དྲིལ་བུ།
དྲིལ་བུ་ནི་དཀྲོལ་བྱའི་རོལ་མོའི་རྣམ་གྲངས་ཤིག་སྟེ། བོད་ཀྱི་ལོ་རྒྱུས་དེབ་ཐེར་ནང་འཁོད་པར་གཞིགས་ན་བོད་རྒྱལ་བཙན་པོ་ལྷ་ཐོ་ཐོ་རིའི་གོང་དུ་བོད་ལ་དྲིལ་བུ་ཡོད་དེ། དེ་དུས་ཀྱི་དྲིལ་བུ་ནི་གཤང་དང་འདྲ་བར་སྔོན་ཆད་བོན་པོ་བ་རྣམས་ཀྱི་མཆོད་ཆས་རོལ་མོ་ཞིག་ཡིན་ལ་སྐབས་དེ་དུས་བཟོས་པའི་དྲིལ་བུ་རྣམས་ཀྱི་རྒྱུ་ནི་ཁྲོ་དང་ལི་ནག་པོ་ལས་གྲུབ་པ་མ་ཟད། ལག་རྩལ་ཡང་དེ་ཙམ་མེད་པས་བཟོ་བཀོད་ལེགས་པོ་མེད། དེ་ནས་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས་ཤིང་། མཆོད་པའི་ཡོ་བྱད་དྲིལ་བུ་མང་དག་བཟོས་ཀྱང་བཟོ་བཀོད་གོང་དང་མཐུན་པ་ཙམ་ལས་དེ་ལས་ཁྱད་དུ་འཕགས་པ་གང་ཡང་བྱུང་མེད་ཅེས་འཁོད་དོ། བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་རྒྱ་གར་ནས་དམ་པའི་ཆོས་དར་བ་དང་ཆབས་ཅིག་མཆོད་པའི་ཡོ་བྱད་དྲིལ་བུའི་རིགས་འགའ་ཞིག་བྱུང་བ་མ་ཟད།
བོད་དུའང་ཁྲོ་ནག་ལྕགས་ཀྱི་རྒྱུ་ལས་རྫ་མའི་གཟུགས་འདྲ་བ་ཁ་ཕུབ་ཕྱང་འཕྲུལ་དུ་བྱས་པ་རྡོ་དང་དབྱུག་པས་བརྡུངས་ན་གླང་པོའི་སྐད་འདྲ་བ་འབྱུང་བའི་དྲིལ་ཆེན་དེ་འདྲ་དང་གདང་བུ་ལ་བཏགས་ནས་རླུང་སོགས་ཀྱིས་བསྐྱོད་ཚེ་ཅིག་ཅར་སྒྲ་འབྱིན་པའི་དྲིལ་གདངས་ཞེས་པ་དང་། གཙུག་ལག་ཁང་གི་བར་སྒོར་གདགས་བྱ་གཙུག་ཁང་གི་རྒྱལ་གྱུར་མ་རུ་གྲགས་པ་ལྟ་བུ་བྱུང་བ་ཡིན་འདུག་ལ་སྐབས་དེ་དུས་བོད་དུ་བཟོས་པའམ་རྒྱ་གར་ནས་དར་བ་གང་ཡིན་ཡང་དྲིལ་བུ་དེ་རིགས་གད་བརྡར་མི་གཙང་ལ་དབྱིབས་ཀྱང་ཆེ་ལ་མཛེས་པོ་དེ་ཙམ་མེད་ཚོད་འདུག།
ཌ་མ་རུ།
ཌ་མ་རུ་ཞེས་པ་ནི་ལེགས་སྦྱར་སྐད་རང་སོར་བཞག་པ་སྟེ། གཡས་གཡོན་གཉིས་ཕྱོགས་སུ་དཀྲོལ་ནས་བརྡུང་ཆོག་པའི་གསང་སྔགས་པའི་རོལ་ཆ་རྔ་ཆུང་ཞིག་སྟེ། དེའི་བཟོ་དབྱིབས་ནི་མི་ཐོད་གཉིས་ལྟག་སྤྲོད་སྦྱར་བ་དང་མཚུངས་ཤིང་། སྒྲོམ་གྱི་གཞོགས་གཡས་གཡོན་གཉིས་ཀར་ལྤགས་པས་གཡོགས་པ་དང་རྐེད་པར་དར་ལ་སོགས་པའི༼རྒྱས་པར་གཡུ་བྱུར་སོགས་ཀྱི་ཕྲ་རྒྱན་བཏབ་པའི་གསེར་དངུལ་གྱི་སྐེད་འཆིང༽རྐེད་འཆིང་། ལག་གཟུང་གི་ཐག་པར་ཕྲ་ཚོམ་གྱིས་ཕྱུག་ཅིང་བྱུ་རུའི་སྟར་བརྒྱུས་སོགས་ཡོད་ལ་དབྱིབས་འཕན་དང་འདྲ་བའི་ཌམ་མཛར། ཌ་མ་རུའི་རྐེད་པའི་དབུས་ཀྱི་གཡས་གཡོན་གྱི་ཐད་ཀར་རྡུང་བྱེད་རིལ་བུ་གཉིས་སྦྲགས་མར་ཡོད་པ་བཅས་སོ། བོད་དུ་ཌ་མ་རུ་ནམ་ཙམ་བྱུང་བའི་སྐོར་ལ་བསམ་ཡས་ཚེས་བཅུའི་གར་འཆམ་ཉིན་གཉིས་པའི་སྐབས་དམག་ཟོར་མའི་ལག་ཏུ་འཆང་བའི་ཌ་མ་རུ་དེ་ཉིད་སྔོན་སློབ་དཔོན་པདྨ་འབྱུང་གནས་ཞལ་བཞུགས་སྐབས་ཕྱག་བཞེས་གནང་མྱོང་བའི་ཐོད་ཌམ་དེ་ཡིན་ཞེས་གྲགས་པས། ལོ་ངོ་སྟོང་ལ་ཉེ་བའི་ལོ་རྒྱུས་ལྡན་པར་སྙམ་དེ་བཞིན་དུས་རབས་བཅུ་གཅིག་བཅུ་གཉིས་པའི་ནང་ཕ་དམ་པ་སངས་རྒྱས་དང་། མ་ཅིག་ལབ་སྒྲོན་སོགས་ནས་བརྒྱུད་པའི་ཞི་བྱེད་གཅོད་ཀྱི་ལུགས་ཞེས་ཕུང་པོ་གཟན་སྒྱུར་གྱིས་དུར་ཁྲོད་སོགས་སུ་གཅོད་གཏོང་བའི་ཆོ་ག་སྤེལ་ཚུལ་དར་བ་དང་། གཅོད་གཏོང་སྐབས་གཅོད་པའི་ཡོ་བྱད་ལ་ཌ་མ་རུ་དང་དྲིལ་བུ། རྐང་གླིང་སོགས་སྤྱོད་སྲོལ་ཡོད་པ་ནི་དུས་ད་ལྟའི་བར་དུའང་མཐོང་ཆོས་སུ་ཡོད།།
རྒྱ་གླིང་།
རྒྱ་གླིང་ནི་དང་ཐོག་ཕལ་ཆེར་མེས་རྒྱལ་ནང་ཁུལ་ནས་བོད་དུ་དར་བ་དང་། འགྱིམ་ཤིང་ཀོང་ཇོ་བོད་དུ་ཕེབས་སྐབས་རོལ་མོའི་བྱེ་བྲག་མི་ཉུང་བ་ཞིག་མཉམ་འབྱོར་བྱུང་བའི་ཁོངས་སུ་གཏོགས་པ་མིན་ནམ་ཞེས་ལོ་རྒྱུས་མཁས་དབང་སྐུ་ཞབས་དུང་དཀར་ཕྱོགས་ནས་གསུངས་ཤིང་། འོན་ཀྱང་རྒྱ་གླིང་བོད་དུ་དར་རྗེས་བོད་རང་ཉིད་ཀྱི་ཁྱད་ཆོས་དང་མཐུན་པའི་བཟོ་བཅོས་དང་ཡར་རྒྱས་ཆེན་པོ་བཏང་ཡོད།།
དུང་ཆེན།
དུང་ཆེན་ནི་འབུད་པའི་རོལ་མོའི་རྣམ་གྲངས་ཤིག་སྟེ། མངའ་བདག་ཚངས་པ་ལྷའི་མེ་ཏོག་གིས་ཟ་ཧོར་གྱི་མཁན་པོ་ཞི་བ་འཚོ་དང་ཨོ་རྒྱན་པདྨ་འབྱུང་གནས་རྣམ་གཉིས་སྤྱན་དྲངས་ཏེ་བསམ་ཡས་གཙུག་ལག་ཁང་བཞེངས་ཟིན་པའི་རབ་གནས་དགའ་སྟོན་སྐབས་ཟངས་དུང་དང་ཆ་ལང་། འཁར་རྟ། གླིང་བུ། རྫ་རྔ། པི་ཝང་། ཕེག་རྡོབ་རོལ་མོའི་ཚོགས་ཞེས་སོགས་བྱུང་བས། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ནས་རང་རེའི་ཡུལ་འདིར་རྒྱུ་ཟངས་ལས་བྱས་པའི་ཟངས་དུང་ཡོད་པར་ངེས་ཤིང་། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་འདྲེན་སྐབས་ཟངས་དུང་ལ་དཔེ་བལྟས་ཏེ་རྒྱུ་རག་ལ་བཅོས་པ་ཞིག་ཡིན་ཚུལ་ཡིག་ཚང་དུ་མ་ལས་བཤད་དོ། དུང་ཆེན་གྱི་དབྱིབས་ནི་སྲིད་དུ་རིང་ཐུང་ཇི་ལྟར་བྱུང་ཡང་རྩ་མདའ་ཐེ་བའི་ལྷུ་བཞི་ལས་གྲུབ་ཅིང་། སྟོད་ནས་རིམ་བཞིན་ཇེ་སྦོམ་དུ་སོང་བའི་སྨད་མཐར་ཁ་བོ་ཆེ་རྒྱ་གླིང་གི་ཁ་ལྟར་གཡེར་བ་དང་། ལྷུ་སོ་སོའི་བར་ན་ཡང་ལྦ་ཚིགས་ཚགས་དཀྲོལ་གྱི་པ་ཏྲས་མཛེས་པ་མགྲིན་པའི་གྱེན་ལ་རིམ་བཞིན་ཕྲ་བའི་སྟེང་དུ་སྦུ་གུ་དང་སྤྲད་པའི་ཁ་ཡི་མེ་ཏོག་གམ་ཏིང་ཤགས་ཞེས་མཆུ་རྟེན་སྦུབས་ཅན་ཁ་ཕྱིར་ལོག་པའི་རྣམ་པ་ཅན། མགྲིན་པའི་སྦུ་གུའི་ཕྱོགས་གསུམ་སྒྲོ་འདབ་ཅེས་ཟངས་ཀྱི་ཐུར་མ་གསུམ་གྱི་པྲ་ཆོས་བྱས་པ་ཞིག་ཡིན་ལ། ཆེ་ཆུང་གི་ཚད་ནི་དགོན་པ་སོ་སོའི་རྒྱུ་སྟོབས་དང་སྤྱོད་ཡུལ་སོགས་ལས་གཅིག་ཏུ་མ་ངེས་ཏེ། ཆེ་ཚད་ལ་མི་གཅིག་གིས་ཐེག་ཙམ་དང་ཆུང་ཚད་ལ་ཕྲ་དུང་ཞེས་འཁྱེར་བདེ་བ་དང་འབུད་བདེ་བ་སྣ་ཚོགས་འདུག་ཀྱང་། རྩ་བའི་མཚན་ཉིད་ཀུན་ལ་ཚང་བར་མ་ཟད་རྩ་བའི་སྐད་སྣའང་ཕྲ་སྦོམ་འབྲིང་གསུམ་སྟེ། ཕྲ་བ་ཏིར་དང་སྦོམ་པ་འདོར། འབྲིང་བ་བརྒྱངས་ཞེས་པ་ལྟ་བུ་ཡིན་ཞིང་དེ་ཡང་འདོར་ནི་རྔ་ལྤགས་སྟེང་སྲན་མ་གཏོར་བ་ལྟར་བརྒྱངས་ནི་རྒོད་ཀྱིས་ནམ་འཕང་གཅོད་པ་ལྟ་བུ། ཏིར་ནི་གླང་པོ་ཆེའི་ངུར་སྐད་དང་ཕྱོགས་མཐུན་པར་དགོས་ཞེས་གྲགས་ལ། གཞི་རྩའི་འབུད་སྟངས་ལ་ཡང་འདོར། བསུ་མ། བརྒྱངས། རྦད་བཅད། ཏིར་ཕབ། ཏིར་ཆེན། བརྒྱངས་ཕྲུག་གམ་འཛར་ཞེས་པ། དགོན་སྡེ་སོ་སོའི་ཕྱག་སྲོལ་དུང་ཚིགས་དབྱངས་རིས་དཔེ་གཟུགས་འདྲ་མིན་སྣ་ཚོགས་ཡོད།།
དུང་དཀར།
དུང་དཀར་ནི་སངས་རྒྱས་ཆོས་ལུགས་ཀྱི་དགེ་འདུན་སྤྱན་འདྲེན་པའི་ཡོ་བྱད་ཞིག་ཡིན་པས་ཆོས་དུང་ངམ་ཚོགས་དུང་ཞེས་ཀྱང་གྲགས། སྤྱིར་བོད་ཀྱི་དགོན་སྡེ་མང་ཆེ་བར་དར་སྲོལ་ཆེན་པོ་ཡོད། དེའང་རྗེ་གུང་ཐང་བསྟན་པའི་སྒྲོན་མེས་ལྟ་སྤྱོད་གཙང་མའི་རྒྱུད་པ་སྤེལ་བའི་ཕྱིར། ཐུབ་པའི་དྲུང་དུ་ཤེལ་དཀར་འཕྲེང་བ་ཕུལ། ཆོས་དུང་གནས་ཤིང་ལུང་བསྟན་བདེན་པའི་མཐུས། བློ་བཟང་རྒྱལ་བའི་བསྟན་པ་རྒྱལ་གྱུར་ཅིག་ཅེས་གསུངས་པ་ལྟར་སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རི་བོ་གངས་ཅན་གྱི་ལྗོངས་སུ་རྒྱལ་བའི་བསྟན་པ་ཉིན་མོར་བྱེད་པའི་རྟེན་འབྲེལ་གྱི་གནས་ཁྱད་པར་ཅན་ཡིན་པ་དགོངས་ཏེ་ཆོས་དུང་དཀར་པོ་འགོག་པ་རི་ལ་གཏེར་དུ་སྦས། དེ་ཉིད་ཕྱིས་སུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་རྗེ་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་ལ་ཁྱོད་ཀྱི་ཆོས་སྡེ་ཕུན་སུམ་ཚོགས་པ་ཞིག་ཐོབ་དང་དགོན་མ་ལས་བུ་དགའ་བ་དར་རྒྱས་ཆེན་པོ་འོང་གསུངས་ནས་ཆོས་དུང་དེ་བཞིན་འགོག་པ་རི་ནས་གཏེར་དུ་བཞེས་ཏེ་རྟེན་སྐལ་དུ་གནང་བ་དང་དེང་སྐབས་དཔལ་ལྡན་འབྲས་སྤུངས་དགོན་པའི་བྱམས་པ་མཐོང་གྲོལ་ཆེན་པོའི་སྐུ་མདུན་དུ་མཇལ་རྒྱུ་ཡོད་པས་ཆོས་དུང་དཀར་པོ་དེ་ཡིན། གཞན་ཡང་གོང་མ་སེ་ཆེན་གྱིས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་དབང་བསྐུར་གྱི་ཡོན་དུ་ཆོས་དུང་གྱང་གྲགས་མ་ཞིག་ཀྱང་ཡོད།།
རྐང་གླིང་།
རྐང་གླིང་ནི་སྔོན་འཕགས་ཡུལ་གྱི་གྲུབ་ཐོབ་རྣམས་ཀྱིས་རང་ཉིད་བྱ་བྲལ་གྱི་སྤྱོད་པར་གཤེགས་ཏེ་གནས་ངེས་མེད་དུར་ཁྲོད་སོགས་སུ་གསང་སྔགས་ཀྱི་ཆོ་ག་མཛད་སྐབས་རང་ཉིད་མི་རྟག་པ་སྒོམ་པ་ལ་གྲོགས་བྱེད་པའི་ཆེད། དུར་ཁྲོད་ནས་མི་ཤི་བའི་རྐང་ཐུང་ལ་གླིང་པོ་མཛད་པ་ན་རྐང་གླིང་ཞེས་གྲགས། བོད་དུ་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ཡས་མས་སུ་ཞི་བྱེད་གཅོད་ཀྱི་གྲུབ་མཐའ་དར་བ་ནས་བཟུང་རིམ་བཞིན་སྲོལ་དེ་བྱུང་བ་མིན་ནམ་སྙམ།།
སྦུག་ཆལ།
སྦུག་ཆལ་ནི་སིལ་སྙན་དང་འདྲ་བར་དཀྲོལ་བའི་རོལ་ཆ་ཞིག་སྟེ། མཁས་པ་ལ་ལས་ཕེག་རྡོབ་ལ་དཔེ་བལྟས་ཏེ་རིག་པས་བསྐྲུན་ཞེས་གསུངས། དེ་ཡང་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་རྒྱ་གར་འཕགས་པའི་ཡུལ་ནས་བོད་ལ་དར་བའི་རོལ་ཆ་ཞིག་ཡིན།།
སིལ་སྙན།
སིལ་སྙན་ནི་སྦུག་ཆལ་དང་འདྲ་བར་དཀྲོལ་བྱའི་རོལ་ཆ་ཞིག་ཡིན། དེ་ཡང་གོང་དུ་སྦུག་ཆལ་གྱི་སྐབས་སུ་བསྟན་པ་ལྟར་སྲོང་བཙན་སྒམ་པོའི་དུས་སུ་ཟ་ཧོར་ནས་དར་བ་ཞིག་ཡིན་པ་དང་། ཕྱིས་དུས་རབས་རིམ་བྱུང་གི་སྐབས་སུའང་ཧོར་རྒྱ་བལ་བཅས་ནས་ཀྱང་དར་ཡོང་བས། སིལ་སྙན་ལ་ཡང་ཧོར་སིལ་དང་རྒྱ་སིལ། བལ་སིལ། བོད་སིལ་བཅས་རིགས་བཞི་ཙམ་བྱུང་བ་དང་དེ་དག་སོ་སོའི་ནང་གསེས་དབྱེ་བ་སོགས་ལ་བཟོ་ཁྱད་སྐད་དང་བཅས་པའི་ཁྱད་པར་གསལ་པོ་ཡོད།།
གཤང་།
གཤང་ངམ་འཁྲུ་ལོར་གྲགས་པ་འདི་སྤྱིར་རྒྱ་གར་སོགས་སུ་ཁུངས་ཅི་འདྲ་ཡོད་པ་མ་ཤེས་ལ་བལ་པོའི་སྤྲང་པོ་རྣམས་ཐོགས་སྲོལ་ཡོད་པར་འདུག བོད་དུ་ནི་མཁར་རྔ་དང་འདི་གཉིས་བོན་པོའི་ལག་ཆ་ཉིད་དུ་འདོད་ཀྱང་གཞན་གྲྭ་ས་འགའ་རེའི་སེར་ཕྲེང་སྐབས་རོལ་མོ་སྣ་ཚོགས་ཀྱི་གྲལ་དུའང་ཡོད་འདུག་ལ་རྙིང་མའི་མ་དགོན་སོགས་ཀྱི་ཆོ་ག་རེ་གཉིས་ཙམ་ལ་ཡོད་པ་ཙམ་ལས་མ་མཐོང་ཡང་མཆོད་པ་སོགས་ཀྱི་སྐབས་སྒྲ་སྣ་ཚོགས་ཀྱི་གྲལ་ལ་དཀྲོལ་ན་ལེགས་པའི་ཡོན་ཏན་ཆེན་པོ་ཡོད་ལ་དེར་མ་ཟད་འཇིག་རྟེན་གྱི་ཁམས་ན་སྒྲ་སྙན་གྱི་རིགས་དབུལ་ཆོག་པ་ནི་ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི་ཡོན་ཏན་ཡིད་འོང་སྒྲ་སྙན་ཅི་མཆིས་སོགས་གསུང་བའི་ཕྱིར་རོ།།
ཏིང་ཤགས།
ཏིང་ཤགས་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་ཟ་ཧོར་ནས་དར་བའི་བརྡུང་བའི་རོལ་ཆ་ཞིག་སྟེ། སྤྱིར་ཏིང་ཤགས་ཡིན་ན་སྦུག་ལྟར་ཆ་གཅིག་ཡོད་ཀྱང་བརྡུང་ལུགས་ནི་ཁ་ཕྱིར་གཏད་དེ་གཡས་གཡོན་ཟུར་བརྡུང་བྱེད་པ་ལས་སྦུག་སིལ་བཞིན་ཁ་སྦྱོར་ནས་བརྡུང་དཀྲོལ་བྱེད་དགོས་ཀྱི་མེད། ཁྱད་པར་རྭ་ཏིང་ཞེས་ཏིང་ཤགས་ཡ་གཅིག་དང་དེ་རྡུང་བྱེད་ཀྱི་རྭ་ཅོ་ཆུང་ངུ་ཞིག་ལྷན་དུ་ཡོད་པ་དེ་ནི་བསུར་གཏོང་སྐབས་སྤྱོད་སྲོལ་ཡོད།།
རྔ།
རྔ་ནི་བོད་ལ་ཆེས་སྔ་མོ་ཞིག་ནས་དར་བའི་རོལ་ཆའི་རིགས་ཤིག་སྟེ། བོན་གྱི་ལོ་རྒྱུས་སུ་སྔ་རབས་བོན་གཤེན་དུ་མ་རྔ་ལ་བཞོན་ནས་ནམ་མཁའ་ལ་འགྲོ་བའི་ལོ་རྒྱུས་ཡོད་ཅིང་། རྔའི་རིགས་ཀྱང་རྔ་བོ་ཆེ་དང་སྒྲིག་རྔ། རྔ་ཆུང། སྔ་རབས་བོན་གྱི་རོལ་ཆ་ཕྱེད་རྔ་ཞེས་རྔ་ངོས་ཡ་མ་དང་། རལ་པ་འཆམ་སྐབས་རྐེད་པར་འདོགས་བྱའི་རྐེད་རྔ། རྒྱུའི་ཁྱད་པར་སྒོ་ནས་བཏགས་ཤིང་གོང་གི་རྔའི་རིགས་ལས་ཁྱད་པར་ཅན་གྱི་འཁར་རྔ་དང་། རྫ་རྔ། རྡོ་རྔ་སོགས་རིགས་དུ་མ་ཡོད། དེ་ལའང་རྒྱུ་ཤུག་པ་ལས་བཟོས་པ་དང་སེང་ལྡེང་ལས་བཟོས་པ། རྫབ་ལས་བཟོས་པ། ཙན་དན་ལས་བཟོས་པ། གཞན་ཡང་སྲ་ཤིང་དཀྱུས་མ་ལས་བཟོས་ཤིང་སྐྱོ་འབུར་གྱི་འབྲུག་རིས་སོགས་རྒྱས་སྤྲོས་མཛེས་པའི་འབྲུག་རྔ་དང་རྔ་ཤིང་ལ་སྐྱོ་འབུར་གསེར་ཤོག་སྦྱར་ཞིང་སྒྲིག་རྔའི་ཡུ་བ་ལ་རྐོས་དཀྲོལ་དང་རྔ་ལྤགས་ལ་ནོར་བུ་དགའ་འཁྱིལ་སོགས་བྲིས་པའི་གསེར་རྔ་དང་། ཤིང་དང་ཀོ་བའི་རང་མདོག་ལས་ཚོན་གཞན་མེད་པའི་སྐྱ་རྔ་སོགས་རྣམ་གྲངས་མང་པ་ཡོད། རྔའི་སྐད་ཁྱད་པར་ཅན་འབྱུང་ཞིང་དེ་ལ་རླན་དང་དྲོ་གྲང་གིས་མི་གནོད་པའི་ཐབས་ཀྱི་ལག་ཤེས་མི་ཉུང་བ་ཞིག་ཡོད།།
རྔ་བོ་ཆེ།
རྔ་བོ་ཆེ་དང་།རྫ་རྔ།རྔ་ཕྲན།རྔ་ཆེན་པོ།རྔ་མུ་ཀུན།ཌ་མ་རུ།བརྡ་མ་སོགས་རྔ་ལ་རྣམ་པ་མི་འདྲ་བའི་རིགས་དེ་དག་ཕལ་ཆེར་ཆོས་ཕྱོགས་ཀྱི་བྱེད་སྒོ་སོགས་ལ་སྤྱོད་པ་མང་དུ་མཆིས།སྤྱིར་རྔ་དང་།སྦུབ།དུང་།རྒྱ་གླིང་།པི་ཝང་།གླིང་བུ་སོགས་རིགས་འདྲ་མིན་སྣ་ཚོགས་འཛམ་གླིང་ཡུལ་གྲུ་ཀུན་ལ་གནའ་སྔ་མོ་ནས་དར་ཁྱབ་བྱུང་ཡོད་ལ།བོད་ལྗོངས་སུ་ཡང་ལོགས་སུ་མ་མཆིས་པར་པུར་རྒྱལ་ཐོག་མའི་དུས་ནས་རྔ་ནི་བོན་ཆོས་ཀྱི་མཆོད་རྫས་དང་རྫུ་འཕྲུལ་གྱི་ཡོ་བྱད་སོགས་ལ་གཙིགས་ཆེ་བའི་དངོས་པོ་ཞིག་ཏུ་གྱུར་ཡོད།དེ་ཡང་”ཆོས་འབྱུང་མཁས་པའི་དགའ་སྟོན་”ལས་”དུར་གཤེན་མཚོན་ཆ་ཅན་གྱིས་གསོན་གཤིས་གྱི་རྩིས་བྱེད།ཐམས་ཅད་རྔ་གཤང་གི་སྒྲ་འཁྲོལ།འཇིམ་པའི་ཤྭ་བ་ནམ་མཁར་འགྲོ་བ་དང་།རྔ་ལ་བཞོན་ནས་འགྲོ་བ་སོགས་ཟག་བཅས་ཀྱི་རྫུ་འཕྲུལ་མང་པོ་སྐད་”ཅེས་འཁོད་པས་སྤྱི་ལོའི་དུས་རབས་ཀྱི་གོང་ནས་བོད་དུའང་རྔ་ཡོད་པ་བོན་གྱི་ལོ་རྒྱུས་ནས་ར་འཕྲོད་དོ། །
འཁར་རྔ།
འཁར་རྔ་ནི་རྒྱུ་འཁར་བ་དང་ལི་ལས་བརྡུངས་པའི་ཕྱེད་རྔ་ཟླུམ་པོ་ཁ་ར་ཅན་ཞིག་སྟེ། ཚད་ལ་ངེས་པ་ཆེན་པོ་མེད་པར་ཆེ་ཆུང་སྣ་ཚོགས་པའོ། །ཁ་ཅིག་བཀའ་ཐང་ཤེལ་བྲག་མར་བོན་པོ་དག་གི་མགོ་ལ་ཝ་ཞྭ་དང་ལག་ལ་ཕྱེད་རྔ་གཏད་ནས་མངའ་རིས་བྱེ་མ་གཡུང་དྲུང་སོགས་སུ་སྤྱུགས་པར་བཤད་པ་ལ་བརྟེན་ནས་བོན་པོའི་འཁར་རྔ་ཞེས་བོན་ཁོ་ནའི་ཡིན་རྒྱུར་བྱེད་པ་ནི། མངོན་བརྗོད་འཆི་མེད་མཛོད་ལས། བལ་རྔ་དང་ནི་འཁར་རྔའོ། །ཞེས་དང་། ས་ག་ལྷས། འཁར་རྔ་ཏིང་ཏིང་ཤག་སོགས་སྒྲ། །ཞེས་པ་ཙམ་ཡང་མ་མཐོང་བའི་ཐོས་པ་ཆུང་བའི་སྐྱོན་དུ་འདུག་སྟེ། འདི་ནི་རྒྱལ་བས་མདོ་རྒྱུད་གཉིས་ཀར་བསྟན་ཅིང་མཆོད་པའི་བྱེ་བྲག་རོལ་མོའི་རིགས་ཀྱི་གྲས་སུ་ཡང་ཡང་གསུངས། ད་ལྟ་གྲྭ་ས་ཆེ་ཕྲ་ཀུན་ལ་དགེ་འདུན་བསྡུ་བ་དང་། མཆོད་ཆོག་སྒྲུབ་མཆོད་ཀུན་ལ་བཀོལ་འདུག་མོད་གཞུང་ལས་སྔ་མ་ལ་བཀོལ་ཆོག་པའི་དམིགས་བསལ་བཤད་པ་ནི་མ་མཐོང་ངོ་། །
རྒྱུད་ནས་འཁར་རྔ་བསྟན་པའི་ཁུངས་ནི་ཡོད་དེ། མཁའ་འགྲོ་རྒྱ་མཚོ་ལས། གླིང་བུ་པིང་ཝང་འཁར་རྔ་དང་། །ཞེས་དང་། གསང་བ་རྒྱན་གྱི་བཀོད་པ་ལས། འཁར་རྔ་རྡུང་པའི་ལག་པ་ཅན། །རྡོ་རྗེ་འཁར་རྔ་མ་བྲི་བྱ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་སྔགས་ཆས་རྣམ་བཤད་ལས་གསུངས་པ་དང་། སྔགས་འཆང་རྒྱན་གྱི་མེ་ཏོག་ལས་ཀྱང་། འཁར་རྔ་ནི་བོན་པོའི་ལག་ཆར་འདོད་ཀྱང་། མ་ངེས་ཏེ། མདོ་རྒྱ་ཆེར་རོལ་བ་ལས་རོལ་མོའི་རིག་བྱེད་བཅོ་བརྒྱད་ཀྱི་ནང་ཚན། འཁར་བའི་སིལ་ཁྲོད་དུ་ངོས་བཟུང་ཡང་འགལ་བ་མེད་འདྲ་ལ། བོན་བསྣུབས་པའི་དུས། མགོ་ལ་ཝ་ཞྭ་ལག་ཏུ་ཕྱེད་རྔ་གཏད། །ཅེས་བཀའ་ཐང་ལས་འབྱུང་ཞིང་། གཞན་ཡང་རྫ་རྔ་དང་རྔ་ཟླུམ་ལ་སོགས་པ་ཡང་རྔའི་རྣམ་གྲངས་ཏེ་དགོས་པའང་རྔ་དང་ཆ་མཐུན་ཞིང་། རྔ་དང་ཆ་ལང་འཁར་རྔ་དང་། །ཅང་ཏེའུ་དྲིལ་བུ་དུང་ཆེན་སོགས། །ཞེས་གསང་རྒྱུད་རྣམས་ནས་མང་དུ་འབྱུང་བ་དང་། གྲྭ་ས་གོང་མ་དག་ནས་ཀྱང་བརྡ་སྤྲོད་པའི་རོལ་མོར་ཕྱག་ལེན་འདེབས་པ་ལྟར་བསྔགས་པར་བྱ་བའི་གནས་སོ། །ཞེས་གསུངས་པའི་ཕྱིར་རོ། །
གཎྜི།
གཎྡི། ནང་པ་སངས་རྒྱས་ཆོས་ལུགས་ཀྱི་དགེ་འདུན་གྱི་སྡེ་ཆེན་པོ་རྣམས་སུ། དགེ་འདུན་འདུ་ཚོགས་ཀྱི་བརྡ་གཏོང་བྱེད་དབྱིབས་ཟུར་བརྒྱད་པ།་རིང་ཐུང་འདོམ་གང་ལྷག་ཙམ་བྱས་པ་ལ་རྡུང་བྱེད་གྷན་གཡོག་མཐོ་མཇུག་སྦོམ་ཞིང་དཀྱིལ་ཕྲ་བ་ཤིང་གི་རིགས་སྣ་བཅུ་དྲུག་གང་རུང་ལས་བཟོས་པའི་ཡོད་བྱད་ཅིག་གི་མིང་སྟེ། དེའི་རྒྱུ་ནི་(གཎྟི་མདོཛ་)ལ་ལས་གསུངས་པ་ལྟར། ༡ ཙན་དན་དཀར་པོ། ༢ བིལ་བ། ༣ པཱ་ལ་ཤ། ༤ ཨ་ཤད་ཐ། ༥ ཙན་དན་དམར་པོ། ༦ སྟར་ཁ། ༧ ཏཱ་ལ། ༨ ཀེང་ཤུ་ཀ། ༩ ཤཱ་པ། ༡༠ ཏཱ་ལ། ༡༡ ཨམྲ། ༡༢ སྟར་བུ། ༡༣ སྐྱུ་རུ་ར། ༡༤ རིན་ཏི་སར། ༡༥ ཨ་ཤཱོ། ༡༦ འོ་མ་སེ་བཅས་ཡོད་པ། དེ་དག་མ་རྙེད་ན་འོ་མ་སེའི་ཤིང་སྟེ། ཡོངས་གྲགས་སུ་སེང་ལྡེང་དུ་འདོད་པ་དེས་བཟོས་ན་ལེགས་པར་གསུངས། གཎྜི་བཞི། གོང་དུ་གསལ་བའི་གཎྜི་དེ་ལ་ཚད་གཞིའི་སྒོ་ནས་ཕྱེ་ན་བཞི་ཡོད་པ་སྟེ། ༡ གཎྜི་ཆེ་བ། ༢ འབྲིང་བ། ༣ ཆུང་བ། ༤ སྤོང་བ་པའི་གཎ་ཆུང་བཅས་ཡིན། གཎྜི་ཆེ་བའི་ཚད་ནི་རིང་ཚད་ལ་སོར་བརྒྱ་དང་བརྒྱད་(རྩེ་སོར་བཞི་ལ་སྤྱི་སྐར་དྲུག་དང་ཆ་ལྔ་རེ་རྩིས་རྩེ་སོར་བརྒྱ་དང་བརྒྱད་ལ་སྤྱིར་སྐར། ༡༢༧འཐོབ) ཞེང་ལ་སོར་དྲུག(སྤྱི་སྐར་༩་ ༦)དཔངས་སུ་སོར་གཉིས(སྤྱིར་སྐར་༣ ་༢ལྷག་ཙམ)ཡིན། ༢ གཎྜི་ཆུང་བའི་ཚད་ནི། རིང་ཚད་སོར་བརྒྱད་ཅུ་གྱ་བཞི(སྤྱིར་སྐར་༡༣༤་༤) ༣ འབྲིང་ཚད་ནི། དེ་གཉིས་ཀྱི་བར་སྟེ།རིང་ཚད་སོར་༩༦ (སྤྱི་སྐར༡༥༣་༦༠)ཡིན། དཔངས་ཚད་ནི་གཎྜི་ཆེ་འབྱིང་ཆུང་གསུམ་གཅིག་མཚུངས་ཡིན། གཎྜིའི་བཟོ་དབྱིབས་ནི།ཟུར་བརྒྱད་གཞོགས་སྟེ། དེའི་ངོས་རྣམས་སོར་བརྒྱ།(སྤྱི་སྐར༡༢་༨)ཡོད་པ། རྩེ་ཟུར་གཉིས་ལ་སོར་གཉིས། (སྤྱི་སྐར༣་༢་༡ཙམ) བཅད་པ་སྦལ་པའི་མགོའི་དབྱིབཙ་ལྟར་བྱ་བ། ཞེས་དུང་དཀར་ཚིག་མཛོད་ལས་གསུངས།
གཞན་ཡང་གཎྜི་ནི་བརྡུང་བྱའི་རོལ་མོའི་ཁོངས་སུ་གཏོགས་པ་ཞིག་སྟེ། སྤྱིར་མི་རིགས་གཞན་ལའང་དར་སོ་ཆེ་ཞིང་། རྒྱ་ནག་གི་ལུགས་ལྟར་ན་ཉ་ཁོག་ཅེས་བརྗོད་ཅིང་ཆེ་ཆུང་མི་འདྲ་བ་སྣ་ཚོགས་ཡོད་པ་ཞིག་ཡིན། ཆེ་ཚད་ལ་ལིའི་རྨིད་བཞི་བཅུ་དང་། ཆུང་ཚད་ལ་ལིའི་རྨིད་བཅུ་ཡས་མས་བྱས་པའང་ཡོད་ཅིང་། དེ་ནི་གནའ་དུས་སངས་རྒྱས་ཆོས་ལུགས་ཀྱི་ཆོ་ག་འདོན་དབྱངས་ཀྱི་སྐབས་འབའ་ཞིག་ཏུ་རྡུང་སྲོལ་མཆིས་ཀྱང་། ཕྱིས་སུ་ཆིང་རྒྱལ་རབས་ཀྱི་རྗེས་ཙམ་ནས་དམངས་ཁྲོད་སྒྱུ་རྩལ་པ་ཚོས་རོལ་མོ་མཉམ་དཀྲོལ་དང་གཞས་མ་གཏམ་གྱི་ནང་བེད་སྤྱོད་གཏོང་བ་ཡིན་འདུག འོན་ཀྱང་རང་ཅག་བོད་ལ་མཚོན་ན། གཎྜི་ཞེས་ལེགས་སྦྱར་གྱི་སྐད་རང་སོར་བརྗོད་ཅིང་། ཆོས་ཕྱོགས་ལས་དམངས་ཁྲོད་ཀྱི་རོལ་མོའི་རྣམ་གྲངས་སུ་རྡུང་སྲོལ་མཆིས། དེ་ཡང་ཆོས་ཕྱོགས་ནས་བཤད་ན། མདོ་སྔགས་གཉིས་ཀར་གྲགས་ཆེ་ཞིང་། ཁྱད་པར་དུ་མདོ་ལས། ཙན་དན་བིལྦ་པ་ལ་ཤ། །ཨ་ཤྭརྠ་དང་ཙན་དན་དམར། །རྒྱ་ལྟར་ཏཱ་ལ་ཀེང་ཤུ་ཀ །འདི་དག་ཐམས་ཅད་མེད་ན་ཡང་། །འོ་སེ་ལ་ནི་འབད་དེ་བྱ། །ཞེས་གསུངས་ཤིང་། དེ་ཡང་གཎྜིའི་བཟོ་རྒྱུ་ནི་ཙན་དན་དང་། བིལྦ་དང་། པ་ལཱ་ཤ་དང་། ཨ་ཤཱརྠ་དང་། ཙན་དན་དམར་པོ་དང་སྟར་བུ་དང་། ཏཱ་ལ་དང་། འོ་སེ་ལ་སོགས་པར་བྱས་ན་ཆོག་ལ། དེ་ལྟ་བུའི་ཤིང་ལ་བྱས་པའི་གཎྜིའི་ཚད་དབྱིབས་ཀྱང་ཇི་ལྟར་ཡོད་ཅེ་ན། སྲིད་སོར་བརྒྱད་ཅུ་རྩ་བཞི། །ཞེང་དུ་སོར་དྲུག་དཔངས་སུ་སོར་གཉིས། །ཟུར་བཞིར་བརྒྱད་གཞོགས་ལ་སོར་གཉིས་དང་ལྡན་པ་གང་ཞིག རྩེ་མོ་གཉིས་ཀྱང་སྦལ་བའི་མགོ་དང་འདྲ་བ་ཞིག་དགོས་པ་ཡིན་ཏེ། མདོ་ལས། ཚད་ནི་མཆུ་རུ་སོར་ཚད་ཀྱི། །བརྒྱད་ཅུ་རྩ་བཞི་ཉིད་བྱ་ཞིང་། །ཞེང་དུ་སོར་ནི་དྲུག་པ་སྟེ། །དཔངས་སུ་ཡང་ནི་གཉིས་བྱའོ། །སོར་མོའི་ཚིག་གིས་ཚད་དག་གིས། །ཟུར་བཞི་ཚད་ནི་གཉིས་པ་ཡིན། །ལེགས་མཉམ་ཉིད་ནི་ཤིན་ཏུ་གསལ། །རྩེ་གཉིས་སྦལ་བའི་མགོ་བཞིན་ནོ། །ཞེས་གསུངས་ལ། ཀློང་རྡོལ་བླ་མ་རིན་པོ་ཆེས་ཀྱང་གཎྜི་ལ་ཆེ་ཆུང་གསུམ་དུ་ཡོད་ཚུལ་གསུངས་ཏེ། «ནང་རིག་པ་འདུལ་བའི་སྡེ་སྣོད་ལས་བྱུང་བའི་མིང་གི་རྣམ་གྲངས»ཞེས་པ་ལས། གཎྜི་ཆེ་བ་སོར་བརྒྱ་དང་བརྒྱད། །ཆུང་བ་སིར་བརྒྱད་ཅུ་རྩ་བཞི། །དེ་གཉིས་བར་ནི་འབྲེང་ཚད་ཡིན། ཁ་ཞེང་སོར་དྲུག་སྐབ་མཐུག་སོར་གཉིས། །སྤོང་བ་པའི་གཎྜི་ཆུང་བ་སོར་ཉེར་བཞི། སྲབ་མཐུག་ཁ་ཞེངས་དག་ཆེ་བ་དང་འདྲའོ། །ཞེས་བྱུང་ངོ་། །དེ་ལྟ་བུའི་གཎྜི་བརྡུང་བ་ལ་རྡུང་བྱེད་གཎྜི་ཐིའུ་འམ་གཎ་གཡོག་ཀྱང་གཎྜི་དེ་རང་བཟོ་རྒྱུའི་ཤིང་དེ་ཉིད་ལས་དགོས་ཏེ། མདོ་ལས་ཀྱང་། དེ་ནས་རྡུང་བར་བྱེད་པ་ཡང་། །ཤིང་དེ་ཉིད་ལས་བཅད་དེ་བྱ། །སོར་བཅུ་གཉིས་ཀྱི་ཚད་དག་ལ། །ཟླུམ་ཞིང་རྩེ་གཉིས་ནེའུ་ལེ་མགོ །འཆིང་བཟུང་ཚད་ཀྱང་དེ་བཞིན་ནོ། །ཞེས་གསུངས་ཡོད།
རྡུང་ཚུལ་ནི་ཤད་ཚ་ལན་གསུམ་བྱས། ཆུང་སྐད་ནས་ཆེ་སྐད་བར་བཅོ་བརྒྱད་རྒྱུད་གཅིག་ཡིན་པས། རྒྱུད་གསུམ་ཏོག་སྒྲ་གསུམ་སྟེ་བརྒྱད་དང་བརྒྱད་དམ། རྒྱུད་གཉིས་ཏོག་གསུམ་གང་རུང་དང་། མི་ཤི་བའི་ཕུང་པོ་དུར་ཁྲོད་དུ་བསྐྱལ་ན་ཏོག་སྒྲ་མེད་པས་བྱི་བོ། སེར་བ་སོགས་གནོད་པ་བཟློག་པའི་ཆེད་དུ་ཡིན་ན་གང་དགོས་ཇི་ཙམ་བརྡུང་ཆོག་པ་ཡིན་ཏེ། «སྔ་འགྱུར་རྡོ་རྗེ་ཐེག་པའི་རིག་འཛིན་རྒྱ་མཚོས་ལོངས་སྤྱོད་ཆོས་གོས་རྒྱན་དང་རོལ་མོའི་རྣམ་བཤད་སྔགས་འཆང་རྒྱན་གྱི་མེ་ཏོག»ཅེས་པ་ལས་ཀྱང་། སྤྱིར་དགེ་འདུན་རྣམས་ཆོས་སྟོན་གསོ་སྦྱོང་ལ་སོགས་པར་བསྡུ་བའི་དོན་དུ་རྒྱུད་གསུམ་ཏོག་གསུམ། ལས་བྱ་བའི་དོན་དུ་རྒྱུད་གཅིག་ཏོག་གསུམ། ཕུང་པོ་དབྱུང་བའི་དོན་དུ་ཏོག་མེད་པའི་བྱི་བའོ། །གནོད་བཟློག་པའི་དོན་དུ་ཅི་ཙམ་ཆོག་པ་སྟེ། དེ་ཡང་བརྟེན་ཐེངས་སོ་དྲུག་གི་གཅིག་ནས་བཅོ་བརྒྱད་བར་ཇེ་ཆེ་དང་བཅུ་དགུ་ནས་སོ་དྲུག་བར་ཇེ་ཆུང་དུ་བརྡུང་ངོ་ཞེས་གསུངས་ཤིང་། རྡུང་པའི་ཚེ་ནའང་ཚིགས་མཚམས་གསལ་ཞིང་ཡུལ་དུས་དགོས་དབང་དང་བསྟུན་དགོས་པ་ལས། གང་བྱུང་ཐོ་ཅོའི་དབང་དུ་མ་སོང་བ་བྱ་རྒྱུ་གལ་ཆེ་བ་ལགས་སོ། །