༄༅། །ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི།
བོད་རབ་བྱུང་གསུམ་པའི་ཆུ་སྟག ཕྱི་ལོ་༡༡༨༢ ལོར་འཁོན་གྱི་གདུང་རྒྱུད་ཡབ་ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གཅུང་པོ་དཔལ་ཆེན་འོད་པོ་ཆེ་དང༌། ཡུམ་མ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ལ་སྲས་ཆེ་ཆུང་གཉིས་འཁྲུངས་པའི་ནང་ནས་ཆེ་བ་ཡིན། མཚན་ལ་དཔལ་ལྡན་དོན་གྲུབ་ཏུ་གསོལ་ཞིང༌། རྗེས་སུ་ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་པའི་མཚན་ལ་ཀུན་དགའ་རྒྱལ་མཚན་དུ་གསོལ། དགུང་ལོ་ཆུང་དུས་ནས་བཟུང་ཚད་མ་རིག་པ་དང་། བཟོ་རིག་པ། སྐར་རྩིས་རིག་པ། སྒྲ་རིག་པ། གསོ་བ་རིག་པ། ཕར་ཕྱིན། དབུ་མ། འདུལ་བ། མཛོད་སོགས་མདོ་སྔགས་ཀྱི་ཟབ་གནད་མ་ལུས་པ་གསན་ཏེ། ཤེས་པའི་རྐང་གྲངས་ཙམ་མིན་པར་ལག་ལེན་ཐོག་འཁྱོལ་ཐུབ་པའི་མཁས་པར་གྱུར། དགུང་ལོ་ཉེར་གསུམ་པར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་བོད་དུ་ཕེབས་པ་དང་མཇལ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། མཁན་སློབ་ལས་རིག་གནས་ཆེ་ཆུང་བཅུ་ལ་སྦྱངས་པ་མཐར་ཕྱིན་པར་མཛད་པས་པཎྜི་ཏའི་མཚན་སྙན་ཐོབ་པ་འདི་བོད་ནང་གི་པཎྜི་ཏ་དང་པོ་དེ་ཡིན། རབ་བྱུང་བཞི་པའི་ཤིང་འབྲུག ཕྱི་ལོ་༡༢༤༤ ལོར་ཧོར་རྒྱལ་པོ་ཨོ་གོ་ཏའི་སྲས་གོ་དན་གྱིས་གདན་ཞུའི་ཡི་གེ་འབྱོར་ཞིང༌། ཡི་གེའི་ནང་དོན་ལ་གདན་དྲངས་པ་ལྟར་མ་ཕེབས་ན་བོད་དུ་དམག་དཔུང་གཏོང་རྒྱུ་ཡིན་ཞེས་གསལ་བས་དགུང་ལོ་མཐོ་ཡང་བོད་མི་རིགས་ཀྱི་བདེ་འཇགས་དང་ཆོས་ལུགས་ཁག་གི་བདེ་འཇགས་ཀྱི་ཆེད་དུ་རང་སྲོག་ཕངས་མེད་མཛད་དེ་ཁོང་རང་དང༌། སྐུ་ཚ་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང༌། འགྲོ་མགོན་ཕྱག་ན་རྡོ་རྗེ་འཁོར་དང་བཅས་ལང་ཅུ་སྡེ་བཞིའི་ས་ཆར་ཕེབས་ནས་རྒྱལ་པོ་དང་མཇལ། ཡོན་མཆོད་ཀྱི་འབྲེལ་བ་བྱུང༌། བོད་དུ་དཔོན་རིགས་བསྐོ་ལུགས་དང་ཁྲལ་འུལ་བསྐུལ་ཚུལ་སོགས་ལ་ཞལ་འཆམས་ཏེ། བོད་ཀྱི་བཀའ་གྲོས་ལ་དབང་བའི་བླ་དཔོན་སེར་སྐྱ་རྣམས་ལ་ཡི་གེ་སྔ་ཕྱི་ལན་གཉིས་བཏང་ནས་དབུས་གཙང་གི་ས་ཕྱོགས་རྣམས་ཧོར་རྒྱལ་པོར་བསྟུན་མཁས་བྱེད་དགོས་པའི་བཀའ་སློབ་གནང༌། མཐར་དགུང་ལོ་བདུན་ཅུ་བཞེས་པ། རབ་བྱུང་བཞི་པའི་ལྕགས་ཕག ཕྱི་ལོ་༡༢༥༡ ལོར་ལང་གྲུའུ་སྤྲུལ་པའི་སྡེར་སྐུ་གཤེགས། གསུང་རྩོམ་ལ་སྡོམ་གསུམ་རབ་དབྱེ་དང༌། [ཚད་མ་རིགས་གཏེར] [མཁས་འཇུག] [ལེགས་བཤད་རིན་པོ་ཆེའི་གཏེར་]སོགས་བརྡ་སྤྲོད་པའི་གཞུང་མང་དུ་བརྩམས།།