༈ཆོས་སྡེ་ཆེན་པོ་རྭ་སྒྲེང་གིས་གཙོས་དབུས་གཙང་ཁུལ་གྱི་བཀའ་གདམས་པའི་གདན་སའི་ངོ་སྤྲོད་རགས་བསྡུས་ནོར་བུའི་འཕྲེང་བ་ལས།རྭ་སྒྲེང་གི་ས་བབ་ཆགས་ཚུལ་དང་དེ་གང་དུ་གནས་ཚུལ། དེ་ཡང་བསིལ་ལྡན་ས་ལའི་སྨན་ལྗོངས་འདིར་ཆོལ་ཁ་གསུམ་དུ་ཕྱེ་བའི་དབུས་གཙང་ཆོས་ཀྱི་ཆོལ་ཁར་དབུ་རུ་དང་གཡོ་རུ་གཉིས་སུ་གྱེས་པའི་དབུ་རུ་བྱང་ཕྱོགས།གངས་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཆེན་པོ་ལྷ་ལྡན་གྱི་བྱང་ཕྱོགས། དེང་གི་སྲིད་འཛིན་ཀྱི་ས་ཁོངས་ལྟར་ན་༼བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཐང་མགོ་ཡུལ་ཤོག་༽ཁོངས་སུ་འགྱིང་ངེར་ཆགས་ཡོད། དགོན་གནས་འདི་ནི་ས་བབས་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲུ་བཞི་སྟོང་ཉིས་བརྒྱ་དང་། ལྷ་ས་གྲོང་ཁྱེར་ནས་རྩིས་པའི་སྤྱི་ལེ་བརྒྱ་དང་ལྔ་བཅུའི་མཚམས་སུ་གནས་ཡོད། ཡུལ་དེའི་ས་བབས་ཆགས་ཚུལ་ཡང་བྱང་ཤར་ས་ཁད་ཅུང་མཐོ་ཞིང་། ལྷོ་ནུབ་དེ་ཙམ་མི་མཐོ་བའི་སྤང་རི་དང་སྤང་ཐང་ཡངས་པོར་དཀར་ནག་ཕྱུགས་རིགས་ལ་བརྟེན་པའི་འབྲོག་སྡེ་ཆེན་པོ་དང་།
ཕྱོགས་གཞན་དུ་ཞིང་འབྲོག་གཉིས་ཀར་འབུང་བའི་ས་མ་འབྲོག་བཅས་ཤེས་དཔལ་གྱིས་ཕྱུག་པའི་ལྷ་སྡེ་ཆེན་པོ་བཅུ་གཉིས་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ། རྭ་སྒྲེང་རྒྱལ་བའི་དབེན་གནས་ཞེས་སྙན་པའི་གྲགས་པ་འབར་བའི་དགོན་དེ་མཆིས་ཤིང་། དགོན་གནས་དེའི་ས་དཔྱད་ཀྱང་ཕུ་ཤར་དང་མདའ་ནུབ་ཏུ་གཏད་པ།རྒྱབ་རི་མཐོ་ཞིང་རྔམ་ལ་མདུན་རི་ཞོལ་བ། ཉི་མ་ཤར་སྔ་ལ་བཞུད་ཕྱི་བ། མཐའ་སྐོར་གྱི་རི་རྣམས་རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྟགས་བརྒྱད་སོགས་བཟོ་བོ་མཁས་པའི་སོར་མོའི་འདུ་བྱེད་ཀྱིས་བསྐྲུན་པ་ལྟ་བུ་ཤིན་ཏུ་དོད་པའི་གསོན་ཉམས་ཀྱིས་ཕྱུག་པ། མདུན་དུ་གཙང་ཆབ་སྔོན་མོ་དལ་གྱིས་བཞུར་བ། དགོན་པའི་ཉེ་འཁོར་དུ་རིང་མཐར་མི་ལོ་སྟོང་ཕྲག་ཁ་ཤས་དང་། ཐུང་མཐར་མི་ལོ་བརྒྱ་ཕྲག་གཉིས་གསུམ་སོགས་ལོ་ཚད་མ་ངེས་པའི་ཤུག་པ་འབུམ་ཕྲག་གཉིས་ལྷག་ཙམ་དང་།
ད་དུང་སེ་བ་དང་། སྤ་མ། བ་ལུ། སྐྱེར་བ། གླང་མ་སོགས་ཤིང་རིགས་དུ་མས་གར་སྟབས་བསྒྱུར་བའི་གསེབ་ཏུ་ཁུ་བྱུག་དང་།མཇོལ་མོ། པིང་ཀྱུར། སྐྱ་ཀ་སོགས་གྲགས་དང་མ་གྲགས་པའི་སྣ་མང་བྱ་རིགས་དུ་མ་འཕུར་ལྡིང་གར་གྱིས་རོལ་བ།དབྱར་མི་ཆེ་ལ་དགུན་མི་ཆུང་བའི་ཆུ་མིག་རིང་མོ་སོགས་ཆུ་མིག་མང་པོ་དང་། ནེའུ་གསིང་དུ་མས་མཛེས་པ།ཤང་དྲིལ་སེར་དམར་སོགས་སྣ་ཚོགས་མེ་ཏོག་གིས་ཕྲ་ཚོམ་བཀོད་པ། རྩྭ་ཆུ་སྣ་འཛོམ་གྱི་སྤང་ཐང་ཡངས་པོར་དཀར་ནག་ཕྱུགས་རིགས་དུ་མ་སོས་དལ་གྱིས་རྒྱུ་བ།མདའ་ན་ལོ་ཡག་གི་སྙེ་མ་དུད་ཅིང་འབྲུ་དྲུག་གི་འབྲས་བཟང་སྨིན་པ། དབྱར་བསིལ་ལ་དགུན་དྲོ་བ།ཉིན་མོར་སྐྱེ་བོ་རྒྱུ་འགྲུལ་ཉུང་ཞིང་མཚན་མོར་ཀླག་ཅོར་གྱི་སྒྲ་ཉུང་བ། ཆོས་མཐུན་གྱི་ཡོ་བྱད་རྙེད་སླ་བ་སོགས་གནས་ཀྱི་དཔལ་ཡོན་ཐམས་ཅད་མ་བཅོས་ལྷུན་གྱིས་གྲུབ་པའོ།།
༄། །བཀའ་གདམས་པའི་གནས་ཤུལ་ཉུལ་བ། ལེའུ་གཉིས་པ།
༈ ཆོས་སྡེ་ཆེན་པོ་རྭ་སྒྲེང་གིས་གཙོས་དབུས་གཙང་ཁུལ་གྱི་བཀའ་གདམས་པའི་གདན་སའི་ངོ་སྤྲོད་རགས་བསྡུས་ནོར་བུའི་ཕྲེང་བ་ལས། རྭ་སྒྲེང་གི་ལྷ་སྡེ་རྣམས་སུ་ལྷ་ཁང་དང་གནས་རི་ཇི་ལྟར་ཡོད་ཚུལ་རགས་ཙམ་ཞུས་ན། ཐོག་མར་ཀླུང་ཤོད་དུ་ངར་བའི་ཤོག་ཆེན་ལ་བཀའ་གདམས་ལྷ་བཞིའི་ཡ་གྱལ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་། ཇོ་བོ་རྗེའི་བཞུགས་གདན་རྟེན་གཙོར་བཞུགས་པའི་ཇོ་གདན་དགོན་དང་། བཀའ་གདམས་གླེགས་བམ་གཟུངས་སུ་བཞུགས་པར་གྲགས་པའི་སྟབས་ཀ་འབུམ་པ་དང་། དགེ་བཤེས་སྟབས་ཀ་བས་ཕྱག་བཏབ་པའི་སྒང་གསུམ་གྱི་ཡ་རྒྱལ་སྟབས་ཀའི་དགོན་ཤུལ། རྒྱབ་ར་རྫོང་དུ་བཀའ་གདམས་ལྷ་བཞིའི་ཡ་གྱལ་ཁྲོ་བོ་རྒྱལ་པོ་མི་གཡོ་བའི་སྐུ་བྱིན་ཅན་དང་། དབུ་ར་ནུབ་པར་བཀའ་དྲིན་མཉམ་མེད་༧སྐྱབས་རྗེ་བུདྡྷའི་མཚན་ཅན་གྱི་འཁྲུངས་ཁང་། བཅོམ་ས་ཚིགས་ཀྱི་བཅོམ་ཆུང་དུ་དགེ་བཤེས་ལག་སོར་བའི་གདན་ས་བཀའ་གདམས་འོག་མའི་གནས་ཤུལ། བཅོམ་མདར་རྒྱལ་བའི་དབང་པོ་ལྔ་པ་ཆེན་པོས་ས་གནད་ཀྱི་མེ་རྩར་ཕྱག་བཏབ་པའི་སྟོན་པ་ཐུབ་པའི་དབང་པོ་སོགས་རྟེན་གསུམ་བཞུགས་པའི་བཅོམ་ལྷ་ཁང་། བཅོམ་གྲོང་གཉིས་སུ་གནའ་བོའི་བང་སོ། བཅོམ་ཕུར་དཔལ་ཆེན་ར་ལོ་དང་རྒ་ལོའི་སྒྲུབ་ཕུག་སོགས་ངོ་མཚར་གནས་ཀྱི་བཀོད་པ་ཁྱད་དུ་འཕགས་པ། སྤ་ཁུག་ཤོག་ཆེན་ཏུ་ཚོང་དཔོན་ནོར་བུ་བཟང་པོས་བཞེངས་པར་གྲགས་པའི་གཡང་རའི་མ་ཎི་འཁོར་ཆེན་དང་། རྒྱལ་བའི་བཞུགས་ཁྲི་ཐང་། སྟག་ལུང་ཐང་པ་རིན་པོ་ཆེའི་སྒྲུབ་ཕུག་དབུ་མ་བྲག་དཀར་ཏིང་འཛིན་རྫོང་། ལྕོག་རྩེ་ལ་གཞོལ་དུ་རྒྱལ་དབང་ལྔ་པ་ཆེན་པོས་མཐའ་དམག་ཞི་ཞིང་བོད་ཁམས་བདེ་ཐབས་སུ་བཞེངས་པའི་བདེ་གཤེགས་མཆོད་རྟེན་བརྒྱད་སྒྲིག །དཀོར་གཉེར་ཤོག་ཆེན་དུ་ཁྲི་ཆེན་བསྟན་པ་རབ་རྒྱས་ཀྱིས་ཕྱག་བཏབ་པར་གྲགས་པའི་སྒར་ཐོག་དམ་ཅན་ལྷ་ཁང་། སྦྲ་ག་ཤོག་ཆེན་དུ་གནས་བདག་གྲགས་ཅན་མོ་ནམ་གངས་རི་དང་། སྤོད་གཙང་སུམ་མདོར་ཁང་བུ་མཆོད་རྟེན་དང་བྱང་ཆུབ་མཆོད་རྟེན། གཙང་མདོར་དགེ་བཤེས་ཤར་བ་བའི་འཁྲུངས་གནས་དང་། དེར་འཁྲུངས་མ་ཐག་ཏུ་བཞག་པའི་ཞབས་རྗེས་དང་བྱང་ཆུབ་མཆོད་རྟེན། གུ་རུ་རྫོང་ཕུར་གུ་རུའི་སྒྲུབ་གནས་བྱིན་ཅན། འགའ་ཉི་མ་ལུང་དུ་སྐུ་ཞབས་གཟིགས་པ་བློ་བཟང་ཚེ་དབང་གི་འཁྲུངས་གཞིས་དང་། འགའ་སྐྱིད་ཚེར་དུ་གང་དེའི་སྐུ་གདུང་མཆོད་རྟེན། འགའ་བའི་མདོར་གཟིམ་འོག་མཆོག་སྤྲུལ་སྐུ་རབས་དུ་མའི་འཁྲུངས་ཁང་སོགས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཟབ་ཅིང་བྱིན་རླབས་ཀྱི་ཚན་ཁ་འབར་བའི་གནས་རི་དང་སྒྲུབ་གནས་དུ་མ་ཡོད་དོ། །
༄། །བཀའ་གདམས་པའི་གནས་ཤུལ་ཉུལ་བ། ལེའུ་གསུམ་པ།
ཆོས་སྡེ་ཆེན་པོ་རྭ་སྒྲེང་གིས་གཙོས་དབུས་གཙང་ཁུལ་གྱི་བཀའ་གདམས་པའི་གདན་སའི་ངོ་སྤྲོད་རགས་བསྡུས་ནོར་བུའི་འཕྲེང་བ་ལས། རྭ་སྒྲེང་དགོན་ཚད་མའི་ལུང་གིས་ཟིན་ཅིང་དགོན་གནས་ཇི་ལྟར་བཏབ་ཚུལ། འཇམ་དཔལ་བསྟན་པ་རོལ་པའི་རྒྱུད་ལས། ལྔ་བརྒྱ་དུས་ཀྱི་མཐའ་མ་ལ། །སངས་རྒྱས་བསྟན་པ་གར་རྒྱས་པ། །བྱང་ཕྱོགས་ཁ་བ་ཅན་གྱི་རི་ཡི་དབུས། །སྨན་སྣ་སྣ་ཚོགས་རྒྱས་པའི་མགུལ་གནས་པ། །སྤོས་ཤིང་ནགས་ཚལ་རྒྱས་པའི་གཙུག་ལག་ཏུ། །ཡི་གེ་དང་པོ་རྭ་ལ་དེ་འོག་སྒྲེང་། །ཞེས་རྒྱས་བས་ལུང་གིས་ཟིན་ཅིང་། ཇོ་བོ་ཆེན་པོས་འབྲོམ་རིན་པོ་ཆེ་ལ། བྱང་ཕྱོགས་འདི་ནས་བྱང་ཕྱོགས་སུ། །རྭ་སྒྲེང་ཞེས་བྱའི་གནས་མཆོག་ཡོད། །དེར་སོང་བདག་གིས་བྱིན་གྱིས་རློབས། །རྭ་སྒྲེང་དཔལ་གྱི་གཙུག་ལག་ཁང་། །རྡོ་རྗེ་གདན་དང་མཚུངས་པར་བཞེངས། །ཞེས་ལུང་དང་བཀས་སྐུལ་བ་ལྟར། རབ་བྱུང་དང་པོའི་ཤིང་ལུག་ལོར་རྒྱལ་བ་འབྲོམ་སྟོན་པ་རྭ་སྒྲེང་དུ་བྱོན་ནས་ཐོག་མར་གནས་ཀྱི་བརྟག་པ་མཛད་པས་ཕྱོགས་ཐམས་ཅད་དུ་དགེ་མཚན་བརྗོད་ཀྱིས་མི་ལང་ས་དཔྱད་ཕུན་སུམ་ཚོགས་པ་གཟིགས་ཏེ། མེ་སྤྲེལ་ལོར་ཞང་འཕྲང་ཁ་བེར་ཆུང་གི་སྲས་ཀྱིས་ཡོན་བདག་བྱས་ནས་རྣལ་འབྱོར་རྣམ་བཞིའི་བཞུགས་གནས་དགོན་པ་གོང་དང་། འབྲོམ་རང་ཉིད་ཀྱི་གཟིམ་ཆུང་བཅས་བཞེངས། སྤྱི་ལོ་ཆིག་དགུ་བརྒྱ་མེད་ང་བདུན་ལོར་ཞང་འཕྲང་ཁ་བེར་ཆུང་གིས་སྦྱིན་བདག་མཛད་ནས་ཇོ་བོ་རྗེའི་གདུང་རྟེན་དང་། ཇོ་བོ་འཇམ་དཔལ་རྡོ་རྗེའི་སྐུ་སོགས་བཞུགས་ས་ལྷ་ཁང་ཁྱུང་མགོ་ཅན་ནམ་དབུ་རྩེ་ཀ་གཉིས་མ་བཞེངས། དེ་ནས་བྱ་འདབ་འོག་དང་དགོན་པའི་གཉའ་གོང་དུ་ཇོ་བོ་རྗེའི་པུར་ཐལ་ལས་གྲུབ་པའི་ཚ་ཚ་རེ་དང་། འབྲོམ་ཉིད་ཀྱི་འཕྲེང་རྡོག་རེ་བཞུགས་སུ་གསོལ་ནས་མཆོད་རྟེན་བརྒྱ་རྩ་རེ་བཞེངས། ཡང་དགོན་པའི་བྱང་ཤར་མཚམས་སུ་ལོངས་སྤྱོད་ཕུན་སུམ་ཚོགས་པའི་ས་དཔྱད་ཡོད་པར་གཟིགས་ནས་དེ་གཤོང་མོར་བཏང་། དེའི་སྟེང་དུ་བཞུགས་ཁྲི་བརྩེགས་ནས་སྐུ་མཆེད་གསུམ་སོགས་ལས་ཅན་གྱི་སྐལ་ལྡན་བརྒྱད་ཅུ་སོགས་ལ་ལམ་སྒྲོན་དང་། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་ཁྲིད་སོགས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་བ་སོགས་ལུགས་གཉིས་ཀྱི་སྒོ་ནས་ལེགས་པར་བསྐྱངས་ནས་ཆོས་ཀྱི་གདན་སར་སྤྲུལ་བའི་སྐུ་མཆེད་གསུམ་དང་། གནས་ཀྱི་གདན་སར་རྣལ་འབྱོར་པ་ཨ་མེས་བྱང་ཆུབ་རིན་ཆེན་བསྐོས་ཏེ་དགའ་ལྡན་དུ་གཤེགས་སོ། །
༄། །བཀའ་གདམས་པའི་གནས་ཤུལ་ཉུལ་བ། ལེའུ་བཞི་པ།
ཆོས་སྡེ་ཆེན་པོ་རྭ་སྒྲེང་གིས་གཙོས་དབུས་གཙང་ཁུལ་གྱི་བཀའ་གདམས་པའི་གདན་སའི་ངོ་སྤྲོད་རགས་བསྡུས་ནོར་བུའི་འཕྲེང་བ་ལས། རྭ་སྒྲེང་གདན་རབས་བྱུང་ཚུལ་དང་དེ་དག་སྐབས་ཀྱི་དར་རྒུད། སྟོན་པ་ཞི་བར་གཤེགས་རྗེས་རྣལ་འབྱོར་པ་ཨ་མེས་ཀྱིས་གདན་ས་ལོ་བཅུ་གཉིས་མཛད་དེ། དགེ་འདུན་སུམ་བརྒྱ་ཙམ་འདུས། བེར་རྒྱུད་དར་མ་ཡེ་ཤེས་ཀྱིས་ཀ་གཉིས་མའི་ཁྱམས་སྨད་སོགས་བཞེངས་པར་རབ་གནས་སོགས་མཛད། དེ་རྗེས་དགོན་པ་བས་ལོ་ལྔ་དང་། པོ་ཏོ་བས་གདན་ས་ལོ་གཅིག་མཛད་ནས་གནས་ངེས་མེད་དུ་ཐུགས་དམ་གང་འཕེལ་མཛད་པས་རྭ་སྒྲེང་དུ་གདན་ས་མེད་པར་ལོ་མང་འདས། དེ་རྗེས་མཐའ་བཞི་སྒོམ་པས་གདན་ས་ཉམས་པ་བསོས་ཏེ་བསྐྱངས། དེ་སྐབས་དགེ་བཤེས་ཤར་ར་བ་དང་དཔོན་གྱད་པ་སོགས་ཀྱིས་དབུ་རྩེ་ཀ་བ་དགུ་མ་དང་བཅུ་དྲུག་པ་ཁྱམས་སྨད་བཅས་པ་བཞེངས། རྔོག་བློ་ལྡན་གྱིས་གསང་ཕུ་དང་སྦྲེལ་ནས་གདན་ས་ལོ་ཁ་ཡར་མཛད། ཞང་འོད་འཇོ་བས་གདན་ས་མཛད་རིང་བཤད་སྒྲུབ་འཕེལ་ཞིང་མདོ་དབུས་ཁམས་གསུམ་གྱིས་ཆོས་ཀྱི་ཞུ་ས་དང་། དད་འབུལ་བྱེད་ས་ཞིག་བྱུང་། དཔོན་སེའོ་གཞོན་ཚུལ་གྱིས་དབུ་རྩེ་ཀ་བ་ཉེར་བཞི་མ་བཞེངས། དེ་རྗེས་སྒང་ཐང་དཀར་བ་དང་། དགོན་འོད་འཇོ་བ་སོགས་ཀྱིས་གདན་ས་མཛད། ལྕགས་སྦྲུལ་ལོར་རྗེ་ཙོང་ཁ་པས་ཡང་དགོན་ཕྱག་བཏབ་ནས་ལམ་རིམ་ཆེན་མོ་ལྗགས་རྩོམ་དང་འཆད་ཁྲིད་མཛད།
སྤྱི་ལོ་གཅིག་སྟོང་བཞི་བརྒྱ་བཅུའི་ལོར་དབུ་རྩེ་ཀ་གཉིས་མར་མེ་སྐྱོན་བྱུང་བས། དེའི་ཕྱི་ལོར་བྱ་བཏང་རིན་བཟང་སོགས་ཀྱིས་འགན་འཁུར་ནས་ཉམས་གསོ་གནང་། དེ་རྗེས་རྒྱལ་དབང་ལྔ་བ་མཆོག་གིས་གཙུག་ལག་ཁང་ཉམས་གསོ་དང་སྦྲགས། བྱང་རྩེ་ཆོས་རྗེ་ངག་དབང་རྡོ་རྗེ་སོགས་གཞུང་བསྐོས་མཁན་པོ་ན་རིམ་གྱིས་བསྐྱངས། དེ་རྗེས་རྒྱལ་དབང་བསྐལ་བཟང་མཆོག་གིས་ཡོངས་འཛིན་ངག་དབང་མཆོག་ལྡན་ལ་སྒེར་འཛིན་དུ་བསྩལ་བ་ནས་བཟུང་རྭ་སྒྲེང་རིན་པོ་ཆེ་སྐུ་རབས་རྣམས་ཀྱིས་བདག་སྐྱོང་བླ་ན་མེད་པ་གནང་། ཁྱད་པར་སྐུ་འཕྲེང་ལྔ་བ་མཆོག་གིས་གཙུག་ལག་ཁང་རྒྱས་བསྐྲུན་དང་། དགེ་འདུན་ཞལ་གྲངས་ལྔ་བརྒྱར་གཏན་ལ་ཕབ། དགོན་པའི་ཆོས་སྤྱོད་ཀྱི་བཤད་སྒྲུབ་རྣམས་ཡང་དགོན་གཟིམས་ཤག་གོང་འོག་དང་། གཟིགས་པ་སྐུ་འཕྲེང་རིམ་བྱོན། དགོན་པའི་མཁན་རབས་རྣམས་ཀྱིས་སྐྱོང་བར་མཛད་ནས་གདན་ས་གཟི་བརྗིད་འབར་བ་ཡོད་པར་གསུངས།
༄། །བཀའ་གདམས་པའི་གནས་ཤུལ་ཉུལ་བ། ལེའུ་དྲུག་པ།
ཆོས་སྡེ་ཆེན་པོ་རྭ་སྒྲེང་གིས་གཙོས་དབུས་གཙང་ཁུལ་གྱི་བཀའ་གདམས་པའི་གདན་སའི་ངོ་སྤྲོད་རགས་བསྡུས་ནོར་བུའི་འཕྲེང་བ་ལས། རྭ་སྒྲེང་དགོན་དུ་དུས་འགྱུར་སྔོན་དུ་དབུ་རྩེ་ཀ་གཉིས་མར་རྟེན་གསུམ་ཇི་ལྟར་བཞུགས་ཚུལ། མི་དབང་བསོད་ནམས་སྟོབས་རྒྱས་ཀྱིས་བཞེངས་པའི་གསེར་ཟངས་ཀྱི་བཞུགས་སྒྲོམ་རྒྱབ་ཡོལ་དང་བཅས་པའི་ནང་དུ། རིགས་གསུམ་མགོན་པོའི་ཐུགས་རྗེས་དཀྲོང་བསྐྱེད་ཀྱིས་བཞེངས་པའི་ཡེ་ཤེས་སེམས་དཔའ་དངོས་ཞུགས་ཇོ་བོ་འཇམ་དཔལ་རྡོ་རྗེའི་སྐུ་བརྙན་བྱིན་ཅན་དང་། ཇོ་བོ་རྗེའི་ཐུགས་དམ་གཡུལ་རྒྱལ་སྒྲོལ་མ། ཇོ་འབྲོམ་རྣམ་གཉིས་ཀྱི་ཕྱག་བཟོ་ཇོ་བོའི་སྐུ་འདྲ་དབུ་ཡོན་མ་ཆེ་ཆུང་གཉིས་སོགས་སྐུ་རྟེན་དང་། གསུང་རྟེན་དུ། ཇོ་བོ་རྗེའི་ཕྱག་དཔེ་གསེར་གྱི་སྙེ་མའི་དགྲ་ནག་གི་རྒྱུད་དང་། ཤེས་རབ་སྙིང་པོའི་འགྲེལ་བ་སོགས་ཕྱག་དཔེ་བྱིན་ཅན་མི་ཁུར་གཅིག་ལྷག །གསེར་གླིང་པ་དང་ཇོ་འབྲོམ་རྣམ་གཉིས་ཀྱི་སྐུ་གདུང་རིང་བསྲེལ་བཞུགས་པའི་དངུལ་གདུགས་ཅན་ཆེ་འབྲིང་ཆུང་གསུམ་དང་། དཔལ་ལྡན་ནཱ་རོ་པའི་གདུང་རྟེན། ཁྲི་མངོན་དགའ་བས་བཞེངས་པའི་བྱང་ཆུབ་མཆོད་རྟེན། ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་དངུལ་གདུང་། མཁན་ངག་གི་དབང་པོའི་གདུང་རྟེན། རྭ་སྒྲེང་སྐུ་འཕྲེང་བཞི་བའི་གདུང་རྟེན་སོགས་ཐུགས་རྟེན་མང་དུ་བཞུགས་ཡོད་ཀྱང་རིག་གསར་སྐབས་སུ་རྩ་འཐོར་དུ་གྱུར་བའོ། །ད་ལྟ་རིག་གསར་སྐབས་པཎ་ཆེན་བཀའ་དྲིན་ཅན་གྱིས་གཅེས་ཉར་གནང་བའི་རྟེན་གཙོ་ཇོ་བོ་འཇམ་དཔལ་རྡོ་རྗེ་དང་། ཀླུང་ཤོད་ངར་བཀྲ་ཤིས་དགོན་གྱི་རྟེན་གཙོ་བཅུ་གཅིག་ཞལ་བྱིན་ཅན། དགེ་བའི་བཤེས་གཉེན་སངས་རྒྱས་དགེ་འཕེལ་མཆོག་གིས་དུས་འགྱུར་ནང་ཉར་ཚགས་གནང་བའི་བལ་བྲིས་མ་ཇོ་འབྲོམ་ཞལ་སྤྲོད་སོགས་ཞལ་ཐང་རྙིང་པ་མང་པོ། སོ་འཕྲེང་ཅན་གྱིས་གཙོས་ཤར་ལིའི་བཀའ་གདམས་མཆོད་རྟེན་སོགས་རྟེན་གསུམ་དུ་མ་བྱིན་ཆགས་པར་བཞུགས་ཡོད་དོ།། །།
ཡོང་ཁུངས། རྭ་སྒྲེང་ཡར་སྐུལ་རིག་མཛོད།