ནག་ཚོ་ལོ་ཙཱ་བའི་གདན་ས་འཚོལ་བ།

ནག་ཚོ་ལོ་ཙཱ་བའི་གདན་ས་འཚོལ་བ།

དེ་རིང་མང་ཡུལ་གུང་ཐང་གི་རྫོང་ཁ་ནས་ལམ་ལ་ཆས་ཏེ་བོད་དུ་གྲགས་ཆེ་བའི་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་གདན་ས་འཚོལ་བར་ཕྱིན་པ་ཡིན། གནས་བྱིན་ཅན་དེ་ནི་དེང་སང་ལྟར་བྱས་ན་སྐྱིད་གྲོང་རྫོང་རྫོང་དཀར་གྲོང་བརྡལ་ནས་སྤྱི་ལེ་བཞི་ལ་མ་ཟིན་ཙམ་གྱི་སར་ཡོད་ཅིང་། འདབས་སུ་ས་མ་འབྲོག་གི་ངོ་བོར་ཡོད་པའི་ཕུ་ལག་གྲོང་ཚོ་དང་ལ་མོག་བྱ་བའི་གྲོང་ཚོ་ཆུང་ངུ་གཉིས་གནས་ཡོད་ལ། དེ་གཉིས་ནི་ནག་ཚོ་ལོ་ཙཱ་བའི་འཁྲུངས་ཡུལ་མངའ་རིས་རྫོང་ཁའི་ལྷ་གདོང་དང་། ནག་ཚོའི་གདུང་རྒྱུད་ཡིན་མིན་སོགས་བཤད་མ་ཤེས་སོ།། གང་ལ་ཞེ་ན། མང་ཡུལ་གུང་ཐང་གི་མི་རྒྱུད་ཕལ་མོ་ཆེ་ཞིག་གློ་བོ་སྨོན་ཐང་སོགས་ཡུལ་གང་སར་འཁྱམ་པ་སོགས་ལོ་རྒྱུས་ཀྱི་བདེ་གཟར་ཅི་རིགས་ཤིག་བྱུང་བ་ལྟར་གོ་བ་ལེན་པར་རིགས་སོ།།

 

  ང་དང་མདོ་སྨད་ཀླུ་ཆུའི་གྲོགས་པོ་འབྲུག་ཐར་གཉིས་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ས་སྣ་རྣམས་བསྡུས་ནས་བཞེངས་པར་གྲགས་པའི་ལ་མོག་མཆོད་རྟེན་ལ་མཇལ་བ་ཡིན། མཆོད་རྟེན་གསུམ་ཡོད་ཅིང་བསྟན་པ་ཕྱི་དར་གྱི་འབུམ་པའམ་མཆོད་རྟེན་རྙིང་བའི་ལུགས་ལྟར་བཞེངས་པ་ཞིག་རེད།

ལ་མོག་མཆོད་རྟེན་ནས་གྱེན་ལ་བལྟས་ན་ས་དམར་གྱི་རི་མཐོ་ལ་གཟར་བ་ཞིག་གི་ངོས་སུ་དར་ལྕོག་འགའ་རེ་འཐེན་འདུག ཡུལ་དེའི་རྒན་པོ་ཞིང་པ་ཞིག་ལ་སྐད་ཆ་དྲིས་པས་ནག་ཚོའི་འོམ་ཕུག་དེ་རེད་ཟེར་འདུག ངེད་གཉིས་ཀྱིས་ཚ་གདུག་འབར་བའི་ཉི་འོད་ཀྱི་འོག་ནས་ལ་ངོས་སུ་འཛེག་པ་ཡིན། རི་སྐེད་རྣམས་སུ་མཆོད་རྟེན་ཞིག་རོ་དང་གྱང་རོ་འབའ་ཞིག་གིས་སུ་ཞིག་ལ་སྒུག་པ་ནང་བཞིན་བསྡད་འདུག་ལ། འཇིག་པའི་ཆོས་ཅན་དེ་དག་ལ་བལྟ་བཞིན་ཕྱིར་དྲན་གྱི་ཁུར་པོ་འདྲུད་བཞིན་མུ་མཐུད་དུ་ལ་ངོས་སུ་འཛེག་པ་ཡིན། རེ་ཞིག་རྩིག་པ་ཞིག་རོ་ཞིག་ནམ་མཁའི་སྤྲིན་ལ་འདྲེས་ནས་གྱེན་དུ་བསྒྲེང་འདུག དེ་ལ་ཞིབ་མོར་བརྟག་པས་སྔོན་གྱི་འདུ་ཁང་ཞིག་གི་གཞི་མར་གྱུར་བའི་རྩིག་རོ་ཤིག་རེད། དེ་ནས་ཡར་ཅུང་ཟད་ཕྱིན་ན་སྒྲུབ་ཕུག་གམ་སྔོན་ཚེ་ལོ་ཙཱ་ཁང་ཡིན་པར་གསལ་བའི་ཕུག་པ་དུད་དྲེགས་ཀྱིས་ཟིན་པ་མང་པོ་འདུག་ལ་གནས་འདི་ནས་བོད་གངས་ཅན་པ་རྣམས་ལ་བཀའ་དྲིན་ཆེ་བའི་འཇིག་རྟེན་གྱི་མིག་ཆེན་པོ་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་དང་ཆག་ལོ་ཙཱ་བ་སོགས་བཞུགས་མྱོང་ཡང་ད་ཆ་རྣམ་པར་འཇིག་ནས་རྩིག་རོ་གོག་པོ་དང་སྒྲུབ་ཕུག་རྣམས་སུ་ཡུལ་དེའི་བན་དེ་འགའ་རེ་ཡིས་མཆོད་ཀོང་ཙམ་བཞག་པ་ལས་ཅི་ཡང་མཐོང་རྒྱུ་མེད་པས་སེམས་པ་སྐྱོ་ལྷང་ངེར་སྨོན་ལམ་རེ་བཏབ་ནས་བདེན་པ་བདར་ཏེ་མར་རི་གཤམ་ལ་བབས་པ་ཡིན།

མར་གཤམ་ན་ཧ་ལམ་ལོ་སུམ་བརྒྱ་ཙམ་གྱི་སྔོན་དུ་བརྐོས་པར་གསལ་བའི་རྡོ་ཁྲི་རང་བྱོན་མ་ཎི་ཡིག་དྲུག་ཅན་ཞིག་བཞུགས་པ་དང་། དེ་ནས་མར་ཕྱིན་ན་རྡོ་བརྩིགས་ཀྱི་ཆོས་ཁྲི་གྲུ་བཞི་ནར་མོ་ཞིག་ལ་བསྟན་པ་ཕྱི་དར་སྐབས་སུ་བྲིས་པར་གསལ་བའི་རྒྱལ་བའི་ཡུམ་སོགས་རྡོ་བརྐོས་རྙིང་བ་འགའ་དང་ཕྱི་མིས་གསར་དུ་བསྣན་པའི་ཡིག་གསར་གྱིས་བྱས་པའི་རྡོ་བརྐོས་འགའ་ཞིག་འདུག་ལ། རྡོ་ཁྲི་དེའི་གསེང་བརྔོག་ན་ཕལ་ཆེར་ཕྱི་དར་སྐབས་ཀྱི་ཡིག་རྙིང་འབའ་ཞིག་རྙེད་པར་ཡང་ཡིད་ཆེས་ཡོད་མོད། དེ་ནི་བོད་སེམས་དད་པ་ཅན་ཞིག་གིས་སྒྲུབ་ནུས་པ་ཞིག་དང་སྒྲུབ་འོས་པ་ཞིག་ག་ནས་ཡིན་ནམ།

ད་ནི་རི་གཤམ་ལ་འབབ་ཁར་ཡང་བསྐྱར་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་དྲན་བྱུང་། ཁོང་ནི་ཕྱི་ལོ་1011ལོར་མངའ་རིས་རྫོང་དགའི་ལྷ་གདོང་ཞེས་པར་ནག་ཚོའི་གདུང་རྒྱུད་དུ་སྐུ་འཁྲུངས། རབ་བྱུང་གི་མཚན་ལ་ཚུལ་ཁྲིམས་རྒྱལ་བ་དང་འདུལ་འཛིན་པར་ཡང་གྲགས། རྒྱ་གར་ལ་སློབ་གཉེར་དུ་བྱོན་པ་ན་རྒྱ་བརྩོན་འགྲུས་སེང་གེ་ཡི་མགོ་འདུད་མཛད་ནས་ཇོ་བོ་ལས་ཆོས་མང་དུ་གསན་ཚུལ་རྒྱ་བརྩོན་གྱིས་མཛད་པའི<རྒྱ་གར་ཆོས་འབྱུང>ནའང་གསལ་ལ། ཕྱི་ལོ་1037ལོར་ལྷ་བླ་མ་བྱང་ཆུབ་འོད་ཀྱི་བཀའ་བཞིན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་འདྲེན་པར་བྱོན་པ་དང་དེའི་ངང་ཚུལ<ནག་ཚོའི་ལམ་ཡིག>ཅེས་པར་གསལ་ཡོད། ཕྱིས་སུ་རྒྱ་གར་གྱི་སློབ་དཔོན་གནས་བརྟན་ལ་དམ་ཚིག་འགལ་སེལ་བྱས་པ་དང་ཇོ་བོ་བོད་དུ་ཡུན་རིང་བཞུགས་པའི་དགོངས་པ་ཐོབ་པ་སོགས་པ་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བས་སྐབས་དེའི་བོད་སྟོན་རྣམས་ཀྱིས་སློབ་དཔོན་ཞེས་འབོད་ལ། ཕྱི་ལོ་1064ལོར་ཞི་བར་གཤེགས་ཚུལ་བསྟན། འགྱུར་རྩོམ་ཧ་ཅང་མང་བ་རྣམས་ནི་གཤམ་གྱི་པར་རིས་ཀྱི་ཁ་བྱང་ལ་གཟིགས་ནས་ངེས་པར་བྱ་དགོས།

དེ་ལྟར་དྲན་བཞིན་ང་དང་གྲོགས་པོས་ནག་ཚོའི་འོམ་ཕུག་གི་ས་སྣ་ཆུ་སྣའི་རྟེན་རེ་བླངས་ཏེ་དཔའ་བོ་ཞིག་གི་ལོ་རྒྱུས་གླེང་བཞིན་རླངས་འཁོར་ཅུང་ཟད་མགྱོགས་པར་བཏང་ནས་མངའ་རིས་རྫོང་དཀར་ལ་སླེབས་ཡོང་བ་ཡིན།

མདོར་ན་རྒྱ་བོད་པཎ་གྲུབ་སྟོང་གི་ཕེབས་ལམ་གཙོ་བོ་མང་ཡུལ་གུང་ཐང་གི་ཡུལ་འདི་ན་རྫོགས་མཐའ་མེད པའི་གནའ་ཤུལ་བསམ་གྱིས་མི་ཁྱབ་པ་མང་པོ་ཡོད་མོད། མདོ་སྨད་ནས་འཁྱམ་པའི་འབྲོག་རྒན་གཅིག་གིས་བགྲང་ནའང་མི་ཚར་བས་མཛའ་བཤེས་གཤིབ་རོགས་རིགས་ཞེན་ཅན་རེ་ཡོད་ན་ཡིག་ཚང་དང་ཡུལ་དངོས་སྦྱར་ནས་བོད་ཀྱི་རིག་གཞུང་ལོ་རྒྱུས་ཀྱི་ངོ་བོ་གསལ་དུ་འགྲོ་བའི་མཐུན་རྐྱེན་འཚོལ་ཐུབ་པར་དམ་བཅས་ཀྱང་ཞིག་པ་གལ་སྲིད་དེ་མི་སྲིད་དོ།།

                   བན་ཤུལ་དཔལ་མཁར་རྒྱལ་གྱིས། 2015 ལོའི་ཟླ་ 9 པའི་ཚེས་ 4 ཉིན་ལ་མངའ་རིས་སྨད་མང་ཡུལ་གུང་ཐང་གི་ནག་ཚོ་ལོ་ཙཱ་བའི་གདན་ས་འོམ་ཕུག་པད་མ་དཀར་བོའི་འདབས་ནས་ཤར་མར་བྲིས་པ་དགེའོ།།

ཡོང་ཁུངས། གངས་ལྗོངས་ཉི་གཞོན།

བརྒྱུད་སྐུལ།

མཆན་སྤེལ།