རྩོམ་པ་པོ། སྙེ་ལྕེ་བཙན་ཕྲུག
ཇོ་མོ་བླ་མའི་དབུ་རྩེར་འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་ལྷ་རྣམ་གསུམ་གྱི་བོད་ལུགས་ཐང་ག་ཞལ་ཕྱེ་བ།
དོན་དེ་དང་འབྲེལ་ནས་རི་བོ་མཐོ་ཤོས་ཇོ་མོ་བླ་མ་ཞེས་པའི་མིང་ཚིག་དེར་འབྲེལ་བཤད་ཉུང་ངུ་ཞིག་ཞུ་འདོད་ཀྱིས་དབང་དུ་བཏང་ནས། དེ་ལ་རྩ་བའི་ས་བཅད་གསུམ་ཡོད་པ་ལས། དང་པོ། ཇོ་མོ་བླ་མའི་གནས་ཡུལ་སོགས་བཤད་པ་དང་། གཉིས་པ། ཇོ་མོ་བླ་མ་ཞེས་པའི་མིང་གི་ཟུར་གཞན་བླ་མ་དེ་བླ་མ་ཞེས་པའི་མིང་ཡིན་པ་སྒྲུབ་པ་དང་། གསུམ་པ། ཇོ་མོ་བླ་མ་ཞེས་པའི་མིང་གི་བླ་མ་དེ་བླ་མ་ཞེས་པའི་མིང་མ་ཡིན་པ་དགག་པ་གསུམ།
དང་པོ། ཇོ་མོ་བླ་མའི་གནས་ཡུལ་སོགས་བཤད་པ་ནི། དེ་ཡང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རི་རྩེ་གཙོ་བོ་ཞིག་ཡིན་ཞིང༌། བོད་རང་སྐྱོང་ལྗོངས་དང་བལ་པོ་གཉིས་ཀྱི་ས་མཚམས་སུ་ཡོད། དེའི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨིད་༨༨༤༨ ༌༡༣ ཡོད་པས་འཛམ་གླིང་ཐོག་གི་རི་མཐོ་ཤོས་དེའོ། །
གཉིས་པ། ཇོ་མོ་བླ་མ་ཞེས་པའི་མིང་གི་བླ་མ་དེ་བླ་མ་ཞེས་པའི་མིང་ཡིན་པ་སྒྲུབ་པ་ནི།
རི་བོ་ཇོ་མོ་བླ་མ་ཞེས་པའི་ཇོ་མོ་ནི་ཇོ་མོ་ཚེ་རིང་མཆེད་ལྔའི་གནས་རི་ཡིན་པས་ན་ཇོ་མོ་ཞེས་མིང་ཟུར་དང་པོ་དེ་བཏགས། འཛམ་གླིང་གི་རི་བོ་དུ་མ་ཡོད་པ་ལས་གངས་ཀྱི་རི་བོ་མཐོ་ཤོས་དེ་རི་བོ་ཇོ་མོ་བླ་མ་ཡིན་པས་ན་བླ་མ་ཞེས་བཏགས། རི་བོ་ཇོ་མོ་བླ་མ་ཞེས་པའི་རི་ཡི་གོང་རོལ་ན་དེ་ལས་མཐོ་བའི་རི་བོ་མེད་པས་ན་བླ་མ་ཞེས་བཏགས་སོ། ཇོ་མོ་གླང་མ་ཞེས་མ་བཏགས་པར་ཇོ་མོ་བླ་མ་ཞེས་བཏགས་དགོས་རྒྱུ་མཚན་དེ་ཡིན། དེའི་ཕྱིར་ན། བླ་མ་ཞེས་པའི་མིང་དེ་བཏགས་དོན་གཙོ་བོ་ནི་དེའི་གོང་རོལ་དུ་གཞན་གྱི་ཡོན་ཏན་སོགས་མེད་པས་ན་དེའི་མིང་ལ་བླ་མ་ཞེས་པའི་མིང་དེ་དོན་གྱི་སྒོ་ནས་བཏགས་པ་ཡིན།
དེས་ན་ཇོ་མོ་བླ་མའི་གོང་རོལ་དུ་དེ་ལས་མཐོ་བའི་རི་བོ་མེད་པས་ན། དེར་དོན་གྱི་གནད་དོན་འདི་ཡིས་ཇོ་མོ་བླ་མ་ཞེས་པའི་མིང་དེ་དེར་དེ་དེ་བཞིན་དུ་བཏགས་པ་ཡིན་པ་ལ་རིགས་པས་མི་གནོད་པ་ཡིན་པ་གྲུབ།
དེ་བཞིན་དུ་ཆོས་ཤེས་བྱ་ཡོན་ཏན་རང་ཉིད་ཀྱིས་ཤེས་ཚད་ལས་གཞན་ཞིག་གི་ཆོས་ཤེས་བྱ་ཡོན་ཏན་ཤེས་ཚད་དང་གྲུབ་དོན་སོགས་མཐོ་བ་མེད་པས་ན་དེ་ལ་བླ་མ་ཞེས་པའི་མིང་དེ་བཏགས་པ་ཡིན། དཔེར་ན། ན་ལེནྡྲའི་པཎ་ཆེན་ན་རོ་པ་ཆེན་མོའི་ཞལ་ནས། བླ་མ་ཞེས་བྱའི་སྔ་རོལ་ན། །སངས་རྒྱས་ཞེས་བྱའི་མིང་ཡང་མེད། །དེ་ཕྱིར་རྫོགས་པའི་སངས་རྒྱས་རྣམས། །བླ་མ་དག་ལ་རྟེན་ནས་བྱུང་། །ཞེས་གསུངས་པ་དེས་ཀྱང་བླ་མ་ཞེས་པའི་མིང་དེ་གོང་ལ་བཤད་པ་དེ་བཞིན་དུ་དེ་དོན་ལེགས་པར་གྲུབ་ཟིན་ན་ཡང་། དོན་དེ་རྣམས་མ་རྟོགས་མ་ཤེས་པའི་གང་ཟག་ངོར་མ་གྲུབ་པས་དེའི་ཕྱོགས་ལ་ཁོ་བོས་སྒྲུབ་པ་ཡིན་ནོ།
གསུམ་པ། ཇོ་མོ་བླ་མ་ཞེས་པའི་མིང་གི་བླ་མ་དེ་བླ་མ་ཞེས་པའི་མིང་མ་ཡིན་པ་དགག་པ་ལ་གསུམ་ལས། གངས་རི་དེའི་མིང་ཚིག་གི་དག་ཆའམ་མིང་འབྲི་སྟངས་ཆ་ཤས་གཅིག་ལ་གླང་མ་ཞེས་པ་འབྲི་མི་རུང་སྟེ། གླང་མ་ཞེས་པའི་མིང་དེ་ནི་བོད་ལ་སྐྱེས་པའི་ཤིང་ཞིག་གི་མིང་ཡིན་པས་ཇོ་མོ་བླ་མའི་གངས་རི་དང་གླང་མ་གཉིས་ལ་འབྲེལ་བ་ཅི་ཡང་མེད། སྤྱིར་མིང་ནི་རང་གི་དོན་དང་འདྲ་བ་དང་། འབྲེལ་བ་གང་རུང་གི་གནད་དོན་གྱིས་བཏགས་པ་ཡིན་པས་མིང་དེ་ལ་རྟེན་ནས་རང་གི་དོན་སྤྱི་ཙམ་མམ་རང་གི་དོན་རགས་པ་ཙམ་གོ་ནུས་པ་ཞིག་དགོས། མིང་བཏགས་པའི་མིང་ཡིན་ན་རང་གི་དོན་དང་འདྲ་བ་དང་། འབྲེལ་བ་གང་རུང་གི་སྒོ་ནས་བཏགས་པའི་ཁྱབ་པ་ནི་མེད་དེ། མི་ཞིག་ལ་ཁྱི་སྐྱག་ཅེས་བཏགས་པ་དང་། ཇོ་མོ་བླ་མ་ཞེས་པའི་མིང་ལ་མ་དག་པའི་ཁ་རྒྱུན་ཙམ་གྱིས་ཇོ་མོ་གླང་མ་ཞེས་པ་བཞིན་ནོ། འོ་ན། ཇོ་མོ་གླང་མ་ཞེས་པའི་མིང་ལ་རྟེན་ནས་ཇོ་མོ་བླ་མ་ཞེས་པའི་གངས་རི་དེ་གོ་མི་ནུས་པ་ཐལ། ཇོ་མོ་གླང་མ་དང་ཇོ་མོ་བླ་མའི་གངས་རི་གཉིས་ལ་འདྲ་འབྲེལ་གང་ཡང་མེད་པའི་ཕྱིར་ཟེར་ན། ཁྱབ་པ་མེད་དེ། ཇོ་མོ་གླང་མ་ཞེས་པའི་ངག་གམ་མིང་དེ་ལས་ཇོ་མོ་བླ་མའི་གངས་རི་གོ་བ་དེ་ནི་ཇོ་མོ་བླ་མའི་གངས་རི་དང་ཇོ་མོ་གླང་མའི་གཉིས་ཀྱི་བར་ལ་འདྲ་འབྲེལ་གང་རུང་གི་དོན་ཡོད་པས་མ་ཡིན་ཞིང་ཇོ་མོ་བླ་མའི་གངས་རི་ལ་ཇོ་མོ་གླང་མ་ཞེས་པའི་མིང་འབོད་སྟངས་ཡུན་རིང་གོམ་པ་ཙམ་གྱིས་ཡིན་ནོ། མ་གཞི་ནས་ཇོ་མོ་བླ་མ་ཞེས་ཟེེར་དུས་ཇོ་མོ་བླ་མ་ཡིན་པ་གོ་འགྲོ་བ་དང་། བླ་མ་ཞེས་པ་ཐོས་ཡོང་དུས་གྲོད་ཁོག་ལྷུག་གེ་བའམ། རས་ཡུག་སེར་པོ་གྱོན་པ་སོགས་ལ་གོ་འགྲོ་མཁན་རིགས་སུ་གྱུར་པ་ནི་དེ་འདྲ་ཞིག་གི་དོན་ལས་གོ་ཆེད་ཀྱི་བློ་རིགས་འཕེལ་རྒྱས་མ་བྱུང་བའི་འབྲས་རྟགས་ཡང་དག་ཡིན། དེ་བཞིན་ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེད། །པདྨ་མ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་སྐོར། །ཞེས་ཐོས་པས་ན། འཁོར་དུ་མཁའ་འགྲོ་མང་པོས་སྐོར་ཞེས་པའི་མཁའ་འགྲོ་ཟེར་བ་དེར་བུད་མེད་ཁ་ཤས་ལ་ཟེར་བ་ཡིན་སྙམ་པ་ནི་བུད་མེད་ལ་ཆགས་པའི་གཞན་དབང་གིས་ཕྱིན་ཅི་ལོག་ཏུ་གོ་བ་ཡིན། དོན་དངོས་ནི་དེ་ལྟ་བུའི་མཁའ་འགྲོ་མང་པོས་སྐོར་ཞེས་པ་དེ་ཨོ་རྒྱན་རིན་པོ་ཆེའི་འཁོར་དུ་སྟོང་ཉིད་སོགས་རྟོགས་ཤིང་། བདེན་འཛིན་གྱི་ཞེན་པ་བྲལ་བའི་གྲུབ་པ་ཐོབ་པ་མཁའ་ལ་ཡང་འགྲོ་ཐུབ་མཁན་མང་པོས་སྐོར་ཞེས་པའི་དོན་ནོ། །དེས་ན་དོན་དེ་རྣམས་གཞན་ལ་ཡང་རིགས་འགྲེ་ནས་ཤེས་བྱ་ཆུང་ངུ་ཡིན་ན་ཡང་ཤེས་པར་བྱོས་ཤིག
དེ་ལྟར་བཤད་པའི་གྲུབ་པའི་མཐར་ཐུགས་ལ་དྲི་བ་ཞིག་རང་གིས་ངང་གིས་ཡོང་བཞིན་པ་ནི་འདི་ལྟར་ཏེ། དོན་དེ་ལྟར་བསྟན་ལ་ཕབ་ཟིན་ན་འོ་ན། བོད་ལ་ལོ་ངོ་དུ་མའི་སྔོན་ནས་འཛལ་གླིང་ཆེན་མོ་འདིར་རི་བོ་མཐོ་ཤོས་ཇོ་མོ་བླ་མ་ཡིན་པ་ཤེས་མཁན་འབྱུང་ཡོད་པ་གྱུར། དེས་ན་མི་རིགས་གཞན་ལས་ཆེད་སྔ་མར་བྱོན་པའི་བོད་མི་ཚན་རིག་པ་སོགས་ཡོད་པ་ནུབ་ཟིན་ནམ་སྙམ་པ་སོགས་ལ་ལན་གང་ཞིག་ཡོད་དམ།
ཚེ་ཡི་ལྷ་མཆོག་གསུམ་གྱིས། །
ཚེ་ཐུང་མགོ་ནག་བོད་པར། །
ཚེ་རིང་དཔལ་ཡོན་འཕེལ་བའི། །
དངོས་གྲུབ་གནང་བར་མཛོད་ཅིག །