སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་ཐར་མདོར་བསྡུས།

སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་ཐར་མདོར་བསྡུས།
དུང་དཀར་བློ་བཟང་འཕྲིན་ལས།

སངས་རྒྱས་ཤྰཀྱ་མུ་ནེ། ཤྰཀྱ་ནི་རུས་མིང་སྟེ་ཕོད་པའི་དོན་དང་། མུ་ནེ་ནི་ཐུབ་པའི་དོན་ཏེ་ཉོན་མོངས་པའི་བདུད་དང་། ཕུང་པོའི་བདུད། ལྷ་ཡི་བུའི་བདུད། འཆི་བདག་གི་བདུད་བཅས་བདུད་བཞི་པོ་དེ་ཐུབ་པའི་དོན་ཡིན་ཅིང་། ཞིབ་ཕྲ་གཞན་ལས་ཤེས་པར་བྱ། སྟོན་པ་ཤྰཀྱ་ཐུབ་པ་ནི་སངས་རྒྱས་ཆོས་ལུགས་གསར་གཏོད་མཛད་པ་པོ་ཡིན། ཁོང་གི་འཁྲུངས་འདས་ཐད་ལ་རྒྱ་གར་དང་རྒྱ་ནག་བོད་རྣམས་སུ་བཤད་སྟངས་མི་འདྲ་བ་ མང་པོ་ཡོད། སངས་རྒྱས་ཤྰཀྱ་མུ་ནེ་ནི་ཤྰཀྱའི་རིགས་རྒྱུད་ཡིན་པ་དང་མཛད་རྣམ་རྒྱས་པ་རྟོགས་ བརྗོད་དཔག་བསམ་འཁྲི་ཤིང་དང་། མདོར་བསྡུས་ཙམ་དེབ་ཐེར་དམར་པོ་རྣམས་སུ་གསལ། ཁོང་གི་ཡབ་ནི་ཤྰཀྱའི་རིགས་ཀྱི་རྒྱལ་བོ་ཟས་གཙང་མ་དང་། ཡུམ་སྒྱུ་མ་ལྷ་མཛེས་ཡིན་ཞིང་། ཟས་གཙང་མ་ལ་སྲས་གཉིས་ཡོད་པའི་ཆེ་བ་སངས་རྒྱས་ཤྰཀྱ་མུ་ནེ་དང་ཆུང་བ་ནི་གཅུང་ ཀུན་དཀའ་བོ་ཡིན། དགུང་ལོ་ཉི་ཤུ་རྩ་དགུ་བར་ཁྱིམ་དུ་བཞུགས་ནས། དེའི་རིང་ལ་རིག་གནས་ལྔ་དང་། སྒྱུ་རྩལ་བཅོ་བརྒྱད། མུ་སྟེགས་ཀྱི་གྲུབ་མཐའ་སོགས་ལ་མཁས་པར་སྦྱངས། དགུང་ལོ་བཅུ་དྲུག་པར་བཙུན་མོ་བཞེས་པའི་དུས་ལ་སླེབས་པ་དང་།སྐབས་དེར་ཤྰཀྱ་ལག་ ན་བེ་ཅོན་གྱི་སྲས་མོ་གྲགས་འཛིན་མ་ཟེར་བ་ཞིག་ཡོད་པ་དེ་མཛེས་ཤིང་རིག་གཞུང་ལ་ མཁས་པའི་ན་གཞོན་མ་སྐད་གྲགས་ཞིག་ཡིན་སྟབས་སློང་མཁན་ཧ་ཅང་མང་པོ་ཡོད་པར་བརྟེན། ཡབ་ཀྱིས་རྒྱུ་སྟོབས་དང་མིང་གྲགས་ལ་བལྟ་རྒྱུ་མིན་པར་རྒྱ་གར་རྒྱལ་ཡོངས་སུ་ ལུས་རྩལ་འགྲན་བསྡུར་ཆེན་པོ་ཞིག་བཙུགས་ནས་དེའི་ནང་ཨང་དང་པོ་ཐོབ་མཁན་དེར་ སྟེར་རྒྱུ་བྱས་པས་སངས་རྒྱས་ཀྱང་འགྲན་བསྡུར་དེའི་ནང་ཞུགས་པ་དང་། བཤད་སྲོལ་ལ་སངས་རྒྱས་ཀྱིས་གོམ་པ་བརྒྱའི་ནང་ཤིང་ཏྰ་ལའི་སྡོང་བོ་བདུན་བཙུགས་ ཐོག་སྡོང་བོ་རེའི་སྟེང་དུ་ལྕགས་ཀྱི་སླ་ང་རེ་རེ་བཙུགས་ཏེ་དེ་ལ་མདའ་བརྒྱབ་ནས་ ལྕགས་ཀྱི་སླ་ང་ཚང་མ་བརྟོལ་ནས་ད་དུང་མདའ་རྒྱང་རིང་བོ་ཕྱིན་པ་མ་ཟད། དུས་སྐབས་དེར་རྒྱ་གར་ཡོངས་སུ་སྐད་གྲགས་ཆེ་བའི་རིག་གནས་པ་དང་། སྒྱུ་རྩལ་མཁས་པ་མང་པོ་དང་འགྲན་བསྡུར་མཛད་པས་ཡང་རྩེར་སླེབས་ཏེ་བཙུན་མོ་གྲགས་ འཛིན་མ་ཁབ་ཏུ་བཞེས་ཤིང་དགུང་ལོ་ཉེར་དགུའི་བར་རྒྱལ་བོའི་ཕོ་བྲང་དུ་བཞུགས། དེ་ནས་ཕོ་བྲང་གི་ཕྱོགས་བཞིའི་སྒོ་འགྲམ་དུ་བྱོན་སྐབས། མི་རྒས་ཤིང་འཁོགས་པ་དང་། ནད་ཀྱིས་མནར་བ་དང་། ཤི་བ། དགེ་སློང་ཞི་དུལ་ཅན་བཅས་གཟིགས་པའི་རྐྱེན་བྱས་ནས་རྒྱལ་སྲིད་ལ་དབང་བསྐུར་ རྒྱུའི་ཞག་བདུན་གྱི་གོང་དུ་ནམ་ཕྱེད་ལ་ཆིབས་པ་བསྔགས་ལྡན་ལ་ཆིབས་ཏེ་བྲོས་ བྱོལ་དུ་ཕེབས། ས་ག་ཟླ་བའི་ཚེས་བརྒྱད་ལ་མཆོད་རྟེན་རྣམ་དག་གི་དྲུང་ནས་རང་གི་དབུ་སྐྲ་རང་གིས་ བཅད་ནས་རབ་ཏུ་བྱུང་། དེ་ནས་སྐབས་དེར་མུ་སྟེགས་པ་རྣམས་ཀྱིས་ཟས་གཅོད་པ་དང་། མེ་ལྔ་བསྟེན་པ།མདུང་རྩེ་གསུམ་གྱི་སྟེང་དུ་མཆོངས་པ་དང་། དཀའ་སྤྱད་དྲག་པོ་ལ་བརྟེན་ནས་ཐར་བ་ཐོབ་པར་འདོད་པ་རྣམས་ལ་ཚོད་བགམ་པའི་ཆེད་དུ་ ཆུ་བོ་ནེ་རནྫའི་འགྲམ་དུ་ལོ་དྲུག་གི་བར་ཉིན་རེར་འབྲུ་འབྲུ་རྡོག་རེ་དང་ཆུ་ཆུ་ ཐིགས་རེ་ལས་མི་ གསོལ་བར་ཏིང་ངེ་འཛིན་བསྒོམ་ཞིང་བཞུགས། མཐར་རང་ཉིད་ལ་འདོད་པའི་འབྲས་བུ་གང་ཡང་མ་ཐོབ་པར་བརྟེན་ཏིང་ངེ་འཛིན་ལས་བཞེངས་ ཏེ། རང་གི་ལུས་པོར་རང་གིས་སྡུག་པོ་གཏོང་བའི་ཆོས་དེ་ཡང་དག་པ་ཞིག་རྩ་བ་ནས་མ་ཡིན་ པར་བསམ་བློ་ངན་པ་དང་བྱ་སྤྱོད་ངན་པ་ཡོང་སའི་རྩ་བ་སྟེ་རང་གཙོ་བོ་བྱེད་པའི་ སྒེར་སེམས་དེ་མེད་པ་བཟོ་ཐབས་ཀྱི་ཆོས་ཤིགངེས་པར་དགོས་པ་འདུག་དགོངས་ནས་སངས་ རྒྱས་ཆོས་ལུགས་གསར་གཏོད་གནང་བ་རེད། དེ་ནས་གྲོང་གི་བུ་མོ་ལེགས་སྐྱེས་མ་དང་དགའ་སྟོབས་མ་གཉིས་ཀྱིས་བ་སྟོང་གི་འོ་ མ་ཉིང་ཁུར་བྱས་པ་ཕུལ་བ་བཞེས་ཏེ་སྐུ་ལུས་ཀྱི་སྟོབས་རྒྱས་ནས་མདངས་བཟང་པོར་ གྱུར། དགུང་ལོ་སོ་ལྔ་པ་ཤིང་རྟ་ལོ་ལ་རྒྱ་གར་རྡོ་རྗེ་གདན་དུ་ཕེབས་ཏེ། དེར་རྩ་འཚོང་གི་ཁྱེའུ་བཀྲ་ ཤིས་ཀྱིས་རྩྭ་ཀུ་ཤ་མང་པོ་ཕུལ་བ་རྣམས་གདན་ལ་བཏིངས་ནས་བྱང་ཆུབ་ཀྱི་ཤིང་དྲུང་ དུ་ཞལ་ཤར་དུ་གཟིགས་ཏེ་བསམ་གཏན་བསྒོམ་ཞིང་བཞུགས་པས་ས་ག་ཟླ་བའི་ཚེས་བཅོ་ལྔའི་ ཐོ་རངས་མངོན་པར་རྫོགས་པ་སངས་རྒྱས། ཁོང་ཉིད་ཀྱི་བཙུན་མོ་གྲགས་འཛིན་མ་ལ་སྲས་ཤིག་ཀྱང་འཁྲུངས་ཏེ་མཚན་མཁན་གྱིས་ མཚན་ལ་སྒྲ་གཅན་འཛིན་ཞེས་གསོལ་བ་དེ་ནི་གནས་བརྟན་བཅུ་དྲུག་གི་ནང་ཚན་སྒྲ་གཅན་ འཛིན་ཡིན། དེ་ནས་རེ་ཞིག་གདུལ་བྱ་རྣམས་ཆོས་བསྟན་པའི་སྣོད་དུ་རུང་མི་རུང་བརྟག་པའི་ཆེད་ དུ་ཞག་བདུན་ཕྲག་བདུན་གྱི་བར་དུ་ཆོས་མི་གསུང་བར་བཞུགས། དེ་ནས་ལྷ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་ཡོད་པ་དང་།ལྷའི་དབང་བོ་བརྒྱ་ བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་ཏེ་ཆོས་གསུང་བར་ཞུས་པ་བཞིན། ཟླ་བ་དྲུག་པའི་ཚེས་བཞི་ལ་ཡུལ་ཝ་ར་ན་སིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ སུ་བྱོན་ནས་སློབ་མའི་དང་པོ་འཁོར་ལྔ་སྡེ་བཟང་བོ། ༡ཀུན་ཤེས་ཀོོ་ནི་ན་ཡ། ༢རྟ་ཐུལ། ༣རླངས་པ། ༤མིང་ཆེན། ༥བཟང་ལྡན་རྣམས་ལ་ཆོས་ཀྱི་དངོས་པོ་བདེན་བཞིའི་ཆོས་འཁོར་གསུངས། དེ་ལ་དྲན་གསོ་ཞུ་བའི་ཆེད་དུ་བོད་ལ་དྲུག་པའི་ཚེས་བཞིའི་དུས་ཆེན་འདི་བྱུང་བ་ ཡིན། ཐེངས་དང་པོར་ཐེག་པ་ཆུང་ངུའི་ཆོས་གསུངས། དེ་ནས་རིམ་བཞིན་འདུལ་བ་ལུང་སྡེ་བཞི་གསུངས་ཏེ། དགེ་བསྙེན་དང་།རབ་བྱུང་། དགེ་ཚུལ། དགེ་སློང་ཕ། དགེ་སློང་མ་བཅས་ཀྱི་བསླབ་ཁྲིམས་རྣམས་གཏན་འབེབས་མཛད། དེའི་ཡན་ལག་ཏུ་ལས་རྒྱུ་འབྲས་ཀྱི་རྣམ་བཞག་སྟོན་པའི་མདོ་མཛངས་བླུན། དེའི་ནང་མང་ཆེ་བ་ལས་རྒྱུ་འབྲས་གསུངས་ཡོད་པ་དང་། ལས་བརྒྱ་པ། རྟོགས་བརྗོད་བརྒྱ་བ་སོགས་གསུངས། ལས་རྒྱུ་འབྲས་གསུངས་པའི་དཔེ་ཆ་དེ་དག་བདེན་བཞིའི་ཆོས་འཁོར་གྱི་ཁོངས་སུ་ གཏོགས་པ་ཡིན། ལས་རྒྱུ་འབྲས་སྐོར་གྱི་དཔེ་ཆའི་ནང་དོན་གཙོ་བོ་ནི་ལས་བཟང་བོ་བྱས་ན་འབྲས་བུ་ བཟང་བོ་དང་། ལས་ངན་པ་བྱས་ན་འབྲས་བུ་ངན་པ་ཡོང་གི་ཡོད་པ་དེ་གསུངས་ཡོད། དེ་ཡང་ལས་འབྲས་ཀྱི་རྣམ་བཞག་ནང་ལུས་ཀྱི་སྡིག་པའམ་མི་དགེ་བ་གསུམ་ལས་བསམ་ བློའི་ཐོག་གི་སྡིག་ཉེས་གསུངས་མེད། ལུས་ཀྱི་མི་དགེ་བ་གསུམ་ནི་སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད་བཅས་དང་། ངག་གི་མི་དགེ་བ་བཞི་ནི་རྫུན་དང་། ཕྲ་མ་མི་དང་མིའི་བར་ལ་དཀྲུག་ཤིང་རྒྱག་པ། ཚིག་རྩུབ་མི་ལ་སྐད་ཆ་མི་སྙན་པ་ཤོད་པ། ངག་འཆལ་དོན་མེད་སྐད་ཆ་མང་པོ་ཤོད་པ་བཅས་བཞི་ཡིན། དེ་སྔ་བོད་ལ་གེ་སར་དང་རོ་སྒྲུང་སོགས་སྒྲུང་ཚང་མ་ངག་འཆལ་གྱི་ཁོངས་སུ་བརྩི་ གི་ཡོད། འོན་ཀྱང་ལོ་རྒྱུས་ཤོད་པ་ནི་ངག་འཆལ་གྱི་ཁོངས་མིན། དམ་པའི་ལྷ་ཆོས་ཀྱགཞན་གྱི་ཇུས་གཏོགས་བྱེད་པ་སོགས་ཚང་མ་ངག་འཆལ་གྱི་ཁོངས་སུ་ གཏོགས་པ་ཡིན། ལུས་ཀྱི་མི་དགེ་བ་གསུམ་དང་ངག་གི་མི་དགེ་བ་བཞི་ནི་སྔོན་དང་པོར་མེད་པ་བཟོ་ དགོས་པ་ཞིག་ཡིན། དེ་མེད་པར་བཟོ་སྟངས་ནི་གཙོ་བོ་རང་གིས་རང་གཅུན་ནས་ལས་བཟང་བོ་བྱས་ན་འབྲས་བུ་ བཟང་བོ་ཡོང་རྒྱུ་དང་ལས་ངན་པ་བྱས་ན་འབྲས་བུ་ངན་པ་ཡོང་རྒྱུ་ཡིན་པ་དེ་ཤེས་ དགོས། དཔེར་ན་རང་གི་བླ་མ་དང་དགེརྒན།ཕ་མ། ནད་པ་བཅས་ཏེ་ཞིང་ཆེན་པོ་ལྔ་ལ་ལས་དགེ་སྡིག་གང་བསགས་ན་ཡང་ཚེ་རྗེས་མ་བར་སྒུག་ མི་དགོས་པར་ཚེ་འདི་རང་ལ་འབྲས་སུ་སྨིན་རྒྱུ་ཡིན་པས་དེ་ལ་མཐོང་ཆོས་མྱོང་ འགྱུར་གྱི་ལས་ཟེར། དེར་བརྟེན་ལུས་ཀྱི་མི་དགེ་བ་གསུམ་དང་ངག་གི་མི་དགེ་བ་བཞི་བོ་དེ་ངེས་པར་བཀག་ དགོས། དེ་ནི་ཚོད་འཛིན་དང་བཙན་ཤེད་ཀྱི་ཐོག་ནས་རང་གིས་རང་གཅུན་རྒྱུ་དེ་ཡིན། རང་གིས་རང་གཅུན་དགོས་ཟེར་བ་དེ་དེང་སང་སྤྱིར་ན་བཤད་སྲོལ་དེ་ཙམ་མེད་ནའང་ང་རང་ གིས་བལྟས་ན་རང་གིས་རང་གཅུན་རྒྱུ་དེ་གལ་ཆེན་པོ་ཡིན། རང་གིས་རང་མ་གཅུན་ན་མིས་ཚུར་གཅུན་དུས་ཕྱིས་དྲགས་པ་རེད་ལ་དེ་དུས་རང་ལ་རང་ དབང་མེད། དེར་བརྟེན་རང་ལ་རང་དབང་ཡོད་དུས་རང་གིས་རང་གཅུན་ཐུབ་ན་ཡག་ཤོས་རེད། དཔེར་ན་མཐོ་འགོ་ཁྲིད་ནས་དམའ་མང་ཚོགས་བར་ཚང་མས་རང་གིས་རང་གཅུན་ཚེ་རང་རྟོགས་ ངང་བྱ་སྤྱོད་བཟང་པོ་ལྡན་པའི་མི་ཞིག་ཆགས་ཐུབ་ཀྱི་རེད། དེར་བརྟེན་སངས་རྒྱས་ཤྰཀྱ་མུ་ནེས་ཐོག་མ་ཆོས་མ་གསུངས་གོང་ལུས་ངག་གཉིས་ཀྱི་བྱ་ སྤྱོད་ངན་པ་དེ་འགོག་བྱེད་ཀྱི་ཁྲིམས་དེ་བཟོས་གནང་བ་རེད། དགུང་ལོ་ང་དྲུག་པ་ཤིང་ཡོས་ལོ་ལ་མུ་སྟེགས་པའི་སྟོན་པ་དྲུག ༡རྫོགས་བྱེད། ༢གནག་ལྷས་ཀྱི་བུ། ༣ཡང་དག་རྒྱལ་བ་ཅན། ༤མི་ཕམ་སྐྲའི་ལ་བ་ཅན། ༥ཀ་ཏའི་བུ་ནོག་ཅན། ༦གཅེར་བུ་བ་གཉེན་གྱི་བུ་སོགས་ཀྱིས་ཡུལ་དེའི་རྒྱལ་པོ་ཆེན་པོ་རྣམས་ལ་ཞུས་ཏེ་ སངས་རྒྱས་དང་རྫུ་འཕྲུལ་འགྲན་དགོས་བསྐུལ་བ་ལྟར། ཡུལ་མ་གྷ་ངྷར་བྱོན་ནས་གཉན་ཡོད་གྲོང་ཁྱེར་ཆེན་པོར་མེ་འབྲུག་ལོའི་དགུན་ཟླ་ཐ་ ཆུང་སྐར་མ་ མཆུ་ཡི་ཉ་བའི་ཟླ་བ་བོད་ཟླ་དང་པོའི་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་མུ་སྟེགས་ སྟོན་པ་དྲུག་དང་རྫུ་འཕྲུལ་འགྲན་ནས་ཕམ་པར་མཛད་པ་དང་། མུ་སྟེགས་སྟོན་པ་དྲུག་གི་སློབ་མ་ཁྲི་ཚོ་མང་པོ་སངས་རྒྱས་ཆོས་ལུགས་ཀྱི་ནང་དུ་ ཞུགས་པ་དང་།སྟོན་པ་དྲུག་པོ་རང་སྲོག་རང་གིས་བཅད་པར་བརྟེན་དེ་སྔ་བོད་ཟླ་དང་ པོའི་ཚེས་གཅིག་ནས་ཚེས་བཅོ་ལྔ་བར་རྒྱ་གར་དུ་དུས་ཆེན་མཆོད་པ་ཆེན་པོ་བྱ་སྲོལ་ ཡོད་པ་ལྟར། རྗེ་ཐམས་ཅད་མཁྱེན་པས་བོད་རབ་བྱུང་བདུན་པའི་ས་གླང༡༤༠༩ལོར་ལྷ་ལྡན་གཙུག་ལག་ཁང་ དུ་སྨོན་ལམ་ཆེན་མོ་གསར་འཛུགས་གནང་བ་དང་། དེ་ནས་བཟུང་བོད་རབ་བྱུང་བརྒྱད་པའི་མེ་སྤྲུལ༡༤༩༧ལོ་བར་ལོ༨༨རིང་ལྷ་ས་སྨོན་ལམ་ ཆེན་མོར་ཕེབས་མཁན་སེ་འབྲས་དགེ་གསུམ་གཙོ་བོ་བྱས་པའི་ལྷ་སའི་ཉེ་འཁོར་གྱི་དགེ་ ལུགས་དགོན་པའི་གྲྭ་པ་ཁེར་གཙང་འཚོགས་པ་དང་། རབ་བྱུང་བརྒྱད་པའི་ལྕགས་ཕག༡༤༩༡ལོར་སྡེ་སྲིད་ཕག་མོ་གྲུ་པའི་སྲིད་དབང་བཟུང་ མཁན་ངག་དབང་བཀྲ་ཤིས་གྲགས་པ་ལོ་ན་ཕྲ་བའི་དབང་གིས་གནས་སྐབས་ལོ་ཤས་རིང་ཀརྨ་ཞྭ་ སྐུ་ཕྲེང་བཞི་པ་ཆོས་གྲགས་ཡེ་ཤེས་དང་རིན་སྤུངས་སྡེ་པ་མཚོ་སྐྱེས་རྡོ་རྗེ་ གཉིས་ཀྱིས་སྲིད་ཚབ་བྱས་པའི་གོ་སྐབས་དང་བསྟུན་ནས་རབ་བྱུང་བརྒྱད་པའི་ས་རྟ༡༤༩༨ ལོར་ལྷ་ས་སྨོན་ལམ་ལ་སེ་འབྲས་དགེ་གསུམ་ཡོང་མི་ཆོག་པར་ཀརྨ་བཀའ་བརྒྱུད་ཀྱི་ དགེ་འདུན་ཁེར་གཙང་གིས་ཚོགས་དགོས་པའི་གཏན་འབེབས་བྱས་པ་ནས་ལོ་ཉི་ཤུ་རིང་དེ་ ལྟར་གནས། དེ་རྗེས་ཕག་གྲུ་ངག་དབང་བཀྲ་ཤིས་གྲགས་པའི་དབང་ཆ་ཅུང་ཟད་ཆེ་རུ་ཕྱིན་ཏེ་རབ་ བྱུང་བརྒྱད་པའི་ས་སྟག༡༥༡༨ལོར་སླར་ཡང་ལྷ་ས་སྨོན་ལམ་ཆེན་མོ་སེ་འབྲས་དགེ་གསུམ་ གྱིས་འཚོགས་རྒྱུར་བསྐྱར་གསོ་བྱས་ཐོག ཏྰ་ལའི་བླ་མ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོས་སྨོན་ལམ་ཆེན་མོའི་ཚོགས་དབུ་ གནང་བ་དང་དུས་མཚུངས་སུ་སྨོན་ལམ་ཆེན་མོའི་འདོན་རྟ་དབྱངས་དང་སྒྲིག་ལམ་གསར་བ་ འགའ་ཞིག་གཏན་འབེབས་མཛད། དེ་རྗེས་རབ་བྱུང་བཅུ་པའི་ཆུ་གླང༡༦༡༤ལོ་ནས་བཟུང་པཎ་ཆེན་སྐུ་ཕྲེང་བཞི་བ་བློ་ བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ལོ་དྲུག་རིང་སྨོན་ལམ་ཆེན་མོའི་ཚོགས་དབུ་མཛད་རིང་ སེ་འབྲས་དགེ་གསུམ་གྱི་དགེ་བཤེས་མཁས་པ་རྣམས་སྨོན་ལམ་ཆེན་མོར་མཚན་ཉིད་རིག་པའི་ གཞུང་ཆེན་པོ་ལྔ། ཞོགས་པ་ཚད་མ་རྣམ་འགྲེལ། ཉིན་གུང་དབུ་མ་དང་ཕར་ཕྱིན།དགོང་མོ་འདུལ་བ་དང་མཛོད་རྣམས་ལ་བགྲོ་གླེང་བྱས་ཏེ་ སློབ་གཉེར་བཟང་རིམ་ལ་ཨང་གྲངས་དང་བྱ་དགའི་དངོས་པོ་སྤྲོད་པའི་ལམ་སྲོལ་བཙུགས་ པ་དེ་ནས་དགེ་བཤེས་ལྷ་རམས་པ་ཟེར་བའི་སྲོལ་བྱུང་། རབ་བྱུང་བཅུ་གཅིག་པའི་ཆུ་རྟ༡༦༤༢ལོ་ནས༧གོང་ས་རྒྱལ་དབང་ལྔ་པ་སྐུ་ཕྲེང་རིམ་ བྱོན་གྱིས་བོད་ཆེན་པོའི་ལུགས་གཉིས་ བདག་ཏུ་བཞེས་པ་དང་འཐུས་ཚང་དུ་བཏང་བ་མང་དུ་མཆིས། ཁྱད་པར་དུ་འབྲས་སྤུངས་དགོན་པར་གནོད་པ་ཚབས་ཆེན་བྱུང་བ་ནས་གུན་གསབ་ལྟ་བུར་ལྷ་ ས་སྨོན་ལམ་ཆེན་མོའི་རིང་གྲོང་ཁྱེར་ནང་གི་ཁྲིམས་འཛིན་དབང་ཆ་དང་ཆོས་ཀྱི་དབང་ ཆ་འབྲས་སྤུངས་དགོན་པའི་ཚོགས་ཆེན་ཞལ་ངོས་གཅིག་ལྕོགས་ བྱེད་རྒྱུ་སོགས་དམིགས་བསལ་དབང་ཆ་ཁག་ཅིག་གཏན་འབེབས་གནང་། སྨོན་ལམ་ཆེན་མོའི་མིང་གི་རྣམ་གྲངས་ནི་ཆོ་འཕྲུལ་སྨོན་ལམ་དང་། གཉན་ཡོད་ཆོ་འཕྲུལ་མཆོད་པ། དང་པོའི་སྨོན་ལམ། སྨོན་ལམ་ཆེན་མོ་སོགས་ཡིན། ཕྱིས་སུ་སྨོན་ལམ་དངོས་གཞི་ཚེས་གསུམ་ཉིན་ནས་ཚུགས་ཐོག་ཚེས་གཅིག་དང་གཉིས་ལ་ལོ་ གསར་གཏོང་གི་ཡོད། གཞན་ཡང་ཆོ་འཕྲུལ་ཟླ་བ་དེའི་ཚེས་གཅིག་ནས་བཅོ་ལྔ་བར་རྙིང་མ་དང་། ས་སྐྱ། བཀའ་བརྒྱུད་སོགས་ཀྱི་དགོན་པ་ཚང་མ་སྨོན་ལམ་ཚུགས་སྲོལ་ཡོད་པ་དང་། ལྷག་པར་དུ་མདོ་དབུས་ཁམས་གསུམ་གྱི་དགེ་ལུགས་པའི་དགོན་པ་ཆེ་ཆུང་ཚང་མ་ཆོ་ འཕྲུལ་སྨོན་ལམ་འཚོགས་སྲོལ་ཡོད་པ་དེང་སྐབས་ཀྱང་ཡར་ལྡན་དུ་གནས། རང་ཅག་གི་སྟོན་པ་དགུང་ལོ་ང་བརྒྱད་པར་རང་ཉིད་ཀྱི་ཡུམ་ལྷ་ཡུལ་དུ་སྐྱེས་པ་ལ་ དྲིན་ལན་གསབ་ཆེད་དུ་ཆོས་གསུང་བར་བྱོན་ནས་ཟླ་བ་གསུམ་བཞུགས། སྐབས་དེར་སྒྲ་སྒྲོགས་ཀྱི་རྒྱལ་བོ་ཨུ་ཊ་ཡ་ན་སངས་རྒྱས་ལྷག་པར་དྲན་པའི་དབང་ གིས་ལྷ་བཟོ་བ་ལ་ཙནྡན་གྱི་ཤིང་ལས་སངས་རྒྱས་ཀྱི་སྐུ་བཞེངས་སུ་བཅུག་པ་དེ་ནས་ རིམ་གྱིས་རྒྱ་ནག་གི་ཡུལ་དུ་བྱོན་པ་དེ་ལ་ཙནྡན་ཇོ་བོ་ཟེར། སྟོན་ཟླ་ཐ་ཆུང་ཐ་སྐར་ཟླ་བ་བོད་ཟླ་དགུ་བའི་ཚེས་ཉི་ཤུ་གཉིས་ལ་ལྷ་ཡུལ་ནས་གྲོང་ ཁྱེར་གསལ་ལྡན་གྱི་འགྲམ་དུ་བབས་པར་མཛད། དེ་ལ་དྲན་གསོ་ཞུ་ཆེད་བོད་དུ་ཟླ་བ་དགུ་བའི་ཚེས་ཉི་ཤུ་གཉིས་ལ་ལྷ་བབས་དུས་ཆེན་ ཞེས་འབོད་སྲོལ་མཆིས་པ་མ་ཟད།ད་ལྟའང་མ་ཡུམ་དུས་ཆེན་ལ་གཏན་འཁེལ་གནང་ཡོད་ཅིང་ ཉམས་སུ་བསྟར་བཞིན་གནས། དེ་ནས་དགུང་ལོ་བརྒྱད་ཅུ་པ་ས་ཡོས་ལོར་མ་སླེབས་ཀྱི་བར་དུ་ཐེག་པ་ཆེ་ཆུང་དང་ གསང་སྔགས་ཀྱི་ཆོས་མང་པོ་གསུངས་ཤིང་། བརྒྱད་ཅུ་པ་དེར་ཤེར་ཕྱིན་གྱི་མདོ་ཐོག་མར་གསུངས། དེའི་ཕྱི་ལོ་ལྕགས་འབྲུག་ནག་པ་ཟླ་བའི་བོད་ཟླ་གསུམ་པའི་ཚེས་བཅོ་ལྔ་ལ་རྒྱ་གར་ ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་དཔལ་དུས་ཀྱི་འཁོར་ལོའི་རྩ་ རྒྱུད་གསུངས། དེ་ནས་རིང་བོར་མ་ཐོགས་སངས་རྒྱས་སྐུ་མྱ་ངན་ལས་མ་འདས་གོང་གི་ཞག་བདུན་གྱི་གོང་ ལ་སངས་རྒྱས་ཀྱི་སློབ་མ་གཙོ་བོ་གཉིས་དང་སློབ་མའི་སློབ་མ་དང་བཅས་ཁྲི་བརྒྱད་ ལྷག་ཙམ་སངས་རྒྱས་སྐུ་གཤེགས་པར་ལྟ་བར་མི་བཟོད་པར་རང་རང་མྱ་ངན་ལས་འདས་ཏེ་དགེ་ སློང་ལྔ་བརྒྱ་ལས་ལྷག་མེད་སྟབས། སངས་རྒྱས་མྱ་ངན་ལས་འདས་ཁར་སྐུ་ངོ་མས་འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག ༡ཡན་ལག་འབྱུང་། ༢མ་ཕམ་པ།༣ནགས་ན་གནས། ༤དུས་ལྡན། ༥རྡོ་རྗེ་མོའི་བུ། ༦བཟང་བོ། ༧གསེར་བེའུ། ༨བྷ་ར་ངྷྭ་ཛྰ་གསེར་ཅན། ༩བ་ཀུ་ལ། ༡༠སྒྲ་གཅན་འཛིན། ༡༡ལམ་ཕྲན་བསྟན། ༡༢བྷ་ར་ངྷྭ་ཛ་བསོད་སྙོམས་ལེན། ༡༣ལམ་ཆེན་བསྟན། ༡༤ཀླུའི་སྡེ། ༡༥སྦེད་བྱེད། ༡༦མི་ཕྱེད་པ་བཅས་བོད་ལ་བཅུ་དྲུག་བརྩི་སྲོལ་ཡོད་པ་དང་།རྒྱ་ནག་ལ་བཅོ་བརྒྱད་ བརྩི་སྲོལ་ཡོད་པའི་རྒྱུ་མཚན་ནི་ཐང་རྒྱལ་རབས་ཀྱི་གོང་མ་ལི་ཧྲི་མིང་གི་དུས་ སུ་རྒྱ་གར་གྱི་གནས་བརྟན་བཅུ་དྲུག་སྐུ་ངོ་མ་སྐབས་དེའི་རྒྱལ་ས་ཁྲང་ཨན་དུ་གདན་ དྲངས་ཐོག་ཁོང་རྣམ་པར་སྣེ་ལེན་ཞུ་མཁན་སྦྱིན་བདག་ཧ་ཤང་ཞེས་དགྲ་བཅོམ་པ་ཞིག་དང་ དགེ་བསྙེན་ངྷ་རྨ་ཞེས་དབུ་ལ་རས་ལྕོག་ཡོད་མཁན་ཞིག་བཀོད་སྒྲིག་བྱས་ཡོད་པ་དེ་ གཉིས་བསྣན་དེ་བཅོ་བརྒྱད་བྱུང་བ་ཡིན། དེ་ཡང་གྲྭ་པའི་གཉེར་བ་དང་མ་བྱན་དགེ་ཚུལ་མ་གཏོགས་དགེ་སློང་གིས་བྱས་ཆོག་གི་ མེད་ལ། འཛམ་གླིང་འདིར་སངས་རྒྱས་ཀྱི་བསྟན་པ་སྐྱོང་དགོས་པའི་བཀའ་བསྒོས། དཔྱིད་ཟླ་ཐ་ཆུང་ས་ག་ཟླ་བ་བོད་ཟླ་བཞི་བའི་ཚེས་བཅོ་ལྔའི་ཉིན་རྒྱ་གར་བྱང་ ཕྱོགས་སེར་སྐྱའི་གྲོང་ཁྱེར་གྱི་ཤར་ཕྱོགས་གྱད་ཀྱི་ཡུལ་རྩ་མཆོག་གྲོང་། དེང་སང་གི་ཨ་ཟམ་ས་ཁུལ་དུ་ཕེབས་ཏེ་ཤིང་སྰ་ལ་སྤོས་དཀར་བཟོ་བྱེད་ཀྱི་ཤིང་སྟེ་ བོད་སྐད་དུ་ཐང་ཤིང་ངམ་སྤོས་དཀར་ཤིང་ཟུང་གི་བར་དུ་དབུ་སྔས་བྱང་། ཞབས་ལྷོ། སྐུ་རྒྱབ་ཤར། ཞལ་ལྷོ་ནུབ་ཏུ་བསྟན་ནས་སྐུ་མྱ་ངན་ལས་འདས། སངས་རྒྱས་མྱ་ངན་ལས་འདས་ནས་རིམ་བཞིན་སྟོན་པའི་གཏད་རབས་བདུན། ༡འོད་སྲུང་། ༢ཀུན་དགའ་བོ། ༣ཤ་ནའི་གོས་ཅན།༤ཉེར་སྦས། ༥ངྷི་ངྷི་ཀ ༦ནག་པོ་པ། ༧ལེགས་མཐོང་ཆེན་པོ་རྣམས་ཀྱིས་ལོ་མང་པོའི་བར་བསྟན་པ་བསྐྱངས། འོད་སྲུང་ཆེན་པོས་ལོ་གཅིག ཀུན་དཀའ་བོས་ལོ་བཞི་བཅུ། ཤ་ནའི་གོས་ཅན་གྱིས་ལོ་འགའ་ཤས། འཕགས་པ་ཉེར་སྦས་ཀྱིས་ལོ་ངོ་སུམ་ཅུ་ལྷག་ཙམ། འཕགས་པ་ངྷི་ངྷི་ཀས་ལོ་གྲངས་མང་ཙམ། འཕགས་པ་ནག་པོས་ལོ་ངོ་འགའ་ཤས། ལེགས་མཐོང་ཆེན་པོས་ལོ་ངོ་འགའ་ཤས་བཅས་ཁྱོན་བསྡོམས་གཏད་རབས་བདུན་གྱིས་ལོ་ངོ་ བརྒྱ་དང་བཅུའི་བར་དུ་བསྟན་པ་བསྐྱངས་ཤིང་། དེའི་ལོ་མང་རིང་དགྲ་བཅོམ་པ་གྲགས་པ་ལ་སོགས་པའི་དགྲ་བཅོམ་དང་པནྟི་ཏ་སྟོང་ཕྲག་ ལྷག་ཙམ་བྱུང་བ་རྣམས་ཀྱིས་བསྟན་པ་དར་རྒྱས་སུ་མཛད། དེ་ནས་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་སོགས་རྒྱན་དྲུག་མཆོག་གཉིས་དང་། དེ་དག་སོ་སོའི་སློབ་མ་ཡང་སློབ་བཅས་པས་མདོ་སྔགས་རིག་གནས་དང་བཅས་པ་ལྷག་པར་དར་ རྒྱས་སུ་མཛད། ཞིབ་པར་ནི་ཇོ་ནང་ཏྰ་ར་ནྰ་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་དང་། བུ་སྟོན་རིན་པོ་ཆེས་མཛད་པའི་ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད། སུམ་པ་མཁན་ཆེན་གྱིས་མཛད་པའི་ཆོས་འབྱུང་དཔག་བསམ་ལྗོན་བཟང་བཅས་སུ་གསལ། སངས་རྒྱས་འཁྲུངས་འདས་ཀྱི་བཞེད་ཚུལ་མང་དུ་མཆིས་ཤིང་ཞིབ་ཏུ་ཤེས་འདོད་པ་དག་ གིས་དུང་དཀར་རིན་པོ་ཆེས་མཛད་པའི་གྲུབ་མཐའི་རྣམ་བཤད་ཀྱི་ཤོག་གྲངས༡༠༡ནས༡༢༠བར་ གཟིགས་པར་བྱ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཇིག་རྟེན་དུ་ལོ་ལྔ་སྟོང་དུ་གནས་པ་དང་འགྲོ་ བ་སེམས་ཅན་མང་པོར་ཕན་ནུས་རླབས་ཆེན་ཐོན་ཡོད་པ་དང་མ་འོངས་པ་ནའང་ཡུན་དུ་གནས་པ་ ཡིན། སངས་རྒྱས་ཀྱི་གསུང་རབ་རྣམས་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དགུང་ལོ་སོ་ལྔ་ པ་སངས་རྒྱས་ནས་དགུང་ལོ་བརྒྱད་ཅུར་མ་ཕེབས་བར་ལོ་ཞེ་དྲུག་གི་རིང་ཆོས་གསུངས་ པའི་གསུང་རབ་རྣམས་བརྗོད་བྱའི་སྒོ་ནས་དབྱེ་བ་ཕྱེ་ན་སྡེ་སྣོད་གསུམ་སྟེ། ༡འདུལ་བའི་སྡེ་སྣོད། ༢མདོ་སྡེའི་སྡེ་སྣོད། ༣མངོན་པའི་སྡེ་སྣོད་བཅས་ཡིན། དེ་ཡང་བརྗོད་བྱའི་ནང་དོན་བསླབ་པ་གསུམ་པོ་དེ་རྗོད་བྱེད་སྡེ་སྣོད་གསུམ་གྱི་ སྒོ་ནས་བསྟན་པ་ལ་ཟེར་ཞིང་། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པ་འདུལ་བའི་སྡེ་སྣོད། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པ་མདོ་སྡེའི་སྡེ་ སྣོད། ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་མངོན་པའི་སྡེ་སྣོད་ཞེས་བཏགས་པ་ཡིན། བསླབ་པ་གསུམ་དང་སྡེ་སྣོད་གསུམ་བར་གྱི་འབྲེལ་བ་ནི། སངས་རྒྱས་ཀྱི་གསུང་རབ་རྣམས་བརྗོད་བྱའི་སྒོ་ནས་ཕྱེ་ན། སྡེ་སྣོད་གསུམ་དུ་འདུས་པའི་རྒྱུ་མཚན་གང་ཡིན་ཤེས་དགོས། དེ་ཡང་རང་ཅག་མིའི་རིགས་ཀྱིས་མཚོན་པའི་འགྲོ་བ་རིགས་དྲུག་རྣམས་རང་དབང་མེད་པར་ འཁོར་བའི་གནས་སུ་ཡང་ནས་ཡང་དུ་སྐྱེ་བ་ལེན་དགོས་པའི་རྒྱུ་ནི། སྡིག་པ་མི་དགེ་བ་བཅུའི་ལས་ངན་ལ་བརྟེན་ནས་བྱུང་བ་དང་། ལས་ངན་བཅུ་བོ་དེ་ཡང་རང་རང་གི་སེམས་རྒྱུད་ལ་ཡོད་པའི་ཉོན་མོངས་དུག་གསུམ་གྱིས་ བསྐུལ་བ་ལ་བརྟེན་ནས་བྱུང་། དུག་གསུམ་པོ་དེའི་ནང་གི་འདོད་ཆགས་དང་ཞེ་སྡང་གཉིས་པོ་དེ་ཡང་རང་གཅེས་འཇིན་ དང་། ངར་འཛིན་མ་རིག་པ་ལ་བརྟེན་ནས་བྱུང་བ་ཡིན་པས། འཁོར་བ་ནས་ཐར་མ་ཐུབ་པའི་རྩ་བ་མཐར་ཐུག་པ་ནི་ངར་འཛིན་མ་རིག་པ་ཡིན། དེ་སྤོང་བའི་ཐབས་སུ་སྟོང་བ་ཉིད་ཀྱི་ལྟ་བ་རྟོགས་དགོས་པས་དེའི་ཆེད་དུ་སངས་ རྒྱས་ཀྱིས་མངོན་པའི་སྡེ་སྣོད་གསུངས། སྟོང་བ་ཉིད་ཀྱི་ལྟ་བ་རྟོགས་པ་ལ་རང་སེམས་རང་གིས་དབང་དུ་འདུ་ཐུབ་པ་ཞིག་དགོས། རང་སེམས་རང་གིས་དབང་དུ་འདུས་པ་བྱེད་མཁན་ནི་འདོད་ཆགས་དང་ཁོང་ཁྲོ་སོགས་རྩ་ བའི་ཉོན་མོངས་དྲུག་སྤོང་བའི་བློ་འདོད་ཆགས་དང་། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ། ལོག་པར་ལྟ་བ་བཅས་ཡིན་པས་དེ་རྣམས་སྤོང་བའི་ཆེད་དུ་དམིགས་པ་གཅིག་ལ་མ་ ཡེངས་པར་གནས་པའི་ཏིང་ངེ་འཛིན་སྒོམ་དགོས། དེའི་ཆེད་དུ་མདོ་སྡེའི་སྡེ་སྣོད་གསུངས། རང་སེམས་དམིགས་པ་གཅིག་ལ་མ་ཡེངས་པར་གནས་པའི་ཏིང་ངེ་འཛིན་སྒོམ་པ་ལ་སྔོན་དུ་ རང་གི་ལུས་ཀྱི་མི་དགེ་བ་གསུམ་དང་ངག་གི་མི་དགེ་བ་བཞི་ལ་སོགས་པའི་ལུས་ངག་གི་ བྱ་སྤྱོད་ངན་པ་རྣམས་སྤོང་བའི་ཆེད་དུ་བཙན་ཤེད་རང་བཞིན་ལྡན་པའི་སྡོམ་ཁྲིམས་ ཤིག་དགོས། དེའི་ཆེད་དུ་སངས་རྒྱས་ཀྱིས་འདུལ་བའི་སྡེ་སྣོད་གསུངས་པ་ཡིན། སངས་རྒྱས་ཀྱིས་གསུངས་པའི་གསུང་རབ་རྣམས་ཆོས་གསུང་ཡུལ་གྱི་གདུལ་བྱའི་སྒོ་ནས་ ཕྱེ་ན། ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་སུ་ཕྱེ་ཞིང་། དེ་རེ་རེ་ལ་ཡང་གོང་དུ་བཤད་པ་བཞིན་སྡེ་སྣོད་གསུམ་དུ་ཕྱེ་ཆོག་པ་བུ་སྟོན་རིན་ པོ་ཆེས་མཛད་པའི་ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད་ལས་གསུངས་པ་ལྟར་ཡིན། སངས་རྒྱས་ཀྱི་གསུང་རབ་རྣམས་ཕྱོགས་བསྒྲིགས་བྱེད་སྐབས་བཀའ་བསྡུ་ཐེངས་གསུམ་ བྱས་མྱོང་བ་ཡིན། སངས་རྒྱས་འཚོ་བཞུགས་གནང་སྐབས་ཀྱང་གསུང་རབ་མང་དུ་ཡོད་ལ། སྐུ་མྱ་ངན་ལས་འདས་རྗེས་བུ་སློབ་རྣམས་ཀྱིས་ཁོང་གི་གསུང་རབ་བཀའ་བསྡུ་དང་པོ་ དང་གཉིས་པ་གསུམ་པ་རྣམས་རིམ་པར་བྱས་ཤིང་། བཀའ་བསྡུ་ཞེས་པ་ཕྱོགས་བསྒྲིགས་བྱས་པའི་དོན་ཡིན། བཀའ་བསྡུ་འདིའི་འབྱུང་རྐྱེན་ནི་སངས་རྒྱས་མྱ་ངན་འདས་ནས་རེ་ཞིག་བར་དགེ་སློང་ སོགས་སློབ་མ་རྣམས་ཏིང་ངེ་འཛིན་སྒོམ་པ་གཙོར་འདོན་མཛད་དེ་ཆོས་འཆད་ཉན་ལ་སྤྲོ་ བ་མེད་པར་གྱུར་བ་ལ་སྐྱེ་བོ་མང་པོས་འཕྱ་སྨོད་བྱས། བཀའ་བསྡུ་མཛད་པ་པོ་ནི།ཉན་ཐོས་འོད་སྲུང་ཆེན་པོས་མངོན་པའི་སྡེ་སྣོད་སྡུད་པ་ པོ་དང་། ཉེ་བར་འཁོར་གྱིས་འདུལ་བའི་སྡེ་སྣོད་སྡུད་པ་པོ། ཀུན་དགའ་བོས་མདོ་སྡེའི་སྡེ་སྣོད་སྡུད་པ་པོ་མཛད་པ་ཡིན། དེ་ཡང་འོད་སྲུང་ཆེན་པོ་མངོན་པའི་སྡེ་སྣོད་སྡུད་པ་པོར་བསྐོ་བཞག་བྱེད་དོན་ནི་ ཁོང་ནི་ཆོས་ཁྲིམས་དང་ལས་རྒྱུ་འབྲས་སྐོར་ཧ་ཅང་མཁས་པ་ཡིན་མ་ཟད། སངས་རྒྱས་ཀྱི་གསུང་རབ་ནང་མི་གཞན་གྱིས་ཤེས་རྟོགས་མ་ཐུབ་པའི་དོགས་གནད་གང་ཞིག་ ཡོད་ནའང་ལན་བསྐྱོན་ཐུབ་མཁན་ཞིག་ཡིན་ལ་གལ་ཏེ་ཐེ་ཚོམ་རིགས་བྱུང་ཚེ་སངས་རྒྱས་ ལ་བཀའ་འདྲི་ཧ་ཅང་མཁས་པོ་ཡོད། ཉེ་བར་འཁོར་འདུལ་བའི་སྡེ་སྣོད་སྡུད་པ་པོར་བསྐོ་བཞག་བྱེད་དོན་ནི་ཁོང་ནི་ཆོས་ ཁྲིམས་དང་དགེ་སློང་གི་ཁྲིམས་ཀྱི་སྐོར་ལ་ཧ་ཅང་མཁས་པ་ཡིན། ཁོང་གིས་ཆོས་ཁྲིམས་ཀྱི་སྐོར་ལ་དཔེར་ན་དགོན་པ་སོ་སོ་དང་གྲྭ་པ་སོ་སོར་གནས་ ཚུལ་བཟང་ངན་གང་ཞིག་ཐུག་ནའང་རང་གིས་རང་ཐག་བཅད་ནས་ཐག་གཅོད་གཏན་ནས་མ་བྱས་པར་ ཚང་མ་སངས་རྒྱས་ལ་བཀའ་འདྲི་ཞུས་ཐོག་སངས་རྒྱས་ཀྱིས་གསུངས་པ་དེ་དག་ཐུགས་ལ་ བརྟན་པོར་བཅངས་གནང་མཁན་ཞིག་ཡིན། ཀུན་དགའ་བོ་ནི་སངས་རྒྱས་ཀྱི་ཡབ་ཟས་གཙང་མར་རང་ཉིདབརྩིས་པའི་བུ་སྤུན་བཞི་ཡོད་ པ་དེའི་ནང་གི་ཆུང་ཤོས་དེའི་སྲས་ཡིན། ཀུན་དགའ་བོ་རབ་ཏུ་བྱུང་རྗེས་ཐེངས་ཤིག་དགྲ་བཅོམ་པ་ཚང་མ་འཚོགས་པའི་དབུས་སུ་ སངས་རྒྱས་གང་དུ་ཕེབས་ནའང་ལྷན་དུ་བཅར་མཁན་ཞིག་བསྐོ་བཞག་དགོས་རྒྱུའི་གྲོས་ སྡུར་བྱས་ནའང་དང་བླངས་བྱེད་ མཁན་གཏན་ནས་མ་བྱུང་བ་དང་། སྐབས་དེར་སངས་རྒྱས་ཀྱི་ཐུགས་ལ་ཀུན་དགའ་བོ་བབ་པ་དེ་སྐུ་དྲུང་གི་དགྲ་བཅོམ་པ་ ཁ་ཤས་ཀྱིས་ཤེས་ཏེ་སངས་རྒྱས་ལ་བཀའ་འདྲི་ཞུ་སྐབས་དེ་ཉིན་དགྲ་བཅོམ་པ་འཚོགས་སར་ ཀུན་དགའ་བོ་མེད་སྟབས་སངས་རྒྱས་ཀྱིས་ངའི་བློ་ལ་བབ་རུང་ཀུན་དགའ་བོས་ཁས་ལེན་ མིན་ངས་མི་ཤེས་གསུངས་པར་འཕྲལ་དུ་མི་མངགས་ནས་ཀུན་དགའ་བོ་སྐད་ཆ་འདྲི་སྐབས། ཀུན་དགའ་བོས་སངས་རྒྱས་ནི་འཁོར་ལོའི་བསྒྱུར་བའི་རྒྱལ་བོ་ལྟར་ཧ་ཅང་གཟི་བརྗིད་ ཆེན་པོ་ཡིན་པས་ཞབས་ཕྱི་ཞུ་ཁག་པོ་རེད་ཅེས་ཐེངས་གསུམ་ཙམ་ཁས་མ་བླངས་པ་དང་། མཐའ་མ་ཀུན་དགའ་བོས་སངས་རྒྱས་ཀྱི་དགོངས་པ་ལྟར་ངེས་པར་ཞབས་ཞུ་བྱེད་དགོས་ན་ཆ་ རྐྱེན་གསུམ་ཡོད་པས་དེ་ཞལ་བཞེས་གནང་དགོས། དེ་ནི། ༡སངས་རྒྱས་ཀྱིས་བཞེས་མ་ལོན་བའི་གསོལ་ཆས་དང་ན་བཟའ་ང་ལ་གནང་རྒྱུ་མེད་པ་དང་། ༢སངས་རྒྱས་ཀྱིས་ཆོས་ག་དུས་གསུང་ན་ང་ཡོད་དགོས་པ་ལས་ང་མེད་ན་ཆོས་གསུང་རྒྱུ་ མེད་པ། ༣སངས་རྒྱས་ཀྱི་སྐུ་མདུན་དུ་ག་དུས་བཅར་ནའང་དེ་ལ་སུས་ཀྱང་བཀག་འགོག་མི་ཆོག་པ་ བཅས་ཡིན་ཅེས་བཤད་པ་དེ་དག་ སངས་རྒྱས་ལ་སྙན་སེང་ཞུ་སྐབས་སངས་རྒྱས་ཀྱིས་ཀུན་དགའ་བོས་སྐད་ཆ་དེ་དག་ལ་བསམ་ བློ་གཏིང་ཟབ་པོ་བཏང་འདུག དཔེར་ན་ངས་མ་གྱོན་པའི་གོས་དང་མ་བཟས་པའི་ལྟོ་ཆས་ལྷག་མ་ཀུན་དགའ་བོ་ལ་སྟེར་ཚེ་ མི་ཚོས་ཀུན་དགའ་བོ་ལྟོ་གོས་ཀྱི་དོན་དུ་སངས་རྒྱས་ཀྱི་ཞབས་ཕྱིར་བསྡད་པ་རེད་ ཅེས་ཟེར་ཉེན་ཡོད་པ་དང་། ཀུན་དགའ་བོ་མེད་དུས་ཆོས་བཤད་ན་མི་འགྲིག་ཟེར་བ་དེ་ནི་ངས་བཤད་པའི་ཆོས་རྣམས་ ཚང་མ་སེམས་ལ་བརྟན་པོར་ངེས་པ་བྱས་ནས་ང་འཇིག་རྟེན་འདི་ནས་ཚེ་འཕོས་རྗེས་ངས་ བཤད་པའི་ཆོས་དེ་དག་ཆ་ཚང་གཞན་ལ་བཤད་རྒྱུ་ཡོང་ཆེད་ཡིན་ལ། དུས་ཚོད་ངེས་མེད་ཐོག་ངའི་མདུན་དུ་ཡོང་ཆོག་ཟེར་བ་དེའང་དགེ་སློང་དང་སྤྱིར་ བཏང་གི་སེར་མོ་བའི་ནང་གི་གནས་ཚུལ་དང་། དེ་མིན་གནས་ཚུལ་བཟང་ངན་ཅི་རིགས་དུས་ཐོག་ཏུ་ང་ལ་ཤོད་དགོས་སྙམ་པ་ཡིན་པས་ཆ་ རྐྱེན་དེ་དག་ཧ་ཅང་གནད་འགག་ཆེན་པོ་རེད་ཅེས་བསྔགས་བརྗོད་མཛད་དེ་ཞལ་བཞེས་གནང་ ཐོག དེ་ནས་བཟུང་སངས་རྒྱས་ཀྱིས་ཆོས་གང་དུ་གསུངས་ཀྱང་ཀུན་དགའ་བོ་ལྷན་དུ་ཕེབས་ཏེ་ ཆོས་གསན་ནས་ཐུགས་ལ་ངེས་སྟབས་བཀའ་སྡུད་པ་པོར་བསྐོ་བཞག་བྱེད་དོན་དེ་ལྟར་ཡིན། བཀའ་བསྡུ་དང་པོའི་སྐབས་ཀྱི་སྦྱིན་བདག་ནི་སྐབས་དེའི་མ་གྷ་ངྷའི་རྒྱལ་བོ་མ་ སྐྱེས་དགྲ་ཡིན་པ་དང་། དུས་དང་གནས་ནི་སངས་རྒྱས་མྱ་ངན་ལས་འདས་པའི་ཕྱི་ལོ་སྟེ་ཕུག་ལུགས་ལྟར་ན་ལྕགས་ སྦྲུལ་སྤྱི་ལོའི་གོང༨༨༡ལོའམ་གནས་བརྟན་པའི་ལུགས་ལྟར་ན་ས་རྟ་སྤྱི་ལོའི་གོང༥༤༥ ལོར་རྒྱལ་བོ་མ་སྐྱེས་དགྲས་སྲིད་དབང་བཟུང་བའི་ཁྲི་ལོ་དགུ་བ་ལ་བབས་པ་རྒྱལ་ པོའི་ཁབ་ཀྱི་ཤར་ལྷོའི་ཕྱོགས་སྡེ་ཅན་མའི་བྲག་ཕུག་ཏུ་བཀའ་བསྡུ་དང་པོ་མཛད། བཀའ་བསྡུ་གཉིས་པ་དེའི་འབྱུང་རྐྱེན་ནི་བཀའ་འགྱུར་འདུལ་བའི་སྐོར་ལུང་ཕྲན་ ཚེགས་བམ་པོ་ང་ བརྒྱད་པ་དང་ང་དགུ་པ་སྡེ་དགེ་བཀའ་འགྱུར་པོད་དང་པོའི་ནང་ཡོད། དེ་གཉིས་ལས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་དང་སློབ་དཔོན་ལེགས་ ལྡན་འབྱེད་ཀྱིས་མཛད་པའི་རྟོག་གེ་འབར་བ་དང་སློབ་དཔོན་དབྱིག་བཤེས་ཀྱིས་མཛད་ པའི་སྡེ་བ་ཐ་དད་དུ་འབྱེད་པ་ལས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་དྲུག་ ཅུ་འགོར་བ་ན་རྒྱ་གར་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་ཧུ་ལུ་ལུ་ཡི་རུང་བ་ དང་། ཨ་ལ་ལ་ཡི་རུང་བ་སོགས་རུང་བ་བཅུ་པོ་དེ་དག་བྱས་ན་སངས་རྒྱས་ཀྱིས་ཉེས་པ་ཡོད་པ་ གསུངས་པ་རྣམས་ཀྱང་ཉེས་མེད་དུ་འགྱུར་ཐུབ་ཟེར་ནས་རུང་བ་མ་ཡིན་པའི་གཞི་བཅུ་ ཟེར་བ་གསར་དུ་གཏོད་དེ་རྒྱུ་ནོར་དང་བཟའ་བཏུང་མང་པོ་གསོག་འཇོག་བྱས་ཏེ་ཆོས་ ཁྲིམས་བག་ཡངས་སུ་སྤྱོད་པའི་གནས་ཚུལ་བྱུང་བ་རེད། འདི་མཛད་པ་པོ་ནི་འདུལ་བ་ལུང་ཕྲན་ཚེགས་དང་བོད་ཀྱི་མཁས་པ་སྔ་ཕྱིས་མཛད་པའི་ལོ་ རྒྱུས་ཚང་མར་དགྲ་བཅོམ་པ་གྲགས་པས་མཛད་པ་མགྲིན་གཅིག་ཏུ་གསུངས་ཤིང་། ཁོང་སུ་ཡིན་སྐོར་མཁས་པ་ལྡེའུའི་ཆོས་འབྱུང་ནང་ཚེ་དང་ལྡན་པ་གྲགས་པ་ཞེས་བྱ་བ་ སྟེ་ཉེར་སྦས་སོ་ཞེས་གསལ་ཞིང་།ཀློང་ཆེན་ཆོས་འབྱུང་ནའང་དེ་ལྟར་གསལ། ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་ནང་ཚེ་དང་ལྡན་པ་གྲགས་པ་ཞེས་བྱ་བ་སྟེ་གང་པོའོ་ ཞེས་གསལ་བ་ལྟར་ན་གྲགས་པ་དང་གང་པོ་མི་གཅིག་ཡིན་པ་གསུངས་པ་བརྟག་དགོས། འདིའི་སྐབས་ཀྱི་སྦྱིན་བདག་ནི་ལུང་ཕྲན་ཚེགས་ནང་གསལ་བར་གསུངས་མེད་ཀྱང་བོད་ ཀྱི་མཁས་དབང་འདུལ་འཛིན་ཐམས་ཅད་ཀྱིས་བཀའ་བསྡུ་གཉིས་པའི་སྦྱིན་བདག་རྒྱལ་པོ་ ངྷརྨ་ཨ་ཤོ་ཀ་སྟེ་མྱ་ངན་མེད་ཡིན་པར་གསུངས་ཡོད་པ་དང་། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ་དཔར་མ་ཡོངས་གྲགས་རྣམས་སུ་མ་ འཁོད་པའི་དཔེ་རྙིང་། ཁ་བྱང་དུ་སྡོམ་གསུམ་རང་མཆན་འཁྲུལ་མེད་བཞུགས་སོ།། ཞེས་འཁོད་པ་དེའི་ནང་བསྡུ་བ་གཉིས་པ་མཛད་ཅེས་གྲགས་ཞེས་པའི་མཆན་བུའི་ཡིག་ཆུང་ དུ་ཡང་བྱ་གག་གི་ཀུན་དགའ་རྭ་བར་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཡོན་བདག་བྱས་ནས་ཞེས་ འཁོད་ཡོད། འོན་ཀྱང་ཉེ་རབས་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོ་ཞིག་གིས་གོང་གསལ་གསུང་རྒྱུན་ དེ་ལ་དོགས་གནད་མང་པོ་བཀོད་གནང་ཐོག་མཇུག་བསྡོམས་སུ་རྒྱ་གར་དུ་རྒྱལ་པོ་མྱ་ངན་ མེད་སྔ་རྗེས་གཉིས་བྱུང་བའི་སྔ་མ་དེ་ལ་ཀྰ་ལ་ཨ་ཤོ་ཀ་སྟེ་མྱ་ངན་མེད་ནག་པོའམ་ དུས་ཀྱི་མྱ་ངན་མེད་ཅེས་འབོད་པ་དེ་དགྲ་བཅོམ་པ་གྲགས་པས་བཏུལ་ནས་བཀའ་བསྡུ་ གཉིས་པའི་སྦྱིན་བདག་མཛད་མཁན་དེ་ཡིན་ཅིང་། མྱ་ངན་མེད་ཕྱི་མ་ནི་དེའི་རྗེས་ཀྱི་རྒྱལ་རབས་ལྔ་པ་བིནྔྷུ་ས་ར་སྟེ་སྙིང་པོ་ ཐིག་ལེའི་བུ་ངྷརྨ་ཨ་ཤོ་ཀའམ་ཡོངས་གྲགས་སུ་ཆོས་རྒྱལ་མྱ་ངན་མེད་དུ་འབོད་པ་དེ་ བྱུང་བ་སོགས་གསལ་བཤད་ཞིབ་ཕྲ་གནང་འདུག གནས་ནི་རྒྱ་གར་ཡངས་པ་ཅན་གྱི་ཀུསྨ་སུ་རིའི་གཙུག་ལག་ཁང་ཡིན།བཀའ་བསྡུ་གསུམ་པ་ འདིའི་སྐོར་འདུལ་བ་ལུང་གི་ནང་དུ་གསལ་བར་གསུངས་མེད་པ་དང་། བྱུང་ཚུལ་ལ་ཡང་རྒྱ་གར་དུ་གསུང་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་ཡོད་པའི་སྐོར་བུ་ སྟོན་ཆོས་འབྱུང་ནང་གསལ་ཞིང་། འདིར་ཇོ་ནང་ཏྰ་ར་ན་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་དང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་རྟོག་གེ་འབར་བ་ལེའུ་བཞི་བ་ཉན་ཐོས་ ཀྱི་དེ་ཁོ་ན་ཉིད་གཏན་ལ་ཕབ་པའི་ལེའུ། སློབ་དཔོན་དབྱིག་བཤེས་ཀྱིས་མཛད་པའི་གཞུང་ལུགས་བྱེ་བྲག་བཀོད་པའི་འཁོར་ལོ། སློབ་དཔོན་དུལ་བ་ལྷས་མཛད་པའི་སྡེ་བ་ཐ་དད་པར་བསྟན་པ་བསྡུས་པ་རྣམས་སུ་གསལ། འབྱུང་རྐྱེན་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཅུ་ལོན་པ་ན་རྒྱལ་པོ་མྱ་ངན་མེད་ སྔོན་མ་ཀ་ལ་ཨ་ཤོ་ཀ་སྟེ་མྱ་ངན་མེད་ནག་པོའམ་དུས་ཀྱི་མྱ་ངན་མེད་བྱུང་ཞིང་། དེ་ནས་ལོ་དྲུག་སོང་སྐབས་སུ་ཡུལ་མ་ཊའི་ཚོང་དཔོན་གྱི་བུ་དགེ་སློང་ལྷ་ཆེན་ པོའི་སེམས་བདུད་ཀྱིས་བརླམས་ཏེ་ཕ་མ་དང་དགྲ་བཅོམ་པ་བསད་པར་ཉེས་པ་མེད་པ་དང་། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་མེད་ཚུལ་སོགས་ཀྱིས་སངས་རྒྱས་ཀྱི་ཆོས་ལུགས་ དང་མི་མཐུན་པའི་ལྟ་བ་གསར་པ་མང་པོ་དར་སྤེལ་བྱས། དེ་ཤི་རྗེས་དགེ་སློང་བཟང་པོས་ཀྱང་དེ་དང་མཐུན་པའི་ལྟ་བའི་རྒྱུན་བསྐྱངས་ཤིང་ དགེ་འདུན་རྒན་གཞོན་ཕྱོགས་གཉིས་སུ་གྱེས་སུ་བཅུག རྒྱལ་པོ་དཔའ་བོའི་སྡེའི་བུ་དགའ་བོ་ཞེས་བྱ་བས་ལོ་ཉེར་དགུའི་རིང་སྲིད་དབང་ བཟུང་སྐབས་དགེ་སློང་ཀླུའི་སྡེ་ཞེས་བྱ་བ་བྱུང་ནས་དེས་ཀྱང་དགེ་སློང་བཟང་པོའི་ ལྟ་བ་གསར་པ་དེ་དར་སྤེལ་བྱས་པར་བརྟེན་དགེ་སློང་རྣམས་རྩོད་པ་བྱུང་ནས་ཐོག་མར་ སྡེ་པ་བཞིར་གྱེས། ༡གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། ༢ཕལ་ཆེར་པའི་སྡེ་པ། ༣གནས་བརྟན་པའི་སྡེ་པ།༤མང་པོས་བཀུར་བའི་སྡེ་པ་བཅས་བཞི་པོ་དེ་དག་ཀྱང་ནང་གསེས་ ཉན་ཐོས་སྡེ་པ་བཅོ་བརྒྱད་དུ་གྱེས་ཏེ་རྒྱལ་པོ་མྱ་ངན་མེད་གྱི་རིང་དང་། དཔའ་བོའི་སྡེའི་ཚེ་སྨད། རྒྱལ་པོ་དགའ་བོ་དང་པདྨ་ཆེན་པོའི་མི་ཚེ་ཧྲིལ་བོ། རྒྱལ་པོ་ཀ་ནི་ཀའི་ཚེ་སྟོད་བཅས་ལོ་དྲུག་ཅུ་རེ་གསུམ་གྱི་བར་རྩོད་པ་དྲག་པོ་ བྱུང་ཞིང་། སྔ་རྗེས་སུ་རྩོད་གླེང་ཆེ་ཆུང་སྣ་ཚོགས་བྱུང་བ་བསྡོམས་ན་ལོ་བརྒྱ་མ་ཟིན་ཙམ་ བྱུང་བ་དེ་ཡིན། འདི་མཛད་པ་པོ་ནི་དགྲ་བཅོམ་པ་པུརྣི་ཀ་ལ་སོགས་པ་དང་འབྲས་བུ་མ་ཐོབ་པ་བསྡོམས་ པའི་ལྔ་བརྒྱ་དང་། བ་སུ་བནྔྷི་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ། པཎྡི་ཏ་དང་སྡེ་སྣོད་འཛིན་པ་མང་པོ་བཅས་དགེ་འདུན་པ་ཆིག་ཁྲི་བདུན་སྟོང་འཛོམས་ པ་དང་སྦྱིན་བདག་ཁ་ཆེའི་ཡུལ་གྱི་རྒྱལ་པོ་ཀརྣི་ཀ་ཡིན། བཀའ་བསྡུ་མཛད་ཐབས་ནི་རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས་ལུང་བསྟན་པའི་མདོ་ཁུངས་སུ་ མཛད་དེ་སྡེ་པ་བཅོ་བརྒྱད་ཀྱི་བཞེད་པ་མི་འདྲ་བ་ཡོད་པ་རྣམས་བཅོམ་ལྡན་འདས་ཀྱི་ རྗེས་འཇུག་ནང་པའི་བསྟན་པ་གཅིག་གི་ཁོངས་སུ་མཚུངས་པ་དང་། ཐམས་ཅད་ལ་རྣམ་པར་གྲོལ་བའི་ལམ་ཡོད་པར་ཁྱད་མེད་ཡིན་ཚུལ་དགེ་འདུན་ཐམས་ཅད་ལ་ མགྲིན་གཅིག་ཏུ་ཞལ་བཞེས་དགོངས་པ་གཅིག་མཐུན་མཛད་པ་ཡིན། སངས་རྒྱས་ཆོས་ལུགས་ཀྱི་ནུས་པ་དང་ཁྱད་ཆོས་ཅུང་གླེང་ན། སངས་རྒྱས་ཆོས་ལུགས་ཀྱིས་དུས་སྐབས་ངེས་ཅན་ཞིག་གི་ནང་སྤྱི་ཚོགས་ཀྱི་གཅིག་ གྱུར་དང་། མི་རིགས་ཀྱི་མཐུན་སྒྲིལ་གོང་འཕེལ་དུ་གཏོང་བ། ཕྱི་དགྲའི་བཙན་འཛུལ་འགོག་པ། འཛམ་གླིང་འཆམ་མཐུན་ཞི་བདེ་ངང་མཐུན་བསྒྱུར་བྱེད་པ་སོགས་ལ་ནུས་པ་བླ་ལྷག་ཏུ་ ཐོན་ཡོད། ནང་པའི་ཆོས་གཞུང་ནས་གསུངས་པའི་དགེ་བ་བཅུ་ཞེས་པ་ནི།སངས་རྒྱས་ཀྱིས་གསར་གཏོད་ གནང་བ་ཞིག་མ་ཡིན་པར།སྐབས་དེའི་སྤྱི་ཚོགས་ཐོག་གནས་པའི་ཡ་རབས་ཀྱི་སྤྱོད་བཟང་ རྣམས་ལ་ལས་རྒྱུ་འབྲས་ཟེར་བའི་རིགས་པའི་གཞུང་ལུགས་དེ་སྦྱར་ནས་གོང་འཕེལ་བཏང་ བ་ཞིག་ཡིན་པ་སྟེ། དཔེར་ན། སྲོག་མི་གཅོད་པ། མ་བྱིན་པར་མི་ལེན་པ། ལོགགཡེམ་མི་བྱེད་པ། རྫུན་མི་ཤོད་པ། ཕྲ་མ་མི་བྱེད་པ། ཚིག་རྩུབ་མི་སྨྲ་བ། ངག་ཀྱལ་མི་སྨྲ་བ། གཞན་གྱི་ནོར་ལ་ཆགས་སྲེད་མི་བྱེད་པ། གཞན་ལ་གནོད་སེམས་མི་བྱེད་པ།ལོག་ལྟ་མི་བྱེད་པ་བཅས་བཅུའི་ནང་ནས་ལོག་ལྟ་མི་ བྱེད་པ་ཟེར་བ་དེ་སངས་རྒྱས་ཀྱི་ཆོས་ལ་ལོག་ལྟ་མི་བྱེད་ཟེར་བ་ཡིན་པས་དེ་ཕུད་ འཕྲོས་དགུ་པོ་ཚང་མ་ཀུན་གྱིས་བསྔགས་བརྗོད་བྱ་ཡུལ་ཡིན་པ་དེས་སྤྱི་ཚོགས་འཆམ་ མཐུན་དང་ཐོན་སྐྱེད་གོང་འཕེལ་ཡོང་བར་ནུས་པ་ཆེན་པོ་ཐོན་ཡོད་པ་དང། དེ་བཞིན་དུ་ཞིང་གི་སྒོ་ནས་ཀྱང་སྟོབས་ཆེ་བ་ལྔ་ཞེས་རང་ཉིད་ཀྱི་ཕ་མ་དང་། དགེ་རྒན།སྲོག་ལ་ཐུག་པའི་ནད་པ་ཉམ་ཐག་པ། སྐྱེ་བ་མཐའ་མའི་བྱང་ཆུབ་སེམས་དཔའ་སྟེ་སྐྱེ་བ་གཅིག་གི་རྗེས་ལ་སངས་རྒྱས་ཐུབ་ མཁན་གྱི་བྱང་ཆུབ་སེམས་དཔའ་བཅས་ལ་ཕན་གནོདགང་འདྲ་ཞིག་བྱས་ཀྱང་རང་ཉིད་མ་ཤི་ གོང་ཚེ་འདིར་རང་ལ་འབྲས་བུ་མྱོང་ངེས་པ་ཡིན་པས་མཐོང་ཆོས་མྱོང་གྱུར་གྱི་ལས་ ཡིན་ཞེས་བསྟན་པ་དེས། སྤྱི་ཚོགས་ཐོག་རང་ཉིད་ཀྱི་ཕ་མ་དང་། དགེ་རྒན། སྲོག་ལ་ཐུག་པའི་ནད་པ་ཉམ་ཐག་བཅས་ལ་བརྩི་བཀུར་དང་རོགས་རམ་བྱེད་པའི་བྱ་སྤྱོད་ བཟང་པོ་སྔར་ཡོད་པ་དེ་ལ་ལས་རྒྱུ་འབྲས་ཀྱི་གཏན་ཚིགས་རིག་པའི་ཐོག་ནས་གསལ་བཤད་ གནང་བ་ཞིག་ཡིན་སྟབས། དེས་སྤྱི་ཚོགས་སྟེང་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཏེ། སངས་རྒྱས་ཆོས་ལུགས་ལ་མང་ཚོགས་ཀྱིས་བརྩི་བཀུར་ཆེན་པོ་ཐོབ་ནས་མང་ཚོགས་ཀྱི་ རྨང་གཞི་བརྟན་པོ་བྱུང་བ་རེད།གོང་གསལ་གྱི་དཔེ་དེ་གཉིས་གཅིག་པུར་ཆ་བཞག་ནའང་ རང་རེའི་ད་ལྟའི་སྤྱི་ཚོགས་ཐོག་དགོས་ངེས་ཅན་ཡིན་པར་བརྟེན་སྤྱི་ཚོགས་ལ་ངེས་ པར་མཁོ་བ་དང་མི་ཚང་མས་བསྟོད་བསྔགས་བྱེད་པའི་སྤྱོད་པ་བཟང་པོ་དེ་དག་དར་ཁྱབ་ བཏང་སྟབས་སངས་རྒྱས་ཆོས་ལུགས་ལ་རང་ཤུགས་སུ་ཚང་མས་བརྩི་བཀུར་བྱེད་དགོས་པ་ཞིག་ ཆགས་པ་མ་ཟད། ལོ་ངོ་སྟོང་ཕྲག་འགའ་ཤས་ཕྱིན་ནའང་འཛམ་གླིང་ཡུལ་གྲུ་སོ་སོར་དར་རྒྱས་སུ་འགྲོ་ བ་མིག་མཐོང་ལག་ཟིན་དུ་གྲུབ་པ་བསྙོན་མེད་དུ་སྣང་། དེ་ཡང་འཇིག་རྟེན་ཐོག་གི་བྱ་སྤྱོད་ངན་པ་ཚང་མའི་རྩ་བ་ནི་སྒེར་སེམས་ལ་ཐུག་ཡོད་ པ་དང་། མིའི་རིགས་ཀྱི་སྤྱི་ཚོགས་ཉམས་རྒུད་དུ་འགྲོ་བའི་རྒྱུ་རྐྱེན་ཡང་སྒེར་སེམས་ཁོ་ ན་ཐུག་ཡོད་ཅིང་། གལ་ཏེ་མི་རྣམས་ཚང་མ་སྒེར་སེམས་མེད་པ་ཞིག་ཏུ་འགྱུར་ཚེ་སྤྱི་ཚོགས་ཐོག་ཕན་ཚུན་ གསོད་རེས་བྱེད་པ་དང་། རྐུན་མ་བརྐུ་བ། འཕྲོག་བཅོམ་བྱེད་པ། ལོག་གཡེམ་བྱེད་པ་སོགས་ཀྱི་བྱ་ངན་སྤྱོད་ངན་རིགས་ཡོང་མི་སྲིད་པར་བརྟེན་ཁྲིམས་ ཁང་དང་། བཙོན་ཁང་། དམག་དཔུང་།དཔོན་པོ།རྒྱལ་པོ་སོགས་མི་དགོས་པའི་རང་དབང་བདེ་སྐྱིད་ཕུན་སུམ་ ཚོགས་པའི་འཚོ་བ་ལོངས་སུ་སྤྱོད་ཐུབ་ཅེས་བཤད་པ་དེ་ནི་སྤྱི་ཚོགས་ཀྱི་འཕེལ་ རྒྱས་དང་། སྒེར་སེམས་གཉིས་བར་གྱི་འབྲེལ་བ་དམ་པོ་ཡོད་པའི་རིགས་པའི་གཞུང་ལུགས་ཀྱི་རང་ བཞིན་དང་གོ་བསྐོན་བློ་འགུགས་ཀྱི་ནུས་པ་ཆེན་པོ་ཡིན། གཞན་ཡང་སངས་རྒྱས་ཆོས་ལུགས་དེར་མང་ཚོགས་ཀྱི་རྨང་གཞི་རྒྱ་ཆེན་པོ་ཡོད་པར་ བརྟེན་ནས་མི་རིགས་ཁག་གི་མི་མང་པོ་ཞིག་གིས་ཐུན་མོང་གི་དད་པ་བྱེད་ཡུལ་དུ་ གྱུར་བ་མ་ཟད། མི་རིགས་ཁག་སོ་སོའི་ཐུན་མོང་གི་ཁྱད་ཆོས་དང་དམིགས་བསལ་གྱི་ཁྱད་ཆོས་ཡོད་པའི་ ཆོས་ལུགས་ཀྱི་བྱེད་སྒོ་མི་འདྲ་བ་སྣ་ཚོགས་ཡོད་པ། དཔེར་ན། རྒྱ་གར་དང་།བལ་པོ། སིངྒ་ལ། འབར་མ། ཅྰན་ཧྥུ་ཀྲེ། ཐྰའེ་གོ མྰ་ལེ་ཞིས་ཡྰ། རྒྱ་ནག ཉི་ཧོང་། ཁྲའོ་ཤན།ཕྱི་སོག་སོགས་ཀྱི་ནང་པ་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་མཁན་ཧ་ཅང་མང་ པོ་ཡོད་པ་མ་ཟད། དེ་ཚོ་ཚང་མ་དམིགས་བསལ་གྱི་ཁྱད་ཆོས་མི་འདྲ་བ་ཡོད་པ་སྟེ། འགའ་ཞིག་གིས་ཐེག་པ་ཆུང་ངུའི་ཆོས་མ་གཏོགས་ཐེག་པ་ཆེན་པོའི་ཆོས་ཁས་མི་ལེན་པ་ དང་། འགའ་ཞིག་གིས་ཐེག་པ་ཆེན་པོའི་ཆོས་ཀྱི་ནང་ནས་མདོ་ཕྱོགས་རྣམས་ཁས་ལེན་ཀྱང་གསང་ སྔགས་ཀྱི་ཆོས་ཁས་མི་ལེན་པ་ལྟ་བུ་ཕྲན་ཚེགས་རེ་མི་འདྲ་བ་ཡོད་པ་དང་། ཆོས་ལུགས་ཀྱི་བྱེད་སྒོ་ཐད་ཤ་ཟ་མི་ཟ་དང་།ཕྱག་འཚལ་སྟངས། མཆོད་འབུལ་བྱེད་སྟངས་སོགས་མི་འདྲ་བ། དེ་བཞིན་ལྷ་ཁང་དང་། ལྷ་སྐུ། གྱོན་ཆས། སྒྲིག་འཛུགས་སྒྲིག་ཁྲིམས་སོགས་མི་འདྲ་བ་ཡོད་པ་ལྟ་བུ་རེད། འོན་ཀྱང་ཚང་མས་སངས་རྒྱས་ཆོས་ལུགས་ཀྱི་རྩ་བའི་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་ བཞི་དང་། བདེན་པ་བཞིའི་རྣམ་བཞག་ཁས་ལེན་པ་ནི་ཡོངས་སུ་གཅིག་གྱུར་ཡིན་པ་དང་། མི་རིགས་མི་འདྲ་ཡང་ཐུན་མོང་གི་དད་པ་བྱེད་ཡུལ་དང་།མཐར་ཐུག་གི་དམིགས་ཡུལ་ གཅིག་གྱུར་ཡིན་པར་བརྟེན། སྤྱི་ཚོགས་ཧྲིལ་བོར་མཐུན་སྒྲིལ་དང་བདེ་འཇགས་ཡོང་རྒྱུར་ནུས་པ་གལ་ཆེན་འདོན་ ཐུབ་ཀྱི་ཡོད་པ་རེད། དེ་དག་ལ་བརྟེན་ནས་སངས་རྒྱས་ཆོས་ལུགས་དེ་དུས་ཡུན་ཐུང་ཐུང་ནང་མེད་པར་འགྲོ་ རྒྱུ་ལྟ་ཞོག ད་དུང་ལོ་བརྒྱ་ཕྲག་ཁ་ཤས་བར་གནས་ཐུབ་པའི་རྒྱུན་རིང་གི་རང་བཞིན་ལྡན་ཡོད། མི་རྣམས་ཀྱི་ཤེས་རིག་ཆུ་ཚད་དང་ཚན་རིག་དར་རྒྱས་ཆེ་བྱུང་གི་ཁྱད་པར་ལ་བརྟེན་ ནས་འཛམ་གླིང་གི་ས་གནས་འགའ་ཞིག་ཏུ་ནུབ་པ་དང་། འགའ་ཞིག་ཏུ་མུ་མཐུད་ནས་གནས་པ་དང་དར་རྒྱས་བྱུང་བ་སོགས་གནས་ཚུལ་མི་འདྲ་བ་སྣ་ ཚོགས་ཤིག་སྣང་བས་རང་ཅག་རྣམས་ཀྱིས་ཡི་རངས་བྱེད་ངེས་པ་ཞིག་ཏུ་འཁུམས་སོ།། རྒྱ་གར་དུ་སངས་རྒྱས་ཆོས་ལུགས་ལ་དད་པ་ཡོད་པའི་མིའི་གོ་རྟོགས་མཐོ་དམན་གྱི་ དབང་གིས་གྲུབ་མཐའ་མི་མི་འདྲ་བ་བཞི་བྱུང་བ། ༡བྱེ་བྲག་སྨྲ་བ། ༢མདོ་སྡེ་པ། ༣སེམས་ཙམ་པ། ༤དབུ་མ་པ་བཅས་ཡིན། དེའི་ནང་ནས་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ནི་ཐེག་པ་ཆུང་ངུའི་གྲུབ་མཐའ་ སྨྲ་བ་ཡིན་ཅིང་། སེམས་ཙམ་པ་དང་དབུ་མ་གཉིས་ནི་ཐེག་པ་ཆེན་པོའི་གྲུབ་མཐའ་སྨྲ་བ་ཡིན། གྲུབ་མཐའ་ཆེན་པོ་བཞི་དེ་ཡང་འོག་མ་འོག་མའི་ལྟ་བ་དེ་གོང་མ་གོང་མའི་ལྟ་བ་ཤེས་ རྟོགས་བྱེད་རྒྱུར་ཕན་ཐོགས་ཡོད་པ་ནི་སྐས་ལ་འཛེགས་པའི་ཐེམ་སྐས་ཀྱི་བང་རིམ་དང་ འདྲ་བ་ཞིག་ཡིན། དེ་ཡང་སངས་རྒྱས་ཤྰཀྱ་མུ་ནེས་ཆོས་གསུངས་སྐབས་ཆོས་ཉན་པ་པོ་རྣམས་ལ་ཐོག་མར་ཐེག་ པ་ཆུང་ངུའི་ཆོས་བསྟན་པས། ཐེག་པ་ཆུང་ངུའི་གྲུབ་མཐའ་སྨྲ་བ་གཉིས་བྱུང་ཞིང་། དེ་ནས་གོ་རྟོགས་མཐོ་བ་ཉུང་ཤས་ལ་ཐེག་པ་ཆེན་པོའི་ཆོས་རིམ་པ་གསུམ་ཙམ་བསྟན་པས་ ཐེག་པ་ཆེན་པོའི་གྲུབ་མཐའ་སྨྲ་བ་རྣམས་བྱུང་ཡིན། རྒྱ་གར་དུ་སངས་རྒྱས་ཆོས་ལུགས་ལ་གྲུབ་མཐའ་ཆེན་པོ་བཞི་ཡོང་དོན་ནི་སངས་རྒྱས་ ཀྱིས་ཐོག་མ་ཆོས་གསུངས་སྐབས་མིའི་བསམ་བློའི་གནས་ཚད་ལ་བསྟུན་ནས་རིམ་པ་མི་འདྲ་ བ་བཞི་གསུངས་པ་ལས་ཕན་ཚུན་རྒྱབ་འགལ་དང་རྩོད་པ་ཡོད་པ་ཞིག་གཏན་ནས་མིན། བོད་དུ་སངས་རྒྱས་ཆོས་ལུགས་ལ་གྲུབ་མཐའ་མང་པོ་ཡོད་པ་དེ་ནི་དབུ་མའི་ལྟ་བ་དང་ སྟོང་བ་ཉིད་ཀྱི་ལྟ་བའི་ཐད་ལྟ་ཚུལ་མི་འདྲ་བ་ཡོད་པ་ཙམ་ལས་ཁྱོན་ཡོངས་ཀྱི་ལྟ་བ་ གཅིག་མཚུངས་ཡིན་པས་དེའི་ཐད་དེང་སང་གི་བསམ་བློའི་ལྟ་བ་མི་འདྲ་བ་ཟེར་བ་དེར་ གོ་བ་བླངས་ན་མི་འགྲིག སངས་རྒྱས་ཞལ་བཞུགས་སྐབས་མང་ཆེ་བ་ཐེག་པ་ཆུང་ངུའི་ཆོས་གསུངས་པ་ལས་ཐེག་པ་ཆེན་ པོའི་ཆོས་དང་གསང་སྔགས་ཀྱི་ཆོས་དེ་མི་ཉུང་ཤས་ལ་མ་གཏོགས་གསུངས་མེད་ཅིང་། རྒྱུ་མཚན་ནི་སྐབས་དེར་ཐེག་ཆེན་དང་གསང་སྔགས་ཀྱི་ཆོས་ཀྱི་གནས་ཚད་ལ་སླེབས་མཁན་ ཧ་ཅང་ཉུང་ཉུང་ཡིན།དེར་བརྟེན་རྒྱ་གར་དུ་སངས་རྒྱས་མྱ་ངན་ལས་འདས་པ་ནས་སྤྱི་ ལོའི་དུས་རབས་དང་པོའི་མཇུག་བར་མི་ཚོས་བྱེད་ཡས་མང་ཆེ་བ་ཐེག་པ་ཆུང་ངུའི་ཆོས་ ཡིན། ཐེག་ཆུང་གི་གྲུབ་མཐའ་སྨྲ་བའི་ནང་གི་བྱེ་བྲག་སྨྲ་བར་ནང་གསེས་བཅོ་བརྒྱད་ཡོད་ པ་དེའི་རྩ་བའི་སྡེ་བཞི་སྟེ། མང་བཀུར་སྡེ་པ་དང་། ཕལ་ཆེན་པའི་སྡེ་པ། ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། གནས་བརྟན་པའི་སྡེ་པ་བཅས་ཀྱི་ནང་ནས་མང་བཀུར་སྡེ་པས་ཐེག་པ་ཆེན་པོའི་ཆོས་ཁས་ ལེན་གྱི་མེད་པ་ལས་དེ་བྱིངས་ཚང་མས་ཐེག་ཆེན་ཁས་ལེན་གྱི་ཡོད། འོན་ཀྱང་ཁོ་ཚོར་ཐེག་ཆེན་གྱི་ཆོས་དེ་བྱེད་ཐུབ་པའི་གནས་ཚད་མེད།མང་བཀུར་སྡེ་ པས་ཐེག་ཆེན་ཁས་མི་ལེན་པའི་རྒྱུ་མཚན་ནི་ཐེག་ཆེན་དེ་སངས་རྒྱས་ཀྱིས་གསུངས་པའི་ ཆོས་མིན་ཟེར། གཞན་ཡང་ཐེག་ཆུང་གི་ཆོས་བྱེད་མཁན་ཚོས་གསང་སྔགས་ཀྱི་ཆོས་དེ་སངས་རྒྱས་ཀྱིས་ གསུངས་པའི་ཆོས་མིན་པར་ངོས་འཛིན་བྱས་ནས་ཁས་ལེན་བྱེད་ཀྱི་མེད། བོད་དུ་གསང་སྔགས་ཀྱི་ཆོས་དེ་དར་ཁྱབ་ཆེན་པོ་ཡོད་སྟབས་སྤྱིར་ན་གསང་བ་མེད་པ་ ལྟ་བུ་ཡིན།རྒྱ་གར་དུ་གསང་སྔགས་ཀྱི་ཆོས་བྱེད་མཁན་ཡིན་མིན་དེ་ཤི་ཚར་ནས་མ་ གཏོགས་ཤེས་ཐབས་མེད་པ་དེ་ལྟ་བུའི་གསང་བ་ཆེན་པོ་ཡོད། དེར་བརྟེན་དེ་སྔ་རྒྱ་གར་དུ་གསང་བ་བྱས་ནས་བྱེད་དགོས་པའི་ཆོས་ཡིན་སྟབས་གསང་ སྔགས་ཞེས་བཏགས་པ་རེད། ཐེག་པ་ཆུང་ངུ་དང་ཐེག་པ་ཆེན་པོའི་གྲུབ་མཐའ་སོ་སོ་ལ་ཡང་ནང་གསེས་ཁག་མང་པོར་ གྱེས་པ་ནི། སངས་རྒྱས་སྐུ་མྱ་ངན་ལས་འདས་པའི་རྗེས་སུ་རིམ་བཞིན་བྱུང་བ་དང་། ཐེག་པ་ཆེན་པོ་དར་རྒྱས་ཆེ་བའི་དུས་སྐབས་ནི་སློབ་དཔོན་ཐོགས་མེད་ཀྱིས་ཆོས་ གསུངས་པའི་དུས་ནས་སྤྱི་ལོའི་དུས་རབས་དྲུག་པའི་འགོ་ནས་བདུན་པའི་འགོ་བར་དར་ རྒྱས་བྱུང་སྟེ་ཐེག་པ་ཆེ་ཆུང་གི་གྲུབ་མཐའི་བར་ལ་ལྟ་བ་མི་མཐུན་པའི་རྩོད་གླེང་ ཡང་ཐེངས་འགའ་ཤས་བྱུང་བ་བརྒྱུད་ཐེག་པ་ཆུང་ངུའི་གྲུབ་མཐའ་སྨྲ་བ་མང་པོ་ཞིག་ ཐེག་པ་ཆེན་པོའི་གྲུབ་མཐའ་སྨྲ་བར་གྱུར་ཅིང་།དེ་དང་འདྲ་བར་མུ་སྟེགས་པ་དང་སངས་ རྒྱས་ཆོས་ལུགས་ཀྱི་མཁས་པ་རྣམས་རྩོད་གླེང་ཛ་དྲག་ཆེན་པོ་བྱུང་མཐར། མུ་སྟེགས་པའི་མཁས་པ་འགའ་ཞིག་རང་སྲོག་བཅད་པ་དང་། མཁས་པ་མང་པོ་ཞིག་སངས་རྒྱས་ཆོས་ལུགས་ལ་ཞུགས་པའི་རྐྱེན་གྱིས་མུ་སྟེགས་པ་ཁྲི་ སྟོང་མང་པོ་སངས་རྒྱས་ཆོས་ལུགས་ཀྱི་མཁས་པ་ཆེན་པོར་གྱུར་ཏེ། སྐད་གྲགས་ཡོད་པའི་བསྟན་བཅོས་མང་པོ་བརྩམས་པའང་ཡོད། དེའི་སྐོར་གྱི་ལོ་རྒྱུས་རྣམས་ཇོ་ནང་ཏྰ་ར་ནྰ་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་ གི་ནང་གསལ། བོད་ཀྱི་སངས་རྒྱས་ཆོས་ལུགས་དེ་རྒྱ་གར་དང་རྒྱ་ནག་གང་ནས་དར་ཡོང་ཞེས་ན། རྒྱ་གར་ནག་གཉིས་ནས་དར་ཡོང་བ་བདེན་ཡང་མང་པོ་གང་ནས་དར་ཞེས་བརྗོད་ན། དེའི་ཐད་ང་ཚོས་བཀའ་འགྱུར་པོད་བརྒྱ་ཐམ་པ་དང་བསྟན་འགྱུར་པོད་ཉིས་བརྒྱ་དང་བཅུ་ ཡོད་པ་དེའི་ནང་གཟིགས་ན་ཧ་ཅང་གསལ་བོར་ཡོད། ཐོག་མར་རྒྱ་གར་ནས་དར་བ་ཡིན། སངས་རྒྱས་ཀྱི་འདྲ་སྐུ་དེ་ཐོག་མར་གང་ནས་གདན་དྲངས་ཞེས་ན་རྒྱ་ནག་ནས་གདན་དྲངས་ པ་ཡིན། དེའི་དབྱེ་བ་གསལ་བོར་ཤེས་དགོས་པ་རེད། སངས་རྒྱས་ཀྱི་བསྟན་པ་དར་མ་དར་ཟེར་བ་དེ་སངས་རྒྱས་ཀྱི་སྐུ་འདྲ་ཡོད་མེད་ལ་བལྟ་ རྒྱུ་མེད། སངས་རྒྱས་ཀྱི་བསྟན་པ་དར་ཚུལ་དང་གནས་མིན་སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་ཤེས་ ཏེ་ལག་ལེན་དུ་བསྟར་བ་ནས་ཅི་ཙམ་གནས་མིན་ལ་རག་ལས་ཡོད། དེར་བརྟེན་སངས་རྒྱས་ཆོས་ལུགས་བོད་ལ་དར་དང་མ་དར་ཟེར་བ་དེ་ཡང་སངས་རྒྱས་ཆོས་ ལུགས་ཀྱི་ནང་དོན་དེ་མིའི་བསམ་བློའི་ནང་དུ་ཟུག་སྟེ་མིས་ཁས་བླངས་ནས་ལག་ལེན་ དུ་བསྟར་བ་དེ་ནས་འགོ་བཙུགས་ཏེ་སངས་རྒྱས་ཆོས་ལུགས་དར་བ་ཡིན་ཞེས་བརྗོད་དགོས། བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་སངས་རྒྱས་ཆོས་ལུགས་ཀྱི་དཔེ་ཆ་ཉི་ཤུ་རྩ་ གཅིག་ཐོན་མི་སམ་བྷོ་ཊས་བོད་སྐད་ལ་བསྒྱུར་བ་དང་། དེ་བཞིན་སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་དགེ་བ་བཅུ་དེ་རྒྱལ་པོ་སྲོང་བཙན་སྒམ་ པོས་ཁྲིམས་སུམ་ཅུ་སོ་དྲུག་གི་ནང་དུ་གཏན་འབེབས་མཛད་པ་དེ་ནས་སངས་རྒྱས་ཆོས་ ལུགས་བོད་ལ་དར་བ་ཡིན། འོན་ཀྱང་མི་ལ་ལས་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་བོད་མིའི་ཆོས་ཀྱི་ཆུ་ཚད་ མཐོན་པོ་དེ་འདྲ་མེད་པས་སངས་རྒྱས་ཆོས་ལུགས་ཀྱི་དཔེ་ཆ་ཉི་ཤུ་རྩ་གཅིག་ཐོན་མི་ སམ་བྷོ་ཊས་བསྒྱུར་ཟེར་བ་ཡོང་མི་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་ནི་བསམ་བློ་ཧ་ཅང་གུ་དོག་པོ་ཞིག་ཡིན་ཏེ་སྐབས་དེར་རྒྱ་ནག་དང་། དེ་བཞིན་ཉེ་འཁོར་དུ་ཡོད་པའི་རྒྱ་གར་དང་བལ་ཡུལ་སོགས་འཛམ་གླིང་རྒྱལ་ཁབ་གཞན་ ཚང་མ་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་སླེབས་ནས་ཡར་རྒྱས་ཆེན་པོ་བྱུང་ སྟེ་ལོ་སྟོང་ཕྲག་ཁ་ཤས་སོང་ཟིན་ནའང་བོད་དེ་ད་དུང་བསྐལ་པ་ཡ་ཐོག་གི་སྤྱི་ཚོགས་ ཀྱི་ཧ་ཅང་རྗེས་ལུས་ཀྱི་རྣམ་པར་ལུས་པ་ལྟ་བུ་ཞིག་ཡོང་མི་སྲིད་པས་བཤད་སྟངས་དེ་ རྩ་བ་ནས་མི་འགྲིག ཐོན་མི་སམ་བྷོ་ཊས་བོད་སྐད་དུ་བསྒྱུར་བའི་སངས་རྒྱས་ཆོས་ལུགས་ཀྱི་ཆོས་དཔེ་ཉི་ ཤུ་རྩ་གཅིག་དེ་བཀའ་འགྱུར་གྱི་ནང་དུ་ཡོད་པས་དེ་ཚོ་བལྟ་དུས་དེང་སང་གི་མི་ཚོ་ ཡིད་ཆེས་ཀྱི་མེད་པ་རེད། དེ་བཞིན་དུ་ཏུན་ཧོང་ཡིག་ཆའི་ནང་ལུགས་ཀྱི་བསྟན་བཅོས་ཟེར་བ་ཞིག་ཡོད་པ་དེའི་ ནང་སྤུན་མཆེད་རྒན་གཞོན་འགས་ཕན་ཚུན་གཏམ་གླེང་བྱས་ཏེ་མི་ལ་འབྲེལ་བ་བྱེད་སྟངས་ དང་། སོ་སོའི་བཟའ་ཚང་ལ་འབྲེལ་བ་བྱེད་སྟངས། མི་ལ་སྐད་ཆ་ཤོད་སྟངས། ཕྲུ་གུར་སློབ་གསོ་རྒྱག་སྟངས་སོགས་སྐོར་ལ་ལ་དྲི་བ་དྲིས་ལན་བྱས་པའི་དཔེ་ཆ་ཡག་ པོ་ཞིག་ཡོད་པ་དེའང་མི་ལ་ལས་དེ་དུས་བོད་ལ་ཆུ་ཚད་དེ་འདྲ་ཡོང་ཤེས་ཀྱི་མ་རེད་ ཅེས་སྐབས་དེ་བྲིས་པ་ཡིད་ཆེས་བྱེད་ཀྱི་མེད་པ་རེད། དེ་བཞིན་གནས་ཚུལ་གཞན་ཞིག་སྟེ། བོད་ཀྱི་རིག་གནས་དེ་སངས་རྒྱས་ཆོས་ལུགས་བོད་ལ་བྱུང་བའི་རྗེས་སུ་བྱུང་བ་མ་ གཏོགས། སངས་རྒྱས་ཆོས་ལུགས་མ་བྱུང་གོང་དུ་བོད་ལ་རིག་གནས་རྩ་བ་ནས་མེད་པར་ངོས་འཛིན་ བྱེད་ཀྱི་ཡོད་པ་རེད། ངོས་འཛིན་བྱེད་སྟངས་དེ་ཡང་རྩ་བ་ནས་འགྲིག་གི་མེད། བོད་ཀྱི་ཆོས་དང་རིག་གནས་ཚང་མའི་ཁུངས་གཏུགས་ས་རྒྱ་གར་ལ་གཏུགས་ཐོག་རྒྱ་གར་ནས་ བྱུང་བ་ཡིན་ན་ཧ་ཅང་ཡག་པོ་ཡིན་པ་ཞིག་ལ་ངོས་འཛིན་པ་དང་། རྒྱ་གར་ནས་མ་བྱུང་ན་སོ་སོ་རང་རང་ལ་གང་ཡང་མེད་པ་ལྟ་བུའི་ལྟ་བ་ཞིག་ཡོད། དེའི་ཐད་སྔོན་མ་བོད་ཀྱི་འབྲི་སྟངས་ལ་གནད་དོན་དེ་རིགས་མང་པོ་ཞིག་ཡོད་པས་དེ་ མི་འགྲིག་པ་རེད། གཞན་ཡང་སོ་སོའི་ཆོས་ལུགས་ཀྱི་ལངས་ཕྱོགས་ཁོ་ནར་ལངས་ནས་བོད་ཀྱི་ལོ་རྒྱུས་ཤོད་ མི་རུང་། ལོ་རྒྱུས་མི་སྣར་དབྱེ་ཞིབ་བྱེད་སྐབས་མི་དེས་ཆོས་ལུགས་གང་འདྲ་ཞིག་ལ་དགའ་པོ་ བྱེད་ཀྱི་ཡོད་དང་མི་དེ་ཆོས་གང་འདྲ་ཞིག་གི་ཁོངས་སུ་གཏོགས་མིན་ལ་བལྟས་ནས་མི་ དེ་ཡག་པོ་ཡིན་དང་སྡིག་པོ་ཡིན་དཔྱད་བརྗོད་བྱེད་མི་རུང་། བོད་ཀྱི་ལོ་རྒྱུས་འབྲི་སྐབས་ལོ་རྒྱུས་ཀྱི་ཁྱོན་ཡོངས་ཀྱི་འཕེལ་ཚུལ་ཇི་མ་ཇི་ བཞིན་ཤོད་དགོས་པ་ལས་སོ་སོ་ཆོས་གང་ལ་དད་ཞེན་ཆེ་བ་ཡོད་མེད་ཀྱི་ལངས་ཕྱོགས་སུ་ བསྡད་ནས་ལོ་རྒྱུས་མི་སྣར་གདེངས་འཇོག་དང་ཚོད་དཔག་བྱས་ན་དེ་ནི་ཕྱོགས་ཞེན་ཟེར་ བ་དེ་ཡིན་པས་དེ་ལྟར་དུ་བྱེད་མི་རུང་། བོད་ཀྱི་རིག་གནས་དེ་སངས་རྒྱས་ཆོས་ལུགས་མ་བྱུང་གོང་གནའ་སྔ་མོ་ནས་བོན་པོའི་ ཆོས་དང་འབྲེལ་བ་ཧ་ཅང་དམ་པོ་ཡོད་པས་བོན་པོའི་ཆོས་ལ་བརྟག་དཔྱད་བྱས་ན་དེའི་ནང་ ནས་གནའ་རབས་བོད་ཀྱི་རིག་གནས་མང་པོ་ཞིག་རྙེད་ཐུབ་པ་ཡིན། སྔོན་མ་བོད་ཀྱི་རྒྱལ་པོ་དེ་ཡང་རྒྱ་གར་ནས་བྱུང་བ་རེད་ཟེར་བ་དང་། བོད་ཀྱི་མི་དེ་ཡང་དང་པོ་རྒྱ་གར་ནས་བྱུང་བ་རེད་ཟེར་བ། བོད་ཀྱི་ཆོས་དེ་ཡང་དང་པོ་རྒྱ་གར་ནས་བྱུང་བ་རེད་རེད་ཟེར་བ་སོགས་མང་པོ་ཞིག་ རྒྱ་གར་ནས་བྱུང་བ་ལྟ་བུ། རྒྱ་གར་གྱི་ཟླ་བ་དེ་ཡང་བོད་ཀྱི་ཟླ་བ་ལས་ཡག་པ་ཡོད་པ་ལྟ་བུ། སོ་སོ་རང་ལ་ཟླ་བ་རྩ་བ་ནས་ཤར་རྒྱུ་མེད་པ་ལྟ་བུའི་ལྟ་བ་ཞིག་ཡོད། ང་ཚོས་ལྟ་བ་དེ་ལེགས་བཅོས་གཏོང་དགོས། བོད་དུ་སངས་རྒྱས་ཆོས་ལུགས་མ་དར་གོང་དུ་ཐོག་མར་བོན་པོའི་ཆོས་ལུགས་དར་བ་དང་། དེར་བརྟེན་བོན་པོའི་ཆོས་ལུགས་སྐབས་ཤིག་ནས་ཉམས་དམས་སུ་གྱུར་ཏེ་ད་ལྟའང་ཕན་ ཚུན་ལ་ཤན་ཤུགས་ཐེབས་པ་མང་དུ་མཆིས།

བརྒྱུད་སྐུལ།

མཆན་སྤེལ།