བོད་ཀྱི་ཟློས་གར་ཆེན་མོ་བརྒྱད།

བོད་ཀྱི་ཟློས་གར་ཆེན་མོ་བརྒྱད།

  སྲོལ་རྒྱུན་བོད་ཀྱི་ཟློས་གར་ཁྲོད་ཆེས་སྐད་གྲགས་ཆེ་བའི་བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་ནི་《རྒྱ་བཟའ་ཀོང་ཇོ་》དང་།《ཆོས་རྒྱལ་ནོར་བཟང་》དང་།《སྣང་ས་འོད་འབར་》དང་།《འགྲོ་བ་བཟང་མོ་》དང་།《གཟིགས་ཀྱི་ཉི་མ་》དང་།《པདྨ་འོད་འབར་》དང་།《དོན་ཡོན་དོན་གྲུབ་》དང་།《དྲི་མེད་ཀུན་ལྡན་》བཅས་སོ།།

 

 

༡ ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར།

 

རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ནི། བོད་ཀྱི་རྟོགས་བརྗོད་རྩོམ་རིག་གི་བརྩམས་ཆོས་གྲགས་ཆེན་ཞིག་ཡིན། སྔར་སྟོན་པ་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའི་སློབ་པ་ལམ་གྱི་སྐབས། བདོག་པ་གྱ་ནོམ་པའི་ཟང་ཟིང་གི་སྦྱིན་པ་དང་། བྱང་ཆུང་སེམས་དཔའི་བྱ་དཀའ་བའི་སྦྱིན་པའི་སྤྱོད་པ་སྟེ། རང་གི་ཡན་ལག་དང་བཅས་པ་སྩལ་བའི་སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་སྟོན་པའི་མཛད་པ་དེ་བརྗོད་ཡོད་པ་དང་། རྣལ་འབྱོར་བ་རུས་པའི་རྒྱན་ཅན་གྱིས་རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་རླབས་ཆེན་གྱི་སྤྱོད་པ་དེའི་གཏམ་རྒྱུད་གཞིར་བཟུང་ནས་སྣོན་འཕྲི་ལས་སྣོན་བྱས་ཤིང་། བཅད་ལྷུག་སྤེལ་མའི་སྙན་འཇེབས་ཚིག་གིས་སྤྲོས་ཏེ། སྣང་བརྙན་གསོན་ཉམས་ལྡན་པར་བྱས་ཡོད། རྣམ་ཐར་འདི་ཟློས་གར་དུ་བསྒྱུར་ནས་འཁྲབ་སྟོན་བྱེད་པས། བོད་ཀྱི་ཟློས་གར་ཆེན་པོ་བརྒྱད་ཀྱི་ཡ་གྱལ་ཡིན།

 ༢ སྣང་ས་འོད་འབུམ།

 

དེ་སྔོན་བོད་ཀྱི་རབ་བྱུང་གསུམ་པའི་འགོ་དང་། སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དཀྱིལ་ཙམ་དུ་བྱུང་ཞིང༌། མྱང་སྟོད་རྒྱལ་རྩེ་རི་ནང་ས་ཁུལ་དུ་ཞིང་བྲན་རྒན་རྒོན་གཉིས་ཀྱི་བུ་མོ་སྣང་ས་འོད་འབུམ་ཞེས་པ་རི་ནང་དཔོན་པོ་སྒྲ་ཆེན་གྱི་བུ་གྲགས་པ་བསམ་གྲུབ་ཀྱི་མནའ་མར་བཙན་ཤེད་ཀྱིས་བླངས་རྗེས་མནར་གཅོད་ཚད་མེད་མྱངས་པའི་ལོ་རྒྱུས་ཡོད་པ་དེ་ཡིན།

༣ ཆོས་རྒྱལ་ནོར་བཟང་གི་རྣམ་ཐར།

 

ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་འདི་ལས། མིའི་རྒྱལ་པོ་དང་ལྷའི་བུ་མོ་གཉིས་བར་གྱི་བརྩེ་དུང་སྟེ། རྒྱལ་བུ་ནོར་བཟང་དང་ཡིད་འཕྲོག་ལྷ་མོ་གཉིས་ཀྱི་འགྱུར་བ་མེད་ཅིང་། ལྷད་མེད་རྣམ་དག་གི་བརྩེ་འདང་ལ་བསྔགས་བརྗོད་དང་། ནོར་བཟང་གི་བརྩེ་འདང་གི་ཆེད་དུ་དཀའ་བ་བརྒྱ་ཕྲག་ཁྱད་དུ་གསོད་ཐུབ་པའི་སྙིང་སྟོབས་དང་། ཡིད་འཕྲོག་ལྷ་མོའི་ནོར་བཟང་གི་ཆེད་དུ་དྲི་ཟའི་ཡུལ་གྱི་འདོད་ཡོན་ལའང་མི་ཆགས་པར་མི་ཡུལ་དུ་ལོག་པའི་བརྩེ་འདང་ལ་བསྟོད་བསྔགས་བྱས་པ་དང་མཉམ་དུ། ལས་འབྲས་མི་བརྩི་ཞིང་གཏུམ་སྤྱོད་ཆེ་བའི་རིགས་ལྡན་རྒྱལ་པོ་ཤག་པ་གཞོན་ནུ་དང་། བསམ་སྦྱོར་ངན་པས་གཞན་ལ་འཚེ་བའི་ཨ་མཆོད་ཧ་རི། ཕྲག་དོག་གི་དུག་ཆུས་ཀུན་ནས་མྱོས་པའི་བཙུན་མོ་ལྔ་བརྒྱ་བཅས་ཀྱིས་མཚོན་པའི་དངོས་ཡོད་འཚོ་བའི་ཁྲོད་ཀྱི་དགེ་མཚན་དང་ལེགས་ཚོགས་ལ་གཏོར་བརླག་བྱེད་པའི་མི་རྣམས་ལ་མཚང་འབྱིན་དང་ཟུར་ཟ་བྱས་ཡོད་ཅིང་། བྱུང་རིམ་ལ་ཀྱག་ཀྱོག་ཆེ་ཞིང་གསོན་ཉམས་ལྡན་ལ། ཡིད་འགུགས་ཀྱི་ནུས་པའང་ལྡན་པ་ཞིག་ཡིན།

༤ པདྨ་འོད་འབར་གྱི་རྣམ་ཐར།

 

པདྨ་འོད་འབར་གྱི་རྣམ་ཐར་ནི་《པདྨ་བཀའ་ཐང་》གཞིར་བཟུང་ནས་བརྩམས་པ་ཡིན་ཞིང་། རྩོམ་པ་པོས་བསྒྱུར་བཅོས་དང་ཁ་སྣོན་བགྱིས་ཏེ་བརྩམས་པར་འདོད། དཔེར་ན།《བཀའ་གདམས་ཕ་ཆོས་བུ་ཆོས་》ཀྱི་ནང་དུའང་རྒྱལ་པོ་དད་པ་བརྟན་པ་སྲིན་ཡུལ་དུ་སྨན་མེ་ཏོག་ཀུ་ཤ་ན་ལེན་པར་ཕེབས་པའི་ལོ་རྒྱུས་ཤིག་ཡོད་པ་དེ་དང་། པདྨ་འོད་འབར་གྱིས་གསེར་གྱི་སླ་ང་(འཁར་རྔ་)ལེན་པར་ཕེབས་པའི་རྟོགས་པ་བརྗོད་པ་དེ་གཉིས་དངོས་པོ་མི་འདྲ་བ་ཙམ་ལས་སྲིན་ཡུལ་དུ་ཕེབས་ལུགས་ཕེབས་སྟངས་སོགས་ནི་ཧ་ལམ་གཅིག་འདྲ་རེད།

རྣམ་ཐར་འདིའི་ནང་དུ་རྒྱལ་པོ་ལོག་པའི་མཆོད་སྦྱིན་གྱི་གདུག་རྩུབ་ཆེ་བའི་བྱ་སྤྱོད་ལ་སུན་འབྱིན་དང་དགག་པ་བརྒྱབ་པ་དང་། ཚོང་དཔོན་ནོར་བཟང་གི་གཞན་ཕན་གྱི་ལས་ལ་བརྩོན་པའི་རང་བཞིན་དང་། པདྨ་འོད་འབར་གྱི་སྙིང་སྟོབས་དང་བློ་གྲོས། རྨད་བྱུང་གཞན་ཕན་གྱི་མཛད་འཕྲིན་སོགས་ལ་བསྟོད་བསྔགས་བྱས་ཏེ། བསམ་ངན་གཞན་ལ་བྱས་ན་སྦྱོར་བ་རང་ལ་འཁོར་བའི་གནས་ལུགས་དང་། དམ་པའི་ཆོས་ལ་བློ་ཁ་ཕྱོགས་ནས་མཆོག་གསུམ་སྐྱབས་སུ་བཟུང་ན་མི་འགྲུབ་བྱ་བ་ཅི་ཡང་མེད་པའི་བསམ་བློ་བསྟན་ཡོད།

 ༥ འགྲོ་བ་བཟང་མོའི་རྣམ་ཐར།

 

མཁའ་འགྲོ་མ་འགྲོ་བ་བཟང་མོའི་གསུང་རབ་རྣམ་ཐར་ཞེས་པ་འདི་ནི་བསྟན་པ་ཕྱི་དར་གྱི་རྗེས་སུ་བོད་ཡུལ་མོན་རྟ་དབང་ཁུལ་དུ་བྱུང་བའི་དམངས་ཁྲོད་ཀྱི་གཏམ་རྒྱུད་ཅིག་གཞིར་བཟུང་ཞིང་། སྐྱེས་རབས་སུ་ལྕམ་སྲིང་ཁྲིད་དེ་མ་བསད་པར་སྦས་བཞག་སྟེ་རྗེས་སུ་བཏོན་པར་བཤད་པ་སོགས་ལ་སྦྱར་ནས་བརྩམས་པ་ཞིག་ཡིན། བདུད་མོ་ཧ་ཅང་གིས་ཐབས་བརྒྱ་ཇུས་སྟོང་གིས་འགྲོ་བ་བཟང་མོའི་སྲས་མོ་ཀུན་ཏུ་བཟང་མོ་དང་། ལྷ་སྲས་ཀུན་ཏུ་ལེགས་པ་གཉིས་ལ་གནོད་འཚེ་གཏོང་བར་བརྩམས་ནའང་། སྲང་ལྕམ་སྲིང་གཉིས་ཀྱི་ཚེ་སྲོག་ལ་གནོད་འཚེ་ཅི་ཡང་མ་ཐེབས་པར་རྒྱལ་པོར་མངའ་གསོལ་བའི་བྱུང་རིམ་དེ་དག་བྲིས་པ་བརྒྱུད་ནས། མི་རྣམས་ལ་བསམ་སྦྱོར་ངན་པ་དང་ཧམ་སེམས་ཆེན་པོ་བཅངས་ན་མཐར་ཐུག་ཕམ་པར་འགྱུར་ཞིང་། དྲང་བདེན་འཛིན་སྲུང་བྱས་ན་མཐར་ཐུག་རྒྱལ་བར་འགྱུར་བའི་གནས་ལུགས་བསྟན་ཡོད།

༦ དོན་ཡོད་དང་དོན་གྲུབ་ཀྱི་རྣམ་ཐར།

 

རྣམ་ཐར་འདི་ལ་《གཅུང་པོ་དོན་ཡོད་དང་དོན་གྲུབ་སྐུ་མཆེད་གཉིས་ཀྱི་རྣམ་ཐར་》རམ་《གཅུང་པོ་སྐུ་མཆེད་གཉིས་ཀྱི་གསང་བའི་རྣམ་ཐར་》ཞེས་ཀྱང་ཟེར། 《མི་རོ་རྩེ་སྒྲུང་》ཁྲོད་ཀྱི་《ཕུ་ནུ་གཉིས་》ཞེས་པའི་གཏམ་རྒྱུད་དང་རྣམ་ཐར་འདི་གཉིས་ས་མིང་དང་མི་མིང་། བྱེ་བྲག་གི་བྱུང་རིམ་ཁ་ཤས་བཅས་མི་མཚུངས་པ་མ་གཏོགས། རྩ་བའི་བྱུང་རིམ་ལ་མི་འདྲ་ས་ཆེར་མེད་ལ། 《རོ་སྒྲུང་》གི་ལེའུ་ཉི་ཤུ་རྩ་གཅིག་པ་《རྒྱལ་བུ་དོན་གྲུབ་འཕྲལ་དུ་སྡུག་ཁུར་བྱས་པ་ལས་ནམ་ཕུགས་རྒྱལ་ཁྲིམས་ཆོས་བཞིན་བསྐྱངས་པ་》ཞེས་པ་དང་《གཅུང་དོན་ཡོད་དོན་གྲུབ་》གཉིས་ཀྱང་མི་མིང་དང་བྱུང་རིམ་ཕལ་ཆེར་འདྲ་བས། དོན་དུ་སྒྲུང་འདི་རྒྱ་བསྐྱེད་དེ་བྲིས་པ་ཞིག་ཡིན།

བརྩམས་ཆོས་འདིའི་ཁྲོད་ཀྱི་རྒྱལ་བུ་སྐུ་མཆེད་གཉིས་ཀྱི་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་དང་། ཕན་ཚུན་གྱི་མཛའ་བརྩེ་ཟབ་མོའི་བྱུང་རིམ་ལ་ཡིད་དབང་འཕྲོག་པའི་ནུས་པ་ལྡན་པར་མ་ཟད། བརྩམས་ཆོས་འདིས་དོན་གྲུབ་ཕུ་ནུ་གཉིས་ཀྱི་བརྩེ་སེམས་ལ་བསྟོད་བསྔགས་དང་། ཁོང་གཉིས་ཀྱི་ལས་དབང་ལ་མིག་ཆུ་གཏོར་བ་དང་ཆབས་ཅིག བཙུན་མོ་པདྨ་ཅན་གྱི་བསམ་སྦྱོར་ངན་པ་དང་། རང་ཚུགས་མི་བརྟན་པའི་རྒྱལ་པོ་སྟོབས་ཀྱི་ལྷའི་མཛད་སྤྱོད། བདུད་བློན་ཏྲི་ཤུའི་ཕྲག་དོག་དང་གཡོ་སྒྱུ་སོགས་ལ་ཟུར་ཟ་དང་སུན་འབྱིན་བྱས་ཏེ་ལས་འབྲས་ལ་བརྩི་འཇོག་བྱེད་དགོས་པའི་གནས་ལུགས་ཟབ་མོ་བརྗོད་ཡོད།

 ༧ རྒྱ་བཟའ་དང་བལ་བཟའི་རྣམ་ཐར།

 

རྒྱ་བཟའ་དང་བལ་བཟའི་རྣམ་ཐར་ནི་《མ་ཎི་བཀའ་འབུམ་》གཞིར་བྱས་ནས་བརྩམས་པ་ཡིན་ཞིང་། 《མ་ཎི་བཀའ་འབུམ་》གྱི་ནང་དུ་སྤྱན་རས་གཟིགས་ཀྱི་མཛད་པ་མང་པོ་ཞིག་གུང་བསྒྲིགས་ཡོད་པ་དེའི་ནང་དུ་སྲོང་བཙན་སྒམ་པོའི་ལོ་རྒྱུས་དུམ་བུ་ཞིག་ཡོད། འོན་ཀྱང་《རྒྱ་བཟའ་བལ་བཟའ་》རུ་རྒྱ་བཟའ་སློང་མཁན་རྒྱ་གར་ཆོས་ཀྱི་རྒྱལ་པོ། གེ་སར་དམག་གི་རྒྱལ་པོ། ཏ་ཟིག་ནོར་གྱི་རྒྱལ་པོ། བྷ་ཏ་ཧོར་གྱི་རྒྱལ་པོ་རྣམས་ཀྱི་ཕོ་ཉ་དང་། བོད་བློན་མགར་ལ་སོགས་པས་རྟ་མ་བརྒྱ་བུ་བརྒྱ། བྱ་མ་བརྒྱ་བུ་བརྒྱ། ཙན་དན་སྡོང་པོའི་རྩ་རྩེ་དབྱེ་བ་སོགས་སུས་ཤེས་འགྲན་པ་དང་། མཛེས་མ་བརྒྱ་ཡི་ནང་ནས་ལྷ་གཅིག་ངོས་འཛིན་བྱེད་པ་སོགས་བཀོད་ཡོད་པ་ནི། བོད་ཀྱི་ལོ་རྒྱུས་རྙིང་པ་དང་རྒྱའི་རྒྱལ་རབས་སུ་དེ་འདྲ་ཞིག་མེད་ཅིང་། དེ་དག་ནི་ཚིག་སྒྲོས་ལ་བལྟས་ན་《མདོ་མཛངས་བླུན་》ལས་བྱུང་བའི་སངས་རྒྱས་ཀྱི་སྐྱེས་རབས་ནས་བླངས་པ་འདྲའོ།།

བརྩམས་ཆོས་འདིའི་ཁྲོད་དུ་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་ནུབ་ཕྱོགས་བལ་པོའི་ཡུལ་གྱི་ལྷ་གཅིག་ཁྲི་བཙུན་དང་རྒྱ་ནག་རྒྱལ་པོ་ཐང་ཐའེ་ཛུང་གི་སྲས་མོ་ལྷ་གཅིག་ཀོང་ཇོ་བཙུན་མོར་བསུ་བའི་བརྗོད་བྱ་དང་བྱུང་རིམ་གང་མང་བྲིས་པ་བརྒྱུད་ནས། སྐབས་དེའི་བོད་ཀྱི་རྒྱལ་ཁབ་ནི་སྟོབས་འབྱོར་མངའ་ཐང་དར་ཞིང་། དཔུང་ཤུགས་བཙན་པ་བསྟན་ཡོད་པར་མ་ཟད། སྲོང་བཙན་གྱི་མཁས་མཛངས་ཀྱི་ཐུགས་དགོངས་དང་། མགར་སྟོང་བཙན་གྱི་ཐུན་མོང་མ་ཡིན་པའི་བློ་གྲོས་ཀྱི་རྩལ་ལ་བསྔགས་བརྗོད་བྱས་ཡོད་ལ། བོད་བལ་དང་བོད་རྒྱའི་བར་གྱི་གཉེན་འབྲེལ་དང་མཛའ་མཐུན་ལའང་བསྟོད་བསྔགས་བྱས་ཡོད།

 ༨ གཟུགས་ཀྱི་ཉི་མའི་རྣམ་ཐར།

 

གཟུགས་ཀྱི་ཉི་མའི་རྣམ་ཐར་ནི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་ལོ་ཙཱ་བ་བེེ་རོ་ཙ་ན་དང་། ཤེའུ་ལོ་ཙཱ་བ་གཉིས་ཀྱིས་རྒྱ་གར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བར་གྲགས། རྣམ་ཐར་འདི་ཉིད་ལས་གཅིག་བསྡུས་ཀྱིས་མཚོན་པའི་བསམ་བློ་ནི། འདོད་སྲེད་ཅན་འཁོར་བ་ལ་ངེས་པར་འབྱུང་བའི་དྲན་སྐུལ། བྲམ་ཟེ་གཟུགས་ཀྱི་ཉི་མའི་བསྟན་བཅོས་འདི་ཉིད་ཀྱིས་མངོན་སུམ་དུ་བསྟན་པ་དེ་ཡིན་ལ། དེའི་ཞོར་ལ་རྒྱལ་པོ་ཟླ་བའི་སེང་གེ་དང་། བཙུན་མོ་གཟུགས་ཀྱི་ཉི་མ་གཉིས་ཀྱི་ལྷད་མེད་ཀྱི་བརྩེ་འདང་ལ་བསྔགས་བརྗོད་བྱས་ཡོད་ཅིང་། དེ་གཉིས་ཀྱི་མི་ཕྱེད་པའི་བརྩེ་འདང་ནི་གཞན་གྱིས་ཇི་ལྟར་གཏོར་བརླག་བྱས་ཀྱང་གཞིག་ཏུ་མེད་པ་དང་། བསམ་སྦྱོར་ངན་པ་ལ་བརྟེན་ནས་གཞན་ལ་གནོད་འཚེ་གཏོང་བའི་མི་རྣམས་ནི་ཅིས་ཀྱང་ཕམ་ཉེས་སུ་འགྲོ་བའི་ཆོས་ཉིད་བསྟན་ཏེ། དུས་སྐབས་དེའི་སྤྱི་ཚོགས་ཀྱི་ནག་ཕྱོགས་ཀྱི་ངོ་བོ་ལ་སུན་འབྱིན་དང་ཁ་རྡུང་ཡང་བཏང་ཡོད། དེར་བརྟེན། བརྩམས་ཆོས་འདིའི་མཐར་ཕྱིན་གྱི་དམིགས་ཡུལ་ནི་ཆོས་ལུགས་ཀྱི་ལྟ་བ་དྲིལ་བསྒྲགས་བྱེད་རྒྱུ་དེ་རེད་ལ། མི་དམངས་ཀྱི་རེ་འདུན་མཚོན་རྒྱུ་དེའང་ཡིན་ནོ།།

ཡོང་ཁུངས་བཙན་པོའི་རིག་གནས།

བརྒྱུད་སྐུལ།

མཆན་སྤེལ།