གསང་ཕུ་ཀུན་དགའ།
གསང་ཕུ་དགོན་པའམ་མཚན་རྒྱས་པར་གསང་ཕུ་ནེའུ་ཐོག་ཅེས་པའི་དགོན་འདི་ཉིད་ནི་ལྷ་སའི་སྐྱིད་ཆུའི་ལྷོ་ངོས་ཀྱི་ཐུབ་པ་རི་འདབས་སུ་ཆགས་ཡོད་ཅིང་བར་ཐག་ལྷ་ས་ནས་སྤྱི་ལེ་ཉི་ཤུ་རྩ་ལྔའི་མཚམས་ལ་ཡོད། དགོན་འདི་ནི་གསང་བདེ་གུང་གསུམ་དང་དགའ་སྐྱོར་ཟུལ་གསུམ་ཞེས་པའི་བོད་ཀྱི་གདན་ས་ཆེན་པོ་དྲུག་གི་ཡ་གྱལ་ཡིན།
རབ་བྱུང་དང་པོའི་ཆུ་མོ་གླང་གི་ལོ་ ༡༠༧༣ ལོར་ཇོ་རྔོག་འབྲོམ་གསུམ་གྱི་ཡ་གྱལ་རྔོག་ལེགས་པའི་ཤེས་རབ་ཀྱིས་ཕྱག་འདེབས་གནང་མཛད་ཅིང་། དེ་ཡང་ཇོ་བོ་རྗེ་སློབ་མའི་འཁོར་བཅས་སྙེ་ཐང་དུ་བཞུགས་སྐབས། ཉིན་ཞིག་ཁོང་གིས་གསང་ཕུའི་ཕྱོགས་སུ་ཕྱག་འཛུབ་བཏད་ཏེ་ལུང་པ་ཡ་གིའི་ཕུ་ན་ནམ་མཁའ་ལ་གསེར་གྱི་འཁོར་ལོ་རྩིབ་སྟོང་དང་། ས་པད་མ་འདབ་བརྒྱད། དུང་གཡས་སུ་འཁྱིལ་བའི་རང་བྱོན་དང་། བྱམས་འཇམ་དབྱངས་ཆོས་རྩོད་པ་ལ་ཐུབ་པ་སངས་རྒྱས་དཔང་པོར་བཞུགས་པ་སོགས་བཀྲིས་དགེ་མཚན་གྱི་རྟགས་ཤིན་ཏུ་མང་བས། རྔོག་ལོ་ཁྱེད་ཀྱིས་འདི་ལ་འཆད་ཉན་གྱི་རྟེན་གཞི་འཛུགས་ན་བསྟན་པ་ལ་ཕན་པ་རྒྱ་ཆེ་བར་འོང་བ་འདུག་གོ། ཞེས་ལུང་བསྟན་གནང་བར། རྔོག་ལོས། འོ་ན་རེ་ཞིག་གསང་བར་ཞུ། ཞེས་ཞུས་པས་གསང་ཕུ་དང་། མི་རིང་བར་རྔོག་ལོ་ཉིད་ཀྱི་ཉེར་ཆས་ནེའུ་ལེས་འཁྱེར་ནས་གསང་ཕུ་ཆགས་སའི་གནས་དེར་འཕང་བས་ནེའུ་ཐོག་ཞེས་གྲགས།
ཐོག་མར་བཀའ་གདམས་རྙིང་མའི་དགོན་པ་ཡིན་ཡང་། ཕྱིས་སུ་གདན་ས་པ་བརྒྱད་པ་དང་དགུ་པ་གཉལ་པ་དད་པ་བཟང་པོ་དང་འཇམ་བཙན་ནེ་གཉིས་ཀྱི་དུས་སུ་གླིང་སྟོད་དང་གླིང་སྨད་གཉིས་སུ་གྱེས། དེ་རྗེས་ས་དགེ་གཉིས་སུ་གྱེས་ནས་ས་སྐྱ་བདུན་དང་། དགེ་ལུགས་བཞི་ཡོད། དགོན་པ་དེའི་ནང་ཚོགས་ཆེན་གཅིག་དང་། གྲ་ཚང་བཅུ་གཅིག་ཡོད་པ་ནི་གླིང་སྟོད་གྲ་ཚང་ལྔ་དང་། གླིང་སྨད་གྲ་ཚང་དྲུག་གོ། དང་པོ་ལྔ་ནི། སྦེ་སེར། ཉི་མ་ཐང། དྭགས་པོ་གྲ་ཚང། རྣམ་རྒྱལ་གསེར་ཁང་། ཁུ་སྤེ་བཅས་སོ། གཉིས་པ་དྲུག་ནི། སྒྲོས་རྙིང་པ། གཞི་བ། ཉང་རོང་། གནས་སྒོ་བ། སྒྲོས་གསར་བ། རྭ་བ་སྟོད་སྨད་བཅས་སོ། །
རྔོག་ལེགས་པའི་ཤེས་རབ་ཀྱིས་ཐོག་མར་དགོན་དེར་དགེ་འདུན་ཞལ་གྲངས་ལྔ་བརྒྱས་འཆད་ཉན་གནང་ཞིང་བསྟན་པ་སྤེལ་བར་མཛད། ཕྱིས་སུ་རྔོག་ལེགས་པའི་ཤེས་རབ་ཉིད་ཀྱི་གཅུང་སྲས་དབོན་པོ་རྔོག་བློ་ལྡན་ཤེས་རབ་འདི་ཉིད་ཡུལ་ཡར་འབྲོག་ནས་ཁུ་བོའི་སྙན་པ་གསན་རྗེས་ཡུམ་གྱི་དྲུང་ནས་ཕྱིར་ཕེབས་ཏེ། གསང་ཕུར་གྲྭ་སར་བཞུགས་ནས་སློབ་གཉེར་གནང་། དགུང་ལོ་བཅུ་བདུན་ཚུན་ཆད་ལ་ཁུ་བོའི་དྲུང་ནས་ལེགས་སྦྱར་དང་སྡེ་སྣོད་དག་ལ་ལེགས་པར་སྦྱངས་། དབོན་པོ་བློ་ལྡན་ཤེས་རབ་ཉིད་ནི་སྐུ་ན་ཕྲ་མོའི་སྐབས་ནས་ཐུན་མིན་གྱི་སྐྱེས་སྟོབས་ཤེས་རབ་དཔལ་འབར་བས་སློབ་དཔོན་སེང་བཟང་གི་འགྲེལ་པ་དོན་གསལ་ཉིན་གཅིག་ལ་བློ་འཛིན་གནང་བ་དང་དེ་མིན་རྟགས་དང་རྟེན་འབྲེལ་མང་པོ་བྱུང་བ་མ་ཟད་སྐྱེས་བུ་གཞན་ལས་ཁྱད་ཞུགས་ཤིང་། མཁྱེན་སྤྱོད་གཉིས་ལྡན་ཞིག་ཡིན་པས་ལུས་ངག་གི་སྤྱོད་པ་མཐའ་དག་དང་ཐུགས་ཀྱི་ཀུན་སློང་ཚུན་ཆད་ཀྱིས་ཁུ་བོ་ཤིན་ཏུ་མཉེས་པར་བྱས་སོ། །
ཁུ་བོའི་ཐུགས་ལ་སྐྱེས་བུ་འདི་ཉིད་ནི་མ་འོངས་པར་བསམ་གྱིས་མི་ཁྱབ་པའི་འཇིག་རྟེན་གྱི་སྒྲོན་མེ་ཆེན་པོ་ཞིག་ཏུ་གཟིགས་ནས། དགུང་ལོ་བཅུ་བདུན་ལ་གཉན་ལོ་ཙཱ་དང་། རཱ་ལོ་ཙཱ་བ། ཆག་ལོ་ཙཱ་བ་སོགས་དང་ལྷན་དུ་མངའ་རིས་བརྒྱུད་རྒྱ་གར་དུ་སློབ་གཉེར་ལ་བརྫངས། མངའ་བདག་གི་སྲས་དབང་ཕྱུག་སྡེས་རྔོག་ལོའི་སྦྱིན་བདག་མཛད། རྒྱ་གར་ཤར་ནུབ་དང་ཡུས་དབུས། ཁ་ཆེ་ལ་སོགས་པར་པཎྟི་ཏ་ས་ཛྙ་ན་དང་གཞན་ཕན་བཟང་པོ། སྐལ་ལྡན་རྒྱལ་པོ་དང་། སུ་མ་ཏི་ཀི་རྟི་ལ་སོགས་པའི་སྐུ་མདུན་དུ་ཚད་མ་སྡེ་བདུན་མདོ་དང་བཅས་པ་ལ་སོགས་པར་བགྲང་བྱ་དུ་མར་དཀའ་བ་ཆེན་པོས་གསན་ཞིང་། གཞན་ཡང་མཁས་པ་ཆེན་པོ་གོ་མི་འཆི་མེད་དང་། གཞུང་འབུམ་ཕྲག་གསུམ་པ་ལ་སོགས་པ་རྣམས་ཀྱི་ཞབས་ལ་གཏུགས་ནས་རྒྱལ་བའི་ཡུམ་གྱི་དགོངས་པ་རྣམས་ཚིག་དོན་གཉིས་ཀའི་ཆ་ཤིན་ཏུ་ཕྲ་བ་ལ་ཡང་བློའི་སྣང་བ་ཕུལ་དུ་བྱུང་བ་མཉེས་པས་ཆོས་ཀྱི་སྤྱན་དང་ལྡན་པར་གྱུར་ཏོ། །
མདོར་ན་དགུང་ལོ་བཅུ་བདུན་བར་དུ་རྒྱ་གར་ཤར་ནུབ། ལི་དང་བལ་པོ་སོགས་སུ་རིག་པའི་གནས་མཐའ་དག་ལ་ལེགས་པར་སྦྱངས་ཤིང་། དགུང་ལོ་སུམ་ཅུ་སོ་ལྔ་པ་ཆུ་མོ་བྱ་ལ་བོད་དུ་ཕྱིར་ཕེབས་ཏེ། བཀའ་བསྟན་ཁག་ལ་ལ་གཞི་བསྒྱུར་དང་ལ་ལ་ཞུ་ཆེན་མཛད་ཡོད།
དེ་ཡང་གྲོ་ལུང་པ་བློ་གྲོས་འབྱུང་གནས་ཀྱི་གསུངས་ལས། དམ་ཆོས་བསྒྱུར་ལ་མངའ་བརྙེས་པ། །རྒྱལ་ཡུམ་གཉིས་དང་བསྟན་བཅོས་གཞུང་། །འབུམ་ཕྲག་གཅིག་དང་ཁྲི་ཕྲག་གསུམ། ། སྟོང་ཕྲག་བདུན་ནི་ལྷག་བཅས་བསྒྱུར། ། ཞེས་རྔོག་ལོ་ཆེན་པོས་གཞི་བསྒྱུར་དང་ཞུ་ཆེན་མཛད་པའི་བཀའ་བསྟན་རྣམས་ཀྱི་གྲངས་ཚད་གསལ་བར་འཁོད་ཡོད་པ་དང་། ལྷག་པར་དུ་ཚད་མ་རིག་པའི་གཞུང་ལུགས་འདི་ལ་བསྟན་པ་སྔ་དར་གྱི་དུས་ཏེ་མངའ་བདག་ཁྲི་རལ་གྱི་སྐབས་ནས་རྔོག་ལོ་ཡན་ཆོད་དུ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་། ཞང་ཡེ་ཤེས་སྡེ་སོགས་ཀྱིས་ཚད་མ་རིག་པའི་བསྟན་བཅོས་འགའ་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་གནང་ཡོད་ཀྱང་། འཆད་ཉན་གྱི་དངོས་གཞི་གངས་ཅན་གྱི་ལྗོངས་སུ་དངོས་སུ་བཙུགས་ཐུབ་མེད་པས་འདི་ལ་ཐོས་བསམ་དང་འཕེལ་རྒྱས་སོགས་གང་ཡང་མ་བྱུང་། ཕྱིས་སུ་རྔོག་ལོ་ཆེན་པོས་འཕགས་ཡུལ་གྱི་ཚད་མ་རིག་པའི་བསྟན་བཅོས་ཤིན་ཏུ་མང་བ་བོད་སྐད་དུ་བསྒྱུར་བ་དང་། སྔར་ལོ་ཙཱ་བ་གཞན་པས་བསྒྱུར་ཟིན་པ་རྣམས་ལའང་ཞུ་དག་མཛད་ཅིང་ལེགས་པར་གཏན་ལ་ཕབ་ཡོད།
རང་རེའི་བོད་བརྒྱུད་ནང་བསྟན་སྔ་ཕྱི་བར་གསུམ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ཁྲོད་ཚད་མ་རིག་པའི་གཞུང་ལུགས་ཀྱི་དཔེ་ཆ་བོད་སྐད་དུ་བསྒྱུར་བ་ལ་རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་ལས་མང་བ་མེད་དོ་ཞེས་བརྗོད་ཆོག་ཆོག་ཡིན་པ་མ་ཟད་རྔོག་ལོ་ཆེན་པོས་གསང་ཕུ་ནེའུ་ཐོག་གི་གདན་ས་ནས་ཚད་མའི་དགོངས་འགྲེལ་གྱི་བསྟན་བཅོས་ཆེན་པོ་དེ་སྔོན་བོད་ཀྱི་འདས་པའི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་ལེགས་བཤད་ཆེན་པོ་{ཚད་མ་རྣམ་པར་ངེས་པའི་དཀའ་བའི་གནད་ལ་རྣམ་པར་བཤད་པ་}ཞེས་པ་འདི་ཉིད་མཛད་པ་ལ་བརྟེན་ནས། བོད་བརྒྱུད་ནང་བསྟན་གྱི་མཁས་པས་མཛད་པའི་ཚད་མའི་དགོངས་པ་འགྲེལ་བའི་བསྟན་བཅོས་རྩོམ་པའི་ཤིང་རྟའི་སྲོལ་ཐོག་མར་བཏོད་པ་ཡིན་ནོ། །
ཁོང་གིས་གདན་ས་འདི་ནས་སློབ་མའི་ཚོགས་ཤིན་ཏུ་མང་བ་བསྐྱང་པར་མཛད་ཅིང་སློབ་བུའི་ཚོགས་རྣམས་ཀྱིས་ཀྱང་བོད་ཡུལ་སྟོད་སྨད་བར་གསུམ་དུ་བསྟན་པའི་གཞི་མ་འཆད་ཉན་གྱི་བསྟི་གནས་བགྲང་གྱི་མི་ལང་བ་འཛུགས་ཡོད་ལ། པཎ་ཆེན་འབུམ་ཕྲག་གསུམ་པ་ནས་རྔོག་ལོ་ཆེན་པོ་སྐུ་ཉིད་ལ་བརྒྱུད་པའི་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བརྒྱུད་པ་དྲི་མས་མ་གོས་པ་གངས་ཅན་ལྗོངས་སུ་སྤེལ་བར་མཛད་ནས་དེང་གི་དུས་སུ་ཡང་དེའི་བརྒྱུད་པ་འཛིན་པ་རིས་སུ་མ་མཆིས་པའི་སྐྱེས་ཆེན་བར་མེད་དུ་བྱོན་ཡོད།
རྔོག་ལོའི་སློབ་མ་འབྲེ་ཤེས་རབ་འབར་གྱིས་ཉང་སྟོད་སྐྱེགས་གནས་རྙིང་ལ་ཕར་ཕྱིན་རྒྱས་པར་གསུངས་ནས་སློབ་མའི་ཚོགས་རྒྱས། གཙང་པ་འབྲེ་སྒུར་གྱིས་དགའ་བ་གདོང་དང་བྱ་རོག་ཚང་སོགས་སུ་བཤད་པ་རྒྱ་ཆེར་མཛད། འབྲེའི་སློབ་མ་བྱ་འདུལ་བ་ཆེན་པོས་ཟུལ་བུ་བཏབ་སྟེ་འདུལ་མངོན་གྱི་བཤད་གྲྭ་བཙུགས་ཤིང་འདུལ་བ་མདོ་རྩ་སོགས་ཀྱི་ཊིཀྐ་ཡང་མཛད་དོ། །ཁུ་ཤེར་བརྩོན་གྱིས་ཐང་པོ་ཆེར་བཤད་གྲྭ་བཙུགས། ཨར་བྱང་ཆུབ་ཡེ་ཤེས་ཀྱིས་གནམ་རྩེད་ལྡིང་སོགས་སུ་བཤད་པ་རྒྱ་ཆེར་གནང་། དན་འབག་གི་སློབ་མ་གཉལ་པ་ཞིག་པོས་འོན་ལྕང་རྡོ་སོགས་སུ་བཤད་པ་གནང་དུས་བུ་དགུ་བྱུང་བར་གྲགས། བཟད་རིངས་དང་། དར་དཀོན། གཙང་དྲུག འུ་ཡུག་པ་རིག་པའི་སེང་གེ བོ་དོང་ཕྱོགས་ལས་རྣམ་རྒྱལ། ཇོ་ནམ། རྒྱ་མཆིང་རུ་བ། ཆོས་རྗེ་འཇམ་གསར། སྐྱེལ་ནག་གྲགས་སོགས་བྱུང་། དར་དཀོན་གྱིས་ཡར་རླུང་དང་མཚོ་སྨད་ལ་འཆད་ཉན་གནང་། གཙང་དྲུག་གི་ཞ་ལུར་བཤད་གྲྭ་བཙུགས་ཤིང་སློབ་མ་ཡང་དབུ་མ་པ་ཤེར་འབུམ་དང་། སློབ་དཔོན་དར་ལོ། བུ་སྟོན་གྲགས་སེང་སོགས་འདུས། རྒྱ་མཆིང་རུ་བས་རྭ་སྟོད་བདེ་བ་ཅན་དུ་འཆད་ཉན་མཛད། གསང་ཕུ་བ་དཔལ་ལྡན་དོན་གྲུབ་དཔོན་སློབ་ཀྱིས་གུང་ཐང་གི་བཤད་གྲྭ་བཙུགས། བཟད་རིངས་ཀྱིས་ཁྲོ་ཕུར་བཤད་གྲྭ་བཙུགས། སྐྱེལ་ནག་གིས་སྣར་ཐང་དུ་ཚད་མའི་བཤད་པ་རྒྱ་ཆེར་མཛད། ཏའི་སི་ཏུ་བྱང་ཆུབ་ཆོས་ཀྱི་རྒྱལ་མཚན་གྱིས་ཆོས་གྲྭ་ཆེན་པོ་རྩེད་ཐང་ཕྱག་བཏབ་ནས་གདན་སའི་བླ་མ་གསང་ཕུ་ནས་གདན་འདྲེན། སློབ་གཉེར་དང་གྲྭ་སྐོར་སོགས་གསང་ཕུ་དང་ལྷན་གཅིག་མཛད། དེ་ལྟར་ན་དཔལ་རི་བོ་དགེ་ལྡན་པའི་མ་ལག་བུ་ལག་དང་བཅས་པ་ཡང་གསང་ཕུའི་ལེ་ལག་ཡིན་ཞིང་། སྣར་ཐང་། རྩེད་ཐང་། བདེ་བ་ཅན་སོགས་དགོན་གནས་གསར་རྙིང་དང་། ཞ་ལུ། ས་སྐྱ། གནས་རྙིང་། བཀྲ་ཤིས་ལྷུན་པོ། དཔལ་འཁོར་མཆོད་རྟེན་སོགས་ཀྱང་གསང་ཕུའི་ལེ་ལག་དང་། ནཱ་ལེནྡྲ། ཐུབ་བསྟན་གསེར་མདོག་ཅན། ངམ་རིང་སོགས་ཆོས་གྲྭ་མང་དག་ཅིག་གསང་ཕུའི་བུ་ལག་ཡིན་ཏེ། དགོན་པ་འདེབས་པ་པོ་དེ་དག་ཐམས་ཅད་གསང་ཕུའི་དགེ་བཤེས་ཁོ་ན་ལ་ཐོག་མར་བསྟེན་པ་སོགས་ལས་ཤེས་ཐུབ་བོ། །
དཔལ་གསང་ཕུ་ནེའུ་ཐོག་གི་གདན་རབས་དྲུག་པ་སློབ་དཔོན་ཆེན་པོ་ཆ་པ་ཆོས་ཀྱི་སེང་གེ་ནི་རབ་བྱུང་གཉིས་པའི་ས་གླང་ལོ་སྟེ་སྤྱི་ལོ་ ༡༡༠༡ ལོར་ལྷ་སའི་ཤར་ཕྱོགས་ཀྱི་སྟག་རྩེའི་ཁོངས་སུ་ཡོད་པའི་ལུང་པའི་མིང་ལ་ཆ་ཟེར་བ་དེར་སྐུ་འཁྲུངས་བས་མཚན་དེ་ལྟར་དུ་ཐོག་ཅེས་གསུངས། སློབ་དཔོན་འདི་ཉིད་སྐུ་ན་ཆུང་ངུའི་སྐབས་ནས་ཐུགས་རིག་གསལ་ཞིང་མགུར་སྣ་ཚོགས་གསུངས་ཐུབ་མཁན་ཞིག་ཡིན་ཏེ། ཁོང་གིས། ཀུན་བཏགས་ཀྱི་རྩེ་མོ་རྩེ་རྩེ་ནས། །གཞན་དབང་གི་ལྕི་བ་མ་འཐུལ་ན། །ཡོངས་འགྲུབ་ཀྱི་ཨ་མས་བརྡུང་དུ་འོང་། །ཞེས་མཚན་ཉིད་གསུམ་གླུར་ལེན་པ་དགེ་བཤེས་རྒྱ་དམར་བས་གསན་ནས་ཕ་མ་ལས་སློང་སྟེ་ཁྲིད། ཁོང་གི་དྲུང་ནས་ཚད་མ་དང་དབུ་མ་གསན་སྦྱངས་མཛད། ཞང་ཚེ་སྤོང་བ་ཆོས་ཀྱི་བླ་མའི་དྲུང་དུ་རབ་ཏུ་བྱུང་ཞིང་མཚན་ལ་ཆོས་ཀྱི་སེང་གེ་ཞེས་བཏགས། ཁོང་དང་ཉང་བྲན་ཆོས་ཀྱི་སེང་གེའི་དྲུང་དུ་ཕར་ཕྱིན་དང་སྤྱོད་ཕྱོགས་སྐོར་གསན། གྲོ་ལུང་པའི་མདུན་དུ་སྡེ་སྣོད་དག་ལ་སྦྱངས། སློབ་དཔོན་ཁོང་གིས་གསང་ཕུ་ནེའུ་ཐོག་གི་གདན་ས་མ་མཛད་གོང་ནས་དེ་མིན་ཆོས་གྲྭ་མང་པོ་བསྐྱངས་ཤིང་། དེ་ནས་རིམ་པར་གསང་ཕུ་ནེའུ་ཐོག་གི་གདན་རབས་དྲུག་པར་ཕེབས་ཏེ་གདན་ས་ལོ་བཅོ་བརྒྱད་བསྐྱངས། ཁོང་གིས་གསང་ཕུ་ནེའུ་ཐོག་ནས་གཞུང་ཆེན་ཁག་ལ་བཤད་པ་མཛད་ནས་སྐུ་ཚེའི་རིང་གྲགས་ཆེ་བའི་སློབ་མ་རིག་པའི་དབང་ཕྱུག་སེང་ཆེན་བརྒྱད་དང་། ཇོ་སྲས་བཞི། གྲུབ་ཐོབ་བཞི། ཤེས་རབ་ཅན་གྱི་བུ་བཞི་སོགས་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་མང་པོ་བསྐྱངས་ཡོད་ཅིང་། མདོར་ན་དེ་སྐབས་མདོ་སྟོད་སྨད་དང་དབུས་གཙང་འཁོར་བཅས་ལ་སློབ་དཔོན་ཁོང་གི་སློབ་མར་མ་གྱུར་བ་མེད་ཅེས་བརྗོད་ཆོག
སློབ་དཔོན་འདི་ཉིད་གདན་ས་མཛད་རིང་གཞུང་ཆེན་ཀུན་དང་ལྷག་པར་ཚད་མ་རིག་པའི་གཞུང་ལུགས་ཀྱི་ཟབ་གནད་ཀུན་ལ་གཞན་ལས་ལྷག་པའི་ངེས་ཤེས་བརྟན་པོ་རྙེད་ཏེ་དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་ངེས་ཀྱི་རྩ་འགྲེལ་ལ་བཤད་པ་གཙོ་བོ་དང་། སློབ་དཔོན་ཉིད་ཀྱི་རྣམ་དཔྱོད་རྩལ་ལས་འཁྲུངས་པའི་ཚད་མ་རྒྱས་འབྲིང་བསྡུས་གསུམ་མཛད་པར་གྲགས་པའི་ནང་ནས་འབྲིང་པོ་{ཚད་མ་ཡིད་ཀྱི་མུན་སེལ་}ལ་བཤད་པ་ཤིན་ཏུ་རྒྱ་ཆེ་བར་མཛད་དོ། །
དེ་ཡང་ཁོང་གི་འགྲན་ཟླ་བྲལ་བའི་རྣམ་དཔྱོད་རྩལ་ལས་ཐོན་པ་རྒྱལ་བའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་བརྗོད་བྱའི་དོན་གྱི་སྙིང་པོ་རྣམས་ཕྱོགས་གཅིག་ཏུ་དྲིལ་ཏེ་བསྡུས་ཚན་དུ་བགོས་ནས་སློབ་སྦྱོང་བྱེད་ཚུལ་གྱི་སློབ་གཞི་{བསྡུས་གྲྭ}ཞེས་པ་གསར་བཏོད་མཛད་ཅིང་། དེ་ལའང་དབང་པོ་རབ་འབྲིང་ཐ་གསུམ་དང་བསྟུན་པར་བསྒྲིགས་པའི་བསྡུས་ཆེན་དང༌། བསྡུས་འབྲིང༌། བསྡུས་ཆུང་སྟེ་གསུམ་ཡོད་ཅིང་བསྡུས་གྲྭའི་བསྡུས་ཚན་བཅོ་བརྒྱད་དང་། ཉེར་གཉིས། ཉེར་བདུན་སོགས་སྣ་ཚོགས་ཡོད། བསྡུས་ཚན་ཉེར་བདུན་དུ་བགོས་བ་ནི་གཤམ་གསལ། ༡ ཁ་དོག་དཀར་དམར། ༢ ཡོད་རྟོགས་མེད་རྟོགས། ༣ ཡིན་ལོག་མིན་ལོག ༤ ལྡོག་པ་ངོས་འཛིན། ༥ རྒྱུ་འབྲས་ཆུང་ངུ༌། ༦ གཅིག་ཐ་དད། ༧ ཁྱབ་མཐའ་འགོག་ཚུལ། ༨ ཡུལ་དང་ཡུལ་ཅན། ༩ སྤྱི་དང་བྱེ་བྲག ༡༠ འགལ་འབྲེལ་ཆུང་ངུ༌། ༡༡ མཚན་མཚོན། ༡༢ རྫས་ལྡོག ༡༣ ཁྱབ་པ་སྒོ་བརྒྱད། ༡༤ ཁས་ལེན་སོང་ཚུལ། ༡༥ དྲུག་སྒྲ། ༡༦ དགག་གཞི་བརྩི་ཚུལ། ༡༧ ཐལ་འགྱུར་ཆུང་ངུ༌། ༡༨ དུས་གསུམ། ༡༩ སྤྱི་མཚན་དང་རང་མཚན། ༢༠ སེལ་འཇུག་དང་སྒྲུབ་འཇུག ༢༡ བརྗོད་བྱ་དང་རྗོད་བྱེད། ༢༢ དགག་སྒྲུབ་དང་གཞན་སེལ། ༢༣ འགལ་འབྲེལ་ཆེ་བ། ༢༤ ཐལ་འགྱུར་ཆེ་བ། ༢༥ རྒྱུ་འབྲས་ཆེ་བ། ༢༦ བློ་རིག ༢༧ རྟགས་རིགས་བཅས་སོ། །
ཁོང་གིས་གདན་ས་གསང་ཕུ་ནེའུ་ཐོག་ནས་གཙོས་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་ལམ་ལུགས་ལ་སྔར་ཡོད་ཀྱི་སྲོལ་བཟང་སྟེང་བསྒྱུར་བཅོས་རང་བཞིན་ཀྱི་སྒོ་དབྱེ་གནང་ནས་ཁྱད་ལྡན་གྱི་སློབ་གཉེར་ཐབས་ལམ་གསར་བཏོད་དང་ལམ་སྟོན་ཁྱད་འཕགས་གནང་ཡོད།
སློབ་དཔོན་ཁོང་གིས་གསར་བཏོད་གནང་བའི་སློབ་གཉེར་ལམ་ལུགས་གཙོ་བོ་ནི། ༡ གཞུང་ཆེན་བཀའ་པོད་ཁག་གི་སློབ་གཉེར་ཐབས་ལམ་གསར་དུ་བཏོད་པ། ༢ སློབ་རྩོད་གཉིས་དུས་གཅིག་ཏུ་སྤེལ་བའི་ལམ་སྲོལ་བཏོད་པ། ༣ དགེ་རྒན་སོ་སོའི་ཁྱད་ཆོས་ལ་གཞིགས་ཏེ་སློབ་ཁྲིད་ཀྱི་ལས་འགན་གཏན་འཁེལ་གནང་ནས་དགེ་རྒན་སོ་སོའི་ཁྱད་ནུས་འདོན་སྤེལ་གང་ལེགས་བྱེད་དུ་བཅུག་པ། ༤ འཛིན་གྲྭ་བགོ་བའི་ལམ་ལུགས་གསར་དུ་བཏོད་ཅིང་། འཛིན་གྲྭ་སོ་སོའི་སློབ་ཡུན་གྱི་ལོ་ཚད་གཏན་འཁེལ་གནང་བ། ༥ ལོ་གཅིག་གམ་སློབ་དུས་སོ་སོའི་ཆོས་ཐོག་གི་སློབ་ཚན་ནང་དོན་གཏན་འབེབས་གནང་བ། ༦ འཛིན་གྲྭ་ཕན་ཚུན་རྩོད་རྒྱུགས་བྱེད་པའི་ཐབས་ལམ་གསར་དུ་བཏོད་པ། ༧ ཆོས་ཐོག་སྐབས་བགྲོ་གླེང་གཙོ་བོ་དང་སློབ་ཁྲིད་ཞར་བྱུང་། ༨ ཆོས་མཚམས་སྐབས་སློབ་ཁྲིད་གཙོ་བོ་དང་བགྲོ་གླེང་ཞར་བྱུང་བྱ་རྒྱུའི་སྲོལ་བཏོད་པ། ༩ སློབ་གཉེར་ལེགས་གྲས་རྣམས་རང་མོས་ཐོག་དགོན་པ་གཞན་དང་གྲྭ་ཚང་གཞན་ལ་གྲྭ་སྐོར་དམ་བཅའ་འགྲོ་བའི་སྲོལ་གསར་དུ་བཏོད། ༡༠ སློབ་གཉེར་ཐོན་པའི་རིགས་ལ་སློབ་གཉེར་གྱི་སྦྱངས་འབྲས་ལེགས་ཉེས་ལ་གཞིགས་ནས་མཚན་གནས་སྤྲོད་པའི་སྲོལ་བཏོད་པ། ༡༡ ཚད་མ་རིག་པའི་གཞུང་རྣམས་ཀྱི་སྙིང་བཅུད་བསྡུས་པའི་བསྡུས་གྲྭ་ཆུང་འབྲིང་ཆེ་གསུམ་གསར་རྩོམ་མཛད་ཅིང་དེ་ལྟར་སློབ་སྦྱོང་བྱེད་དགོས་རྒྱུའི་གཏན་འབེབས་གནང་བ། ༡༢ མཚན་ཉིད་རྩོད་སྐབས་ཀྱི་དྲི་བ་དྲིས་ལན་འདེབས་ཚུལ་དང་། རྩོད་གླེང་གཏོང་མཁན་གྱིས་འཛིན་གྲྭའི་དབུས་སུ་ལངས་ཏེ་ཐོག་མར་གུས་འདུད་ཀྱི་རྣམ་འགྱུར་དང་བཅས་ཏེ། གཟན་སྐེད་པར་དཀྲིས་ཏེ། ཀྭ་ཡེ་ཇི་ལྟར་ཆོས་མཇལ། ཞེས་དམ་བཅའ་དྲི་བའི་ཚུལ་གསར་བཏོད་མཛད། ཕྱིས་སུ་ཀྭ་ཞེས་པའི་ཚིག་དོར་ནས་ངྷཱི་ཞེས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ས་བོན་བརྗོད་པ་དང་། ལྷན་དུ་ཆོས་མཇལ་ཞེས་དམ་བཅའ་དྲི་ཚུལ་འདི་གསར་དུ་བཏོད་པ། སྐབས་སུ་བབ་པའི་གཞུང་ལས་འཕྲོས་པའི་ཁས་ལེན་དྲི་བ་དང་། ཐལ་འགྱུར་འཕེན་པ་དང་ཆབ་གཅིག་ལག་པས་ཐལ་མོ་རྡེབ་པ། ཁྱབ་མཐའ་འགོད་པ། རྒྱུ་མཚན་འདྲི་བ། ལུང་རིག་དང་འགལ་ན་ཚ་བརྒྱབ་པ། འཁོར་གསུམ་བསྐོར་བ་སོགས་ཀྱི་དམ་བཅའ་ཁས་ལེན་དང་མཚན་ཉིད་རྩོད་པའི་ཐ་སྙད་དང་བྱ་ཐབས་བཅས་པ་ངོ་མཚར་ཁྱད་དུ་འཕགས་པའི་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་སློབ་གཉེར་ལམ་སྲོལ་གསར་དུ་བཏོད་པར་རྟེན། རྩོད་ཤུགས་དང་རིག་པ་ངང་གི་འཕེལ་ཏེ་རིག་པའི་གནས་མཐའ་དག་དང་ལྷག་པར་གཞུང་ཆེན་བཀའ་པོད་ཁག་གི་ནང་དོན་ཞིབ་ཅིང་ཕྲ་བ་རྟོགས་པའི་གནས་ལ་ཕན་ནུས་སྔར་བས་ལྷག་པ་ཐོན་ཡོད་པ་མ་ཟད། བོད་ཀྱི་རིས་སུ་མ་མཆིས་པའི་གདན་ས་ཁག་དང་དེ་མིན་འཛམ་གླིང་ས་གནས་ཁག་གི་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་ཡོངས་ཀྱི་ཁྲོད་དུ་དར་ཁྱབ་གོང་འཕེལ་ཤུགས་ཆེན་བྱུང་ཞིང་དེང་གི་དུས་སུའང་ལམ་ལུགས་དེ་དག་ལ་ཆོས་ལུགས་པ་རྐྱང་པ་མ་ཡིན་པར་རིག་པ་སྨྲ་བའི་འཛམ་གླིང་མཁས་མང་གི་དགའ་བསུ་ཐོབ་ཅིང་མ་ཉམས་གོང་འཕེལ་ཏུ་འགྲོ་བཞིན་ཡོད།
མཁས་གྲུབ་ཀུན་གྱིས་མགྲིན་གཅིག་དུ་བསྔགས་པའི་གནས་མཆོག་བོད་ཀྱི་ནྰ་ལེནྡྲ་གསང་ཕུ་ནེའུ་ཐོག་གི་གདན་ས་འདི་ནས་རང་རེའི་བོད་བརྒྱུད་ནང་བསྟན་གྱི་བསྟན་པ་ལ་བླ་ན་མེད་པའི་མཛད་རྗེས་འཇོག་མཁན་སྐྱེས་ཆེན་དམ་པ་བགྲང་གི་མི་ལང་བ་སྨིན་པར་མཛད་ཡོད་ཏེ་དེ་དག་ཡོངས་རྫོགས་ཀྱི་མཚན་ནས་སྨོས་པར་དཀའ་ཡང་འདིར་ཐར་ཐོར་ཙམ་སྨོས་ན་ཀརྨ་པ་སྐུ་ཕྲེང་དང་པོ་ཀརྨ་པ་དུས་གསུམ་མཁྱེན་པ། ཕག་གྲུ་བཀའ་བརྒྱུད་སྲོལ་གཏོད་པ་པོ་ཕག་གྲུ་རྡོ་རྗེ་རྒྱལ་པོ། ཚལ་པ་བཀའ་བརྒྱུད་སྲོལ་གཏོད་པ་པོ་གུང་ཐང་བླ་མ་ཞང་བརྩོན་འགྲུས་གྲགས་པ། འུ་ཡུག་པ་རིགས་པའི་སེང་གེ ས་སྐྱ་གོང་མ་རྣམ་ལྔའི་ཡ་གྱལ་སློབ་དཔོན་བསོད་ནམས་རྩེ་མོ། རྭ་སྟོད་ཕྱག་འདེབས་པ་པོ་རྒྱ་མཆིང་རུ་པ། གནས་སྣང་ཕྱག་འདེབས་པོ་རྟོགས་ལྡན་གྲགས་པ་སེང་གེ འཇམ་མགོན་ས་སྐྱ་པན་ཆེན། གཡག་སྡེ་པན་ཆེན། ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེ། རྫོགས་ཆེན་པའི་སྲོལ་གཏོད་པ་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ། གཉག་ཕུ་བ་བསོད་ནམས་བཟང་པོ། དགེ་ལུགས་པའི་སྲོལ་གཏོད་པ་པོ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། དགའ་ལྡན་ཁྲི་ཐོག་གཉིས་པ་རྒྱལ་ཚབ་དར་མ་རིན་ཆེན། ནཱ་ལནྡྲེ་ཕྱག་འདེབས་པ་པོ་རོང་སྟོན་ཤྰཀྱ་རྒྱལ་མཚན། བོ་དོང་པན་ཆེན་ཕྱོགས་ལས་རྣམ་རྒྱལ། དཔལ་ལྡན་འབྲས་སྤུངས་ཕྱག་འདེབས་པ་པོ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན། རྗེ་བླ་མ་ཙོང་ཁ་པའི་སྔགས་ཀྱི་བསྟན་པ་འཛིན་མཁས་རྗེ་ཤེས་རབ་སེང་གེ སེ་ར་ཁྲི་ཐོག་གསུམ་པ་གུང་རུ་རྒྱལ་མཚན་བཟང་པོ། རྒྱལ་བ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ། དགའ་ལྡན་ཁྲི་ཐོག་དྲུག་པ་བ་སོ་ཆོས་ཀྱི་རྒྱལ་མཚན། རྒྱལ་བ་སྐུ་ཕྲེང་གཉིས་པ་དགེ་འདུན་གྲུབ་པ། གཡུང་དྲུང་བོན་གྱི་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན། སེ་ར་ཁྲི་ཐོག་བརྒྱད་པ་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ། པན་ཆེན་ཤྰཀྱ་མཆོག་ལྡན། འབྲས་སྤུངས་གདན་རབས་བརྒྱད་པ་རྗེ་ལེགས་པ་ཆོས་འབྱོར། པན་ཆེན་སྐུ་ཕྲེང་གཉིས་པ་བསོད་ནམས་ཕྱོགས་ཀྱི་གླང་པོ། ལྷ་ཐོག་བློ་བཟང་བསྟན་འཛིན། ཀློང་རྡོལ་ངག་དབང་བློ་བཟང་སོགས་དེ་སྐབས་གངས་ཅན་གྱི་སྡེ་སྣོད་སྨྲ་བའི་མཁས་པ་ཡིན་ན་གནས་དེར་བྱོན་མ་མྱོང་བ་མེད་ཅེས་བརྗོད་ཆོག
མདོར་ན་ལོ་ངོ་སྟོང་ལ་ཉེ་བའི་ལོ་རྒྱུས་ལྡན་པའི་གདན་ས་འདི་ནས་རྔོག་ལོ་ཡབ་སྲས་དང་སློབ་དཔོན་ཆ་པས་གཙོས་གདན་རབས་རིམ་བྱོན་མཁས་མང་རྣམས་ཀྱིས་རྒྱ་གར་སོགས་ཡུལ་གྲུ་གཞན་གྱི་ནང་ཆོས་རིག་གནས་བོད་དུ་ནང་འདྲེན་བྱས་ཤིང་། འཕགས་ཡུལ་མཁས་པའི་ལུགས་སྲོལ་ལྟར་བོད་རང་གི་མཁས་པས་བཀའ་བསྟན་གྱི་དགོངས་དོན་རིགས་པས་གཏན་ལ་འབེབས་པའི་བསྟན་བཅོས་རྩོམ་པའི་ལུགས་སྲོལ་གསར་པའི་སྒོ་མོ་ཡངས་པོར་ཕྱེ་བ་དང་། དཔལ་ནཱལེནྡྲའི་རིག་གནས་སྙིང་སྟོབས་དེ་ཉིད་གདན་ས་འདི་ཉིད་ཀྱི་བསྡུས་གྲྭའི་རྩོད་རིགས་གསར་པའི་ཐབས་ལམ་ལ་བརྟེན་ནས་གཞུང་ཆེན་ཁག་གི་ཚིག་དོན་མཐའ་དག་རིགས་པས་གཏན་ལ་ཕབས་ནས་དེང་དུས་བོད་བརྒྱུད་ནང་བསྟན་པའི་ཐུན་མོང་མ་ཡིན་པའི་སློབ་གཉེར་ལམ་ལུགས་དང་རིག་གནས་ཀྱི་ཁོར་ཡུག་ཆེན་པོ་མིའི་རིགས་ཀྱི་བསམ་བགྲོད་དང་མཐུན་ཞིང་རིག་སྨྲ་ཀུན་གྱིས་སྤྱི་བོར་མཆོད་པ་ཞིག་བསྐྲུན་ཡོད། །
ཡོང་ཁུངས། ལུག་ཚང་དཔལ་ཡོན།