  དུས་རབས་དེར་འཛམ་གླིང་གི་བཙན་རྒྱལ་རིང་ལུགས་མེད་པར་འགྱུར་རྒྱུ་དང།  བཤུ་གཞོག་གྲལ་རིམ་གཏོར་ཏེ་མི་རིགས་ཁག་དང་བྲན་དུ་བཀོལ་ཡུལ་རྣམས་ལ་གཉའ་གནོན་བྱེད་པ་དེ་མེད་པར་འགྱུར་བ།  མི་རིགས་ཁག་གྲོགས་མེད་ཁེར་རྐྱང་དུ་ལུས་པ་དང་ཕན་ཚུན་ཡིད་ཆེས་པའི་གནས་ཚུལ་མེད་པར་གྱུར་ཏེ་ཕན་ཚུན་ཡིད་ཆེས་ལྡན་པ་དང་འབྲེལ་ཐུག་ཉེ་རུ་འགྲོ་བ།  མི་རིགས་ཀྱི་དབང་ཆ་འདྲ་མཉམ་དངོས་སུ་ལག་ལེན་བྱེད་ཐུབ་པ་ཡོང་རྒྱུ།  སྐད་ལ་གཉའ་གནོན་དང་རང་རིགས་སུ་གྱུར་པའི་སྲིད་ཇུས་མེད་པར་བཟོ་ཐུབ་པ།  མི་རིགས་ཁག་གི་སྐད་བར་མཉམ་ལས་ཀྱི་འབྲེལ་བ་བཙུགས་ནས་ཕན་ཚུན་གོང་འཕེལ་དུ་གཏོང་ཐུབ་པ་བཅས་ཡོང་།  གནས་ཚུལ་དེ་དག་བྱུང་བའི་སྐབས་སུ་སྐད་འགའ་ཞིག་ལ་གཉའ་གནོན་བྱེད་པ་དང་ཕམ་པར་འགྱུར་བ།  ཡང་འགའ་ཞིག་རྒྱལ་བར་འགྱུར་བ་ཞིག་ཅི་ལ་ཡོད།  དེའི་ཚེ་འབྱུང་བར་འགྱུར་བའི་སྐད་གཉིས་ཀྱི་ནང་ནས་གཅིག་ཕམ་པ་དང་གཅིག་རྒྱལ་བར་འགྱུར་བ་མ་ཡིན་གྱི།  མི་རིགས་ཁག་རྣམས་དཔལ་འབྱོར་དང་།  ཆབ་སྲིད།  རིག་གནས་གང་ཅིའི་ཐད་ནས་ཡུན་རིང་མཉམ་ལས་བྱས་ཏེ་མི་རིགས་ཀྱི་སྐད་བརྒྱ་ཕྲག་མང་པོའི་ནང་ནས་ཐོག་མར་ས་ཁུལ་གཅིག་ཏུ་ཁྱབ་པའི་ཐུན་མོང་གིི་སྐད་འབྱུང་ཞིང་།  དེ་ནས་ས་ཁུལ་གཅིག་ཏུ་ཁྱབ་པའི་སྐད་རྣམས་འཛམ་གླིང་ཡོངས་སུ་ཁྱབ་པའི་ཐུན་མོང་གི་སྐད་ཞིག་ཏུ་འགྱུར་རྒྱུ།  སྐད་འདི་ནི་འཇར་མན་གྱི་སྐད་མིན་ལ།  ཨུ་རུ་སུའི་སྐད་ཀྱང་མིན།  དབྱིན་ཇིའི་སྐད་ནི་དེ་བས་ག་ལ་ཡིན།  དེ་ནི་མི་རིགས་ཁག་རྣམས་ཀྱི་སྐད་དང་ས་ཁུལ་རྣམས་ཀྱི་སྐད་ཀྱི་སྙིང་བཅུད་ཐམས་ཅད་འདུས་པའི་སྐད་གསར་པ་ཞིག་གོ་༢༤ཞེས་གསུངས་ཡོད་པ་འདི་མ་གཞི་འཛམ་གླིང་ཡོངས་སུ་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་ཐོབ་པའི་དུས་སྐབས་སུ་འཛམ་གླིང་མི་རིགས་ཁག་གི་སྐད་རྣམས་གཅིག་གྱུར་ཡོང་བ་དང་།  གང་འདྲ་བྱས་ནས་གཅིག་གྱུར་ཆགས་པའི་སྐོར་གསུངས་པ་མ་གཏོགས།  རྒྱལ་ཁབ་གཅིག་ནང་ལ་ཡོད་པའི་མི་རིགས་གཅིག་གི་ཡུལ་སྐད་མི་འདྲ་བ་རྣམས་གཅིག་གྱུར་ཡོང་སྟངས་གསུངས་པ་མ་ཡིན་ཀྱང་།  ང་རང་གིི་བསམ་པར།  འཛམ་གླིང་ཡོངས་སུ་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་ཐོབ་པའི་སྐབས་འཛམ་གླིང་གི་མི་རིགས་ཁག་གི་སྐད་རྣམས་ཐུན་མོང་གི་སྐད་ཞིག་ཏུ་འགྱུར་ཐུབ་པའི་ཆོས་ཉིད་དེ་འདྲ་ཞིག་ཡོད་ན།  རྒྱལ་ཁབ་གཅིག་གི་ནང་དུ་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་ཐོབ་ཟིན་པའི་རྗེས་སུ་མི་རིགས་ཁག་གཅིག་གི་ཡུལ་སྐད་མི་འདྲ་བ་རྣམས་ཐུན་མོང་གི་སྐད་ཞིག་ཏུ་འགྱུར་ལྡོག་ཡོང་ཐུབ་པའི་ཆོས་ཉིད་དེ་འདྲ་ཞིག་ངེས་པར་དུ་ཡོད་དགོས་པ་ནི་རྦད་དེ་གཅིག་མཚུངས་རང་རེད་བསམ་གྱི་འདུགདེར་བརྟེན་གཅིག་གྱུར་བྱུང་ཟིན་པའི་མི་རིགས་ཁག་གཅིག་གི་ཡུལ་སྐད་མི་འདྲ་བ་རྣམས་གཅིག་གྱུར་ཡོང་བ་བྱེད་རྒྱུའི་འགྲོ་ལམ་ནི།  མི་རིགས་དེ་ཉིད་འདུས་སྡོད་ས་ཁུལ་ཁག་ཕན་ཚུན་བར་ཆབ་སྲིད་དང་།  དཔལ་འབྱོར།  རིག་གནས་བཅས་ཕྱོགས་གང་ཅིའི་ཐད་ནས་རྒྱ་ཁྱབ་ཆེ་བའི་འགྲོ་འོང་གི་འབྲེལ་ཆགས་པ་བརྒྱུད་ནས་ཡུལ་སྐད་མི་འདྲ་བ་རྣམས་རང་ཤུགས་ཀྱིས་གཅིག་གྱུར་ཆགས་པ་ཡོང་ཐུབ་པ་མ་གཏོགས་མི་རིགས་གཅིག་ཡིན་ཀྱང་ས་ཁུལ་མི་འདྲ་བ་སོ་སོར་ཁ་གྲམ་ནས་སྡོད་པའི་རྒྱ་ཆེའི་མང་ཚོགས་རྣམས་ཕན་ཚུན་འགྲོ་འོང་གི་འབྲེལ་བ་བྱེད་རྒྱུར་ཚོད་འཛིན་ཡོད་པའི་གནས་ཚུལ་འོག་ས་གནས་ཁག་གཅིག་གི་ཡུལ་སྐད་དེ་གཞི་འཛིན་སའི་རྨང་གཞིའི་ཡུལ་སྐད་བྱས་ཏེ།  ཡི་གེའི་འབྲི་སྟངས་དང་དག་ཆ་རྣམས་ཡུལ་སྐད་གཅིག་པོ་དེ་རང་གཞིར་བཟུང་ནས་འབྲི་དགོས་པའི་ཨུ་ཚུགས་བྱས་པ་ནི།  གཅིག་གྱུར་ཡིན་པའི་མི་རིགས་དེའི་སྐད་རྣམས་སྔར་ལས་ལྷག་པར་ཁ་བྲལ་ཆེ་རུ་གཏོང་རྒྱུ་མ་གཏོགས་གཞན་འབྲས་བུ་བཟང་པོ་གང་ཡང་ཡོང་གི་མ་རེད།  གཅིག་གྱུར་ཆགས་ཟིན་པའི་མི་རིགས་ཞིག་གི་ནང་།  ས་གནས་ཀྱི་རང་བཞིན་ལྡན་པའི་ཡུལ་སྐད་དང་།  ས་གནས་དང་ས་གནས་བར་ཕན་ཚུན་འབྲེལ་བ་བྱེད་སྐབས་ཐུན་མོང་དུ་བེད་སྤྱོད་བྱས་པའི་ཕལ་སྐད་གཉིས་མཉམ་དུ་གནས་པའི་གནས་ཚུལ་འོག་གཅིག་གྱུར་གྱི་སྒྲ་སྦྱོར་ཡི་གེ་བཟོས་དགོས་ན།  ས་གནས་རང་བཞིན་ལྡན་པའི་སྐད་དེ་དང་།  ཐུན་མོང་གི་ཡུལ་སྐད་བར་ཐག་ཉེ་རུ་འགྲོ་བའི་གོ་རིམ་ཁ་ཤས་བརྒྱུད་དགོས་པ་སྟེ།  ཐོག་མར་ས་ཁུལ་སོ་སོའི་ཐོན་སྐྱེད་ནུས་ཤུགས་དང་།  ཐོན་སྐྱེད་འབྲེལ་བ་རྒྱ་ཁྱོན་ཆེ་རུ་འགྲོ་བའི་གོ་རིམ་ནང་ས་ཁུལ་གཅིག་གཉིས་ཙམ་ལ་བེད་སྤྱོད་བྱས་པའིི་སྐད་དེ་ཕན་ཚུན་ཤུགས་རྐྱེན་ཐེབས་པ་བརྒྱུད་ས་ཁུལ་ཁ་ཤས་ལ་ཁྱབ་པའི་ཐུན་མོང་གི་སྐད་ཞིག་ཡོང་རྒྱུ་དང་།  དེ་ནས་རིམ་བཞིན་ས་ཁུལ་མང་ཆེ་བར་ཁྱབ་པའི་སྐད་ནས་མཐར་ས་ཁུལ་ཡོངས་རྫོགས་ལ་ཐུན་མོང་དུ་ཁྱབ་པའི་སྐད་ཞིིག་ཏུ་གཅིག་གྱུར་ཡོང་ཐུབ་ཀྱི་རེད།  གོང་དུ་གསལ་བ་ལྟར་བོད་སྐད་ཀྱི་ཡུལ་སྐད་རིགས་གསུམ་དུ་བསྡུས་པ་དེ་རང་གི་ཐོག་ནས་ཡུལ་སྐད་དང་།  ཡིག་སྐད་གཅིག་གྱུར་བྱེད་རྒྱུའི་གཞི་འཛིན་སའི་རྨང་གཞིའི་ཡུལ་སྐད་དེ་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐད་ཁོ་ནར་རྩིས་ན་འགྲིག་གི་མེད་པ་ར་སྤྲོད་གསལ་པོ་བྱུང་ཡོད།  རླབས་ཆེན་སྤྱི་ཚོགས་རིང་ལུངས་ཀྱི་དཔལ་འབྱོར་ནི།  ཐོན་སྐྱེད་སྤྱི་ཚོགས་ཅན་དུ་འགྱུར་བའི་གཞི་རྒྱ་ཆེན་པོའི་དཔལ་འབྱོར་མ་ལག་ཅིག་ཡིན་སྟབས་དེས་གྲོང་གསེབ་ཀྱི་ས་གནས་ཁག་སོ་སོར་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བ་དང་ཆབས་ཅིག་འགྲིམ་འགྲུལ།  སློབ་གསོ།  རིག་གནས་འཚོ་བ་བཅས་གོང་འཕེལ་ཧ་ཅང་འགྲོ་མགྱོགས་པོ་ཡོད་པ་དང་།  གྲོང་ཁྱེར་དང་གྲོང་གསེབ་བར་དང་།  ས་གནས་དང་ས་གནས་བར་གྱི་ཁྱད་པར་རིམ་བཞིན་ཆུང་དུ་འགྲོ་བཞིན་ཡོད་པ་དེས་ས་གནས་ཁག་གི་མི་དང་མིའི་བར་གྱི་འབྲེལ་བ་གཞི་རྒྱ་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཡོང་བ་དང་།  དུས་མཚུངས་ས་གནས་ཁག་གི་ཡུལ་སྐད་ཀྱང་ཕན་ཚུན་ཐག་ཉེ་རུ་འགྲོ་གི་ཡོད་པ་བཅས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེ་ལམ་ལུགས་གཞན་གང་ཞིག་ལས་ཀྱང་ཁྱད་དུ་འཕགས་པའི་ཁྱད་ཆོས་ལྡན་ཡོད་པར་མཚོན་པ་ཞིག་རེད།  དེར་མ་ཟད་ད་དུང་ང་ཚོར་གཞི་རྒྱ་ཆེ་བའི་དཔེ་སྐྲུན་ཁང་དང་།  ཚགས་པར་ཁང་།  རྒྱང་བསྒྲགས།  གློག་བརྙན།  ཟློས་གར།  བརྙན་འཕྲིན་བཅས་གོང་འཕེལ་འགྲོ་མགྱོགས་པོ་ཡོད་པས།  དུས་རབས་རྗེས་མའི་ནང་བོད་སྐད་ཀྱི་ཡུལ་སྐད་དང་ཡིག་སྐད་གཅིག་གྱུར་ཁྱབ་ཆེན་པོ་ཞིག་ཡོང་བ་བྱེད་ཐུབ་ཀྱི་རེད།  དེ་དུས་ཀྱི་བོད་སྐད་ནི།  ལྷ་སའི་སྐད་དང་།  གཙང་པའི་སྐད།  ཨ་མདོའི་སྐད་སོགས་གང་ཡང་མ་ཡིན་པར་སྐད་དེ་ཚོ་ཚང་མའི་ནང་ནས་ལེགས་ཆ་འདུས་ཤིང་ཁྱབ་ཆེ་བའི་གཅིག་གྱུར་གྱི་སྐད་ཞིག་རེད།  ང་ཚོས་བོད་སྐད་ཀྱི་འཕེལ་རྒྱས་འགྲོ་ཕྱོགས་དེ་དང་བསྟུན་ནས།  མིག་སྔར་སྔར་ཡོད་སུམ་རྟགས་ཀྱི་འགྲོ་ལུགས་རྣམས་རྒྱུན་འཛིན་བྱས་པ་དང་ཆབས་ཅིགས་གནས་ཁག་གི་ཡུལ་སྐད་དང་གནའ་རབས་བོད་ཡིག་གི་རྩོམ་ཡིག་ཁག་ལ་ཞིབ་འཇུག་བྱས་ཏེ།  འབྱུང་འགྱུར་ཡིག་སྐད་དང་ཡུལ་སྐད་གཅིག་གྱུར་ཡོང་བ་བྱེད་རྒྱུའི་རྨང་གཞི་འདིང་ཐུབ་པ་བྱེད་དགོས་ཀྱི་རེད།  དེར་བརྟེན་ང་ཚོས་གནའ་རབས་ཀྱི་བོད་ཡིག་ལ་ཞིབ་འཇུག་བྱས་པ་དེར་དེང་སྐབས་ཆབ་སྲིད་ཀྱི་དོན་སྙིང་ཡོད་པ་ཙམ་མ་ཡིན་པར།  འབྱུང་འགྱུར་བོད་ཀྱི་སྐད་ཡིག་གོང་འཕེལ་གཏོང་རྒྱུར་རྒྱང་རིང་གི་དོན་སྙིང་ལྡན་ཡོད་པ་ཞིིག་རེད།  མི་རིགས་ཟེར་བ་ནི་བྱ་དངོས་ཡོད་ཚད་དང་འདྲ་བར་ཐོག་མར་བྱུང་བ་དང་།  བར་དུ་འཕེལ་རྒྱས་འགྲོ་བ།  མཐར་མེད་པ་ཆགས་པ་བཅས་ཡིན་པ་ལས།  མི་ཡི་རིགས་ཀྱི་སྤྱི་ཚོགས་ཐོག་མར་བྱུང་དུས་ནས་ཡོད་པ་ཞིག་དང་།  འཇིག་རྟེན་མ་སྟོངས་བར་དུ་གནས་པ་དེ་འདྲ་ཞིག་མིན།  མི་ཡི་རིགས་ཀྱི་སྤྱི་ཚོགས་ཐོག་མར་ཆགས་སྐབས་གདོད་མའི་ཀུང་ཧྲེ་མ་གཏོགས་མི་རིགས་ལྟ་ཅི་སྨོས་རུས་རྒྱུད་ཚོ་པ་ཡང་མེད།  རྗེས་སུ་མ་རྒྱུད་རུས་རྒྱུད་ཀུང་ཧྲེ་དང་།  ཕ་རྒྱུད་རུས་རྒྱུད་ཀུང་ཧྲེ།  རུས་རྒྱུད་ཚོ་ཁག་བཅས་སུ་རིམ་བཞིན་འགྱུར་ལྡོག་དང་འཕེལ་རྒྱས་སོང་བ་བརྒྱུད་མཐར་རུས་རྒྱུད་ཚོ་པ་ཁག་རྣམས་གཅིག་ཏུ་འདྲེས་ཏེ་གཞི་ནས་མི་རིགས་ཟེར་བ་བྱུང་ཞིང་།  ཚོ་པ་རྣམས་གཅིག་ཏུ་འདྲེས་ནས་མི་རིགས་ཞིག་ཏུ་གྱུར་ཟིན་པའི་རྗེས་སུ་ཡང་ད་དུང་ཐོན་སྐྱེད་ནུས་ཤུགས་དང་།  ཐོན་སྐྱེད་འབྲེལ་བ་གཞི་རྒྱ་ཆེ་ཆུང་གི་དབང་གིས་མི་རིགས་སོ་སོའི་མི་དང་མིའི་བར་གྱི་འབྲེལ་བ་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་རྒྱུར་བརྟེན།  མི་རིགས་ཁག་སོ་སོའི་སྤྱི་ཚོགས་འཕེལ་རྒྱས་ཆ་སྙོམས་པོ་མེད་པ་མ་ཟད།  འཕེལ་རྒྱས་འགྲོ་བའི་མྱུར་ཚད་དང་།  རྒྱ་ཁྱོན་ཆེ་ཆུང་སོགས་ཕྱོགས་མང་པོ་ཞིག་གི་ཐད་ལ་ལོ་སྟོང་ཕྲག་དང་ཁྲི་ཕྲག་ཁ་ཤས་ཀྱི་དུས་ཡུན་རིང་པོ་བརྒྱུད་དགོས་པ་རེད།  འབྱུང་འགྱུར་གུང་ཁྲན་རིང་ལུགས་དེ་འཛམ་གླིང་ཡོངས་སུ་རྒྱལ་ཁ་ཐོབ་ནས་གྲལ་རིམ་མེད་པ་དང་།  རྒྱལ་ཁབ་མེད་པ།  སྲིད་ཏང་མེད་པ་བཅས་བྱུང་བའི་དུས་མཇུག་ཏུ་གཞི་ནས་མི་རིགས་མེད་པར་ཆགས་པ་བཅས་ཀྱི་དུས་ཚོད་ནི་ད་དུང་མ་ཐ་ཡང་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་དུས་རབས་བརྒྱུད་དགོས་པས།  ད་ལྟ་ནི་མི་རིགས་ཀྱི་དཔལ་འབྱོར་དང་།  མི་རིགས་ཀྱི་རིག་གནས་འཕེལ་རྒྱས་འགྲོ་བའི་དུས་སྐབས་རེད།  མི་རིགས་བར་གྱི་ཁྱད་པར་གནས་ཕྱིན་མི་རིགས་ཀྱི་སྐད་ཡིག་ཀྱང་མུ་མཐུད་ནས་བེད་སྤྱོད་གཏོང་པ་མ་གཏོགས།  མི་རིགས་བར་གྱི་ཁྱད་པར་མེད་པ་མ་ཆགས་གོང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་མེད་པ་ཆགས་ནས་འཛམ་གླིང་གཅིག་གྱུར་གྱི་སྐད་ཡིག་ཟེར་བ་དང་།  མི་རིགས་མང་པོ་འདུས་པའི་རྒྱལ་ཁབ་ཀྱི་ནང་མི་རིགས་གཅིག་གྱུར་གྱི་སྐད་ཟེར་བ་ཞིག་ཡོང་ཐུབ་བསམ་པ་ནི་སྟོང་བསམ་རང་རེད།  ང་ཚོའི་མི་ཚེ་གཅིག་ལ་ལོ་བརྒྱད་ཅུ་སྡོད་པའི་དབང་དུ་བྱས་ཀྱང་།  ད་ལྟ་ནས་མི་རིགས་མེད་པ་ཆགས་པའི་བར་གྱི་དུས་ཡུན་དེ་དང་བསྡུར་ན་ཧ་ཅང་ཐུང་ཐུང་ཞིག་ལས་མེད་སྟབས།  ང་ཚོས་ཆུ་འགྲམ་ལ་མ་སླེབས་གོང་ཆུ་སྒྲ་རྣ་བའི་ཐོས་མ་ཐག་ལྷམ་ཕུད་པ་དང་།  རྗེས་སུ་རྒས་ཁོག་ཆགས་རྒྱུར་བསམ་ནས་བྱིས་པ་ཆུང་དུས་ནས་མགོ་ལ་ས་དཀར་བྱུགས་ཏེ་མགོ་དཀར་པོ་བཟོས་པ་ལྟར་བྱས་ན།  སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་དང་རྒྱབ་འགལ་འགྲོ་རྒྱུ་ངེས་ཅན་རེད།  དེར་བརྟེན་ང་ཚོས་མི་རིགས་འཕེལ་རྒྱས་འགྲོ་བའི་དུས་རིམ་གྱི་ཁྱད་ཆོས་ལ་དོ་སྣང་བྱེད་དགོས་པ་མ་ཟད།  ལྷག་པར་ཏུ་ད་ལྟའི་དུས་སྐབས་སུ་བཙན་རྒྱལ་རིང་ལུགས་དང་སྤྱི་ཚོགས་བཙན་རྒྱལ་རིང་ལུགས་གཉིས་ཡོད་པ་དང་།  འཛམ་གླིང་རྒྱལ་ཁབ་ཁག་ཏུ་མི་རིགས་བཅིངས་གྲོལ་གྱི་ལས་འགུལ་འཕེལ་རྒྱས་འགྲོ་བཞིན་ཡོད་པས་དུས་སྐབས་སུ་གནས་ཡོད་སྟབས།  རྒྱལ་ནང་གི་གྲངས་ཉུང་མི་རིགས་ཁག་གི་དཔལ་འབྱོར་དང་།  རིག་གནས་གོང་འཕེལ་བཏང་སྟེ།  མི་སེར་སྤེལ་བྱེད་རིང་ལུགས་ལ་ནུས་ལྡན་གྱིས་རྡུང་རྡེག་གཏོང་རྒྱུ་དེ་ནི་ཧ་ཅང་གིས་གལ་ཆེན་པོ་རེད།  འདིར་བོད་ཡིག་དང་བོད་སྐད་འཕེལ་རྒྱས་ཀྱི་གནས་ཚུལ་ཞིབ་འཇུག་བྱས་པའི་ཐོག་མའི་ལྟ་ཚུལ་ཁག་ཅིག་རྒྱ་ཆེའི་སྒྲ་རིག་སྨྲ་བའི་མཁས་དབང་ཚོར་དཔྱད་གཞིའི་ཚུལ་དུ་ཕུལ་རྒྱུར་བྲིས་པ་ཡིན་པས།  གཟིགས་པ་པོ་ཚོས་རིན་ཐང་བྲལ་བའི་དགོངས་འཆར་ལྷུག་སྩོལ་ཡོད་པ་ཞུ།།    །།

བརྒྱུད་སྐུལ།

མཆན་སྤེལ།