བོད་ཀྱི་ཡིག་ཚང་གི་རྣམ་པའི་ཆ་ནས་རིགས་དབྱེ་ཚུལ་ལ་དཔྱད་པ།

བོད་ཀྱི་ཡིག་ཚང་གི་རྣམ་པའི་ཆ་ནས་རིགས་དབྱེ་ཚུལ་ལ་དཔྱད་པ།

གླེང་གཞི།


ས་སྒང་རིལ་བོ་འདི་རུ་འགྲོ་བ་མི་བྱུང་ཞིང་འཕེལ་བ་ནས་བཟུང་རི་དྭགས་རྔོན་པ་དང་ཤིང་ཏོག་འཐུ་བ། སྒོ་ཕྱུགས་སྐྱོང་བ། ཞིང་རྨོ་འདེབས་སོགས་ཀྱི་འཚོ་བའི་ངལ་རྩོལ་ཁྲོད་ནས་འགྲོ་བ་མིའི་ཤེས་རྟོགས་ལ་འཕེལ་རྒྱས་ཕྱིན་ཏེ་རིམ་གྱིས་གདོད་མའི་ཆོས་ལུགས་དང་རིག་གནས་ཀྱི་གཞི་ཆགས། གདོད་མའི་སྤྱི་ཚོགས་སུ་བརྔོན་བྱའི་རི་དྭགས་དང་སྒོ་ཕྱུགས་ཀྱི་ཁ་གྲངས་ཚད་འཛིན་བྱེད་དུ་རྡོ་ངོས་དང་བྲག་ལྡེབས། ཤིང་ཤུན། རུས་ལྐོགས་སོགས་སུ་རྟགས་ཤད་འདེབས་པའི་མཚོན་རྟགས་དང་། ཐ་གུར་མདུད་པ་བོར་བ་དང་། མི་དང་མི་བར་འབྲེལ་འདྲིས་སུ་བརྡ་སྟོན་བྱེད་ཀྱི་རི་མོ་དང་སྐད་བརྡ་བྱུང་བ་དང་། རྗེས་སུ་བརྡ་སྟོན་བྱེད་ཀྱི་རི་མོ་དེ་དག་གཅིག་གྱུར་དང་ཚད་ལྡན་དུ་གྱུར་བའི་ཡི་གེའམ་རྣམ་དཔྱོད་ཅན་པོས་སྐད་བརྡ་སྟོན་བྱེད་དུ་ཆེད་དུ་བཟོས་པའི་ཡི་གེ་བྱུང་བས།

སྤྱི་ཚོགས་འཚོ་བའི་ཉམས་མྱོང་ཤེས་བྱ་གང་མང་ཞིག་ཡི་གེའི་གཟུགས་སུ་བཀོད་ནས་འཛིན་པ་དང་ཀློག་པ་དང་། སྤེལ་བ་རྒྱ་ཆེར་བྱས་པས་ཡིག་ཚང་གི་རྨང་བཏིང་བ་དང་། ཡིག་ཚང་གིས་སྤྱི་ཚོགས་འཚོ་བའི་འཕེལ་རྒྱས་ལ་སྲི་ཞུ་བླ་མེད་བསྒྲུབས་དང་སྒྲུབ་མུས་ཡིན། ང་ཚོ་བོད་མི་རིགས་ལའང་ཐོན་སྐྱེད་འཚོ་བའི་གོ་རིམ་དུ་རྡོ་ངོས་དང་ཤིང་ལྐོགས་སོགས་སུ་རྟགས་ཤད་འདེབས་པ་དང་། བྱ་དང་རི་དྭགས། ཆོས་ལུགས་ཆོ་ག་སོགས་མཚོན་པའི་རི་མོ་བྱུང་བ་དང་། ཕྱིས་སུ་གཅིག་གྱུར་དང་ཚད་ལྡན་དུ་བཀོལ་ཆོག་པའི་བོད་ཡིག་བྱུང་བ་ནས་བཟུང་། ཆོས་ལུགས་དང་ལོ་རྒྱུས། ཆབ་སྲིད་སོགས་རིག་གནས་ཤེས་བྱ་ཀུན་ཡི་གེར་བརྟེན་ནས་རྒྱུན་འཛིན་དང་དར་སྤེལ་བྱེད་འགོ་བརྩམས། བཙན་པོའི་རྒྱལ་རབས་སྐབས་ནས་བཟུང་བོད་རང་ལ་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་ཀྱི་རྩ་བ་ཚུགས་ཤིང་། རྗེས་ནས་ལོ་པཎ་བཀའ་དྲིན་ཅན་མང་པོས་རྒྱ་གར་ནག་སོགས་ནས་བསྟན་བཅོས་གང་མང་བོད་ཡིག་ཏུ་བསྒྱུར་ཞིང་སྤེལ་བ་དང་། བོད་རང་གི་མཁས་པ་རྣམ་པའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་གསུང་རབ་སོགས་རི་བོའི་གཏོས་དང་མཉམ་ཞིང་རྒྱ་མཚོའི་མཐའ་ལས་འགོངས་པའི་གླེགས་བམ་པོ་ཏི་བོད་ཀྱི་དགོན་པ་སོགས་སུ་བྱུང་ཞིང་། ཕྱི་ཡི་ལྕགས་རི་ཞིག་ཀྱང་ནང་གི་ཆོས་རྩིག་མི་ཞིག་པའི་ཚད་དུ་སླེབས་པ་དང་ཆབས་ཅིག   དེ་དག་སྲོག་བྱས་ཏེ་སའི་རྩི་ཤིང་དང་གནམ་གྱི་སྐར་ཚོགས་ཀྱི་གྲངས་ལ་འགྲན་པའི་བོད་ཀྱི་ཡིག་ཚང་བྱུང་བ་སྟེ། གནའ་བོའི་རྡོ་རིང་དང་བྲག་བརྐོས་ཡི་གེ   ཅོང་ཡིག  དྲིལ་བུ་ཁ་བྱང་། ཁྲམ་བྱང་།  གཏེར་ཡིག ཤོག་དྲིལ། རྡོ་བརྐོས་མ་ཎི་དང་བཀའ་བསྟན། ཐམ་ག་དང་བཀའ་ཡིག ཤིང་པར། བཀའ་བསྟན་གཙོས་པའི་གསུང་རབ་བསྟན་བཅོས་བྲིས་མ་དང་པར་མ། གློག་རྡུལ་པར་མ་སོགས་ཀྱིས་མཚོན་པའི་ཡིག་ཚང་གི་བང་མཛོད་ཧ་ཅང་རྒྱ་ཆེ་བ་བྱུང་ལ། བོད་ཀྱི་ཡིག་ཚང་ནི་འཛམ་གླིང་དུ་ཆེས་མང་བ་ཡིན་པ་དང་། རང་རྒྱལ་དུ་བོད་ཀྱི་ཡིག་ཚང་འདྲ་བ་མི་རིགས་གཞན་སུ་ལའང་ཡོད་པ་མ་ཡིན་པས། བོད་ཀྱི་ཡིག་ཚང་འདི་ཉིད་ལེགས་སྒྲིག་དང་འཐུས་ཚང་། དར་སྤེལ་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་མོད། བོད་རང་ལ་རང་སྐྱ་འཕེར་བའི་ཡིག་ཚང་རིག་པའི་གཞུང་ལུགས་ཤིག་ཕར་ཞོག   ཐ་ན་དེའི་སྐོར་གྱི་དཔྱད་རྩོམ་དང་ཆེད་དེབ་སོགས་ཀྱང་ཤིན་ཏུ་ཉུང་རྐྱེན། བདག་གིས་བོད་ཀྱི་ཡིག་ཚང་གི་རྣམ་པའི་ཆ་ནས་རིགས་ཇི་ལྟར་དབྱེ་བའི་ཐད་ནས་དཔྱད་པ་རགས་ཙམ་བྱ་རྒྱུ་ཡིན།  བོད་ཀྱི་ཡིག་ཚང་གི་རྣམ་པའི་ཆ་ནས་དབྱེ་ན། བླུགས་བརྐོས་ཡིག་ཚང་དང་བྲིས་མའི་ཡིག་ཚང་དང་།  པར་མའི་ཡིག་ཚང་དང་། སྒྲ་གཟུགས་ཡིག་ཚང་དང་། གློག་རྡུལ་ཡིག་ཚང་བཅས་རིགས་ལྔ་རུ་འདོད་དེ།  རེ་རེ་བཞིན་སྤྲོས་ན་ནི།

གཅིག བླུགས་བརྐོས་ཡིག་ཚང་།

བླུགས་བརྐོས་ཡིག་ཚང་ནི་བོད་བཙན་པོའི་དུས་ནས་བཟུང་རང་བྱུང་གི་རྡོ་ཕ་བོང་དང་རྡོ་གཡམ། རྡོ་རིང་། བྲག་ལྡེབས། ལྤགས་པ། རུས་ལྐོགས། ཤིང་རིགས། གསེར་དངུལ་ཟངས་ལྕགས་སོགས་སུ་རི་མོའམ་ཡི་གེ་བླུགས་པའམ་བརྐོས་པའི་ཡིག་ཚང་ཡིན་ཏེ། དེང་སང་མཇལ་རྒྱུ་ཡོད་པའི་རྡོ་རིང་དང་ཅོང་ཡིག  བྲག་བརྐོས་ཡི་གེ  རུས་ཁྲམ། ཤིང་པར།  ཐམ་ག་སོགས་ཡིན་ལ།   ནང་དོན་གྱི་ཆ་ནས་ཆོས་ལུགས་དང་ལོ་རྒྱུས། ཆབ་སྲིད།  དམངས་སྲོལ། སྤྱི་ཚོགས་འཚོ་བ་སོགས་འདུས།

གཉིས།  བྲིས་མའི་ཡིག་ཚང་།

ཤིང་ཏ་ལའི་ལོ་མ་དང་སྟག་ཤུན། རུས་ལྐོགས། ལྤགས་པ། ཤིང་ལེབ། དར་གོས། ཤོག་བུ་སོགས་སུ་སྣག་ཚའམ་ཚོན་གྱིས་བྲིས་པའི་ཡིག་ཚང་ཡིན་ཏེ།  ཏུན་ཧོང་ནས་ཐོན་པའི་བཙན་པོའི་སྐབས་ཀྱི་ཤོག་དྲིལ་བྲིས་མ་དང་།  ས་སྐྱ་དང་པོ་ཏ་ལ་སོགས་སུ་ཉར་བའི་ཤིང་ཏ་ལའི་ལོ་མར་བྲིས་པའི་ཆོས་དཔེ།   ཞིན་ཅང་སོགས་ནས་རྙེད་པའི་ཁྲམ་བྱང་།  ལྤགས་པའི་ས་ཁྲ། བཀའ་བསྟན་གཙོ་པའི་བསྟན་བཅོས་བྲིས་མ་རྣམས་ནི་བྲིས་མའི་ཡིག་ཚང་ཡིན།

 

གསུམ།  པར་མའི་ཡིག་ཚང་།

བོད་དུ་པར་སྐྲུན་གྱི་ལག་རྩལ་དར་བ་ནས་བཟུང་བཀའ་བསྟན་གཙོས་པའི་གསུང་རབ་བསྟན་བཅོས་མང་པོ་ཤིང་པར་དུ་བརྐོས་ཤིང་པར་ཏེ་པར་མ་སྣ་ཚོགས་བྱུང་བ་དང་། བསྟན་བཅོས་མང་པོ་ཤིང་པར་དུ་ཡང་ནས་བསྐྱར་ཏུ་པར་པས་དཔེ་སྐྲུན་ལས་རིགས་ཤིན་ཏུ་དར་བ་དང་། ཡིག་ཚང་ཡང་མང་དུ་བྱུང་ཡོད་དེ། སྣར་ཐང་པར་ཁང་དང་ལྷ་སའི་ཞོལ་པར་ཁང་། སྡེ་དགེའི་པར་ཁང་། ཅོ་ནེའི་པར་ཁང་། མགོ་ལོག་ར་རྒྱའི་པར་ཁང་སོགས་ལས་བཀའ་བསྟན་མང་པོ་པར་ཞིང་། པར་གཞི་ཡང་སྣ་ཚོགས་བྱུང་བ་སྟེ། ཡུང་ལོའི་བཀའ་འགྱུར་པར་མ་དང་འཇང་ས་དམ་རྒྱལ་པོའི་བཀའ་འགྱུར་པར་མ། སྡེ་དགེ་བཀའ་འགྱུར་པར་མ་སོགས་བྱུང་བ་དང་། ས་སྐྱ་གོང་མ་དང་རྗེ་ཙོང་ཁ་བ་ལ་སོགས་པའི་མཁས་དབང་རིམ་བྱོན་གྱི་གསུང་འབུམ་ཡང་པར་དུ་བཏབ་ཅིང་པར་བས་པར་མའི་ཡིག་ཚང་བོད་ཡུལ་དུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར།

སྒྲ་གཟུགས་ཡིག་ཚང་།

ཚན་རིག་ལག་རྩལ་དར་བ་དང་བསྟུན་ནས་ཡིག་ཚང་མང་པོ་ཀློག་བདེ་ཞིང་བཀོལ་སླ་བ། ཉར་བདེ་བ། ཡུན་རིང་ཆེད་ཡིག་ཚང་མང་པོ་སྒྲའམ་གཟུགས་བརྙན་དུ་ཕབ་པས་ཡིག་ཚང་གི་རྣམ་པར་འགྱུར་བ་ཆེན་པོ་བྱུང་ཡོད་པ་སྟེ། སྔོན་གྱི་ལོ་རྒྱུས་དང་ས་གནས་ངོ་སྤྲོད། བྱ་དང་རི་དྭགས་མཚམས་སྦྱོར། མཁས་པའི་འཆད་ཁྲིད་སོགས་སྒྲ་གཟུགས་སུ་ཕབ་ནས་འཛིན་པ་དང་སྤེལ་བ་ཡིན།

གློག་རྡུལ་ཡིག་ཚང་།

བརྡ་འཕྲིན་དུས་རབས་འདིར་ཡིག་ཚང་མང་པོ་ཉར་བདེ་ཞིང་ཡུན་རིང་བ་དང་། ཡི་གེའི་ཤོངས་ཚད་ཆེ་རུ་གཏོང་བ། གོང་སླ་ཞིང་རྙེད་སླ་བ། འཚོལ་བདེ་བ། བསྐྱར་པར་བྱེད་ཆོག་པ། བརྒྱུད་སྤེལ་བྱེད་བདེ་བ། སྣ་མང་མཉམ་གཅིག་ཏུ་གསོག་ཆོག་པ་བཅས་ལ་དམིགས་ནས་ཡིག་ཚང་མང་པོ་རྩིས་འཁོར་ཏུ་བཅུག་ཅིང་རྩིས་འཁོར་བརྒྱུད་ནས་ལྟ་ཀློག་དང་བསྐྱར་པར། བརྒྱུད་བསྐུར་བྱེད་ཆོག་པ་དང་། ད་སྐབས་གློག་རྡུལ་རྣམ་པའི་དཔེ་མཛོད་ཁང་སོགས་བྱུང་བ་སྟེ། གློག་རྡུལ་ཡིག་ཚང་ཧ་ཅང་རྒྱ་ཆེ་ཞིང་དར་ཆེ་བ་ཡིན། གོང་ལྟར། སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ནས་ཡིག་ཚང་གི་རྣམ་པ་ཡང་བླུགས་བརྐོས་ནས་བྲིས་མ་དང་། པར་མ། དེ་ནས་གློག་རྡུལ་སོགས་སུ་འཕེལ་བ་ཡིན། །

 

ཡོང་ཁུངས། རེ་བའི་འོད་སྣང་། མགོན་པོ་རྣམ་རྒྱལ།

བརྒྱུད་སྐུལ།

མཆན་སྤེལ།