རྩྭ་མདའ་རྫོང་གིས་བང་སོ་བཅུ་ལྷག་མྱུར་སྐྱོབ་བྱས་པ།

   མངའ་རིས་ས་ཁུལ་རྩྭ་མདའ་རྗོང་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྨང་འཛུགས་ཞིབ་དཔྱད་འཚོལ་ཞིབ་བྱ་རྒྱུ་རོགས་འདེགས་བྱ་ཆེད། རྩྭ་མདའ་རྫོང་རིག་དངོས་ཅུས་ཀྱིས་དེ་སྔོན་རྩྭ་མདའ་རྫོང་ཁོངས་སུ་གསར་དུ་རྙེད་པའི་གནའ་བོའི་བང་སོ་ ༡༠ ལ་མྱུར་སྐྱོབ་རང་བཞིན་གྱིས་སྔོག་འདོན་བྱས་པས། རྫ་ཆས་དང་ཤེལ་ཕྲེང་སོགས་ཀྱི་རིག་དངོས་རྩ་ཆེན་ཁག་ཅིག་ས་འོག་ནས་ཐོན་ཡོད།

    ངོ་སྤྲོད་བྱས་པར་ལྟར་ན། གནའ་བོའི་བང་སོ་གཉིས་ནི་བོད་ལྗོངས་མངའ་རིས་རྩྭ་མདའ་རྫོང་གླང་ཆེན་ཁ་འབབ་ཀྱི་སྟོད་དང་དཀྱིལ་གྱི་ས་ཁོངས་སུ་ཡོད་ཅིང་། དེ་ནི་མངའ་རིས་ཀྱི་རྨང་འཛུགས་ཚན་པས་ཨར་སྐྲུན་བྱེད་སྐབས་རྙེད་པ་ཞིག་ཡིན་པ་རེད། དེ་དོན་གོང་རིམ་དང་འབྲེལ་ཡོད་རིག་དངོས་ཚན་པར་སྙན་སེང་ཞུས་རྗེས། ༢༠༡༧ ལོའི་ལོ་མཇུག་ཏུ་རྩྭ་མདའ་རྫོང་རིག་དངོས་ཅུས་ཀྱི་ལས་དོན་མི་སྣ་སྔ་རྗེས་སུ་ཡུལ་གཉིས་ཀར་བསྐྱོད་ནས། དུས་ཡུན་ཟླ་གཉིས་ལ་ཉེ་བའི་མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་དང་སྲུང་སྐྱོང་གི་ལས་ཀ་བསྒྲུབས་པ་རེད།
    རྩྭ་མདའ་རྫོང་རིག་དངོས་ཅུས་ཀྱི་ཅུས་ཀྲང་བློ་བསྟན་གྱིས་གསར་འགོད་པར།  རིག་གཅིག་མཁས་ཅན་གྱིས་གནའ་བོའི་བང་སོའི་ཡུལ་དངོས་ཀྱི་བཟོ་དབྱིབས་དང་སྔོག་འདོན་བྱས་པའི་ཅ་དངོས་ལ་གཞིགས་ན། ད་ཐེངས་ཀྱི་བང་སོ་དང་རིག་དངོས་དེ་དག་ནི་དེ་སྔོན་མངའ་རིས་ས་ཁོངས་ནས་གནའ་རྫས་རྟོག་ཞིབ་བྱས་ནས་སྔོག་འདོན་བྱས་པའི་ད་བར་ལོ་ངོ་ ༢༠༠༠ ཙམ་ཡོད་པའི་བང་སོའི་རིག་གནས་ཀྱི་དུས་རབས་དང་ཐག་ཉེ་པོ་ཡིན་པ་ཚོད་དཔག་བྱས་ཡོད་ཅེས་གསུངས་པ་རེད།ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ད་ཐེངས་གསར་དུ་རྙེད་པའི་རིག་དངོས་ཀྱི་ཞིབ་དཔྱད་ཚད་ལེན་དམར་དཔེ་ནི་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་ལ་གསལ་འབྱེད་བྱེད་པར་བསྐྱལ་ཟིན་པ་དང་། དེ་དང་དུས་མཚུངས་རིག་དངོས་སྡེ་ཁག་གིས་བང་སོ་ཁ་ཤས་ས་བརྒྱངས་ནས་སྲུང་སྐྱོང་བྱས་པ་དང་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཆོག་མཆན་ཐོབ་པ་བརྒྱུད། ད་ལོའི་ཟླ་ ༧ པ་ནས་བཟུང་མངའ་རིས་མཉམ་འབྲེལ་གནའ་རྫས་རྟོགས་ཞིབ་ཚོགས་པས་དེའི་ཁྲོད་ཀྱི་བང་སོ་གཅིག་ལ་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱེད་བཞིན་ཡོད།

     བོད་རང་སྐྱོང་ལྗོངས་རིག་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཤར་རྒན་དབང་འདུས་ལགས་ཀྱིས། ད་ཐེངས་གསར་དུ་རྙེད་པའི་བང་སོ་འདི་དག་མངའ་རིས་ལ་རྒྱུས་ལོན་དང་། ལྷག་པར་དུ་གླང་ཆེན་ཁ་འབབ་རྒྱུད་ཀྱི་ལྟེ་བར་བྱེད་པའི་ནུབ་རྒྱུད་མངའ་རིས་ཀྱི་སྔ་མའི་ཤེས་རིག་འཕེལ་རིམ་ལ་ཅ་དངོས་ཀྱི་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། ཐེངས་འདིར་གསར་དུ་རྙེད་པའི་གནའ་རྫས་དཔྱད་གཞི་དག་ལ་འཆར་གཞི་ཡོད་པའི་སྒོ་ནས་ཚན་རིག་དང་མཐུན་པའི་སྔོག་འདོན་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད། 

བརྒྱུད་སྐུལ།

མཆན་སྤེལ།