འཕན་ཡུལ་རྒྱལ་ལྷ་ཁང་ནི་དེང་གི་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་སྲིད་གཞུང་དང་ཉེ་བའི་ལྷ་སྒང་གྲོང་ཚོར་གནས་ཡོད་ལ། ལྷ་ས་ནས་སྤྱི་ལེ་80ཙམ་ཡོད། དགོན་པ་(པར་དང་པོར་གཟིགས) འདི་དེ་སྔ་རྒྱལ་སྟོད་དང་རྒྱལ་སྨད། བྱམས་ཁང་བཅས་ལྷ་ཁང་གཙོ་བོ་གསུམ་གྱིས་གྲུབ་ཡོད་ལ། ཉེ་ཆར་བྱམས་ཁང་བསྐྱར་བཞེངས་ཀྱི་ལས་གྲྭ་མགོ་བཙུགས་པས་ཟླ་འདིའི་ཚེས་11ཉིན་དེ་སྔའི་ཞིག་རོ་གཙང་སེལ་བྱེད་པའི་གོ་རིམ་ཁྲོད་ལོ་བཅུའི་གོད་ཆག་ཁྲོད་ས་འོག་ཏུ་གྱར་བའི་རྡོ་སྐུའི་སྟོན་པ་དང་ཡུམ་ཆེན་མོ་གཉིས་སྔ་ཕྱིར་ས་ཁར་བྱུང་བ་སྐད་འཕྲིན་བརྒྱུད་བོད་ཁམས་སུ་ཁྱབ་པ་དང་། དེ་མུར་འབྲེལ་ཡོད་ཀྱི་གཏམ་གླེང་དང་དཔྱད་བརྗོད་སོགས་ཀྱང་ཆར་ཤུལ་གྱི་ཤྭ་མོ་བརྡོལ་བ་བཞིན་བྱུང་ཡོད་ལ།
དེ་དག་གི་ཁྲོད་ན་མི་སྣ་རྒན་གཞོན་བར་གསུམ་དང་ཤེས་ཡོན་གྱི་བྱང་ཚད་རབ་འབྲིང་ཐ་གསུམ་འདུག་ཅིང་། འདི་ལས་བོད་རིགས་སྤུན་ཟླ་མང་པོས་རང་གི་རིག་གནས་ལ་དགའ་ཞེན་དང་ལྷག་པར་ས་འོག་ནས་བྱུང་བའི་རིག་དངོས་ལ་དེ་བས་དོ་སྣང་གང་འཚམ་གནང་བཞིན་པ་མཐོང་ཐུབ་ཅིང་། འདི་ཡང་རང་རེའི་རྒྱལ་ཁམས་རིམ་པས་གནའ་དཔྱད་མང་ཚོགས་ཀྱི་ཁོངས་སུ་ཁྱབ་སྤེལ་བྱ་བའི་(公众考古)ལས་གཞི་མ་སྐུལ་དང་དུ་བླངས་བ་དང་གཉིས་སུ་མ་མཆིས་བར་ཡང་སྣང་། ཡིན་ཡང་སྤེལ་ཟིན་པའི་དཔྱད་བརྗོད་ཁག་ལ་རིམ་པ་མི་འདྲ་བའི་འཁྲུལ་བ་ཡོད་ན་འདིར་རང་ཉིད་གནས་དེར་དངོས་བསྐྱོད་ཡོད་པ་དང་ལས་ཀ་འདིར་སྤྲོ་བས་མྱོས་བ་ཞིག་ཡིན་པའི་ཆ་ནས་རང་མོས་ཀྱིས་གསལ་བཤད་ཉུང་ཙམ་ཞུ་བར་འདོད་དེ།
རྒྱལ་ལྷ་ཁང་གི་སྐོར་རང་རེའི་《དེབ་སྔོན་》དུ་ཆེད་དུ་ལེ་ཚན་ཞིག་འཁོད་ཡོད་པས་ཆ་ནས་ཡིག་ཆ་ཆེས་རྒྱས་ཤོས་སུ་མཐོང་ལ། འགོས་ལོ་ལྟར་ན་དགོན་པ་འདི་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱི་བུ་སློབ་ཀ་བ་བཞིར་གྲགས་པའི་ནང་ཚན་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་ཆུ་ཕོ་བྱི་བའི་ལོ་ལ་བཏབ་པ་དང་། 1སྤྱི་ལོ་1012ལོར་འཁེལ། ཡིན་ཡང་ཀླུ་མེས་དང་ཞང་སྣ་ནམ་སོགས་ཀྱི་འཁྲུངས་འདས་སོགས་བུ་སྟོན་དང་ས་སྐྱ་བསོད་ནམས་རྩེ་མོ་སོགས་ཅུང་མི་འདྲ། 2སྤྱི་ལོ་1935ལོར་དྲན་དབང་དགེ་འདུན་ཆོས་འཕེལ་མཆོག་རྒྱ་གར་བ་ར་ཧུ་ལ་དང་མཉམ་དུ་འཕན་ཡུལ་རྒྱལ་ལྷ་ཁང་དུ་སླེབས་ཡོད་ལ། དེར་དགེ་ཆོས་མཆོག་ནས་གཙང་ཁང་སྤུག་ཏུ་བྱམས་པའི་སྐུ་ཤིན་ཏུ་ཆེ་བ་ཞིག་ཞེས་གསལ་སྟོན་གནང་ཡོད་ལ། 3འདི་བྱམས་ཁང་གི་གཙོ་སྐུ་ལ་གོ་དགོས། གཙོ་སྐུ་བྱམས་པའི་སྐུ་དེ་དང་ཀླུ་ཁ་སྟོད་ཀྱི་གཙོ་སྐུ་བྱམས་པ། དེ་བཞིན་རྭ་མ་བྱམས་ཁང་གི་བྱམས་པ་བཅས་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་ཉིན་གཅིག་ལ་བཞེངས་བས་འཕན་ཡུལ་བྱམས་པ་སྤུན་གསུམ་མམ། རྒྱལ་གྱི་བྱམས་པ་ལ་ཤངས་ལེགས་བྱམས་པ་དང་། ཀླུ་ཁ་སྟོད་བྱམས་པ་ལ་སྤྱན་ལེགས་བྱམས་པ། རྭ་མའི་བྱམས་པ་ལ་སྙན་ལེགས་བྱམས་པ་ཅེས་སོ་སོའི་བཟོའི་ཁྱད་ཆོས་ཀྱིས་མིང་ཡང་ཞོར་དུ་ཡོད་པར་ས་གནས་ངག་རྒྱུན་དང་དེ་རྨང་བྱས་པའི་འབྲེལ་ཡོད་དགོན་ཐོ་སོགས་སུ་འཁོད་འདུག་མོད། 4ད་ལྟའི་གཙོ་སྐུ་ཁག་གསར་དུ་བཞེངས་བ་རྐྱང་རྐྱང་ཡིན།
དགེ་ཆོས་ཀྱིས་དེ་མུར་གཙང་ཁང་དེའི་ཟུར་གཅིག་ན་རྒྱ་གར་གྱི་བཟོ་ལུགས་འཁྲུལ་མེད་ཀྱི་བྱམས་པ་གཙོ་འཁོར་གསུམ་པ་ཞིག་གི་རྡོ་སྐུ་མི་ཚད་ལོང་ཙམ་ཞིག་འདུག་ཅེས་གསུངས་ཡོད་ལ། ཕེབས་གྲོགས་ར་ཧུ་ལས་མཐོང་བ་ཙམ་གྱིས་བཟོ་ལུགས་ལ་གཞིགས་ནས་རྒྱ་གར་ནས་ཁྱེར་ཡོང་བ་དང་ད་སྔ་བོད་ནས་མཐོང་མ་མྱོང་བ་སོགས་བཤད་པར། སྐུའི་རྒྱབ་ཡོལ་སྟེང་གི་མཚན་བྱང་སྟེ། མཆོད་གནས་དམ་པ་བྱམས་པའི་སྐུ་གཟུགས་འདི། ཡོན་བདག་དམ་པ་གཙང་རྡོ་དཀོན་བརྩེགས་ཀྱིས། ། གནས་ཀྱི་དམ་པར་རྒྱལ་མཚན་བཙུགས་པ་འདིར་། ། འབྲས་བུ་དམ་པ་བྱང་ཆུབ་མཆོག་ཐོབ་ཤོགཨྰོ་མེ་ཧ་ར་ན་ཧྰུཾ། ཞེས་པར་གཞིགས་ནས་བོད་དུ་རྒྱ་གར་གྱི་བཟོ་བོ་ཞིག་གིས་བཞེངས་བ་དང་འདྲ་བར་གསུངས་ཡོད།
5ཡིན་ཡང་སྐུ་འདི་དེ་སྔ་ཞིག་ནས་བྱམས་ཁང་ཞིག་རོའི་སྟེང་གི་མཆོད་ཁང་ཆུང་བའི་ནང་བཅུག་ཡོད་པ་ང་ཚོས་མཇལ་མུས་སུ་ཡོད་ལ། ལྷག་པར་དགེ་ཆོས་ཀྱི་གསུང་ངམ་སྐུའི་བཟོ་ཉམས་ཁྱད་པར་བས་ཡིད་ཀྱི་དུངས་བ་དྲངས་བ་གང་ཡིན། ང་ལ་མཚོན་ན་བཅར་ཐེངས་རེར་རྡོ་སྐུ་འདིའི་སར་ཡུན་ཙམ་ཧད་དགོས་པ་གོམས་གཤིས་སུ་ཆགས་ཡོད། གཙོ་སྐུ་བྱང་སེམས་གྱི་རྣམ་པ་ལ་ཤ་ཉམས་རྒྱགས་ཅིང་། དབུའི་གཙུག་ཏོར་ཟླུམ་ལ་མཐོ་བ། དབུ་རྒྱན། སྙན་རྒྱན། དཔུང་རྒྱན། སོར་གདུབ། བྲང་རྒྱན་སོགས་ཀྱིས་བརྒྱན་པ། དར་ཟབ་ལྟ་བུའི་སྨད་གཡོག་དང་བྲང་ནས་མཆན་འོག་ཏུ་དར་སྣེ་འཐེན་པ། ཕྱག་གཡས་བྲང་ཁར་བཞག་ནས་མཛུབ་མོ་ནང་བཀུག་བྱས་པར་བལྟས་ན་དེ་སྔ་ཕྱག་མཚན་ཞིག་བསྣམས་མེད་དམ་སྙམ་ལ། ཕྱག་གཡོན་བརྐྱངས་བཀུག་ཙམ་གྱིས་པད་མ་བཟུང་བའི་སྟེང་དུ་བུམ་པ་དང་། གཡས་གཡོན་གཉིས་སུ་འཁོར་གཉིས་ཡོད་པར་གཡོན་ཕྱོགས་ཀྱི་བྱང་སེམས་དེས་སོར་བཅུའི་ཐལ་མོ་སྙིང་གར་སྦྱར་ཡོད་ལ། གཡས་ཕྱོགས་ཀྱི་བྱང་སེམས་ཀྱིས་ཕྱག་གཡོན་པ་མཆན་ལ་གཏད་ནས་ཕྱག་གཡས་པ་དགུང་ལ་བཀྱགས་ཡོད་ཅིང་། སྐུའི་ཆ་བྱད་ཀྱི་ཆ་ནས་གཙོ་སྐུ་དང་ཁྱད་ཆེ་མི་འདུག མཚན་བྱང་ནི་ཕྱག་གཡས་བྲང་དཀྱིལ་དུ་བཀུག་པའི་འོག་དང་འཁོར་གཡས་མའི་སྟེང་གི་རྒྱབ་ཡོལ་ངོས་སུ་བརྐོས་ཡོད་ལ། དེང་སྟེང་གསེར་བྲིས་འཐེན་ཡོད། རྒྱབ་ཡོལ་དང་འོད་གོར་རྩེ་འབུར་མ་ཡིན་ལ་སྟེང་གི་གཡས་ཕྱོགས་སུ་མཆོད་པའི་ལྷ་མོ་ཞིག་སྤྲིན་པར་བཅིབས་ནས་འཕུར་འོང་བ་དང་། གཙོ་སྐུའི་གཡས་གཡོན་གྱི་སྐུ་ལུས་དང་འབྲེལ་བར་གོང་འོག་འཕྲེད་སྟེགས་ཀྱིས་མནན་པའི་ཁྲི་སྐྱོར་སེང་གེ་གནམ་ཏུ་མཆོངས་བ་རེ་དང་། རྒྱབ་ཡོལ་མཐའ་འཁོར་དུ་སྒོར་དབྱིབས་རི་མོས་མུ་སྦྲེལ་ཡོད། བྱམས་སྐུའི་སྤྱིའི་མཐོ་ཚད་ལ་ལིས་རྨིད་130དང་། ཞེང་ལ་ལིས་རྨིད་90། རྒྱབ་ཡོལ་གྱི་མཐུག་ཚད་ལ་ལིས་རྨིད་10། རྡོ་སྤྱིའི་སྲབ་མཐུག་ལ་ལིས་རྨིད་40ཙམ་ཡོད(པར་གཉིས་པར་གཟིགས)། པད་འདབ་ནས་བཟུང་སྟེ། རྒྱན་གྱི་ཁྱད་ཆོས། གཙུག་ཏོར་། ཆ་བྱད་སོགས་སྤྱིའི་ཆ་ནས་རྒྱ་གར་པ་ལའི་རྒྱལ་
རྒྱུད་སྐབས་ཀྱི་རི་མོའི་ཁྱད་ཆོས་འབུར་དུ་ཐོན་ཡོད་པ་མ་ཟད། གཞན་མཚན་བྱང་གི་བརྡའི་ཁྱད་ཆོས་དང་དགོན་པ་དང་པོ་ཕྱག་བཏབ་པའི་དུས་ཚོད་སོགས་ཀྱི་ཆ་ནས་བལྟས་ཚེ་རྡོ་སྐུའི་དུས་ཚོད་དུས་རབས་བཅུ་གཅིག་པར་བཞག་ཆོག་པ་ཞིག་རེད། གཞན་རྒན་པ་སངས་དབང་འདུས་མཆོག་ནས་དེ་སྔ་རྡོ་སྐུ་འདིའི་པར་གསལ་བོ་ཞིག་བོད་ལྗོངས་ཞིབ་འཇུག་གི་མདུན་ཤོག་ནང་མར་བཀོད་མྱོང་ཡོད་པ་མ་ཟད། སྤྱི་ལོ་2011ལོའི་བོད་ཀྱི་རྡོ་རིང་སྐོར་གྱི་དེབ་དུ་རྒྱལ་བ་བྱམས་པའི་མཚན་བྱང་བཅུག་ཡོད་ཅིང་། 6མདོར་ན་བྱམས་པ་སྤུན་གསུམ་གྱི་བྱམས་སྐུ་དང་དགེ་ཆོས་དང་ར་ཧུ་ལས་གླེང་སློང་དུ་གྱུར་བའི་བྱམས་སྐུ་གཉིས་ཁ་ཁ་དང་། ཟླ་7་པའི་ཚེས་11ཉིན་ས་འོག་ནས་བུད་པའི་རྡོ་སྐུའི་བར་འབྲེལ་བ་ཐད་ཀར་བ་མེད་ལ། དགེ་ཆོས་མཆོག་གིས་གསེར་ཐང་དུ་མུ་མཐུད་ནས་དགོན་འདིའི་རྡོ་རིང་གི་ཡིག་རྙིང་གི་སྐོར་ལ་འགྲེལ་བཤད་གནང་ཡོད།
གཞན་སྤྱི་ལོ་1949ལོར་རིས་ཆར་རྡི་སིང་གནས་འདིའི་རྡོ་རིང་ལ་རྟོག་དཔྱོད་བྱ་བར་ཕེབས་ཡོད་ལ། དེའི་གནས་ཚུལ་ཐོག་མ་1957ལོར་དབྱིན་ཇིའི་ཨེ་ཞེ་ཡའི་སྐོར་གྱི་དུས་དེབ་JRASསྟེང་བཀོད་ཡོད་ལ། རྡོ་རིང་གི་ཞིབ་ཕྲའི་གནས་ཚུལ་དགེ་ཆོས་ལས་ཀྱང་ཁ་གསལ་བཟོས་ཡོད་པ་ནི་ཡིག་ཕྲེང་དང་པོ་སྐབས་དེར་ལྕགས་ལེབ་ཀྱིས་བཏུམ་ཡོད་པས་མ་མཐོང་ཚུལ་(ད་ལྟ་ཡང་བཤུ་ཐུབ་མེད)དང་རྡོ་རིང་སོག་དམག་སླེབས་པའི་སྐབས་ཆག་གྲུམ་དུ་གྱུར་ཚུལ་སོགས་ཀྱང་ཞིབ་རྒྱས་སུ་གླེང་ཡོད་མོད་རྡོ་སྐུའི་སྐོར་གླེང་མི་འདུག། སྐབས་དེའི་རྟོག་ཞིབ་སྙན་ཞུར་པར་གཉིས་ཀྱང་བླུགས་ཡོད་པ་རྡོ་རིང་གི་གནས་དང་བཀོད་པ་རྟོག་པར་ཆེས་རྩ་ཆེ་བར་མཐོང་(པར་གསུམ་པར་གཟིགས)7།
གཤམ་ནས་བརྗོད་གཞི་དངོས་ལ་འཇུག་པར་བྱ་སྟེ། ཟླ་7་པའི་ཚེས་11ཉིན་གྱི་ཁང་ཤུལ་བསྔོགས་ཞིབ་ཁྲོད་རྡོ་སྐུ་གཉིས་དང་ཀ་གདན་ཁ་ཤས་བཅས་ཐོན་ཡོད།
སྐུ་དང་པོ་སྟོན་པའི་རྡོ་སྐུ་ཞིག་སྟེ། རྡོའི་རྒྱབ་ཡོལ་དང་འོད་གོར་གྱི་རྩེ་མོ་གས་ཆག་ཤོར་ཡོད་ལ་ཁྲི་འགྱོགས་དཀྱིལ་གླང་ཆེན་དང་མཐའ་གཉིས་སེང་གེས་བརྒྱན་པའི་པད་གདན་སྟེང་ཞབས་གཉིས་དཀྱིལ་ཀྲུང་། ཕྱག་གཡོན་མཉམ་བཞག ཕྱག་གཡས་ཕྱིར་བཏོན་ནས་ས་གནོན་གྱིས་བཞུགས་པ། སྐུའི་ཤ་ཉམས་རྒྱགས་ཅིང་འབོལ་ལ། བཟོ་ཞིབ་ཚགས་པ། དར་སྲབ་ལྟ་བུའི་གཟན་གོས་མནབས་ཞིང་ཐུ་སྣེ་ཞིག་དཔུང་བ་གཡོན་པའི་སྟེང་སྣར་བ། དཔུང་བ་གཡོན་མའི་གཟན་གོས་གྱི་སྣེ་མོ་ལག་ངར་བརྒྱུད་ནས་བརླ་གཡོན་པའི་འདབས་སུ་སྒོར་དབྱིབས་ཀྱིས་བབས་ཡོད་ལ། གཙོ་སྐུའི་དབུ་དང་དེའི་གཡོན་ཞབས་སུ་བོད་ཆས་སྤྲས་པ་ལྟ་བུའི་འཁོར་གྱི་སྐུ་སྟོད་གཉིས་ཆག་རལ་གྱིས་མི་འདུག་ཅིང་། ད་ལྟའི་སྐུའི་མཐོ་ཚད་ལ་ལིས་རྨིད་46དང་ཞེང་ཁར་ལིས་རྨིད་33། རྒྱབ་ཡོལ་དང་བཅས་པའི་སྤྱིའི་སྲབ་མཐུག་ལ་ལིས་རྨིད་21ཙམ་ཡོད་ལ(པར་བཞི་པར་གཟིགས)། སྐུའི་ཁྲི་འགྱོགས་ནས་གཟན་གོས་ཀྱི་འཁྱུད་སྟངས་སོགས་དུས་རབས་བཅུ་གཅིག་གཡས་གཡོན་གྱི་དབུས་གཙང་ཕྱོགས་ཀྱི་རྒྱ་གར་པ་ལའི་ལི་སྐུ་དང་འདྲ་ཆེ།
སྐུ་གཉིས་པ་ནི་ཡུམ་ཆེན་མོ་ཕྱག་བཞི་མའི་སྐུ་སྟེ། པད་གདན་གྱི་སྟེང་དུ་སྐྱིལ་ཀྲུང་གིས་བཞུགས་ཅིང་། ཤ་ཉམས་སྔ་མ་ནང་བཞིན་རྒྱགས་ལ། ཕྱག་དང་པོ་གཉིས་ལས་གཡས་ཀྱིས་མཆོག་སྦྱིན་དང་གཡོན་པས་པད་མ་པིསྟིཀ་བཞུགས་པ་བསྣམས་པ། ཕྱག་གཉིས་པའི་གཡས་པ་ཡར་བཀྱགས་ནས་པད་མ་རྡོ་རྗེ་བཞུགས་པ་ཅན་བསྣམས་པ་དང་། ཕྱག་གཡོན་འཕྲོ་བརླག་ཐེབས་ཡོད། སྐུའི་ཤ་ཉམས་རྒྱགས་ཅིང་འབོལ་ལ། དབུར་གཙུག་ཏོར་ཟླུམ་པོ་མཐོ་བ་ཞིག་ལ་དབུ་རྒྱན་རྩེ་གསུམ་ལྡན་པ། སྙན་རྒྱན་གོར་མོ། དཔུང་རྒྱན། སོར་གདུབ། སེ་མོ་དོ་སོགས་དང་། སྨད་དུ་དར་ཟབ་ལྟ་བུའི་སྨད་གཡོག་མནབས་པ། སྐུའི་གཡས་གཡོན་གཉིས་སུ་དེ་སྔ་འཁོར་གཡོག་གཉིས་ཡོད་པ་ལས་གཡོན་ཕྱོགས་སུ་ཙོག་པུར་བཞུགས་ལ་ཕྱག་གཉིས་ཀྱིས་མཆོད་ཆས་བཀྱགས་པ་ཞིག་དང་། གཡོན་ཕྱོགས་ཀྱི་འཁོར་གཡོག་འཕྲོ་བརླག་ཕྱིན་ཚར་ཡོད། འོད་གོར་གྲུ་བཞི་མའི་སྟེང་དུ་དོན་ཡོད་གྲུབ་བའི་སྐུ་འདྲ་གཅིག་དང་། གཡས་གཡོན་དུ་མཆོད་རྟེན་བུམ་པ་ཁ་སྦུབ་པ་ལྟ་བུ་ཟུང་ཡོད། སྐུའི་མཐོ་ཚད་ལ་ལིས་རྨིད་100དང་། ཞེང་ལ་ལིས་རྨིད་68། རྒྱབ་ཡོལ་གྱི་མཐུག་ཚད་ལ་ལིས་རྨིད་10། རྡོ་སྤྱིའི་སྲབ་མཐུག་ལ་ལིས་རྨིད་28ཙམ་ཡོད་ལ(པར་ལྔ་པར་གཟིགས)། སྐུའི་གྲུབ་ཆའི་ཆ་ནས་དེང་གི་མཐོང་སྣང་དུ་ཡོད་པ་དང་ཕྱག་མཚན་རེ་འགའི་བསྣམས་སྟངས་ཀྱི་ཆ་ནས་ཁྱད་ཅུང་ཟད་ཡོད་ལ། ཕྱོགས་གཞན་ཞིག་ནས་བལྟས་ཚེ་ཁྱད་འདི་དག་གིས་སྐུ་འདི་ཡུམ་ཆེན་མོ་མིན་པར་སྒྲུབ་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ་ལོ་རབས་སྔ་བའམ་སྐུ་འདིའི་རང་སྟེང་དང་ཆོས་རྒྱུད་ནས་ལོ་རྒྱུས་ཆེས་དམིགས་བསལ་བ་ཡོད་པར་རྭ་སྤྲོད་ཞུ་ནུས། གཞན་པད་འདབ་ནས་བཟུང་སྟེ། རྒྱན་གྱི་ཁྱད་ཆོས། གཙུག་ཏོར་སོགས་སྐུ་སྤྱིའི་ཁྱད་ཆོས་ལ་རྒྱལ་བ་བྱམས་པ་དང་རྒྱ་གར་པ་ལའི་སྐུ་འདྲའི་ཆོས་དམིགས་བསལ་བ་སྣང་ན། སྐུའི་བཞེངས་སྐྲུན་དང་ལུགས་ཀྱི་ཁྱད་ཆོས་སོགས་ཀྱང་དུས་གཅིག་ཏུ་བཞག་ཆོག་པར་འདོད།
གོང་གི་སྐུ་གཉིས་ཕུད། ཀ་རྡོ་ཆུང་བ་བཞི་ལྔ་ཙམ་དང་། དེ་དག་གི་ཁྲོད་ན་ཀ་གདན་དང་རིགས་འདྲ་བ་སྒོར་དབྱིབས་ཅན། སྟེང་ངོས་མཉམ་པོ་དཀྱིལ་ཀོང་ཀོང་ཅན། གོང་ཁར་རི་མོ་ཨ་ལོང་སྦྲེལ་བ་གས་ཁ་ཤོར་བ་ཞིག་ཡོད་པར་མཐོ་ཚད་ལ་ལིས་རྨིད་62དང་ཞེང་ལ་ལིས་རྨིད་66ཡོད་ལ། རྡོ་འདིའི་དངོས་གཞིས་འཛུགས་སྐྲུན་ཁྲོད་བྱེད་ནུས་ཅི་བཟུང་བ་ད་དུང་མ་ཤེས།
གཞན་དེ་སྔའི་མཆོད་ཁང་གི་ཤུལ་ན་རྡོ་སྐུའི་རྒྱབ་ཡོལ་མཐོ་ལ་ལིས་རྨིད་46དང་ཞེང་ལ་ལིས་རྨིད་20། རྒྱབ་ཡོལ་གྱི་མཐུག་ཚད་ལ་ལིས་རྨིད་9ཅན་ཞིག་ཡོད་པ་ཡང་ངོས་ཟུར་གཉིས་ན་འབུར་ཏུ་ལྷག་པའི་ཁྲི་སྐྱོར་ཀྱི་སེང་གེའི་རི་མོ་དང་འོད་གོར་ལྡན་པ་ཞིག་འདུག་ཅིང་(པར་དྲུག་པར་གཟིགས)། རྒྱབ་ཡོལ་དང་ཁྲི་སྐྱོར། འོད་གོར་སྤྱིའི་འབུར་བཟོའི་འགྲོ་སྟངས་སོགས་ཀྱི་ཆ་ནས་རྡོ་སྐུ་གཞན་རྣམས་དང་འདྲ་ཆེ་ན་དུས་རབས་ཡང་གཅིག་མཚུངས་སུ་བཞག་ཆོག།
མདོར་ན། རྒྱལ་ལྷ་ཁང་ནས་ཐེངས་འདིར་རྡོ་སྐུ་བཞི་ཙམ་ཐུན་མོང་གི་སྣང་ངོར་བུད་པ་ལ་ལོ་རྒྱུས་དང་རིག་དངོས་ཀྱི་རིན་ཐང་ག་འདྲ་འདུག་གམ་ཞེ་ན། དེ་ལ་ངེད་ཀྱི་རྨོངས་ཚོད་དུ་ལན་འདི་ལྟར་གདབ་པར་བྱ་སྟེ། གཅིག ད་ལྟ་ངེད་ཅག་གི་མཇལ་ཡུལ་དུ་ཡོད་པའི་དུས་རབས་བཅུ་གཅིག་པའི་སྐུ་འདྲའི་ཁྲོད་ན་རྒྱུུ་ལི་ཟངས་ལས་གྲུབ་པ་མང་དུ་ཡོད་མོད། འདི་འདྲའི་རྡོ་སྐུ་རང་རྐྱང་བ་མཐོང་རྒྱུ་ཧ་ལམ་མེད་པར་ཆགས་པའི་སྟོང་ཆ་ཞིག་བསྐངས་བ་མ་ཟད། རྒྱལ་ལྷ་ཁང་གཅིག་པོ་ན་ད་ལྟ་སྐུ་འདྲ་བཞི་ཙམ་ཡོད་པས་བོད་ཁུལ་གྱི་དགོན་པ་ཁག་ལས་བསྟན་པ་ཕྱི་དར་དུས་མགོའི་རིང་གི་རྡོ་སྐུ་ཆེས་མང་བའི་དགོན་པ་དེ་ཆགས་ཡོད། གཉིས། རྡོ་སྐུ་ནི་ལི་སྐུ་ཆུང་བ་དང་ཐང་ཀ་སོགས་དབོར་བདེ་བའི་རིག་དངོས་དང་མི་འདྲ་བར་ཕལ་ཆེ་བ་ས་གནས་རང་ནས་བཟོ་དགོས་བ་ལྟ་བུ་ཆགས་ཡོད་པས་བོད་ཀྱི་སྒྱུ་རྩལ་གྱི་བྱུང་བ་རྟོགས་པར་ནུས་བ་ཁྱད་པར་བ་ཐོན་ཐུབ། གསུམ། རྒྱལ་བ་བྱམས་པའི་རི་མོའི་མཚན་བྱང་གིས་གཙོ་བྱས་རྡོ་སྐུ་འདི་དག་གི་བཟོ་ལ་མུ་མཐུད་དུ་དཔྱད་པ་འཇུག་རྒྱུ་ཤིན་ཏུ་གལ་ཆེ་ལ། གལ་སྲིད་གོང་ནས་དགེ་ཆོས་མཆོག་གི་ཚོད་དཔག་ནང་བཞིན་རྡོ་སྐུ་འདི་དག་གི་སྦྱིན་བདག་བོད་པ་དང་རྡོ་བཟོ་རྒྱ་གར་བ་ཡིན་པར་ཆ་བཞག་ན་བོད་ཀྱི་ལོ་རྒྱུས་སྟེང་ངམ་ལྷག་པར་དུ་དུས་རབས་བཅུ་གཅིག་གཡས་གཡོན་དུ་རྒྱ་གར་པ་ལ་རྒྱལ་ཁབ་ནས་བོད་ལ་ནང་བའི་ཡོན་ཏན་པ་ཕུད་རྡོ་བཟོའི་རྒྱུ་རྩལ་ལ་བྱང་ཆུབ་པའི་ལག་རྩལ་བ་སྐོར་ཞིག་ཀྱང་ཕེབས་ཡོད་པ་ཤེས་ཐུབ་ལ། དེ་ལས་ལྡོག་སྟེ་བཟོ་བོ་ཡང་བོད་པ་ཡིན་ན་ནི་བོད་པ་རང་ལ་སྐབས་འདིར་རྒྱ་གར་གྱི་བཟོའི་རིག་པ་ཡར་རྒྱས་ཆེན་པོ་བྱུང་ཡོད་པ་རྟོགས་ཐུབ་པས་ད་ལྟ་བོད་ཀྱི་དགོན་སྡེ་ཁག་ན་རྫོགས་མཐའ་བྲལ་བའི་རྒྱ་གར་པ་ལའི་སྐབས་ཀྱི་སྐུ་དང་ཞལ་ཐང་སོགས་ལ་ཇི་ལྟར་གདེང་འཇོག་གནང་དགོས་པ་དང་། བོད་བཟོའི་རི་མོ་ཡང་སྙིང་ཅི་འདྲ་ཞིག་གི་སྒང་ནས་འཇོག་དགོས་པ་ལ་ཡང་བསམ་བློ་བསྐྱར་དུ་གཏོང་དགོས་པ་ཞིག་ཆགས་ཡོད།
སྤྱི་ལོ་2017ལོའི་སྤྱི་ཟླ་7་པའི་ཚེས་13ཉིན་འཕྲལ་མར་བྲིས་པ་དགེའོ།
མཆན།
1 འགོས་ལོ་ཙཱ་བ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984:117.
2 Rechardson,H.E.(1957). A Tibetan Inscription from Rgyal Lha-khang”,Journal of the Royal Asiatic Society London, (1957): 57-78.
3 དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས། དེབ་དང་པོ། བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང་། 1990:6~9.
4 བསོད་ནམས་ཆོས་དར། འཕན་ཡུལ་གྱི་གནས་བཤད་ངོ་མཚར་རིག་གནས་ཀྱི་བང་མཛོད། མི་རིགས་དཔེ་སྐྲུན་ཁང་། 2009ལོའི་ཟླ9པར་དཔར། P31-35. ཆོས་འཕེལ། གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ་ལས་ལྷ་ས་ཁུལ་གྱི་གནས་ཡིག། དེབ་ཕྲེང་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ་7པར་དཔར། P181.མཁར་གདོང་པ། འཕན་པོའི་རྒྱལ་ཀླུ་ཁ་སྟོད་སྤྱན་ལེགས་བྱམས་པའི་ལོ་རྒྱུས། བོད་ལྗོངས་ནང་བསྟན། 2011ལོའི་དེབ་2པ།
5 དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས། དེབ་དང་པོ། བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང་། 1990:6~9.
6 པ་སངས་དབང་འདུས། སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིག་འགྲེལ་དངས་སང་གངས་ཆུ། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011:229~230.
7 Rechardson,H.E.(1957). A Tibetan Inscription from Rgyal Lha-khang”,Journal of the Royal Asiatic Society London: 57-78.
རྩོམ་ཁུངས། བཙན་པོ་ཚང་།