རྒྱལ་ཚབ་དར་མ་རིན་ཆེན།

རྒྱལ་ཚབ་དར་མ་རིན་ཆེན།

རྒྱལ་ཚབ་དར་མ་རིན་ཆེན།

དུང་དཀར་བློ་བཟང་འཕྲིན་ལས།

༄༅། །རྒྱལ་ཚབ་དར་མ་རིན་ཆེན། དགའ་ལྡན་ཁྲི་ཐོག་གཉིས་པ་ཐམས་ཅད་མཁྱེན་པ་དར་མ་རིན་ཆེན་མཆོག་ནི་རབ་བྱུང་དྲུག་པའི་ཤིང་འབྲུག་(༡༣༦༤)ལོར་ཡབ་བློན་པའོ་རྦའི་རིགས་རྒྱུད་རྟ་དཔོན་པ་དང་། ཡུམ་ཇོ་མོ་ཤེས་རབ་མ་གཉིས་ཀྱི་སྲས་སུ་གཙང་ཉང་སྟོད་ཀྱི་ཡུལ་དུ་འཁྲུངས། དགུང་ལོ་བཅུ་བར་གནས་རྙིང་དུ་མཁན་ཆེན་རིན་ཆེན་རྒྱལ་མཚན་གྱི་དྲུང་དུ་རབ་ཏུ་བྱུང་། མཚན་དར་མ་རིན་ཆེན་གསོལ། དེ་ནས་སློབ་དཔོན་དཔལ་མགོན་པོའི་དྲུང་དུ་ཡི་གེ་འབྲི་ཀློག་ཕུལ་དུ་ཕྱིན་པར་བསླབས། བཀའ་བཞི་བ་རིན་ཆེན་རྡོ་རྗེདང་། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་སོགས་མཔས་ཆེན་དུ་མ་སྤྱི་བོར་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། ལྷག་པར་དུ་རྗེ་བཙུན་རེད་མདའ་བ་ལས་ཕར་ཕྱིན་དང་། ཚད་མ། འདུལ་བ། མངོན་པ། དབུ་མ་སོགས་མདོ་ཕྱོགས་ཀྱི་གཞུང་རྣམས་དང་། གསང་འདུས་སོགས་གསང་སྔགས་ཀྱི་གཞུང་ཕལ་ཆེ་བ་གསན་སྦྱོང་གནང་སྟེ་རེད་མདའ་བའི་ཐུགས་སྲས་རབ་འབྱམས་པ་བདུན་གྱི་ནང་ཚན་རྩོལ་བཟང་མཆོག་གྱུར་གྱི་མཚན་ཡང་ཐོགས། དེ་ནས་ས་སྐྱ་དང་། གསང་ཕུ། རྩེད་ཐང་བཅས་སུ་པུ་ཏི་དཀའ་བ་བཅུའི་གྲྭ་སྐོར་གནང་། རོང་སྟོན་ཤཱཀྱ་རྒྱལ་མཚན་དང་མཁན་ཆེན་གཡག་པ་སོགས་ས་སྐྱའི་མཁན་ཆེན་རྣམས་དང་རྩོད་གླེང་ལེགས་པར་མཛད་དེ་མཁས་པའི་གྲགས་པ་ཐོབ་ནས་དཀའ་བཅུ་བའི་མཚན་རྟགས་བཞེས། བོད་ལ་དཀའ་བཅུ་བ་ཞེས་པའི་མཚན་ཡང་ཐོག་མར་འདི་ནས་བྱུང་བར་གྲགས། དགུང་ལོ་ཉེར་ལྔ་པ་ལ་བསྙེན་པར་རྫོགས། དེ་ནས་དབུས་ཕྱོགས་ཀྱི་གྲྭ་ས་རྣམས་སུ་གྲྭ་སྐོར་མཛད། འཇམ་མགོན་བླ་མའི་གྲགས་པ་གསན་པས་རྩོད་པ་མཛད་པར་གཉལ་གྱི་ར་གྲོང་དུ་བྱོན་པས་རྗེ་བདག་ཉིད་ཆེན་པོའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་ཤིན་ཏུ་དད་དེ་སློབ་མའི་གཙོ་བོར་གྱུར། ལོ་བཅུ་གཉིས་ཀྱི་བར་དུ་རྗེ་རིན་པོ་ཆེའི་ཞབས་ཕྱིར་རྒྱུན་མཐུད་ནས་དགའ་ལྡན་གསར་བཞེངས་ཀྱི་མཁར་ལས་ཀྱང་བསྒྲུབས། རྗེའི་ཆོས་གསུངས་ཚད་གསན། གསན་ཚད་བཟུང་། བཟུང་ཚད་བརྗེད་དུ་མ་བཅུག་པར་མདོ་སྔགས་མཐའ་དག་ལ་ཐོགས་པ་མེད་པའི་མཁྲེན་པས་མཁས་པ་རྣམས་ལེགས་བཤད་ཀྱིས་ཡིད་འཕྲོག་པར་མཛད་ཅིང་། རྗེ་ཙོང་ཁ་པ་ཞིང་གཞན་དུ་གཤེགས་ཁར་རྗེ་འདི་ལ་དབུ་པཎ་དང་སྐུ་བེར་གནང་སྟེ་གདན་སར་བཞུགས་པར་དོན་གྱིས་གོ་བར་མཛད་པ་བཞིན་འདུལ་བ་འཛིན་པ་དང་གནས་བརྟན་རིན་ཆེན་རྒྱལ་མཚན་སོགས་བུ་སློབ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་བཏབ་པས།དགུང་ལོ་ང་དྲུག་པ་རབ་བྱུང་བདུན་པའི་ས་ཕག་ (༡༤༡༩)ལོར་རྗེ་ཐམས་ཅད་མཁྱེན་པ་ཞིང་གཞན་དུ་གཤེགས་པ་དང་རྗེ་འདི་དགའ་ལྡན་གསེར་ཁྲིར་ཕེབས་ཏེ་ཁྲི་པའི་གདན་རབས་གཉིས་པར་གྱུར་ཅིང་། རྒྱལ་ཚབ་ཅེས་པའི་མཚན་ཐོབ། ཁྲི་ཐོག་ཏུ་ལོ་ངོ་བཅུ་གསུམ་བཞུགས་རིང་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་རྒྱ་ཆེར་སྤེལ། རྗེ་བདག་ཉིད་ཆེན་པོའི་རྣམ་ཐར་བཞིན་དུ་འདུལ་བའི་འཆད་ཉན་དང་། གཞི་གསུམ་གྱི་ཕྱག་ལེན་སོགས་རྣམ་པར་དག་པ་དང། གསང་སྔགས་སྤྱི་དང་ཁྱད་པར་དུ་གསང་བདེ་དུས་འཁོར་ཀྱེ་རྡོར་འཇིགས་བྱེད་རྣམས་ཀྱི་རྒྱུད་ཀྱི་བཤད་པ་རིམ་གཉིས་ཀྱི་ཁྲིད་སོགས་མདོར་ན་བོད་སྔ་མ་རྣམས་ཀྱི་བློའི་སྤྱོད་ཡུལ་དུ་མ་གྱུར་པའི་རྗེ་བླ་མའི་ལེགས་པར་བཤས་པ་མཐའ་དག་རང་གི་ཉམས་མྱོང་དང་ལུང་རིགས་དྲི་མ་མེད་པས་འཆད་པར་མཛད་པས་རྗེའི་དངོས་སློབ་ཕལ་ཆེ་བ་དང་སྐལ་ལྡན་རྣམ་དཔྱོད་ཅན་མཐའ་དག་རང་དབང་མེད་པར་ཡིད་འཕྲོག་སྟེ་རྗེ་རིན་པོ་ཆེ་དང་ཁྱད་པར་མེད་པའི་གུས་འདུད་མཛད་པར་བརྟེན་ཕ་རྗེས་བུས་ཟིན་པ་རྗེའི་བཤད་སྒྲུབ་ཀྱི་བསྟན་པ་རྐང་ཚུགས་པར་གྱུར། དེ་ནས་དགུང་ལོ་རེ་བརྒྱད་ལ་ཕེབས་པ་ལྕགས་ཕག་(༡༤༣༡) ལོར་མཁས་གྲུབ་དགེ་ལེགས་དཔལ་བཟང་དགའ་ལྡན་ཁྲི་ཐོག་གསུམ་པར་རང་གི་རྒྱལ་ཚབ་ཏུ་དབང་བསྐུར། དགུང་ལོ་རེ་དགུ་ལ་ཕེབས་པ་རབ་བྱུང་བདུན་པའི་ཆུ་བྱི་(༡༤༣༢) ལོའི་བོད་ཟླ་ལྔ་པར་རྩེ་པོ་ཏ་ལར་ཆོས་དབྱིངས་སུ་གཤེགས། གསུང་ལས་སྐྱེས་པའི་སློབ་མ་མཁས་པ་རཏཱ་བཀྲ་ཤིས་དང་། བྱམས་པ་གླིང་པ། རིན་ཆེན་དཔལ། འདུལ་དཀར་གྲགས་པ་དཔལ་ལྡན། བློ་གྲོས་མགོན་པོ། གླིང་སྨད་ཡོན་རྒྱམ་པ་ཆེནཔོ་རིན་བྱང་བ། འདུལ་འཛིན་བསམ་འཕེལ་བ། སངས་རྒྱས་བཟང་པོ། བློ་བརྟན་པ། དཔལ་ལྡན་བཟང་པོ་སོགས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཤིན་ཏུ་མང་པོ་བྱུང་། བསྟན་བཅོས་ཀྱང་<<རྣམ་འགྲེལ་གྱི་རྣམ་བཤད་ཐར་ལམ་གསལ་བྱེད>>དང་། <<རྣམ་ངེས་དགོངས་པ་རབ་གསལ>> <<རིགས་ཐིགས་ཀྱི་ཊའིཀྐ་རིན་པོ་ཆེའི་གཏེར་མཛོད>> <<ཚད་མདོའི་མཐར་འཛིན་གདུང་སེལ>> <<ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དོན་གསལ་བའི་རྣམ་བཤད་སྙིང་པོ>> <<དབུ་མ་རིན་ཆེན་ཕྲེང་བའི་རྣམ་བཤད་སྙིང་པོའི་དོན་ཆེན་ཕྲེང་བའི་རྣམ་བཤད་སྙིང་པོའི་དོན་གསལ་བ>> ལ་སོགས་པའི་གཞུང་ཆེན་མང་པོའི་འགྲེལ་པ་དང་། གསང་འདུས་དང་། དུས་འཁོར་སོགས་ཀྱི་བཀའ་རྩོམ་གཅིག་ཏུ་བསྒྲིལ་བ་ པོད་ཆེན་བརྒྱད་བཞུགས་སོ།།

བརྒྱུད་སྐུལ།

མཆན་སྤེལ།