གཙང་གི་མཁན་ཆེན་ཧའོ་རིན་པོ་ཆེས་དགོན་པ་ཁག་གི་དབུ་འཁྲིད་རྣམས་ལ་འཕྲིན་འདི་བསྐུར།

    ང་ཚོས་མི་སྣ་གསོ་སྐྱོང་གི་ལས་ཀ་ནི་འགག་རྩ་ཨང་དང་པོར་འཇོག་དགོས། མི་སྣ་གསོ་སྐྱོང་གི་ལས་དོན་ལ་གཙོ་བོའི་བར་ཆད་བཟོ་མཁན་གང་ཡིན་པ་དེ་ལ་ཁ་གཏད་གཅོག་དགོས། མི་སྣ་གསོ་སྐྱོང་མེད་ཚེ་སངས་རྒྱས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གང་ནས་བྱེད། སངས་རྒྱས་བསྟན་པ་ནི་ལུང་དང་རྟོགས་པའི་བདག་ཉིད་ཅན་མིའི་སེམས་རྒྱུད་ལ་གནས་དགོས། དེ་མིན་ལྷ་ཁང་གི་སྟེང་དུའང་མི་གནས། དཔེ་ཆའི་སྟེང་དུའང་མི་གནས། མཆོད་རྟེན་གྱི་སྟེང་དུ་ཡང་སངས་རྒྱས་བསྟན་པ་ནམ་ཡང་ཆགས་ཐུབ་ཐབས་མེད།

སངས་རྒྱས་བསྟན་པ་གནས་པ་ཙམ་གྱིས་མི་ཆོག་པར་བརྒྱུད་འཛིན་བྱེད་དགོས། དེས་ཀྱང་མི་ཆོག་པར་དར་སྤེལ་གཏོང་དགོས། དར་སྤེལ་གཏོང་ཡུལ་དངོས་དེ་གང་ལ་ཡོད་ཅེ་ན། མི་སྣ་གཅིག་པུ་ལ་རག་ལུས་ཡོད། མི་སྣ་མེད་ཚེ་སངས་རྒྱས་བསྟན་པ་མེད། མི་སྣ་བདག་སྐྱོང་གི་འོག་ནས་སངས་རྒྱས་བསྟན་པ་དར་སྤེལ་ཐུབ་ཀྱི་ཡོད། མི་ནས་མིར་ཇི་ཙམ་གྱིས་བརྒྱུད་སྤེལ་ཐུབ་པ་དེ་ཙམ་གྱིས་སངས་རྒྱས་བསྟན་པ་དར་སྤེལ་ཐུབ་ཀྱི་ཡོད། མི་ནས་མིར་དར་སྤེལ་མ་ཐུབ་ན་རང་ཉིད་སངས་རྒྱས་ཡིན་ནའང་གཏན་ནས་ཕན་ཐོགས་མེད། ལྷ་ཁང་ཆ་ཚང་སྐུ་འདྲས་བཀང་ནའང་ཕན་མི་ཐོགས། དེ་བཞིན་ཚོགས་གདན་ཆ་ཚང་གི་སྟེང་དུ་སྐུ་འདྲ་བསྒྲིགས་ཀྱང་སངས་རྒྱས་བསྟན་པ་ཁྱོན་ནས་འཛིན་ཐུབ་ཀྱི་མེད། སངས་རྒྱས་བསྟན་པའི་རྨང་གཞི་མི་སྣའི་སེམས་རྒྱུད་ལ་ཡོད་པས། སེམས་རྒྱུད་ཆོས་ཕྱོགས་སུ་བསྒྱུར་ཐུབ་པ་དགོས། དེས་ན་དགོན་པ་ཁག་གི་དཔེ་ཁྲིད་དགེ་རྒན་དང་། སྐྱོར་དཔོན། དགེ་བསྐོས། དམངས་བདག་གང་ཡིན་ནའང་། སོ་སོས་བདག་སྐྱོང་དགོས་ས་དག་གི་བསམ་པ་ཆོས་ལ་བསྒྱུར་ཐུབ་མིན་ལ་ལྟོས། མ་ཐུབ་པའི་གནད་དོན་གང་ཡིན་རྟོགས་ཞིབ་བྱེད་རོགས།

      2018/4/4

བརྒྱུད་སྐུལ།

མཆན་སྤེལ།