བཀའ་གདམས་པའི་གནས་ཤུལ་ཉུལ་བ། ལེའུ། 14-22 བར།

བཀའ་གདམས་པའི་གནས་ཤུལ་ཉུལ་བ། ལེའུ། 14-22 བར།

རྭ་སྒྲེང་གངས་རིའི་སྲས་མོ།

བཀའ་གདམས་པའི་གནས་ཤུལ་ཉུལ་བ། ལེའུ་བཅུ་བཞི་པ།

 

ཆོས་སྡེ་ཆེན་པོ་རྭ་སྒྲེང་གིས་གཙོས་དབུས་གཙང་ཁུལ་གྱི་བཀའ་གདམས་པའི་གདན་སའི་ངོ་སྤྲོད་རགས་བསྡུས་ནོར་བུའི་འཕྲེང་བ་ལས། ཟུར་བཞིའི་ཡ་གྱལ་དགོན་པ་གོང་དུ་རྟེན་གསུམ་ཇི་ལྟར་བཞུགས་ཚུལ། དུས་རབས་བཅུ་གཅིག་པའི་དུས་དཀྱིལ་སྤྱི་ལོ་༡༠༥༦ལོར་རྒྱལ་བ་འབྲོམ་གྱིས་ཕྱག་བཏབ། དེའི་ཉེ་ཁོར་དུ་བེར་རྒྱུད་ལྷུན་པོ་སོགས་ཀྱིས་ཡོན་བདག་མཛད་དེ་རྣལ་འབྱོར་བ་རྣམ་པ་བཞིའི་གཟིམ་ཆུང་ལྕག་རི་དང་བཅས་པ་དབེན་ལ་ཉམས་དགའ་བ་ཞིག་བཞེངས། སྟོན་པ་གཤེགས་རྗེས་རྣལ་འབྱོར་པ་ཨ་མེས་སོགས་རྭ་སྒྲེང་གདན་རབས་རིམ་བྱོན་གྱིས་ལེགས་པར་བསྐྱངས། ལྷག་པར་དུས་རབས་བཅོ་བརྒྱད་པའི་ནང་དར་མོ་སྨན་རམས་པས་ཉམས་གསོ་མཛད། དེ་རྗེས་རྭ་སྒྲེང་སྐུ་འཕྲེང་ལྔ་བས་ཉམས་གསོ་ཅུང་ཟད་གནང་། རྒྱ་ཁྱོན་ལ་སྤྱི་ཁྲུ་ངོས་སྙོམས་གྲུ་བཞི་མ་༦༧༧ཙམ་ཡོད། སྔོན་ཆད་འདིའི་ནང་མགོན་པོ་ཀླུ་སྒྲུབ་ཀྱི་ཐུགས་དམ་བྱང་ཆུབ་ལྗོན་ཤིང་ལས་གྲུབ་པའི་ཐུབ་དབང་གི་སྐུ་དང་། ཇོ་བོ་ཕྱག་བཟོ་སྤྱན་རས་གཟིགས་མཐོང་བ་དོན་ལྡན། འབུམ་ནག་ཆུ་ཡི་ཟིལ་བ་སོགས་སྐུ་གསུང་ཐུགས་རྟེན་མང་པོ་ཡོད། རབ་རྒྱལ་མེ་རྟ་ལོར་འཐོར་ཞིག་ཏུ་སོང་བས། མཁན་རིན་པོ་ཆེ་སངས་རྒྱས་མཁས་བཙུན་གྱིས་རབ་བྱུང་བཅུ་དྲུག་པའི་ཤིང་གླང་༼སྤྱི་ལོ་༡༩༨༥༽ལོའི་ཟླ་བ་དྲུག་པའི་ཚེས་བཞི་ནས་དབུ་འཛུགས་ཀྱིས་ད་ལྟའི་རྣམ་པ་འདི་ལྟ་བུ་ཉམས་གསོ་གནང་བའོ། །

༄། །བཀའ་གདམས་པའི་གནས་ཤུལ་ཉུལ་བ། ལེའུ་བཅུ་བཅོ་ལྔ་པ།

 
ཆོས་སྡེ་ཆེན་པོ་རྭ་སྒྲེང་གིས་གཙོས་དབུས་གཙང་ཁུལ་གྱི་བཀའ་གདམས་པའི་གདན་སའི་ངོ་སྤྲོད་རགས་བསྡུས་ནོར་བུའི་འཕྲེང་བ་ལས། ཟུར་བཞིའི་ཡ་གྱལ་གནས་བཅུ་ལྷ་ཁང་དུ་རྟེན་གསུམ་ཇི་ལྟར་བཞུགས་ཚུལ། དུས་རབས་བཅོ་ལྔ་པའི་དུས་འགོ་ཙམ་ལ་བྱ་བཏང་རིན་ཆེན་བཟང་པོ་གནས་བརྟན་བཅུ་དྲུག་དང་མཉམ་དུ་གསོ་སྦྱོང་མཛད་པ་གཞི་དེར་ཐིམ་ཤུལ་དུ་དམ་པ་དེ་ཉིད་ཀྱིས་ཐོག་མར་བཞེངས། དུས་རབས་བཅོ་བརྒྱད་པའི་དུས་འགོར་མཁན་དར་མོ་བས་ཞིག་གསོ་གནང་། སྔོན་ཆད་འདིའི་ནང་སྨན་འཇིམ་ལས་གྲུབ་པའི་ཐུབ་དབང་ཉིན་གྲུབ་མ་ལ་གནས་བརྟན་བཅུ་དྲུག་གིས་བསྐོར་བ་དང་། ཇོ་འབྲོམ་ཡབ་སྲས། རྗེ་ཙོང་ཁ་པ། མཁན་དར་མོ་བའི་འདྲ་སྐུ་སོགས་སྐུ་རྟེན་དང་། མཁན་དར་མོ་བས་བཞེངས་པའི་རིན་ཆེན་རྣམ་གཉིས་ལས་གྲུབ་པའི་རྒྱལ་བའི་བཀའ་འགྱུར་སོགས་གསུང་རྟེན། མཁན་དེས་བཞེངས་པའི་གསེར་ཟངས་ཀྱི་མཆོད་རྟེན། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱི་སྨན་གཞོང་སོགས་རྟེན་མང་དུ་བཞུགས་ཤིང་། འོད་དཔག་མེད། སྨན་པའི་རྒྱལ་པོ་སོགས་ལྡེབས་བྲིས་བརྗོད་ཀྱིས་མི་ལང་བ་ཡོད་ཀྱང་རབ་རྒྱལ་མེ་རྟ་ལོའི་རིག་གསར་ཞེས་པའི་དུས་འགྱུར་ཁྲོད་འཐོར་ཞིག་ཏུ་གྱུར་པའོ།།

༄། །བཀའ་གདམས་པའི་གནས་ཤུལ་ཉུལ་བ། ལེའུ་བཅུ་དྲུག་པ།

 

ཆོས་སྡེ་ཆེན་པོ་རྭ་སྒྲེང་གིས་གཙོས་དབུས་གཙང་ཁུལ་གྱི་བཀའ་གདམས་པའི་གདན་སའི་ངོ་སྤྲོད་རགས་བསྡུས་ནོར་བུའི་འཕྲེང་བ་ལས། འབྲོམ་རིན་པོ་ཆེའི་བཞུགས་ཁྲིའི་གནས་བཤད། འབྲོམ་ཆོས་ཀྱི་རྒྱལ་པོས་དགོན་པའི་བྱང་ཤར་མཚམས་ཀྱི་རི་ལྡེབས་སུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་བའི་ས་དཔྱད་ཡོད་པར་གཟིགས་ཏེ་སློག་ནས་ཤོང་མོར་བཏང་། དེར་འབྲོམ་རང་གི་བཞུགས་ཁྲི་འདོམ་གང་ཙམ་བརྩིགས་ཏེ། མདུན་དུ་ཆོས་ཞུ་བ་པོ་སློབ་མ་བརྒྱ་ཙམ་ཤོང་བའི་ས་གཞིར་བྱིན་གྱིས་བརླབ་པར་མཛད་དེ་རྣལ་འབྱོར་པ་ཆེན་པོ་བཞི་ལ་སོགས་པའི་སྐལ་ལྡན་གྱི་བུ་སློབ་རྣམས་ལ་བཀའ་གདམས་ཐིག་ལེ་བཅུ་དྲུག་དང་། བྱང་ཆུབ་ལམ་གྱི་སྒྲོན་མ་སོགས་དམ་པའི་ཆོས་ཀྱི་ཆར་ཆེན་པོ་ཕབ་པ་དང་། རྗེས་སུ་རྒྱལ་བ་སྐུ་ཕྲེང་རིམ་བྱོན་སོགས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་སའི་གནས་ཁྱད་དུ་འཕགས་པ་ཞིག་ཡིན། རིག་གསར་སྐབས་འཐོར་ཞིག་སོང་རྗེས་སྤྱི་ལོ་༢༠༡༠ལོར་རྒན་བསོད་རྒྱལ་དང་། རྒྱ་རིགས་བཟའ་ཚོ་གཉིས་ནས་མི་དམངས་ཤོག་སྒོར་ཁྲི་བཅུའི་མ་དངུལ་གནང་བ་བརྒྱུད་བཀའ་དྲིན་མཉམ་མེད་གཟིམ་འོག་སྤྲུལ་སྐུ་བསྟན་འཛིན་ཡེ་ཤེས་དང་། དགོན་པའི་དབུ་ཁྲིད་སྦྱིན་པ་རྒྱལ་མཚན། འཕྲིན་ལས་བསམ་གཏན། བློ་བཟང་ཆོས་རབ་སོགས་ཀྱིས་འགན་ཁུར་ཏེ་བོད་ཟླ་གསུམ་པའི་ཚེས་གཅིག་ནས་ཉམས་གསོ་འགོ་བརྩམས་ཏེ་དབྱར་ཐོག་གཅིག་ལ་ལེགས་པར་གྲུབ་ནས་བཀྲ་ཤིས་གསོ་སྦྱོང་དང་། བྱང་ཆུབ་ལམ་གྱི་སྒྲོན་མ་འཆད་ཁྲིད་རྒྱ་ཆེར་མཛད་པ་བཅས་སོ།།

 

༄། །བཀའ་གདམས་པའི་གནས་ཤུལ་ཉུལ་བ། ལེའུ་བཅུ་བདུན་པ།

 

ཆོས་སྡེ་ཆེན་པོ་རྭ་སྒྲེང་གིས་གཙོས་དབུས་གཙང་ཁུལ་གྱི་བཀའ་གདམས་པའི་གདན་སའི་ངོ་སྤྲོད་རགས་བསྡུས་ནོར་བུའི་འཕྲེང་བ་ལས། རིག་གསར་སྐབས་གཏོར་སྐྱོན་ཇི་ལྟར་བྱུང་བ། ས་ཕག་༼སྤྱི་ལོ་༡༩༥༩༽ལོའི་ཟླ་བ་དགུ་པའི་ཚེས་ཉེར་དགུའི་ཉིན་ཞོའི་ཏུས་ཀྲང་དང་། ཁྲུང་ཁེ་མན། སྐད་སྒྱུར་བ་བུ་མོ་གཉིས། དམག་མི་བཅོ་ལྔ་ཙམ་རྭ་དགོན་དུ་འབྱོར། དེའི་ཕྱི་ཉིན་དམངས་གཙོ་གཙོས་བསྒྱུར་གྱི་ངོ་རྒོལ་གསུམ་དང་། རྩིས་རྒྱག་གསུམ་གྱི་ལས་འགུལ་ཚོགས་ཆེན་ཐོག་མར་འཚོགས་ནས་ཞོའི་ཏུས་ཀྲང་གིས་ལས་འགུལ་ཚ་ཚ་འུར་འུར་བྱེད་དགོས་པའི་སློབ་གསོ་གནང་། དེ་ནས་བཟུང་གྲྭ་བཙུན་རྣམས་ཁག་དགུར་བགོས་ཏེ། མངའ་བདག་ཆེན་པོ་གསུམ་གྱིས་སྡུག་སྤྱོད་བྱས་པ་དག་ལ་རྩིས་རྒྱག་ཁོ་ན་བྱས། ཟླ་བ་བཅུ་གཅིག་པའི་ནང་ཙམ་ལ་གྲེང་པུ་ཀྲང་དགོན་པར་ཕེབས། ཐང་མགོ་དགེ་སློང་བློ་བཟང་རྒྱལ་མཚན་སོགས་ལ་འཐབ་འཛིང་ངར་ཤུགས་དང་ལྡན་པ་བྱས། ལྕགས་བྱི་ལོའི་ཟླ་བ་དང་པོར་རྩིས་བྱ་ཡུལ་རྭ་སྒྲེང་རིན་པོ་ཆེ་སོགས་ལ་རྩིས་རྒྱག་དགོས་པའི་བཀའ་སློབ་གནང་། འབབ་རོང་སོགས་ཉེ་འཁོར་ཡུལ་མིས་རྭ་སྒྲེང་རིན་པོ་ཆེའི་རྒྱབ་ལང་གིས་དགོན་པར་འུར་ཟིང་ཚབས་ཆེན་བྱས་སྟབས་རིན་པོ་ཆེར་གནོད་འཚེ་མ་ཕོག །ཟླ་བ་གསུམ་པར་དྲང་པོའི་ལས་འགུལ་སྤེལ་སློབ་སྦྱོང་སྦྱང་འབྲས་ལེགས་པ་རྣམས་རང་ཡུལ་དུ་བཏང་། ཟླ་བ་བཞི་པར་བསྐྱར་ཞིབ་ལས་འགུལ་སྤེལ་ནས་བཙན་གཉའ་རིན་པོ་ཆེ་དང་། ལྡེ་འཆང་བློ་གྲོས་བྱང་ཆུབ་ལོགས་ལ་འཐབ་འཛིང་ལྟ་བས་མི་བཟོད་པ་བྱས། ཟླ་བ་བདུན་པའི་ནང་ལས་འགུལ་ཚར་ནས་གྲྭ་བཙུན་ཕལ་ཆེ་བ་རང་ཡུལ་དུ་ལོག་བཏང་བ་བཅས་ལ་བརྟེན། སྔར་སྲོལ་ཆོས་སྤྱོད་ཡོད་དོ་ཅོག་ཉམས་ཤིང་། གཙུག་ལག་ཁང་རྣམས་ཁྱིམ་དུ་ལོག་ས་མེད་པའི་གྲྭ་བཙུན་ཚོས་བདག་སྐྱོང་བྱེད་ཐབས་བྲལ་བས་ཕྱི་འབྱུང་བས་བརྡུངས་ལ། ནང་དངོས་པོ་མང་པོ་ཞིག་ཉེ་འཁོར་ཡུལ་མིས་རྐུ་འཁྱེར་བྱས་ཏེ་ཕྱི་ནང་གཉིས་ནས་ཉམས་ཆག་ཆེ་བ་བྱུང་། ལྷག་པར་མེ་རྟ་༼སྤྱི་ལོ་༡༩༦༦༽ལོར་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་ནང་སྐུ་གསུང་ཐུགས་རྟེན་ཐམས་ཅད་གཏོར་སྲེག་བཅོག་གསུམ་གྱིས་སྒོ་ནས་ཡོད་ཚད་ཀྱི་འཕྲིན་ལས་མཇུག་བསྡུས། དེ་ནས་མི་རིང་བར་ཕྱིའི་ལྷ་ཁང་རྣམས་ཀྱང་རྩ་གཏོར་བཏང་བའོ། །

 

བཀའ་གདམས་པའི་གནས་ཤུལ་ཉུལ་བ། ལེའུ་བཅོ་བརྒྱད་པ།

སྐུ་ཉིད་ནས་རྭ་སྒྲེང་གངས་རིའི་སྲས་མོའི་བཀའ་གདམས་པའི་གནས་ཤུལ་ངོ་སྤྲོད་ལ་གཟིགས་པར་དགའ་བསུ་ཞུ། ཆོས་སྡེ་ཆེན་པོ་རྭ་སྒྲེང་གིས་གཙོས་དབུས་གཙང་ཁུལ་གྱི་བཀའ་གདམས་པའི་གདན་སའི་ངོ་སྤྲོད་རགས་བསྡུས་ནོར་བུའི་འཕྲེང་བ་ལས། གཏོར་སྐྱོན་བྱུང་རྗེས་སུ་ཉམས་གསོ་ཇི་ལྟར་བྱུང་ཚུལ། བོད་རབ་བྱུང་བཅུ་དྲུག་པའི་ཆུ་ཕག་ལོར་དགེ་སློང་འཇམ་དཔལ་བློ་གྲོས་དང་། འཇམ་དཔལ་མཁྱེན་བཟང་སོགས་རྭ་སྒྲེང་དགོན་ཤུལ་དུ་དབུ་གུར་ཕུབ་སྟེ་བཞུགས་ནས་དགོན་པ་ཉམས་གསོ་ཆོག་པའི་སྙན་ཞུ་ཕུལ་བས་ཆོག་མཆན་ཐོབ་པར་བརྟེན། ཤིང་བྱི་༼སྤྱི་ལོ་༡༩༨༤༽ལོར་ཉམས་གསོ་དབུ་བཙུགས་ཏེ། དབུ་རྩེ་ཀ་གཉིས་མ་དང་། གཙུག་ལག་ཁང་གི་ཤར་ཟུར་ཉམས་གསོ་ཅུང་ཟད་གནང་། མཁན་རིན་པོ་ཆེ་འཇམ་དབྱངས་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་སུམ་ཅུ་ཙམ་འདུས་ནས་སྔར་སྲོལ་ཆོས་སྤྱོད་ཡོད་དོ་ཅོག་རིམ་བཞིན་རྒྱུན་འཛིན་རྣམས་ལ་སློབ་ཁྲིད་གནང་བ་སོགས་ཀྱིས་བསྐྱར་གསོ་མཐར་ཕྱིན་པ་གནང་། དེ་ནས་དགོན་གཞུང་ནས་གསུང་རབ་ཤར་ནུབ་དབུས་གསུམ་དང་། མགོན་ཁང་། ཁྱམས་ཆུང་འདུ་ཁང་སོགས་རྟེན་དང་བརྟེན་པར་བཅས་པ་བཞེངས། རྗེ་བླ་མ་སངས་རྒྱས་མཚན་ཅན་མཆོག་ནས་དབེན་གནས་དགོན་པ་གོང་དང་། ཡང་དགོན། རྩེ་ལྷ་ཁང་བཅས་རྟེན་བརྟེན་པ་ཡོངས་རྫོགས་ཉམས་གསོ་གནང་། དགེ་རབ་ཡངས་སོགས་ཀྱིས་འབྲོམ་རིན་པོ་ཆེའི་གཟིམ་ཆུང་ཉམས་གསོ་མཛད། རྗེ་བླ་མ་སངས་རྒྱས་མཁས་བཙུན་མཆོག་དང་། དགེ་ཟླ་བ་ཀུན་གཟིགས། ཡེ་ཤེས་རྣམ་འདྲེན་སོགས་མཁན་ཁྲིར་ཕེབས་ནས་རིམ་བཞིན་བསྐྱངས། དགེ་བའི་བཤེས་གཉེན་འཇམ་དཔལ་དགེ་འདུན་དང་། བཀའ་དྲིན་མཉམ་མེད་གཟིམ་འོག་མཆོག་སྤྲུལ་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་གཞུང་ཆེན་སློབ་ཁྲིད་གནང་བ་སོགས་ཡར་རྒྱས་གོང་འཕེལ་ལ་འགྲོ་བཞིན་མཆིས། ཆུ་སྦྲུལ་ལོ་ནས་བཟུང་རྒྱལ་གཞུང་ནས་གཙུག་ལག་ཁང་ཉམས་གསོ་གནང་བཞིན་གདའ།

 

༄། །བཀའ་གདམས་པའི་གནས་ཤུལ་ཉུལ་བ། ལེའུ་བཅུ་དགུ་པ།

 

ཆོས་སྡེ་ཆེན་པོ་རྭ་སྒྲེང་གིས་གཙོས་དབུས་གཙང་ཁུལ་གྱི་བཀའ་གདམས་པའི་གདན་སའི་ངོ་སྤྲོད་རགས་བསྡུས་ནོར་བུའི་འཕྲེང་བ་ལས། རྭ་སྒྲེང་གི་ཉེ་ཁོར་དུ་ཡོད་པའི་བཙན་གཉའ་རི་ཁྲོད་ནི། ཁྲོ་བོ་རྟ་མགྲིན་གྱི་གནས་རིར་གྲགས། དུས་ནམ་ཞིག་ལ་དམ་པ་གང་གིས་ཕྱག་བཏབ་པའི་གསལ་ཁ་མ་མཆིས་ཀྱང་དུས་ཕྱིས་བཙན་གཉའ་སྐུ་ཕྲེང་དང་པོ་སེར་སྨད་མཁན་ཆེན་བསོད་ནམས་གྲགས་པ་སོགས་དམ་པ་རྣམས་བཞུགས་པར་མཛད། སྔོན་ཆད་འདུ་ཁང་ནང་དུ་གྲུབ་ཆེན་དཔལ་འབྱོར་ཉི་མའི་དམར་གདུང་སོགས་སྐུ་གསུང་ཐུགས་རྟེན་མང་རབ་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཤངས་ཁྲག་གིས་བཞེངས་པའི་ལྷ་མོའི་ཞལ་ཐང་གཟུངས་སུ་བཞུགས་པའི་ལྷ་མོའི་འཇིམ་སྐུ་སོགས་བཞུགས་ཡོད། གྲུབ་ཐོབ་ལྷ་ཁང་དུ་སྨན་འཇིམ་ལས་གྲུབ་པའི་གྲུབ་ཐོབ་བརྒྱད་ཅུའི་སྣང་བརྙན་སོགས་ཡོད་པར་གྲགས། སྔོན་ཆད་གནས་བླ་མས་གཙོས་སྒྲིག་གྲྭ་བཅུ་གཅིག་གིས་ཆོས་སྤྱོད་འཕེལ་བཞིན་ཡོད་པར་གསུངས། མེ་རྟ་ལོའི་རིག་གསར་སྐབས་རྩ་གཏོར་དུ་བཏང་བའོ། །

 

༄། །བཀའ་གདམས་པའི་གནས་ཤུལ་ཉུལ་བ། ལེའུ་ཉི་ཤུ་པ།

 


ཆོས་སྡེ་ཆེན་པོ་རྭ་སྒྲེང་གིས་གཙོས་དབུས་གཙང་ཁུལ་གྱི་བཀའ་གདམས་པའི་གདན་སའི་ངོ་སྤྲོད་རགས་བསྡུས་ནོར་བུའི་འཕྲེང་བ་ལས། རྭ་སྒྲེང་གི་དབེན་གནས་ཡང་དགོན་གྱི་ངོ་སྤྲོད་མདོར་བསྡུས་ནི། རྭ་སྒྲེང་དགོན་ནས་བྱང་ཕྱོགས་སུ་རྐང་ཐང་དུ་ཆུ་ཚོད་ཕྱེད་ཙམ་གྱེན་དུ་འགྲོ་དགོས། ཐོག་མར་འབྲོམ་རིན་པོ་ཆེའི་ཞབས་ཀྱིས་བཅགས་ཏེ་བྱིན་གྱིས་བརླབས་པ་དང་། ལྕགས་སྦྲུལ་༼སྤྱི་ལོ་༡༤༠༡༽ལོར་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་ཕྱག་བཏབ། དེའི་ཕྱི་ལོར་གནས་འདིར་བྱང་ཆུབ་ལམ་རིམ་ཆེན་མོ་ལྗགས་རྩོམ་མཛད་ཅིང་འཆད་ཁྲིད་ཐོག་མའང་གནས་འདིའི་ཆོས་རའི་ནང་དུ་མཛད། ལྷ་ཁང་གི་རྒྱ་ཁྱོན་ལ་སྤྱི་ཁྲུ་ངོས་སྙོམས་གྲུ་བཞི་མ་༡༨༠དང་། མཐོ་ཚད་རྒྱ་མཚོའི་ངོས་ནས་སྤྱི་ཁྲུ་༤༣༠༠ཙམ་ཡོད། དེ་སྔོན་རྒྱལ་བ་སྔགས་རིམ་པས་རྗེའི་ཆོས་ཁྲིའི་སྟེང་དུ་བཞེངས་པའི་བྱམས་པའི་སྐུ་དང་། རྗེ་བཀྲ་ཤིས་རྡོ་ཁ་མ་སོགས་རྟེན་གསུམ་མང་དུ་མཆིས། རིག་གནས་གསར་བརྗེའི་དུས་འགྱུར་ཁྲོད་གཏོར་བཤིག་ཏུ་བཏང་རྗེས་རབ་རྒྱན་ཆུ་ལུག་ལོ་ནས་བཟུང་རྗེ་བཙུན་སངས་རྒྱས་མཁས་བཙུན་མཆོག་གིས་ཕྱི་ནང་གཉིས་ཀ་བསྐྱར་བཞེངས་དཔྱིས་ཕྱིན་པར་གནང་བའོ། །

 

༄། །བཀའ་གདམས་པའི་གནས་ཤུལ་ཉུལ་བ། ལེའུ་ཉེར་གཅིག་པ།

 

ཆོས་སྡེ་ཆེན་པོ་རྭ་སྒྲེང་གིས་གཙོས་དབུས་གཙང་ཁུལ་གྱི་བཀའ་གདམས་པའི་གདན་སའི་ངོ་སྤྲོད་རགས་བསྡུས་ནོར་བུའི་འཕྲེང་བ་ལས། རྭ་སྒྲེང་གི་དབེན་གནས་རྩེ་ལྷ་ཁང་གི་ངོ་སྤྲོད་མདོར་བསྡུས་ནི། ཆེས་ཐོག་མར་འབྲོམ་རིན་པོ་ཆེའི་ཞབས་ཀྱིས་བཅགས་ཏེ་བྱིན་གྱིས་བརླབས་པ་དང་། དེ་ནས་རྗེ་བཙུན་རེད་མདའ་བའི་སྒྲུབ་གནས་ཡིན་ཞིང་། ཕྱིས་སུ་རྭ་སྒྲེང་སྐུ་ཕྲེང་གཉིས་པ་ཁྲི་ཆེན་བསྟན་པ་རབ་རྒྱས་སོགས་སྐྱེས་ཆེན་དུ་མས་སྒྲུབ་པ་ཉམས་ལེན་མཛད་མྱོང་། རབ་རྒྱལ་མེ་རྟ་ལོའི་རིག་གསར་ཞེས་པའི་དུས་འགྱུར་ཁྲོད་འཐོར་ཞིག་ཏུ་སོང་རྗེས་རབ་རྒྱན་ལྕགས་འབྲུག་སྤྱི་ལོ་༢༠༠༠ལོར་རྗེ་སངས་རྒྱས་མཁས་བཙུན་མཆོག་གིས་རྟེན་དང་བརྟེན་པར་བཅས་པ་ཉམས་གསོ་མཐར་ཕྱིན་མཛད།

 

༄། །བཀའ་གདམས་པའི་གནས་ཤུལ་ཉུལ་བ། ལེའུ་ཉེར་གཉིས་པ།

 

ཆོས་སྡེ་ཆེན་པོ་རྭ་སྒྲེང་གིས་གཙོས་དབུས་གཙང་ཁུལ་གྱི་བཀའ་གདམས་པའི་གདན་སའི་ངོ་སྤྲོད་རགས་བསྡུས་ནོར་བུའི་འཕྲེང་བ་ལས། རྭ་སྒྲེང་དབེན་གནས་བསམ་གཏན་གླིང་གི་ངོ་སྤྲོད་མདོར་བསྡུས་ནི། བོད་རབ་བྱུང་བདུན་པའི་ལྕགས་འབྲུག་༼སྤྱི་ལོ་༡༤༠༠༽ལོར་རྗེ་རིན་པོ་ཆེས་གནས་འདིར་བདེ་ཆོག་གི་སྒྲུབ་པ་མཛད་ཅིང་དབེན་གནས་འདི་ཉིད་ཕྱག་བཏབ་པར་གྲགས། མཐོ་ཚད་རྒྱ་མཚོའི་ངོས་ནས་སྤྱི་ཁྲུ་༤༤༠༠ཙམ་དང་། རྭ་སྒྲེང་དགོན་ནས་བྱང་ཤར་མཚམས་སུ་རྐང་ཐང་དུ་ཆུ་ཚོད་གཅིག་ཙམ་འགྲོ་དགོས། སྔོན་ཆད་རྗེ་ང་འདྲ་མའི་སྐུ་སོགས་རྟེན་གསུམ་བྱིན་ཅན་མང་པོ་ཡོད། རིག་གསར་སྐབས་འཐོར་ཞིག་ཏུ་སོང་རྗེས་རབ་རྒྱལ་ཤིང་གླང་ལོར་སྒྲུབ་རྒན་མ་བློ་བཟང་ཆོས་འཕེལ་སོགས་བཤེས་གཉེན་བཅུ་ཕྲག་གསུམ་ལྷག་ཙམ་གནས་འདིར་ཕེབས་ནས་འདུ་ཁང་རྟེན་དང་བརྟེན་པར་བཅས་པ་དང་། སྔར་ཡོད་ཆོས་སྤྱོད་མཐའ་དག་བསྐྱར་གསོ་མཐར་ཕྱིན་པར་མཛད། ད་ལྟ་སྒྲིག་ཏུ་ཡོད་མེད་ཀུན་བསྡོམས་བཙུན་མ་ཞལ་གྲངས་སུམ་བརྒྱ་ལྷག་ཙམ་ཡོད་པའི་སྒྲུབ་སྡེ་རྨད་དུ་བྱུང་བ་ཞིག་ཏུ་གྱུར་ཡོད། དགོན་གནས་འདིར་རྗེའི་སྒྲུབ་སྤྱིལ་ཉམས་དགའ་བ་ཞིག་དང་། ཉེ་འཁོར་དུ་འཁོར་དག་པ་རྣམ་བརྒྱད་ཀྱི་སྒྲུབ་སྤྱིལ་ཡང་རེ་གཉིས་མཇལ་རྒྱུ་ཡོད།

ཡོང་ཁུངས། ཤེས་རིག་ཡར་སྐུལ་རིག་མཛོད།

བརྒྱུད་སྐུལ།

མཆན་སྤེལ།