༄། །བཀའ་གདམས་པའི་གནས་ཤུལ་ཉུལ་བ། ལེའུ། 7-13 བར།

༄། །བཀའ་གདམས་པའི་གནས་ཤུལ་ཉུལ་བ། ལེའུ། 7-13 བར།

༄། །བཀའ་གདམས་པའི་གནས་ཤུལ་ཉུལ་བ། ལེའུ་བདུན་པ།

      རྭ་སྒྲེང་གངས་རིའི་སྲས་མོ།


ཆོས་སྡེ་ཆེན་པོ་རྭ་སྒྲེང་གིས་གཙོས་དབུས་གཙང་ཁུལ་གྱི་བཀའ་གདམས་པའི་གདན་སའི་ངོ་སྤྲོད་རགས་བསྡུས་ནོར་བུའི་འཕྲེང་བ་ལས། རྭ་སྒྲེང་དགོན་དུ་དུས་འགྱུར་སྔོན་དུ་གསུང་རབ་དབུས་མར་རྟེན་གསུམ་ཇི་ལྟར་བཞུགས་ཚུལ། མཚན་གཞན་དུ་བཀྲ་ཤིས་དཔལ་འབར་ཞེས་ཀྱང་ཞུ། མཁན་པོ་བློ་བཟང་རྒྱལ་མཚན་གྱིས་བཞེངས་པའི་ཇོ་བོ་རྗེ་དང་། འབྲོམ་རིན་པོ་ཆེ། རྗེ་ཙོང་ཁ་པ། པཎ་ཆེན་ཐམས་ཅད་མཁྱེན་པ། རྒྱལ་བ་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ། སྨན་བླ་བདེ་གཤེགས་བརྒྱད། བྱང་སེམས་བཅུ་དྲུག་བཅས་ནང་གཟུངས་ཕུན་སུམ་ཚོགས་པ་བྱིན་ཅན་དང་། མཁན་པོ་བློ་གྲོས་ཕུན་ཚོགས་ཀྱིས་བཞེངས་པའི་གསེར་ཟངས་ལས་གྲུབ་པའི་སྨན་རྒྱལ་སོགས་བདེ་གཤེགས་བདུན་སོགས་སྐུ་རྟེན་མང་དུ་བཞུགས།

གསུང་རྟེན་དུ། རིན་ཆེན་རྣམ་གཉིས་ལས་གྲུབ་པའི་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱིས་གཙོ་བོར་གྱུར་བའི་བཀའ་དང་བསྟན་བཅོས་ཀྱི་གསུང་རབ་པུ་ཏི་སྟོང་ཕྲག་དྲུག་དང་དགུ་བརྒྱ་གོ་གསུམ་ལྷག་བཞུགས་པར་གྲགས་སོ།།ཐུགས་རྟེན་དུ། ཆོས་སྡེ་འདིའི་ཐུགས་རྟེན་ཀུན་གྱི་གཙོ་བོ་ཇོ་བོ་ཡབ་སྲས་སོགས་ཀྱི་གདུང་རྟེན་དུ། དགེ་འདུན་སྤྱི་བས་བཞེངས་པའི་མཆོད་རྟེན་བཀྲ་ཤིས་དཔལ་འབར་ཞེས་སྐུ་རྒྱུ་གནས་ཆེན་ཁག་གི་ས་སྣ་དང་རྡོ་སྣ་ལས་གྲུབ་པ། བདག་ཅག་གི་སྟོན་པའི་རིང་བསྲེལ་བརྒྱ་རྩ་བརྒྱད་དང་། བརྒྱུད་པ་གསུམ་དང་ཇོ་འབྲོམ་ཡབ་སྲས་སོགས་བཀའ་གདམས་བླ་མ་རྣམས་ཀྱི་གདུང་དང་རིང་བསྲེལ་དཔག་ཏུ་མེད་པ་བཞུགས་ཤིང་། དགེ་བའི་བཤེས་གཉེན་སྟབས་ཁ་པ་སོགས་ཀྱིས་རབ་ཏུ་གནས་པར་མཛད་པའི་ཚེ། ཇོ་འབྲོམ་ཡབ་སྲས་སོགས་ཞལ་གཟིགས་ཏེ་མེ་ཏོག་འཐོར་བཞིན་དུ་མཆོ་སྡོང་འདི་ལ་ཐིམ་པ་ཡིན་པས་བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་འབར་བའོ།།རིག་གསར་སྐབས་རྟེན་དང་བརྟེན་པ་ཡོངས་རྫོགས་གཏོར་བཤིག་སོང་། ད་ལྟ་སྐུ་རྟེན་དུ། འཇིམ་པ་ལས་གྲུབ་པའི་སྨན་རྒྱལ་དང་རྭ་སྒྲེང་སྐུ་རབས་རིམ་བྱོན། གསུང་རྟེན་དུ། བཀའ་འགྱུར་དང་། བརྒྱད་སྟོང་པ་པུ་ཏི་སྟོང་ཕྲག །ཐུགས་རྟེན་དུ། རྭ་སྒྲེང་སྐུ་ཕྲེང་དྲུག་པའི་དངུལ་གདུང་ཆེན་མོ་བཞུགས་སུ་གསོལ་བའོ།།

 

༄།།བཀའ་གདམས་པའི་གནས་ཤུལ་ཉུལ་བ། ལེའུ་བརྒྱད་པ།

 

ཆོས་སྡེ་ཆེན་པོ་རྭ་སྒྲེང་གིས་གཙོས་དབུས་གཙང་ཁུལ་གྱི་བཀའ་གདམས་པའི་གདན་སའི་ངོ་སྤྲོད་རགས་བསྡུས་ནོར་བུའི་འཕྲེང་བ་ལས། རྭ་སྒྲེང་དགོན་དུ་དུས་འགྱུར་སྔོན་དུ་གསུང་རབ་ནུབ་མར་རྟེན་གསུམ་ཇི་ལྟར་བཞུགས་ཚུལ། མཚན་གཞན་དུ་བྱམས་པ་ལྷ་ཁང་ཞེས་ཀྱང་ཞུ། ནང་བཞུགས་སྐུ་རྟེན་དུ།སེ་རའི་མཁན་པོ་བློ་བཟང་རྒྱལ་མཚན་གྱིས་བཞེངས་པའི་རྒྱལ་བ་བྱམས་པའི་སྣང་བརྙན་ནང་བཞུགས་སུ་རྒྱ་མ་སངས་རྒྱས་དབོན་གྱི་ཐུགས་དམ་བྱམས་པའི་སྐུ་སོགས་བཞུགས་པ་བྱིན་ཅན། དཔོན་སེ་འོ་གཞོན་ཚུལ་གྱིས་བཞེངས་པའི་ཐུབ་པ་རྡུལ་མི་ཆགས་པ་ཞེས་ཇོ་བོའི་ཕྱག་བཟོ་ཡི་གེ་དྲུག་མ་དང་སྒྲོལ་མ་སོགས་བཞུགས་པ་བྱིན་ཅན།གསུང་རྟེན་དུ། རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་སོགས་པོ་ཏི་བྱིན་རླབས་ཅན་སྟོང་ཕྲག་དྲུག་དང་ལྔ་བརྒྱ་བདུན་ཅུ་དོན་གསུམ་ཙམ་བཞུགས། ཐུགས་རྟེན་དུ། མཁན་པོ་བློ་བཟང་རྒྱལ་མཚན་གྱི་དགོངས་རྫོགས་སུ་བཞེངས་པའི་རིན་ཆེན་གཉིས་པ་ལས་གྲུབ་པའི་བྱང་ཆུབ་མཆོད་རྟེན་ནང་གཟུངས་ཕུན་སུམ་ཚོགས་པ་བྱིན་ཅན་དང་། སངས་རྒྱས་ཀྱི་འཕེལ་གདུང་བཞུགས་པའི་མཁན་པོ་ཟླ་བ་གྲགས་པའི་དགོངས་རྫོགས་སུ་བཞེངས་པའི་དངུལ་གྱི་བྱང་ཆུབ་མཆོད་རྟེན། དབྱེན་ཟླུམ་མཆོད་རྟེན་སོགས་རྟེན་གསུམ་མང་སྐད། རིག་གསར་སྐབས་རྟེན་དང་བརྟེན་པ་ཐམས་ཅད་འཐོར་ཞིག་སོང་།

 

༄།།བཀའ་གདམས་པའི་གནས་ཤུལ་ཉུལ་བ། ལེའུ་དགུ་པ།

ཆོས་སྡེ་ཆེན་པོ་རྭ་སྒྲེང་གིས་གཙོས་དབུས་གཙང་ཁུལ་གྱི་བཀའ་གདམས་པའི་གདན་སའི་ངོ་སྤྲོད་རགས་བསྡུས་ནོར་བུའི་འཕྲེང་བ་ལས།རྭ་སྒྲེང་དགོན་དུ་དུས་འགྱུར་སྔོན་དུ་མགོན་ཁང་གསར་རྙིང་གཉིས་སུ་རྟེན་གསུམ་ཇི་ལྟར་བཞུགས་ཚུལ། དང་པོ། མགོན་ཁང་རྙིང་པར་གྲགས་པ་འདི་དགེ་བའི་བཤེས་གཉེན་སྤྱན་སྔ་ཚུལ་ཁྲིམས་འབར་གྱིས་ཆུ་ཕོ་བྱི་བའི་ལོར་བཞེངས་ནས་གྱང་ལྡེབས་སུ་རྗེ་ཉིད་ཀྱི་ཤངས་ཚལ་གྱིས་ཁྲོ་བོ་མི་གཡོ་བ་དང་། མགོན་པོ་དམར་པོ་གཙོ་འཁོར་བཞེངས་ནས་རབ་ཏུ་གནས་པས་ཆོས་སྐྱོང་ཞལ་དངོས་སུ་གཟིགས་ནས་ཐིམ་པའི་ལྡེབས་རིས་བྱིན་ཅན་དང་། དེའི་མདུན་དུ་དགེ་བཤེས་སྣེའུ་ཟུར་བའི་ཕྱག་བཟོ་མི་གཡོ་བའི་སྐུ་བརྙན་སོགས་ནང་གཟུངས་སུ་བཞུགས་པའི་ཁྲོ་རྒྱལ་མི་གཡོ་བ་དང་། མགོན་པོ་ལྷོ་ནུབ་པ་གཙོ་འཁོར་སོགས་བཞུགས་སུ་གསོལ་བའོ། །

རིག་གསར་སྐབས་གཏོར་སྐྱོན་ཕོག་རྗེས་དགོན་གཞུང་ནས་ཉམས་གསོ་མཐར་ཕྱིན་གནང་། གཉིས་པ། མགོན་ཁང་གསར་མ་ཞེས་པའམ་ཆོས་བདག་ཁང་ཞེས་གྲགས་པ་འདི་ནི། མཁན་ཆེན་བློ་བཟང་ངག་གི་དབང་པོས་བསྟན་འགྲོའི་གསོས་སུ་དགོངས་ཏེ་ཤིང་ཕོ་རྟའི་ལོར་ཐོག་མར་བཞེངས། ནང་རྟེན་དུ་ཁྲོ་བོ་རྒྱལ་པོ་མི་གཡོ་བ་དང་། གྲི་གུག་དམར་ནག་གཙོ་འཁོར། ཇོ་བོ་འཕྱིང་དཀར་བ་སྨན་བཙུན་གཉིས་སོགས་ནང་གཟུངས་དང་རབ་ཏུ་གནས་པ་ཕུན་སུམ་ཚོགས་པ་བྱིན་ཅན་བཞུགས། རིག་གསར་སྐབས་རྩ་འཐོར་དུ་གྱུར་རྗེས་རབ་རྒྱན་ཆུ་སྦྲུལ་ལོར་རྒྱལ་གཞུང་ནས་འགྲོ་སོང་བཏང་ནས་ཕྱིའི་ལྷ་ཁང་ཉམས་གསོ་གནང་བའོ།།

 

༄།།བཀའ་གདམས་པའི་གནས་ཤུལ་ཉུལ་བ། ལེའུ་བཅུ་པ།

༄།།བཀའ་གདམས་པའི་གནས་ཤུལ་ཉུལ་བ།
རྭ་སྒྲེང་གངས་རིའི་སྲས་མོ།                                            

ཆོས་སྡེ་ཆེན་པོ་རྭ་སྒྲེང་གིས་གཙོས་དབུས་གཙང་ཁུལ་གྱི་བཀའ་གདམས་པའི་གདན་སའི་ངོ་སྤྲོད་རགས་བསྡུས་ནོར་བུའི་འཕྲེང་བ་ལས། རྭ་སྒྲེང་དགོན་དུ་དུས་འགྱུར་སྔོན་དུ་གཙུག་ལག་ཁང་ཆེན་མོའི་ཡང་ཐོག་ལྷ་ཁང་དང་རྟེན་གསུམ་ཇི་ལྟར་བཞུགས་ཚུལ་ནི། སྟེང་དུ་ལི་མ་ལྷ་ཁང་དང་། བདེ་གཤེགས་ལྷ་ཁང་། རྒྱལ་བའི་གཟིམ་སྦུག་ནུབ་མ། གནས་བཅུ་ལྷ་ཁང་། བཀའ་གདམས་ལྷ་ཁང་བཅས་དང་། གཙུག་ལག་ཁང་གི་སྒོ་མཆོར་སྟེང་དུ་རྭ་སྒྲེང་རིན་པོ་ཆེ་འཆམ་གཟིགས་གནང་སའི་རབ་གསལ་གཟིམ་སྦུག་ནང་མ་ཁང་དང་བཅས་པ་དང་། པར་ཁང་།གཞན་ཡང་སྤྱི་སོའི་མཛོད། ཁང་གཉེར་གྱི་མཛོད། དཀོར་གཉེར་གྱི་མཛོད་སོགས་ཡོད། དེའི་ནང་གི་ལི་མ་ལྷ་ཁང་དུ་ཀོ་ཁྱིམ་ཆོས་སྡེའི་རྟེན་གཙོ་ཐུབ་དབང་ལོངས་སྐུའི་རྣམ་པ་ཅན་གྱིས་གཙོས་རྒྱ་གར་ཤར་ལི་དང་། རྒྱ་ནག་གི་ལི་མ་གསར་རྙིང་། ལི། དངུལ། ཟངས། གསེར་ཟངས། ཁྲོ། འཁར་བ། རྡོ་གཉན་སོགས་ལས་གྲུབ་པའི་སྐུ་ཐུགས་ཀྱི་རྟེན་དང་། གསུང་རྟེན་བཀའ་གདམས་སྤྲུལ་པའི་གླེགས་བམ་ཆེན་མོ་སོགས་བཞུགས། བདེ་གཤེགས་ལྷ་ཁང་དུ་ཁྲི་ཆེན་བསྟན་པ་རབ་རྒྱས་ཀྱིས་བཞེངས་པའི་སྨན་བླ་བདེ་གཤེགས་མཆེད་བདུན་གྱི་གསེར་ཟངས་སྐུ་སོགས་ཡོད་སྐད། རྒྱལ་བའི་གཟིམ་སྦུག་ཏུ་རྒྱལ་བའི་འཁྲུངས་རབས་སོགས་སྐུ་གསུང་ཐུགས་རྟེན་བཞུགས་སུ་གསོལ་བའོ། །གནས་བཅུ་ལྷ་ཁང་དུ་བྱ་བཏང་རིན་ཆེན་བཟང་པོས་བཞེངས་པའི་ཐུབ་དབང་ལ་གནས་བརྟན་བཅུ་དྲུག་གིས་བསྐོར་བ་བྱིན་ཅན་སོགས་བཞུགས་སོ།།

 

༄། །བཀའ་གདམས་པའི་གནས་ཤུལ་ཉུལ་བ། ལེའུ་བཅུ་གཅིག་པ།

ཆོས་སྡེ་ཆེན་པོ་རྭ་སྒྲེང་གིས་གཙོས་དབུས་གཙང་ཁུལ་གྱི་བཀའ་གདམས་པའི་གདན་སའི་ངོ་སྤྲོད་རགས་བསྡུས་ནོར་བུའི་འཕྲེང་བ་ལས། རྭ་སྒྲེང་དགོན་དུ་བཞུགས་པའི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་གཟིམ་ཆུང་དུ་རྟེན་གསུམ་ཇི་ལྟར་བཞུགས་ཚུལ་ནི། གཟིམ་ཆུང་འདི་ཆེས་ཐོག་མར་རབ་བྱུང་དང་པོའི་མེ་ཕོ་སྤྲེལ་༼སྤྱི་ལོ་༡༠༥༦༽ལོར་འབྲོམ་ཆོས་ཀྱི་རྒྱལ་པོས་ཀླུ་རྒྱལ་ནེའུ་ལུང་པའི་ཕོ་བྲང་གི་སྟེང་དུ་གང་གི་བཞུགས་གནས་སུ་ཕྱག་བཏབ་ཅིང་། བཀའ་སྲུང་ཤ་ཟ་མ་མཆེད་བཞིས་མི་མོའི་རྣམ་པར་སྤྲུལ་ནས་བཞེངས། སྔོན་ཆད་སྟོན་པ་ལ་བྱམས་འཇམ་དབྱངས་དང་གནས་བཅུས་བསྐོར་བ་དང་། མཉེས་ཐང་ནས་གདན་དྲངས་པའི་ཇོ་འབྲོམ་ཡབ་སྲས་ཀྱི་སྐུ་བརྙན་དང་། རྗེ་ངག་དབང་བྱམས་པས་བཞེངས་པའི་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་སྨན་སྐུ། གསུང་རྟེན་དུ། འབྲོམ་གྱི་ས་འདུལ་བརྒྱད་སྟོང་། སྣེའུ་ཟུར་བའི་གདུང་རྟེན་སོགས་སྐུ་གསུང་ཐུགས་རྟེན་ཆེས་མང་། རིག་གསར་སྐབས་འཐོར་ཞིག་ཏུ་སོང་བའི་རྗེས་སུ་སྡེ་འདིའི་སྐུ་ཞབས་བློ་གྲོས་རབ་ཡངས་མཆོག་དང་། འཇམ་དཔལ་མཁྱེན་བཟང་། ཇོ་སྡིས་གསུམ་ནས་ཐོག་བརྩེགས་དང་བཅས་པ་བསྐྱར་དུ་བཞེངས་སོ།།

 

༄།།བཀའ་གདམས་པའི་གནས་ཤུལ་ཉུལ་བ། ལེའུ་བཅུ་གཉིས་པ།

 

ཆོས་སྡེ་ཆེན་པོ་རྭ་སྒྲེང་གིས་གཙོས་དབུས་གཙང་ཁུལ་གྱི་བཀའ་གདམས་པའི་གདན་སའི་ངོ་སྤྲོད་རགས་བསྡུས་ནོར་བུའི་འཕྲེང་བ་ལས།ཁྱམས་ཆུང་འདུ་ཁང་གང་གིས་བཞེངས་པ་དང་དེར་རྟེན་གསུམ་ཇི་ལྟར་བཞུགས་ཚུལ། རྒྱ་ཁྱོན་ལ་སྤྱི་ཁྲུ་ངོས་སྙོམས་གྲུ་བཞི་མ་༢༤༢དང་ཀ་བ་ཉི་ཤུ་ཡོད།སྡེ་འདིའི་དགེ་འདུན་རྣམས་ཀྱི་རྒྱུན་ཚོགས་འཚོགས་ས་ཡིན།དུས་རབས་བཅུ་གཅིག་པའི་དུས་དཀྱིལ་དུ་ཞང་འཕྲང་ཀ་བེར་ཆུང་གི་ཚ་བོ་དར་མ་ཡེ་ཤེས་ཀྱིས་ཐོག་མར་བཞེངས། དུས་རབས་བཅུ་གཉིས་པའི་དུས་འགོར་ཞང་འཕྲང་ཀ་བེར་ཆུང་གི་ཡང་ཚ་དཔོན་སེ་བོ་གཞོན་ཚུལ་གྱིས་རྒྱ་སྐྱེད་གནང་། དུས་རབས་བཅུ་བདུན་པའི་ནང་རྭ་སྒྲེང་མཁན་ཆེན་ཐོག་ཐུབ་པས་ཉམས་གསོ་གནང་བ་དང། རྭ་སྒྲེང་སྐུ་ཕྲེང་ལྔ་པའི་སྐབས་བསྐྱར་དུ་ཞིག་གསོ་མཛད་པར་གྲགས། སྔོན་ཆད་བྱམས་པའི་སྐུ་དང་། བཀའ་གདམས་ལྷ་བཞི། འབུམ་རྒྱས་འབྲིང་བསྡུས་གསུམ། ལྷ་བབས་མཆོད་རྟེན་སོགས་རྟེན་མང་དུ་ཡོད་ཀྱང་རབ་རྒྱལ་མེ་རྟ་ལོར་འཐོར་ཞིག་ཏུ་སོང་བས་དགོན་གཞུང་ནས་ཐུགས་འགན་བཞེས་ཏེ་ ༢༠༠༥ ནས་ ༢༠༡༠ ལོའི་བར་ཨར་སྐྲུན་གྱིས་ལོ་དྲུག་གི་རིང་རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ་ནས་རབ་གནས་ཀྱང་རྒྱ་ཆེར་མཛད། རྟེན་གསུམ་སྔོན་ཆད་ཇི་ཡོད་དང་མཐུན་པར། རྟེན་གཙོ་ཇོ་བོ་རྗེའི་ཐུགས་དམ་རྟེན་ཁྲོ་བོ་མི་གཡོ་བ་ཐུགས་ཀར་སྒྲོལ་མ་དཀར་སྔོན་སོགས་སྐུ་རྟེན་དང་། ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་གསུང་རྟེན། མཁན་སངས་རྒྱས་མཚན་ཅན་གྱི་གདུང་རྟེན་སོགས་བཀོད་པ་ཤིན་ཏུ་ལེགས་ཤིང་བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་རྟེན་གསུམ་དང་། གསེང་གཡབ་ངོས་སུ་ལམ་རིམ་བླ་མ་བརྒྱུད་པའི་སྐུ་བརྙན་དང་། ལྷོ་བྱང་གཉིས་དང་ནུབ་ངོས་བཅས་སུ་རིམ་པར་སྟོན་པའི་མཛད་བཅུ་དང་། ཇོ་འབྲོམ་རྣམ་གཉིས་ཀྱི་རྣམ་ཐར། མགོན་ཆོས་ལྷ་རྣམ་བཞི་དང་། མགོན་འཕྱིང་སོགས་གཙོ་བོར་གྱུར་པའི་ཆོས་སྲུང་གཙོ་འཁོར་དང་བཅས་པ་མཛེས་ཤིང་བརྗིད་ཆགས་པའི་ལྡེབས་རིས་ཕུན་སུམ་ཚོགས་པ་ཡོད།

 

༄།།བཀའ་གདམས་པའི་གནས་ཤུལ་ཉུལ་བ། ལེའུ་བཅུ་གསུམ་པ།

ཆོས་སྡེ་ཆེན་པོ་རྭ་སྒྲེང་གིས་གཙོས་དབུས་གཙང་ཁུལ་གྱི་བཀའ་གདམས་པའི་གདན་སའི་ངོ་སྤྲོད་རགས་བསྡུས་ནོར་བུའི་འཕྲེང་བ་ལས། སྲི་འབུམ་ལྷ་ཁང་དུ་རྟེན་གསུམ་ཇི་ལྟར་བཞུགས་ཚུལ། དེའི་འོག་ཏུ་སྲི་འབུམ་གཅིག་མནན་ཡོད་པས་སྲི་འབུམ་ལྷ་ཁང་ཞེས་གྲགས་གསུང་། ལྷ་ཁང་འདི་ནི་རྭ་སྒྲེང་གཙུག་ལག་ཁང་གི་ཉེ་འཁོར་དུ་གཟིམ་ཆུང་དང་། སྲི་འབུམ་ལྷ་ཁང་། དགོན་པ་གོང་། གནས་བཅུ་ལྷ་ཁང་བཅས་ཟུར་བཞིར་ལྷ་ཁང་བཞི་བཞུགས་པའི་ཡ་གྱལ་ཞིག་ཡིན་ཅིང་། དུས་ནམ་ཞིག་ལ་དམ་པ་གང་ཞིག་གིས་བཞེངས་མིན་ཡི་གེའི་ལམ་དུ་འཁོད་པ་ད་ཕན་མ་མཐོང་ཡང་། ཁུངས་དག་མིན་ཇི་ལྟར་ཡང་ཞལ་རྒྱུན་འགའ་ཞིག་ལས་འབྲོམ་ཆོས་ཀྱི་རྒྱལ་པོ་བཞུགས་མྱོང་ཡོད་པར་གྲགས། སྔོན་ཆད་ནང་རྟེན་དུ་བཀའ་གདམས་པའི་དགེ་བའི་བཤེས་གཉེན་དུ་མའི་གདུང་རྟེན་དང་སྒྲོལ་མ་ཉེར་གཅིག་སོགས་ཡོད་སྐད། རིག་གནས་གསར་བརྗེ་ཆེན་པོའི་སྐབས་འཐོར་ཞིག་ཏུ་གྱུར་བའོ། །དེའི་ལྟག་ཏུ་འབྲོམ་སྟོན་པའི་སྤུར་སྦྱང་སར་འབྲོམ་གྱི་གདུང་འབུམ་བྱིན་ཅན་རིག་གསར་སྐབས་གཏོར་སྐྱོན་འཐེབས་ནའང་ཆུ་རྟ་ལོར་ཉམས་གསོ་ཚུལ་མཐུན་གནང་བའོ།།   །།

བརྒྱུད་སྐུལ།

མཆན་སྤེལ།