བོད་ཀྱི་པཎྜི་ཏ་ཐོག་མ་ཀུན་དགའ་རྒྱལ་མཚན།

བོད་ཀྱི་པཎྜི་ཏ་ཐོག་མ་ཀུན་དགའ་རྒྱལ་མཚན།

    ཐོག་མའི་བློས་བསླང་།

 

བོད་གངས་ཅན་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ལྷུང་ལྷུང་དུ་བཞུར་བའི་ཁྲོད། སྐྱེས་ཆེན་རེ་རེའི་མཐའ་ཡས་རྒྱ་མཚོའི་གཏིང་ཚད་མཉམ་པའི་ཚེ་སྲོག་གི་སྐད་སྒྲ་མི་ཡུལ་ནས་འཇགས་ཐེངས་རེ་རེར། འགྲོ་བ་མིའི་འཇིག་རྟེན་ལ་ཆག་འཇིགས་དང་མུན་ནག་གི་ན་བུན་འཐིབས་ཤིང་གངས་དཀར་པོའི་སྐྱིད་སྡུག་གི་ཁྲག་རྒྱུན་རིང་མོ་དེར་སྡུག་བསྔལ་གྱི་མྱ་ངན་ཡལ་མ་མྱོང་བ་མ་ཡིན་ནམ།

 

     དེ་རིང་ཡང་། ཨེ་ཤ་ཡའི་གངས་ཀྱི་རི་འདབས་ཤིག་ཏུ་འཚོ་བའི་བོད་མི་རིགས་ཀྱི་ལོ་རྒྱུས་ཁྲོད་འཇིག་རྟེན་དང་ཞལ་གྱེས་ཏེ་དགོངས་པ་ཆོས་དབྱིངས་སུ་གཤེགས་སོང་བའི་རླབས་ཆེན་གྱི་སྐྱེས་བུ་དམ་པ་ནི་རེ་གཉིས་ཙམ་མ་ཡིན་པར་ས་ཆེན་པོའི་རྡུལ་གྱིས་ཁེབས་པ་ལྟ་བའི་གྲངས་ཀྱི་མི་ལངས་བ་ཞིག་ཡོད་ནའང་མཚན་སྙན་གྱི་སྤྲིན་དཀར་ཉི་འོག་གི་རྒྱལ་ཁམས་ཀུན་ཏུ་ཁྱབ་མྱོང་བའི་དཔལ་ས་སྐྱའི་གདུང་རབས་ལྔ་བ་ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་མཆོག་ནི་ང་ཚོ་བོད་གངས་ཅན་གྱི་ཆོས་སྲིད་གཉིས་ཀྱི་མཛད་འཕྲིན་ལ་བཀའ་དྲིན་གཞལ་མཐའ་བྲལ་བའི་སྐྱེས་ཆེན་ཞིག་ཡིན་པ་ནི་ཅིས་ཀྱང་ཚོར་ལོས་ཡོད།    དེ་བས་རྗེ་ཉིད་ཀྱི་བཀོད་པ་གསུམ་ལྡན་རྡོ་རྗེ་འཛིན་པའི་མིའི་ཤ་ཚུགས་སུ་བྱོན་ཏེ་མཛད་འཕྲིན་གྱི་སྨོན་འབྲས་སྨིན་པའི་སྐལ་བཟང་གི་བཀོད་པ་ཡོངས་སུ་བསྡུས་ནས།   ཆོས་སྐུ་བདེ་བ་ཆེན་པོའི་ཀློང་དུ་གཤེགས་ནས་ལོ་འཁོར”༧༦༧”ལོན་པའི་དུས་ཚེས་འདི་དང་བསྟུན་ནས་ཁ་བ་གངས་ཅན་པའི་ཆོས་དང་རིག་གཞུང་ལ་ཤ་ཚ་ཞིང་སྙིང་ཉེ་བ་དང་། གངས་དཀར་པོའི་ཕ་གཞས་ལ་ཕྱིར་མིག་འཁྲེང་མཁན་ཞིག་ཡིན་ཕྱིན།  རྗེ་ཉིད་ཀྱི་རྗེས་དྲན་གྱི་གདོང་ཡུས་རབ་ཏུ་འཁོར་བ་ནི་ཉུང་ཉུང་ཞིག་ག་ལ་ཡིན་འོས།  སྤྱིར་ན་ང་ཚོའི་གཤིས་ལུགས་དང་གོམས་སྲོལ་ཞིག་གི་བག་ཆགས་རབ་ཏུ་མཐུག་པའི་རྐྱེན་གྱིས་སྐྱེས་ཆེན་སུ་ཞིག་གི་ཞལ་འཛུམ་གྱི་དྲོད་མདངས་མ་ཡལ་བའི་སྐབས།  བཀའ་དྲིན་དང་ཐུགས་རྗེའི་འཕྲིན་ལས་མི་ཚོར་ཞིང་། མཛད་འཕྲིན་དང་ལག་རྗེས་ཀྱི་ཁ་ངོ་མི་རིག་པར་དམ་པ་གང་ཉིད་འཇིག་རྟེན་དང་ཞལ་གྱེས་ཏེ་ཤེས་རབས་ཀྱི་སྣང་བ་གངས་དཀར་པོའི་རི་རྒྱབ་ཏུ་ཡིབ་དུས་ངུ་འབོད་དང་གདུང་ཡས་ཀྱི་སྨྲེ་ངག་འདོན་ནས་མའི་རིགས་ཀྱི་རྐང་ལག་ཆད་སོང་རུབ་དང་མིག་ཞལ་སོང་ཟེར་ནས་འུར་ལངས་པ་ནི”ནོར་བུ་གཞན་ལ་ཤོར་དུས། སྙིང་རླུང་སྟོད་ལ་འཚང་ཡོང་།” གསུངས་པ་བཞིན་ཆོས་སྲིད་རིགས་གནས་ཀྱི་བཀའ་དྲིན་བསྐྱངས་བའི་བདེན་པ་མཐོང་བ་ཕྱི་སོང་བའི་གྱོང་གུད་ཅིག་ཅེས་ཅིང་ཡོད།  འོན་ཀྱང་བག་ཆགས་ནི་བག་ཆགས་རང་ཡིན་པས་གོམ་པ་མང་དྲགས་པས་སངས་མ་རྒྱས་ཀྱི་བར་ཏུ་སྤབས་མི་ཐུབ་པར་གསུངས་པས་ང་ཚོ་སོར་སྐྱེས་ཐ་མལ་བ་ཞིག་གིས་ཅིས་ཀྱང་སྤངས་ག་ལ་ཐུབ།  དེ་བས་བག་ཆགས་དེས་རྒྱུ་བྱས་ཏེ་རྗེ་ཉིད་ཀྱི་རྒྱབ་ནས་གདུང་ཡས་ཀྱི་སྨོན་ལམ་ཞིག་ཅེས་ཅིང་འདེབས་ན། མི་མང་པོ་ཞིག་གིས་རང་འདོད་ཉི་ཚེ་བ་རེ་འཁུར་ཡོང་ནས”བདག་ལ་ཤེས་རབས་རྩོལ་ཅིག”ཟེར་བ་དང”བདག་བདེ་ཆེན་ཞིང་དུ་དྲོངས་ཤིག”ཟེར་ནས་སེམས་སྡུག་མདོག་དང་ཡི་མུག་ཡོད་ཡོད་ཀྱིས་ཕྱག་རྒྱ་གདོང་ལ་བཙུག་ནས་རང་འདོན་སྐྱིད་པོ་རེ་འཚག་ནས་འདུག་པ་འདི་གཅིག་པུ་ལས།   དམ་པ་གང་གི་སྐུའི་བཀོད་པ་འཇིག་རྟེན་དང་ཞལ་གྱེས་སོང་ཡང་གསུང་གི་འཕྲིན་ལས་ཀྱི་འོད་སྣང་ད་རུང་བོད་ཁ་བ་ཅན་གྱི་གཙུག་ལག་ནོར་བུའི་དྲུང་དུ་བརྗིད་ཆགས་སྟོང་གི་ཕྱུག་ནས་ཡོད་པ་མ་ཚོར་བ་དང་།   རླབས་ཆེ་བའི་རྗེ་ཉིད་ཀྱི་འགྲོ་བ་མིའི་སེམས་ཁོངས་སུ་ལོ་ངོ་འབུམ་ཕྲག་མང་པོར་གསོན་ཐུབ་པའི་མཛད་འཕྲིན་གྱི་ལོ་རྒྱུས་ལྗིད་ཏིག་གེར་ཡོད་པ་དག་གི་ཚིག་སྣེ་ཙམ་ཡང་གླེང་མི་ཐུབ་པ་ནི་ང་ཚོ་ཕྱི་རབས་པ་ཚོའི་ངོ་ཚ་དང་། བོད་ཀྱི་ཡོན་ཏན་པ་ཚོ་ངོ་གནོང་དགོས་པའི་གནས་ཤིག་མ་ཡིན་ཨང་།    མིའི་རིགས་ཀྱི་སྐྱེས་ཆེན་རེ་རེའི་མི་ཚེའི་ལམ་འཕྲང་ལ་ཕྱིར་གཟིགས་བྱས་ཤིང་། འཕྲིན་ལས་ཀྱི་ངོ་གདོང་ལ་ཕྱི་དྲན་བྱེད་པ་ནི་དོན་གྱིས་མི་རིགས་གང་ཞིག་གི་བླ་ཚེ་སྲོག་གསུམ་གྱི་དར་གུད་ཀྱི་འབྱུང་རིམས་ལ་བློ་སྦྱོང་དང་བགྲོད་འགྱུར་གྱི་ལམ་ཐག་ལ་བསམ་གཞིག་གཏོང་བ་དང་ཀུན་དུ་མཚུངས།

 

     བོད་ཀྱི་པཎྜི་ཏ་ཐོག་མ།

 

བདག་གིས་བཤད་འདོད་པ་ནི། དུས་རབས་ཀྱིས་དུས་རབས་དེད་དེ་དུས་རབས་ཉེར་གཅིག་གི་སྒོ་འཕེལ་ཡངས་པོར་ཕྱེས་ནས་དེ་རིང་གི་ཉི་མ་འདིར་ཐོན་དུས།  ང་ཚོས་ལོ་རེའི”ཟླ་བཅུ་གཅིག་གི་ཚེས་བཅུ་བཞི”ཉིན་ས་སྐྱ་པཎྜི་ཏའི་དགོངས་རྫོགས་ཀྱི་དུས་མཆོད་ལ་ཁེལ་ནས་གསོལ་འདེབས་ཀྱི་རྗེས་དྲན་བྱེད་ཀྱི་ཡོད་སྟབས། རྗེ་ཉིད་ཀྱིས་ཐུགས་རྗེས་ལེགས་པར་བསྐྱངས་ཏེ་བོད་གངས་ཅན་གྱི་རྗེས་རབས་པ་ཚོར་ཕུལ་བའི་ནོར་བུའི་ནོར་ངོ་ཤེས་སུ་བཅུག་སྟེ།  ཤུལ་བཞག་རིགས་གནས་ཀྱི་འཕྲིན་ལས་ཆེ་རུ་གཏང་དགོས་ཟེར་ནས་གླེང་གིན་ཡོད། མི་རབས་འབུམ་ཕྲག་དུ་མའི་བར་དུ་གསོན་ཐུབ་པའི་རླབས་ཆེ་བའི་མཛད་རྒྱས་དག་ལ་ཕྱི་དྲན་བྱས་ནས་བཀའ་དྲིན་གྱི་ནང་སྙིང་རྟོགས་དགོས་ཟེར་ནས་བསྙད་ཀྱིན་ཡོད།     འདི་ནི་རྒྱུ་འབྱོར་གྱིས་རྒྱུས་སྤྲོས་རྒྱ་ཆེན་བཤམས་ནས་ཚོགས་མཆོད་ཀྱིས་རྗེས་དྲན་བྱ་ཚུལ་ཞིག་མ་ཡིན་ཡང་། རྗེས་ཉིད་ཀྱི་འཕྲིན་ལས་ཀྱི་རྒྱ་མཚོ་ཆེན་པོར་བློ་མིག་ཡངས་པོར་འཕབས་ནས།  བདེན་དོན་གྱི་གཏིང་ཚད་ལ་བློ་སྦྱོང་བའི་ཕྱི་གཙང་ནང་གཙང་གི་རྗེས་དྲན་བྱ་ཚུལ་ཞིག་ཡིན་ནོ། །འཇམ་མགོན་བླ་མ་ཀུན་དགའ་རྒྱལ་མཚན་ནི་རྒྱ་བོད་ཀྱི་མཁས་གྲུབ་དུ་མ་སློབ་དཔོན་དུ་བསྟེན་ནས་ཕྱི་ནང་གི་གཞུང་ལུགས་མཐའ་དག་ཐུགས་སུ་ཆུད་དེ་འགྲན་ཟླ་བྲལ་བའི་བོད་ཀྱི་མཁས་པའི་ཡང་རྩེར་སོན་པ་ཞིག་ཡིན་པ་ནི་རྗེ་ཉིད་ཀྱི་བརྩམས་ཆོས། “ང་བརྒྱད་མ་ལས།”སྒྲ་པ་ང་ཡིན་རྟོག་གེ་བ་ང་སྨྲ་བ་ངན་འཇོམས་ང་འདྲ་མེད། སྡེབ་སྦྱོར་ང་མཁས་སྙན་ངག་ང་ཉིད་མངོན་བརྗོད་འཆད་ལ་འགྲན་མེད་ང་། སྡེབ་སྦྱོར་ངས་ཤེས་ཕྱི་ནང་ཀུན་རིག་རྣམ་དཔྱོད་བློ་གྲོས་མཚུངས་མེད་ང་། དེ་འདྲ་གང་ཡིན་ས་སྐྱ་པ་སྟེ་མཁས་པ་གཞན་དག་གཟུགས་བརྙན་བཞིན། ཞེས་རང་བཞིན་དྲང་པོར་བརྗོད་པ་ལས་ཤེས་ཐུབ་ལ།  སྐབས་དེ་དུས་རྒྱ་ཆོས་བོད་དུ་བསྒྱུར་ཏེ་འཆད་ཉན་གྱི་མཛད་པ་རབ་ཏུ་རྒྱས་ནའང་།  བོད་ཆོས་རྒྱ་ལ་བསྒྱུར་ཏེ་འཕགས་ཡུལ་གྱི་པཎ་གྲུབ་དག་གིས་འཆད་ཉན་གྱི་འཕྲིན་ལས་ཤིན་ཏུ་དར་བར་བྱས་པ་ནི། རྗེ་ཉིད་ཀྱི་ཤེས་རབས་ཀྱི་ཕུད་ལས་འཁྲུངས་བའི་གཞུང་ལུགས”ཚད་མ་རིག་གཏེར”འདི་ཁོ་ན་ཡིན་ཏེ། བདེན་དོན་དང་དྲང་གཏམ་ཆུ་ལ་མི་སྐུར་ཞིང་འུར་འདྲོགས་དང་གཡམ་རྒྱུག་ལ་མི་དགའ་བའི་འཕགས་ཡུལ་གྱི་མཁས་གྲུབ་དག་གིས།  བདེན་རྫུན་གྱིས་ར་བདར་ཞིང་དགག་སྒྲུབ་གྱི་སྤར་འཐབ་ནས་དཔྱད་ཞིབ་བྱས་ཏེ།  ལེགས་སོ་ལེགས་སོ་ལེགས་པར་གསུངས་སོ་ཟེར་ནས་དཔལ་ན་ལེནྡྲའི་ཆོས་གྲྭ་ཆེན་མོར་འཆད་ཉན་གྱི་སྒོ་མོ་རྒྱ་ཆེར་ཕྱེས་ཏེ”བོད་ཀྱི་པཎྜིཏ་ཐོག་མ”ཞེས་སྙན་པའི་གྲགས་པ་དབུས་འགྱུར་རྡོ་རྗེ་གདན་གྱི་མཛེས་རྒྱན་དུ་སྤུད་ཅིང་སྒོ་ཤིང་གིས་ངོས་སུ་རྗེ་ཉིད་ཀྱི་གསོལ་འདེབས”ཤེས་བྱ་མ”གསལ་བོར་བྲིས་ཏེ་རྩོད་པའི་སྒྲགས་ཡིག་ཏུ་སྤེལ་སྐབས་མི་རྟག་འཕྲོག་བྱེད་དགའ་བོ་སོགས་ཕྱི་རོལ་བའི་སྟོན་བ་སྡེ་དྲུག་ཁ་བ་གངས་ཀྱི་ཡུལ་དུ་ལོག་སྟེ་ས་སྐྱ་པཎྜིཏ་དང་མཇལ་འཕྲད་གནངས་ཤིང་རྒྱལ་ཕམ་གྱི་རྩོད་འབྱེད་དྲག་པོ་བྱས་ཤིང་།  རྗེ་ཉིད་ཀྱི་བདེན་དོན་གྱི་ཁུ་ཚུར་ལ་ཤེས་རབས་ཀྱི་སོར་མོས་རྒྱབ་བརྟན་ནས་ལོག་རྟོག་གི་རྩ་བ་བཅད་ཀྱང་། དེ་དག་གི་རལ་བའི་ཁུར་བྲག་ནས་དཔལ་ས་སྐྱའི་ཙུག་ལགས་ཁང་གི་ཀ་རྒྱན་བྱས་ཏེ་བསྟན་པའི་སྒོར་གཞུག་པར་མཛད་པ་ནི་ལོ་རྒྱུས་ཀྱི་ཡིག་ཚང་དག་ཏུ་གསལ་བར་འཁོད་ཡོད་མ་ཡིན་ནམ།  “རྒྱལ་བ་ཚངས་དབྱངས་རྒྱ་མཚོས”མཛད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས། མཁས་པ་དང་གྲུབ་པའི་བླ་མ་དུ་མ་བསྟེན་ཏེ་བཟོ་རིག་པ། གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། ནང་དོན་རིག་པ་སྟེ་ཆེ་བ་ལྔ་དང་། སྙན་དངགས། མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་སོགས་མདོར་ན་རིག་པའི་གནས་མཐའ་དག་ལ་མཁས་པར་སྦྱངས་ཤིང་ས་སྐྱ་པཎྜིཏ་ཞེས་སྙན་པའི་གྲགས་པ་དབུས་འགྱུར་རྡོ་རྗེ་གདན་གྱི་མཛེས་རྒྱན་དུ་སྤུད་དོ་ཞེས་གསུངས་པ་འདིས་ཀྱང་གསལ་བོ་ཤེས་རྟོགས་བྱུང་ཐུབ་བོ། ། དེའང་སྐབས་དེ་དུས་འཕྲོག་བྱེད་དགའ་བོ་སོགས་སྟོན་པ་སྡེ་དྲུག་གི་ཤེས་རབས་ཀྱི་གཟི་ཁར་འགྲན་ལངས་བྱེད་མ་ཕོད་པར་བོད་ཀྱི་མཁས་པ་མང་པོ་ཞིག་རི་སྟོང་ཉུལ་ནས་བྲོས་སོང་བ་དང་བཀའ་རྒྱུད་པ་སོགས་འགའ་ཞིག་གིས་རྗེ་ཉིད་ལ་བཟོད་མེད་ཀྱི་ཆེར་སྔགས་བརྗོད་པ་སོགས་བོད་ཆེན་པོའི་ཡུལ་ལུང་དག་ཏུ་འདར་ཡོམ་ཡོམ་ཞིག་བྱས་ཡོད་པ་དབྱངས་ཅན་དགྱེ་གླུ་ལས་གསལ་བར་འབྱུང་བས་འདིར་མ་བཀོད་དོ། །

     བོད་འདིར་རིག་གནས་བཅུ་ཡི་སྲོལ་འབྱེད་ཀྱི་ཐོག་མ།

 

ལྟོས་འཇོག་གིས་བཤད་ན་རྗེ་ཉིད་ཀྱི་མཁྱེན་དཔྱོད་ཀྱི་ཉི་འོད་གངས་དཀར་པོའི་ལ་ཐོག་ཏུ་མ་འཆར་གོང་དུ།  མཛངས་མི་མི་བདུན་སོགས་ཀྱིས་གཙོ་བྱས་ཏེ་བོད་ཀྱི་སྐྱེས་ཆེན་གང་མང་ཞིག་གི་བཀའ་དྲིན་དང་ཐུགས་རྗེ་ལས་བྱུང་བའི་ཆོས་དང་རིག་གཞུང་གི་འཆད་ཉན་གྱི་མཛད་པ་ཆེས་དར་ནའང་། བཟོ་རིག་པ། གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། ནང་དོན་རིག་པ་སྟེ་རིག་གནས་ཆེ་བ་ལྔ་དང་། སྙན་དངགས། མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་ཏེ་རིག་གནས་ཆུང་བ་ལྔ་སྟེ། རིགས་གནས་བཅུ་ཡི་མ་ལག་ཆ་ཚང་བ་ཞིག་གི་འཕྲིན་ལས་ཀྱི་འཆད་ཉན་ནི་ད་རུང་བོད་ཀྱི་ཡུལ་ལུང་དག་ཏུ་གཏན་ནས་དར་མྱོང་མེད།  འོན་ཀྱང་བོད་མི་རིགས་ཀྱི་སྤྱི་མཐུན་གྱི་བསོད་ནམས་ལས་བྱོན་པའི་པཎྜིཏ་ཀུན་དགའ་རྒྱལ་མཚན་གྱི་མཁྱེན་དཔྱོད་དང་ཤེས་རབ་ཀྱི་རྒྱུད་ཚད་རི་བོ་ཧི་མ་ལའི་དགུ་ཚིགས་དང་མཉམ་ཞིང་།   གཞན་ཕན་དང་བརྩེ་ཆེན་གྱི་འོ་མཚོ་བསྲུབས་པ་ལས་བྱུང་བའི་འཕྲིན་ལས་ཀྱི་བསོད་ནམས་ཀྱི་སྙིང་ཁུ་རབ་ཏུ་སྨིན་ཏེ།  བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་རིགས་གནས་བཅུ་ཡི་སྲོལ་འབྱེད་ཀྱི་སྒོ་མོ་ཐོག་མ་ཕྱེས་ཏེ་རྒྱ་གར་འཕགས་པའི་ཡུལ་དང་འདྲ་བར་རིག་གནས་བཅུ་ཡི་འཆད་ཉན་རྒྱ་ཆེར་སྤེལ་ནས།  རྒྱལ་ཁབས་དང་མི་རིགས་གཞན་དག་སུ་ལའང་འགྲན་བཟོད་པའི་རིག་གཞུང་ཆ་ཚང་གི་མཛད་པ་ས་ཁྱབ་རྡོ་ཁྱབ་ཏུ་བཏང་བའི་བཀའ་དྲིན་ཡང་ཡང་བསྐྱངས་བ་ཞིག་ཅི་ལ་མིན་ཏེ”དཔལ་ཁང་ལོ་ཙྭ་བའི་ཞལ་ནས”རིན་ཐང་ཆེ་བའི་ནོར་བུ་རིག་གནས་བཅུ། ཁྱེད་བློའི་རྡོ་རྗེས་ཡང་དག་མ་ཕུག་པར། གཞན་རིག་སྲད་བུས་འཇུག་པ་ཕོད་མིན་ན། བློ་གསལ་མགྲིན་པའི་རྒྱན་དུ་རྔོ་གར་ཐོགས། དེ་སླད་འདི་ན་ཐ་སྙད་ཤིང་རྟའི་སྲོལ། ཐོག་མར་འབྱེད་ལ་སྟོན་པ་གཉིས་པ་ཞེས” གསུངས་ཏེ་བཀའ་དྲིན་གྱི་སྟོད་བསྔགས་བྱས་པ་དང”རྒྱལ་དབང་ལྔ་བས་ཞལ་ནས”བོད་འདིར་གནས་ལྔ་རིག་པའི་སྲོལ་འབྱུང་བ་རྗེ་འདི་ཉིད་ཀྱི་བཀའ་དྲིན་ཡིན”ཞེས་བསྔགས་བརྗོད་གནང་བ་དང་བོད་ཀྱི་ལོ་རྒྱུས་ཀྱི་དཔེ་ཆ་གང་མང་ཞིག་གི་ནང་དུའང”ཐ་སྙན་རིག་པའི་གནས་ལྔར་གྲགས་པ་རྣམས། ས་སྐྱ་པཎ་ཆེན་ཡན་ལ་མ་དར་ཞིང་། ཐར་ལོ་ཡན་ལ་སྒྲ་མདོ་འགྱུར་བ་མེད།”ཞེས་དྲངས་ཏེ་ཡང་ཡང་གསུངས་བའི་དོན་ལ་ནན་གྱིས་གཟིགས་ན་ཤེས་རྟོགས་དང་ངེས་ཤེས་ཀྱི་བདེན་པ་རབ་ཏུ་འཕྲོད་ཐུབ་ནའང་།   ཕྱོགས་ཞེན་དང་གྲུབ་མཐའི་འཐེན་ཆེར་གྱི་ཆུ་རྒྱུན་རིང་མོ་དེའི་མཇུག་རྔ་ད་རུང་ཆད་མེད་པ་དང་ཕྲག་དོག་དང་ང་རྒྱལ་གྱི་ཚ་རླབས་རབ་ཏུ་འཕྱུར་བའི་དུས་རབས་ཉེར་གཅིག་གི་སྒར་གཞུངས་འདི་ནས་ཅེས་ཀྱང་ཕྱོགས་འཐེན་གྱི་སྐད་ཆ་གང་མ་ཞིག་དངོས་ཤུགས་རྒྱུད་གསུམ་ནས་ཚོར་རྒྱུ་མང་ཨང་།  འདི་ནི་དམ་པ་གང་གི་རུས་རྐང་དུ་ཟུག་པའི་བརྩེ་ཆེན་གྱི་མར་ལོ་རྡོག་རྫས་བྱས་པ་དང་རྗེ་ཉིད་ཀྱིས་འགྲོ་བ་མིའི་སེམས་ངོས་སུ་བཞག་པའི་ཤེས་རིགས་ཀྱི་འོད་སྣང་དག་བཙན་གྱིས་སུབ་པ་མ་ཡིན་ནམ།

 

     བོད་མི་རིགས་ཀྱི་ཚེ་སྲོག་རྒྱལ་ཁབ་གཞན་གྱི་ར་གྲིའི་སོ་ཁ་ནས་བླངས་བའི་རླབས་ཆེན་གྱི་སྐྱེས་བུ་ཐོག་མ།

 

ཡང་སྙིང་གླེང་འདོན་པ་ནི།   སྤྱི་ལོ”༡༢༣༩”ལོར་ཧོང་ཇིང་གིར་རྒྱལ་བོའི་གདུང་རྒྱུད་དང་།  སེ་ཆེན་གོ་དན་གྱི་དམག་དཔོན་ཆེན་མོ”དོར་རྟ་ནག་པོ”ས་གཙོ་བྱས་ཏེ་ཧོར་དམག་ཁྲི་མ་འབུམ་གྱི་རྟ་ཁ་བོད་དུ་བསྒྱུར་ནས་། བོད་མི་མཐོང་ཚད་བསད་པ་དང་། འདུ་ཁང་མེར་བསྲེགས།   རྒྱུ་ནོར་ཡོད་ཚད་འཕྲོག་བཅོམ་བྱས་ཤིང་།  དབུས་གཙང་ཆོས་ཀྱི་ཞིང་ནས་འཕན་པོ་རྒྱལ་གྱི་ལྷ་ཁང་མེར་བསྲེགས་ཏེ་དགེ་འདུན་པ་ལྔ་རྒྱའི་ཚེ་སྲོག་གི་རྟ་རྔ་ཧོང་དམག་གི་ར་གྲིའི་སོའི་ཁ་རུ་ཤོར་ནས།  བོད་མི་རིགས་ཀྱི་བླ་ཚེ་སྲོག་གསུམ་གྱི་མགོ་སྐེ་བྲེག་ལ་ཉེ་ཞིང་བོད་ཅེས་པའི་མིང་ཙམ་ལས་ལྷག་པ་མེད་པར་རང་ས་གཞན་ལག་ཏུ་འཆོར་ལ་ཉེ་བའི་སྐབས།   ས་སྐྱ་པཎྜིཏ་ཞེས་དགོང་ལོ”༦༣”ལ་ཐོན་པའི་དགེ་སློང་བགྲེས་པོ་ཞིག་གི་སྐུ་ངལ་ཁྱད་དུ་བསད་ནས་མི་རིགས་དང་ཆོས་ལུགས་ཀྱི་ངར་བ་དང་དུ་བླངས་བའི་སྙིང་སྟོབས་ཀྱི་གངས་རི་མཇལ་མི་འདོད་དམ།  དྲགས་པོའི་དམང་དཔུང་གི་ཤུགས་ལ་བརྟེན་ནས་ཚེ་སྲོག་གི་འཁོར་ལོ་མ་སྐོར་བར། སྐབས་བསྟུན་དང་ཐབས་ཤེས་ཀྱི་སྤྱན་མིག་ཡངས་པོས།  བོད་གངས་ཅན་གྱི་ཚེ་སྲོག་གི་རྟ་རྔ་རྒྱལ་ཁབ་གཞན་གྱི་ར་གྲིའི་སོ་ཁ་ནས་བླངས་ཏེ་བོད་མི་རིགས་ལ་འཚེ་མེད་ཞི་བའི་འཚོ་བ་ཞིག་ངང་གིས་བརྩལ་མཁན་གྱི་ཐོག་མ་ནི་༧འཇམ་མགོན་བླ་མ་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་མཆོག་གཅིག་པུར་ཆག་ཡོད་པ་མ་ཡིན་ཨང་།  ཁ་ཤས་ཀྱི་སེམས་སུ་འདི་ནི་འཐེན་ཆེར་གྱི་ཆིག་ལབ་ཙམ་ལས་བདེན་པ་དོན་ཁེལ་གྱི་སྐད་ཆ་ཞིག་གཏན་དུ་མ་ཡིན་ཏེ།  རྒྱལ་བོ་སྲུང་བཙན་སྒམ་པོ་སོགས་བོད་བཙན་པོའི་རྒྱལ་རབས་རིམས་བྱོན་གྱི་མཛད་རྒྱས་ལ་བློ་མིག་འཕངས་མེད་པ་འདྲ་ཟེར་ནས་གླེང་སྲིད་མོད།  སྙིང་ཉེ་བའི་ང་ཡི་མི་རབས་ལགས། དེ་ནི་གཏན་ནས་མ་ཡིན་ཏེ་འུ་ཚོས་རྒྱལ་རབས་རིམས་བྱོན་གྱི་མཛད་རྒྱས་ལ་ཞིབ་ཀྱིས་གཟིགས་དང་། རྒྱལ་པོ་སུ་ཞིག་གིས་བོད་མི་རིགས་ཀྱི་ཚེ་སྲོག་གི་སྙིང་ཁ་གཞན་ལག་ཏུ་འཆོར་ལ་ཉེ་བའི་སྐབས། དམག་དཔུང་གི་ཤུགས་ལ་མ་བརྟེན་པར་ཐབས་ཇུས་ཀྱི་བློ་མིག་ཡང་པོས་གཞན་ལག་ནས་བླངས་མྱོང་། ཡང་ན་དམག་དཔུང་གི་སྒུལ་ཤུགས་དྲགས་པོ་ལ་བརྟེན་ནས་བོད་མི་རིགས་ཀྱི་ཚེ་སྲོག་གཞན་ལག་ནས་ཚུར་བླངས་མྱོང་།   དེ་ནི་མྱོང་མེད་དེ།  རྒྱལ་བོ་སྲོང་བཙན་སྒམ་པོས་སུམ་གཉིས་ས་ཡི་དཀྱིལ་འཁོར་དབང་དུ་མ་བསྡུས་བའི་སྐབས། བོད་མི་རིགས་ཀྱི་རྒྱ་ཆོན་དེ་ཙམ་མི་ཆེ་ཡང་།  བོད་ལ་ཧོར་དམག་འོང་བ་ལྟ་བའི་ཚེ་སྲོག་གི་ཆག་འཇིག་མེད་པ་མ་ཡིན་ནམ། སུམ་གཉིས་ས་ཡི་དཀྱིལ་འཁོར་དབང་དུ་བསྡུ་བའི་དུས་དེ་ནས་བཟུང་བོད་སིལ་བུར་འཐོར་བའི་སྐབས་ལ་མ་ཐུག་བར།  བོད་མི་རིགས་ཀྱི་བླ་ཚེ་སྲོག་གསུམ་ལ་ཧོར་ཇིང་གིར་རྒྱལ་པོའི་དམག་དཔུང་གི་འཚེ་བ་བྱས་བའི་ཉེན་ཁ་ཞིག་གཏན་ནས་འཁོར་མྱོང་མེད།   དེ་ནས་བོད་སིལ་བུར་འཐོར་ཏེ་མདོ་དབུས་ཁམས་ཀྱི་ཡུལ་ལུང་སོ་སོར་ནས་རང་ཁ་རང་གསོ་བྱས་ནས་འདུག་པའི་སྐབས། གོང་དུ་ཞུས་པ་བཞིན་ཧོར་དམག་གི་འཇིག་པ་རྒྱ་ཆེར་ཐེབས་ཏེ། རྒྱལ་པོ་གོ་དན་གྱིས་གདན་ཞུ་ནན་གྱིས་ཕུལ་བས་ཆོས་རྗེ་བླ་མ་ས་སྐྱ་པཎ་ཆེན་གྱིས་གངས་ལྗོངས་བསྟན་སྲིད་གཉིས་དང་འགྲོ་བའི་དོན་དུ། སྐུ་ན་ཆུང་བའི་འགྲོ་མགོན་འཕགས་པ་དང་ཕྱག་ན་རྡོ་རྗེ་གཉིས་ཁྲིད་དེ་རྟ་དྲེལ་དང་རྔ་མོང་གི་བགྲོད་པ་དལ་བུ་ལ་བརྟེན་ནས་ལེ་དབར་སྟོང་ཕྲག་དུ་མའི་ལམ་ཐག་བཅད་དེ། བྱང་ཕྱོགས་ཧོར་རྒྱལ་བོའི་རྒྱལ་ས་ལིང་ཇུར(དེང་སང་ཀན་སུའུ་ཞིང་ཆེན་ཝུ་ཝེ་ས་ཁུལ་གྱི་འགུ་ཚང་གྲོང་བརྡལ)ཏུ་ཕེབས་ཤིང་། ཧོར་ཡུལ་ནས་མཛད་པ་རྒྱ་ཆེར་སྤེལ་ཏེ་ཕ་ཡུལ་གངས་ལྗོངས་ལ་འཚེ་མེད་བདེ་སྐྱིད་ཀྱི་འཚོ་བ་ཞིག་སྟེར་ཡོད་པ་རྗེ་ཉིད་ཀྱིས”བོད་དབུས་གཙང་མངའ་རིས་དང་བཅས་པའི་དགེ་བའི་བཤེས་གཉེན་ཡོན་མཆོད་རྣམས་ལ་སྤྲིངས་པའི་ཡི་གེ”དེར་གཟིགས་ན་ཤེས་རྟོགས་བྱུང་ཐུབ་བོ། །

 

     མཇུག་གི་སྐད།

 

འདོར་ན་བོད་གངས་ཅན་གྱི་ལྗོངས་སུ་རྒྱལ་བའི་བཀའ་བསྡུ་བཞི་བ་ཐོག་མར་བྱེད་མཁན་ས་སྐྱ་པཎ་ཆེན་ཡིན་པ་དང་། འཛམ་གླིང་ཆེ་དགུས་ཞབས་ལ་གཏུགས་པའི་བོད་ཀྱི་སྐྱེས་ཆེན་ཐོག་མའང་རྗེ་ཉིད་ཡིན་པ་སོགས་གདུལ་བྱ་མཐུན་མོང་དང་མཐུན་མིག་གྱི་ཡོན་ཏན་འགྲན་ཟླ་བྲལ་བ་སོགས་རབ་ཏུ་མང་བའི་ཕྱོགས་ནས་རྗེ་ཉིད་རྗེས་སུ་དྲན་ཐུབ་ཀྱང་།  གནས་སྐབས་དེ་ཙམ་གྱིས་ཆོག་པའི་ངལ་གསོ་བར་བྱའོ།     དམིགས་གསལ་གྱི་དུས་ཚིག་འདིར་དམིགས་གསལ་གཅིག་བཤད་འདོད་པ་ནི་ང་ཚོས་རྗེ་ཉིད་ཀྱི་གསུངས་རབས་ཀྱི་དོན་ལ་འཆད་ཉན་གྱི་འཇུག་སྒོ་ཆད་མི་རུང་ཞིང་། རྗེ་ཉིད་ཀྱིས་འགྲོ་བ་མའི་སེམས་ངོས་སུ་བྲིས་པའི་རླབས་ཆེ་པའི་མཛད་རྒྱས་དག་སྦ་གསང་མེད་པར་ཅེས་ཅིང་གླེང་ཐུབ་དགོས་ཟེར་ནས་སྐད་མཐོན་པོས་ངང་འབོད་ཀྱི་ཡོད་དོ། །

ཞེས་རྗེ་ཉིད་ལ་མི་ཕྱེད་པའི་དད་པ་ཅན།  མདོ་ཁམས་རྫ་ཆུ་ཁ་བྱང་འབྲོག་སྡེ་ཉེར་ལྔའི་ནང་ཚན་ཆེ་ཡུལ་སྡེ་བའི་མཆོད་གནས་དཔལ་ས་སྐྱའི་ཆོས་གྲྭ་མདོ་ཁམས་གླང་ཡག་དགོན་གྱི་གྲྭ་མཐར་གཏོགས་པ།   ཨ་བོས་ངག་དབང་རྒྱ་མཚོ་འམ་སྨྱུག་མིང་ལ་བ་དན་སེར་པོ་ཞེས་འབོད་པ་དེས་རྫོང་སར་སློབ་གླིང་ནས་བྲིས་པ་དགེ་ལེགས་འཕེལ།

 

བརྒྱུད་སྐུལ།

མཆན་སྤེལ།