སྡེ་སྲིད་ཕག་གྲུ་དང་། རིན་སྤུངས། གཙང་པ་བཅས་ཀྱི་ལོ་རྒྱུས་ཤེས་བྱ།

སྡེ་སྲིད་ཕག་གྲུ་དང་། རིན་སྤུངས། གཙང་པ་བཅས་ཀྱི་ལོ་རྒྱུས་ཤེས་བྱ།

འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་འདྲ།

ས་སྐྱས་བོད་ལ་དབང་སྒྱུར་བྱེད་སྐབས་སྡེ་སྲིད་ཕག་གྲུ་པའི་དབང་ཤུགས་ཇི་ལྟར་སླེབས་མིན་དང་། ཕག་གྲུའི་སྲིད་རབས་དང་པོའི་མཚན་དང་འཁྲུངས་ལོ་ཁ་གསལ་ཐོག ཁོང་དགུང་ལོ་ག་ཚོད་ལ་ཕེབས་དུས་སུ་ཞིག་གིས་ཏའི་སི་ཏུའི་གོ་གནས་ཕུལ་མིན་དང་དེའི་གོ་དོོན་ཅི་ཞིག་ཡིན་མིན་དང་དུས་སྐབས་དེར་ཐམ་ག་ཞིག་ཀྱང་ཕུལ་ཡོད་པ་དེའི་མིང་ཇི་ཡིན་དང་ཕག་གྲུ་དང་སྣེ་གདོང་པའི་མིང་ཐོགས་ཚུལ།

ལན་དུ། ས་སྐྱས་བོད་ལ་དབང་སྒྱུར་བྱེད་སྐབས་སྡེ་སྲིད་ཕག་གྲུའི་དབང་ཤུགས་སླེབས་ཚུལ་ནི་ས་སྐྱའི་འོག་ཏུ་ཁྲི་དཔོན་བཅུ་གསུམ་ཡོད་པའི་ནང་ནས་འབྲི་གུང་དང་ཕག་གྲུ ཚལ་པ་གསུམ་ནི་ས་སྡེ་ཆེ་ཤོས་ཙམ་དུ་མ་ཟད། ཞབས་འབྲིང་ནང་མའི་གྲས་སུ་གཏོགས་ཀྱང་ས་སྐྱའི་དཔོན་ཆེན་འགའ་ཤས་ནས་ཁྲི་དཔོན་གཞན་གྱིས་རྒྱུད་བསྐུལ་བསླུ་ཐབས་སུ་ཕྱིན་ཏེ་ཕག་གྲུར་སྔ་ཕྱིར་ཁྲིམས་འཁྱོག་དང་སྡང་ཟུག་བཙན་གནོན་མང་པོ་བྱས་རྐྱེན། སྙིང་སྟོབས་ཅན་གྱི་བྱང་ཆུབ་རྒྱལ་མཚན་གྱིས་དུས་སྐབས་དང་བསྟུན་ནས་ས་སྐྱའི་དབང་ཆ་འཕྲོགས་ཏེ་ཕག་གྲུ་པས་སྲིད་དབང་བསྐྱངས་པའོ། །འཕགས་གྲུའི་སྲིད་རབས་དང་པོའི་མཚན་ནི་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ཡིན་པ་དང་ཁོང་གི་འཁྲུངས་ལོ་ནི་ཆུ་ཕོ་སྟག་གི་ལོ་ ༡༣༠༢ ལོ་ཡིན། ཁོང་དགུང་ལོ་ཉི་ཤུར་ཕེབས་དུས་ས་སྐྱས་ཁོང་ལ་ཕག་གྲུའི་ཁྲི་དཔོོན་གྱི་ལས་ཀའི་ཐོག་ཏའི་སི་ཏུའི་གོ་ས་ཕུལ་བ་དང་དེའི་གོ་དོན་ནི་བོད་སྐད་དུ་ཡོངས་སུ་འཛིན་པ་ཆེན་པོ་ཞེས་པའི་དོན་ནོ། །དུས་སྐབས་དེར་ཐམ་ག་ཞིག་ཀྱང་ཕུལ་ཡོད་པ་དེའི་མིང་ནི་སྟག་འགོ་ནོར་བུ་གསུམ་པ་ཞེས་ཙན་དན་ལས་གྲུབ་པའི་ཐམ་ག་ཞིག་ཡིན། ཕག་གྲུ་ཞེས་པའི་མིང་ནི་གདན་ས་ཐེལ་དུ་བྱས་པས་ཕག་གྲུ་པ་དང་རྒྱལ་ས་སྣེ་གདོང་དུ་བྱས་པས་སྣེ་གདོང་པ་ཞེས་གྲགས་པ་ལྟར་རོ།།

གཡའ་ཕག་གཉིས་ཀྱི་དབར་ཐོག་མར་འགལ་ཟླ་བྱུང་བའི་རྒྱུ་རྐྱེན་དང་བར་གྱི་འགལ་ཟླའི་འཕེལ་རིམ། མཐའ་མའི་མཇུག་འབྲས་བཅས་ཕྲིས།

ལན་དུ། ཐོག་མར་འགལ་ཟླ་བྱུང་བའི་རྒྱུ་རྐྱེན་ནི་སི་ཏུའི་ཁུ་བོས་ཁྲི་དཔོན་བྱེད་སྐབས་གཡའ་བཟང་པས་སྣེ་གདོང་པའི་ཁོངས་ཀྱི་ཁྱིམ་ཚང་ཉི་བརྒྱ་བརྒྱད་ཅུ་ཐམ་པའི་ས་ཁང་མི་གསུམ་འཕྲོགས་པ་རྣམས་སི་ཏུ་ཁྲི་དཔོན་དུ་སླེབས་མ་ཐག་སྔོན་ཤོར་ས་ཁང་མི་གསུམ་དཔུང་ཤུགས་ཀྱིས་ཕྱིར་བླངས་པ་ལས་གཡའ་ཕག་དབར་ཐོག་མའི་འགལ་རྐྱེན་བརྩམས་ཡོད། དེ་ལྟར་འགལ་ཟླའི་རྐྱེན་རྩ་ཆགས་པ་ལས་བར་གྱི་འཕེལ་རིམ་ནི་སི་ཏུས་གཡའ་བཟང་པའི་ལག་ནས་སྔོན་ཤོར་ས་ཁང་མི་གསུམ་དཔུང་ཤུགས་ཀྱིས་ཕྱིར་བླངས་པ་ལས་གཡའ་བཟང་པས་ཕག་གྲུའི་སྟེང་དུ་ཚུར་རྒོལ་ལན་འགའ་བྱས་པ་དང་གཡའ་བཟང་པའི་རྒྱབ་རྩར་ཚལ་བ་དང་ས་སྐྱའི་དཔོན་ཆེན་རྣམས་ཡོད་སྟབས་ཁ་ཆུའི་རྩ་བ་མ་ཆོད་པར་ཕན་ཚུན་འགལ་ཟླའི་རྣོ་ངར་ཇི་ཆེར་གྱུར། དེ་ནས་མེ་གླང་ ༡༣༣༧ དང་ཤིང་བྱ་ ༡༣༤༥ ལོར་གཡའ་ཕག་གཉིས་གཏུག་བཤེར་བྱས་པས་ཕག་གྲུར་བདེན་པ་ཆེ་ཡང་དཔོན་ཆེན་རྣམས་ཀྱིས་ཕྱོགས་ལྷུང་བྱས་ཏེ་ཕག་གྲུའི་ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་གྱི་ཚབ་ཏུ་བསོད་ནམས་རྒྱལ་མཚན་བསྐོ་གཞག་བྱ་རྩིས་བྱས་རུང་དེར་བྱང་ཆུབ་རྒྱལ་མཚན་གྱིས་ཚེ་སྲོག་ལ་ཐུག་རུང་ངོས་ལེན་མ་བྱས་པར་བརྟེན་ཁོང་བཙོན་བཟུང་བཀག་ཉར་བྱས་པ་སོགས་ནི་བར་གྱི་འགལ་ཟླའི་འཕེལ་རིམ་མོ།།

མཐའ་མའི་མཇུག་འབྲས་ནི་ས་སྐྱའི་དཔོན་ཆེན་རྒྱལ་བ་བཟང་པོ་དང་ནང་ཆེན་དབང་བརྩོན་གཉིས་འཆམ་མཐུན་མ་བྱུང་བའི་རྒྱུ་མཚན་གྱིས་རྒྱལ་བ་བཟང་པོས་རང་ཉིད་ཀྱི་རྒྱབ་གཉེར་དུ་བྱང་ཆུབ་རྒྱལ་མཚན་ལས་ལྷག་པ་མི་འདུག་སྙམ་སྟེ་བྱང་ཆུབ་རྒྱལ་མཚན་ཤོར་བའི་ཟོལ་གྱིས་གློད་པ་དང་། ས་སྐྱའི་ནང་འཁྲུག་གི་གོ་སྐབས་དང་བསྟུན་ཏེ་ལྕགས་ཚ་ཐོག་ཏུ་བརྡུང་དགོས་པའི་སློབ་སྟོན་འོག་ཕག་གྲུའི་དམག་གིས་ས་སྐྱའི་དམག་དཔུང་ཕམ་པར་བྱས་ཏེ་ས་ཕོ་ཁྱི་ ༡༣༥༨ ལོར་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་ཆོལ་ཁ་གསུམ་ལ་དབང་སྒྱུར་བྱས་པའོ།།

ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་སྐུ་འདྲ།

ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་མཛད་རྗེས་གང་དག་བཞག་ཡོད་མེད་དང་ཁོང་གིས་བཀའ་ཁྲིམས་གང་ཞིག་གཏན་འབེབས་བྱས་པ་ལ་བརྟེན་ནས་རྒན་མོ་གསེར་འཁུར་གྱི་དུས་ཞེས་པ་བྱུང་བ་ཡིན་ནམ།

ལན་དུ། ཁོང་གི་མཛད་རྗེས་གཙོ་བོ་ཁག་ནི་དྭགས་པོ་བཀའ་བརྒྱུད་པར་བཤད་སྒྲ་གསར་གཏོད་མཛད་དེ་ཆོས་གྲྭ་ཆེན་པོ་རྩེད་ཐང་ཕྱག་བཏབ་པ་དང་རི་རྒྱ་ཀླུང་རྒྱ་དང་ཟམ་པ་ཀོ་གྲུ་གསར་འཛུགས། ལ་འཕྲང་ཇི་ཡོད་ལ་འཇིགས་སྐྱོབ་མཛད་པ་སོགས་དང་། ཁོང་གིས་བཀའ་ཁྲིམས་ཞལ་ལྕེ་བཅོ་ལྔ་སྟེ། དཔའ་བོ་སྟག་གི་ཞལ་ལྕེ། སྡར་མ་ཝའི་ཞལ་ལྕེ། སྣེ་མོ་ལས་འཛིན་གྱི་ཞལ་ལྕེ། ཞུ་བཞེས་བདེན་རྫུན་གྱི་ཞལ་ལྕེ། བཟུང་བཀྱིགས་ཁྲིམས་རྭའི་ཞལ་ལྕེ། ནག་ཅན་ཁྲག་སྦྱོར་གྱི་ཞལ་ལྕེ། དྲན་འཛིིན་ཆད་ལས་ཀྱི་ཞལ་ལྕེ། ཧོར་འདྲ་ཟ་རྐང་གི་ཞལ་ལྕེ། བསད་པ་སྟོང་གི་ཞལ་ལྕེ། རྨས་པ་ཁྲག་གི་ཞལ་ལྕེ། སྨྱོ་ཧམ་མནའ་དག་གི་ཞལ་ལྕེ། བརྐུས་པ་འཇལ་གྱི་ཞལ་ལྕེ། ཉེ་འབྲེལ་འབྲལ་འདུམ་གྱི་ཞལ་ལྕེ། བྱི་བྱས་བྱི་རིན་གྱི་ཞལ་ལྕེ། ནམ་བར་ཚུར་གྱི་ཞལ་ལྕེ་སྟེ་བཅོ་ལྔ་གཏན་ལ་ཕབ་པའི་སྒོ་ནས་ཁྲིམས་ལུགས་བསྐྱངས་པ་ལས་རྒན་མོ་གསེར་འཁུར་གྱི་དུས་ཞེས་པ་དེ་བྱུང་ངོ་།།

རྒྱ་ནག་ཏཱ་མིང་གི་རྒྱལ་པོ་གཉིས་པ་སུ་ཡིན་མིན་དང་རྒྱལ་པོ་དེས་སྔ་རྗེས་སུ་བོད་ནས་སུ་དང་སུ་གདན་ཞུ་གནང་རྒྱུར་འབད་བརྩོན་གནང་ཡོད་མེད་དང་། དེ་ལྟར་འབད་བརྩོན་གནང་ཡོད་པ་ལྟར་རེ་འབྲས་དོན་སྨིན་བྱུང་ཡོད་མེད་ཕྲིས།

ལན་དུ། རྒྱ་ནག་ཏཱ་མིང་གི་རྒྱལ་པོ་གཉིས་པ་ཡུང་ལོ་ཡིན་པ་དང་རྒྱལ་པོ་དེས་ཐོག་མར་མི་དབང་༸གོང་མ་གྲགས་པ་རྒྱལ་མཚན་རྒྱ་ནག་ཏུ་གདན་འདྲེན་ཞུས་ཡོད་པ་དང་། རྗེས་སུ་ཡང་བསྐྱར་རྗེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པ་མཆོག་རྒྱའི་ཕོ་བྲང་དུ་གདན་འདྲེན་ཞུས་ཡོད། དེ་ལྟར་སྔ་རྗེས་གཉིས་སུ་གདན་འདྲེན་ཞུ་རྒྱུའི་འབད་བརྩོན་གནང་ཡོད་ཀྱང་རེ་འབྲས་དོོན་སྨིན་བྱུང་མེད་དེ་ཐོག་མར་མི་དབང་༸གོང་མ་གྲགས་པ་རྒྱལ་མཚན་རྒྱ་ནག་ཏུ་གདན་འདྲེན་ཞུས་ཀྱང་ཞལ་བཞེས་མ་གནང་བས་ཀརྨ་པ་དེ་བཞིན་གཤེགས་པ་མེ་ཁྱི་ ༡༤༠༦ ལོར་རྒྱ་ཡུལ་དུ་གདན་དྲངས་པ་དང་། དེ་རྗེས་རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་རྒྱའི་ཕོ་བྲང་དུ་གདན་འདྲེན་ཞུས་ཡོད་ཀྱང་དགག་བྱ་ཆེ་ཞིང་དགོས་པ་ཆུང་བས་ཞལ་བཞེས་མ་མཛད། སླར་རྗེའི་སློབ་མ་ཞིག་གཏོང་གནང་ཡོང་བའི་རེ་བསྐུལ་ཞུས་པ་ལྟར་བྱམས་ཆེན་ཆོས་རྗེ་ཤཀྱཱ་ཡེ་ཤེས་གཏོང་གནང་མཛད་དེ་ས་བྱི་ ༡༤༠༨ ལོར་རྒྱ་ཡུལ་དུ་བྱོན་པ་ལས་ཐོག་མའི་རེ་འབྲས་བཞིན་དོན་སྨིན་བྱུང་མེད།

ལྷ་ལྡན་སྨོན་ལམ་ཆེན་མོ་སུ་ཞིག་གིས་དུས་ནམ་ཞིག་ལ་སྲོལ་གཏོད་མིན་དང་། དེ་ལྟར་སྲོལ་གཏོད་པར་བསྐུལ་མི་སུ་ཡིན་མིན་ངོས་འཛིན་ཐོག དུས་སྐབས་དེར་གདན་ས་གསུམ་སུ་དང་སུས་ཕྱག་བཏབ་མིན་དང་ཕྱག་འདེབས་དུས་ཀྱི་ལོ་ཚིགས་རྣམས་ཕྲིས།

ལན་དུ། ལྷ་ལྡན་སྨོན་ལམ་ཆེན་མོ་རྗེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པས་ས་གླང་ ༡༤༠༩ ལོར་སྲོལ་གཏོད་པ་དང་། དེ་ལྟར་སྲོལ་གཏོད་པར་བསྐུལ་མི་ནི་༸མི་དབང་གོང་མ་གྲགས་པ་རྒྱལ་མཚན་དང་སྣེའུ་ནམ་མཁའ་བཟང་པོ་གཉིས་ཡིན། དུས་སྐབས་དེར་གདན་ས་གསུམ་ཕྱག་འདེབས་མཁན་ནི་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་རྗེ་རིན་པོ་ཆེས་ས་གླང་ ༡༤༠༩ ལོར་ཕྱག་བཏབ་པ་དང་། དཔལ་ལྡན་འབྲས་སྤུངས་ནི་རྗེའི་ཐུགས་སྲས་འཇམ་དབྱངས་བཀྲིས་དཔལ་ལྡན་གྱིས་མི་སྤྲེ་ ༡༤༡༦ ལོར་ཕྱག་བཏབ། སེ་ར་ཐེག་ཆེན་གླིང་ནི་བྱམས་ཆེན་ཆོས་རྗེ་ཤཀྱཱ་ཡེ་ཤེས་ཀྱིས་ས་ཕག་ ༡༤༡༩ ལོར་ཕྱག་བཏབ་པའོ།།

ཕག་གྲུའི་སྐབས་སྟག་ལོའི་སྡེ་གཟར་ཆེན་མོའམ་ཕག་གྲུ་ནང་ཞིག་གི་ལོ་ཞེས་པ་དུས་ནམ་ཞིག་ལ་རྐྱེན་གང་ཞིག་ལ་བརྟེན་ནས་བྱུང་མིན་དང་དེ་ལྟར་བྱུང་བ་ལ་བརྟེན་ནས་རིན་སྤུངས་པའི་ཤུགས་ཇེ་རྒྱས་སུ་སོང་ཚུལ་ཕྲིས།

ལན་དུ། ཕག་གྲུ་ནང་ཞིག་གི་དུས་ནི་སྟག་ལོ་ ༡༤༣༤ ལོར་བྱུང་བ་དང་དེ་ལྟར་བྱུང་དོན་ནི་མི་དབང་༸གོང་མ་གྲགས་པ་རྒྱལ་མཚན་གཤེགས་རྗེས་སྡེ་དཔོན་རྣམས་ཡབ་སྲས་སུ་ཁྲི་ཐོག་ཏུ་ཕེབས་མིན་མི་མཐུན་པ་བྱུང་མཚམས་སུ། རིན་སྤུངས་ནོར་བཟང་གིས་གྲགས་པ་འབྱུང་གནས་ཀྱི་ཡུམ་རིན་སྤུངས་པ་ཡིན་ཚུལ་བརྗོད་རུང་སྤྱན་སྔ་པས་གྲགས་པ་འབྱུང་གནས་ལས་འོས་པ་མེད་ཚུལ་བརྗོད་དེ་ཁྲི་ཐོག་ཏུ་ཕེབས་ནས་ཆབ་སྲིད་བསྐྱངས། དེ་རྗེས་སྤྱན་སྔ་བ་གཤེགས་པ་དང་ཡབ་སངས་རྒྱས་རྒྱལ་མཚན་གྱིས་ཁྲི་ཐོག་ཨེ་ཡོང་དགོངས་ཏེ་སྤུན་ནང་ཁུལ་འཐབ་རྩོད་བྱུང་བ་ལ་སྟག་ལོའི་སྡེ་གཟར་ཞེས་བརྗོད་དོ། །སྟག་ལོའི་སྡེ་གཟར་བྱུང་བ་ལས་རིན་སྤུངས་པའི་ཤུགས་ཇེ་རྒྱས་ལ་སོང་ཚུལ་ནི་མི་དབང་༸གོང་མ་གྲགས་པ་རྒྱལ་མཚན་གཤེགས་རྗེས་ཡབ་སྲས་རྣམས་སྲིད་ལ་མ་འཆམ་པར་ནང་འཁྲུག་བྱུང་ཞིང་ལྷག་པར་དུ་རིན་སྤུངས་པ་དང་ཕག་གྲུའི་སྲིད་སྐྱོང་པའི་དབར་གཉེན་འབྲེལ་མང་དུ་བྱུང་བ་ལ་བརྟེན་ནས་ཕག་གྲུ་པའི་གདན་ས་དགུང་ན་ཕྲ་བའི་སྐབས་རིན་སྤུངས་པ་མཚོ་སྐྱེས་རྡོ་རྗེ་སོགས་ཀྱིས་དཔོན་ཚབ་སོགས་བྱ་རྒྱུ་བྱུང་བ་ལས་རིམ་བཞིན་རིན་སྤུངས་པའི་ཤུགས་ཇེ་ཆེར་སོང་ཡོད་དོ།།

རིན་སྤུངས་དང་རིན་སྤུངས་པའི་མིང་ཐོགས་ཚུལ་ཇི་ལྟར་དང་རིན་སྤུངས་པས་བོད་ཁམས་ལ་དབང་བསྒྱུར་ཚུལ་དང་རིན་སྤུངས་པའི་སྲིད་དབང་ཉམས་ཚུལ་ཅི་ཡིན་ཕྲིས།

ལན་དུ། རིན་སྤུངས་ཞེས་པའི་མིང་ནི་གནའ་དུས་རིན་སྤུངས་རྫོང་དང་ཉེ་བའི་གྲོང་ཚོ་ཆགས་ཡུལ་གྱི་ས་དབྱིབས་རིན་པོ་ཆེ་སྤུངས་པ་དང་མཚུངས་པས་ན་ཡུལ་དེར་རིན་སྤུངས་ཐོགས་པར་མངོན་ཚུལ་གསལ་ཞིང་། རིན་སྤུངས་པ་ནི་སྔར་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་བློན་པོའི་རྒྱུད་པ་ལས་བྱུང་བའི་སྒེར་དཀར་ཤཀྱཱ་འབུམ་གྱི་སྲས་ནམ་མཁའ་རྒྱལ་མཚན་ལ་༸མི་དབང་གྲགས་པ་རྒྱལ་མཚན་ནས་ས་བྱི་ ༡༤༠༨ ལོར་རིན་སྤུངས་རྫོང་དཔོན་དང་གཙང་ཆུ་མིག་རིང་མོའི་ཁྲི་དཔོན། ས་སྐྱའི་ལྷ་ཁང་ཆེན་མོའི་དཔོན་ཆེན་བཅས་སུ་བསྐོ་གཞག་གནང་ཞིང་རྗེས་སུ་རིན་སྤུངས་རྫོང་གི་མི་རྒྱུད་ལ་འཇགས་གནས་ཤེལ་ཐམ་གནང་སྟེ་ནམ་མཁའ་རྒྱལ་མཚན་གྱི་མི་རྒྱུད་ལ་རིན་སྤུངས་པ་ཞེས་གྲགས་སོ། །རིན་སྤུངས་པས་བོད་ཁམས་ལ་དབང་བསྒྱུར་ཚུལ་ནི་སྣེ་གདོང་པ་དང་རིན་སྤུངས་པའི་དབར་གཉེན་འབྲེལ་ཐེངས་ཁ་ཤས་བྱུང་བ་དང་སྡེ་པ་སྣེ་གདོང་པའི་གདན་ས་དགུང་ན་ཕྲ་བའི་སྐབས་མཚོ་སྐྱེས་རྡོ་རྗེས་དཔོན་ཚབ་དང་ཐེལ་གཏོང་མཛད། དེ་ལ་བརྟེན་ནས་རིན་སྤུངས་པའི་དབང་ཤུགས་ཇེ་ཆེར་སོང་ཞིང་རིན་སྤུངས་མཚོ་སྐྱེས་རྡོ་རྗེ་གྲོངས་པ་དང་། དོན་ཡོད་རྡེ་རྗེས་རྫོང་ཆེན་བཅུ་གཉིས་ཀྱི་ལས་ཀ་བླངས་ཤིང་སྤྱི་ལོ་ ༡༤༨༠ ལོར་ཡར་ཀླུང་མཐིལ་དུ་རྟ་དམག་དྲངས་ནས་གཞིས་ཀ་བྲག་དཀར་བ་དང་ཆུ་ཤུར་ལྷུན་པོ་རྫོང་སོགས་སྣེ་གདོང་པའི་ལག་ནས་རིམ་བཞིན་འཕྲོགས་ཏེ་བོད་ཁམས་ལ་དབང་ལུང་བསྒྱུར་བའོ། རིན་སྤུངས་པའི་སྲིད་དབང་ཉམས་ཚུལ་ནི་རིན་སྤུངས་དམེ་ཁྲག་གི་ལོ་ཞེས་ནང་ཁུལ་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་མ་བྱུང་བ་ལས་ཉམས་རྒུད་དུ་གྱུར་ཏོ།།

རྒྱལ་རྩེ་དཔལ་འཁོར་མཆོད་རྟེན།

རིན་སྤུངས་པ་དོན་ཡོད་རྡོ་རྗེའི་སྐབས་སེ་འབྲས་གཉིས་ལྷ་ལྡན་སྨོན་ལམ་ཆེན་མོར་ཕེབས་མི་ཆོག་པ་བཟོས་པའི་རྒྱུ་མཚན་ཅི་ཞིག་ཡིན་མིན་དང་རིན་སྤུངས་དམེ་ཁྲག་གི་ལོ་ཇི་ལྟར་བྱུང་ཚུལ་ཕྲིས།

ལན་དུ། སེ་འབྲས་གཉིས་སྨོན་ལམ་ཆེན་མོར་ཕེབས་མི་ཆོག་པ་བཟོས་པའི་རྒྱུ་རྐྱེན་ནི་ས་ཕག་ ༡༤༧༩ ལོར་དོན་ཡོད་རྡོ་རྗེ་དང་ཞྭ་དམར་ཆོས་ཀྱི་གྲགས་པ་གཉིས་མཆོད་ཡོན་འབྲེལ་ནས་ཡངས་པ་ཅན་དུ་དགོན་པ་འདེབས་པ་དང་ཀརྨ་ཆོས་གྲགས་རྒྱ་མཚོའི་བཞེད་པ་ལྟར་ལྷ་སའི་ཉེ་འདབས་སུ་ཀརྨ་དགོན་བཏབ་ནའང་སེ་འབྲས་ཀྱིས་བཤིགས་པ་སོགས་ཕན་ཚུན་མི་བདེ་བའི་འགལ་ཟླ་ཆེན་པོར་གྱུར་ཞིང་། ལྕགས་བྱི་ ༡༤༨༠ ལོར་དོན་ཡོད་རྡོ་རྗེ་དང་གཡུང་པ་ཚེ་དབང་གཉིས་ནས་ཡར་ཀླུང་མཐིལ་དུ་དམག་དྲངས་ཏེ་གཞིས་ཀ་བྲག་དཀར་བ་དང་ཆུ་ཤུར་ལྷུན་རྩེའི་རྫོང་སོགས་སྣེ་གདོོང་པའི་ལག་ནས་འཕྲོགས་པ་དང་ལྷ་ལྡན་སྨོན་ལམ་ཆེན་མོར་སེ་འབྲས་གཉིས་ཕེབས་མི་ཆོག་པ་བཟོས་པའོ། །རིན་སྤུངས་དམེ་ཁྲག་གི་ལོ་ནི་རིན་སྤུངས་པའི་སྲིད་འཛིན་མཐའ་མ་ངག་དབང་འཇིགས་གྲགས་ཀྱི་དུས་སུ་ས་སྐྱ་པ་དང་བྱང་བདག་པ་གཉིས་མ་མཐུན་པར་ས་སྐྱའི་རྒྱབ་ཏུ་རིན་སྤུངས་པ་བྱས་ཏེ་ཆུ་ཕག ༡༥༦༣ ལོར་རིན་སྤུངས་པའི་དམག་གཡས་རུ་བྱང་དུ་བཏེགས་པའི་གླགས་ལ་བརྟེན་ནས་ཞིང་ཤག་པས་ངག་དབང་འཇིགས་གྲགས་ཀྱི་སྲས་པད་མ་དཀར་པོ་བཀྲོངས་པ་སོགས་གྱེན་ལྡོག་ཆེན་པོ་བྱས་ཏེ་ནང་དམེ་བྱུང་བ་ལས་རིན་སྤུངས་དམེ་ཁྲག་གི་ལོ་ཞེས་གྲགས་སོ།།

སྡེ་པ་གཙང་པས་སྲིད་དབང་ཇི་ལྟར་བཙུགས་ཚུལ་དང་སྡེ་པ་གཙང་པའི་དུས་བྱི་གླང་སྡེ་གཟར་ཞེས་པ་དུས་ནམ་ཞིག་ལ་ཚུལ་ཇི་ལྟར་བྱུང་བ་ཡིན་ནམ།

ལན་དུ། སྡེ་པ་གཙང་པས་སྲིད་དབང་བཙུགས་ཚུལ་ནི་རིན་སྤུངས་པས་བོད་ཁམས་ལ་དབང་ལུང་བསྒྱུར་བའི་དུས་སྨད་ཙམ་དུ་ཕྱི་ནང་གི་འགལ་འདུ་སྣ་ཚོགས་བྱུང་ཞིང་དུས་སྐབས་དེར་རིན་སྤུངས་པའི་མངའ་ཞབས་པ་ཚེ་བརྟན་རྡོ་རྗེ་བསམ་གྲུབ་རྩེའི་རྫོང་དཔོན་ཡིན་སྟབས་ཁོང་གི་སྙིང་སྟོབས་དང་འཇོན་ཐང་ལ་བརྟེན་ནས་སྟོབས་ཤུགས་དང་དཔལ་འབྱོར་ཇེ་ཆེར་བཏང་སྟེ་རིན་སྤུངས་ངག་དབང་འཇིགས་སྐྲག་གི་དུས་སུ་སྲས་པད་མ་དཀར་པོ་བཀྲོངས་པ་དང་ཤིང་གླང་ ༡༥༦༥ ལོར་རང་ཉིད་ཀྱིས་དམག་དཔོན་བྱས་ཏེ་པ་རྣམ་ལྷུན་གྲུབ་འཁྱུང་རྩེ་དང་རྫོང་གསར་ཕག་མོ་རི་སོགས་བླངས་ནས་རིམ་བཞིན་གཙང་པའི་སྲིད་དབང་བཙུགས་པའོ། གཙང་པའི་བྱི་གླང་སྡེ་གཟར་ལངས་པའི་དུས་ནི་སྤྱི་ལོ་ ༡༦༡༢ དང་ ༡༦༡༣ ལོར་ཡིན་པ་དང་དེ་ཡང་སྡེ་སྲིད་ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱིས་སྤྱི་ལོ་ ༡༦༡༢ དང་ ༡༦༡༣ ལོར་མངའ་རིས་རྒྱལ་པོ་དང་ལྷོ་པ་བྱང་པ་རྣམས་ལ་དམག་དྲངས་ནས་མངའ་འོག་ཏུ་བཅུག་པ་ལ་བྱི་གླང་སྡེ་གཟར་ཞེས་ཟེར་རོ།།

ཕོ་བྲང་པོ་ཏ་ལ།

ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱི་སྐབས་གཙང་པ་དང་དགེ་ལུགས་པའི་དབར་མི་མཐུན་པ་བྱུང་ཚུལ་ཇི་ལྟར་དང་དུས་སྐབས་དེར་སླར་ཡང་གཙང་པ་དང་འབྲུག་པའི་དབར་མི་མཐུན་པ་བྱུང་ཚུལ་ཇི་ལྟར་ཡིན་མིན་ཕྲིས།

ལན་དུ། ཕྱི་ལོ་ ༡༦༠༥ ལོར་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་དང་འབྲི་གུང་པ་མཉམ་འབྲེལ་གྱིས་དགེ་ལུགས་པའི་སྦྱིན་བདག་སྡེ་པ་སྐྱིད་ཤོད་པ་བཅོམ་ཞིང་། ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱི་སྐབས་ཏེ་ ༡༦༡༢ ལོར་༸རྒྱལ་དབང་སྐུ་ཕྲེང་བཞི་པའི་ཡང་སྲིད་ངོས་འཛིན་མི་ཆོག་པ་སོགས་མི་འོས་པ་སྣ་ཚོགས་བཟོས་རྐྱེན་ལས། དགེ་ལུགས་པའི་ཕྱོགས་གཏོགས་ཚོས་སོག་པོ་ཆོ་ཁུར་དཔོན་དང་འབྲེལ་ནས་དམག་གིས་ཕར་རྒོལ་བྱས་ཤིང་། དེའི་ཕྱི་ལོར་ ༡༦༡༨ ལ་ཕུན་ཚོགས་རྣམ་རྒྱལ་གྱིས་དཔུང་དམག་ཆིག་ཁྲི་ལྷག་འཁྲིད་ནས་དབུས་ཕྱོགས་ཀྱི་གྲོང་སྡེ་མང་པོ་བླངས་པ་དང་། སེ་འབྲས་ཀྱི་གྲྭ་པ་རྣམས་ཀྱང་གནས་བཟོད་མི་བདེ་བ་བཟོས་པ་སོགས་ཕན་ཚུན་འགལ་ཟླ་ཆེན་པོ་བྱུང་ངོ་། གཙང་པ་དང་འབྲུག་པའི་དབར་འཁོན་འཁྲུག་བྱུང་ཚུལ་ནི་འབྲུག་པ་ཀུན་མཁྱེན་པད་མ་དཀར་པོའི་ཡང་སྲིད་གཅིག་འབྲུག་ར་ལུང་དུ་འཁྲུངས་པ་ངག་དབང་རྣམ་རྒྱལ་དང་གཅིག་འཕྱོངས་རྒྱས་སུ་འཁྲུངས་པ་དཔག་བསམ་དབང་པོ་གཉིས་ཞལ་སློབ་དང་སྦྱིན་བདག་རྣམས་འཐེན་འཁྱེར་གྱིས་འབྲུག་པ་དང་ར་ལུང་པ་སོགས་ཀྱིས་ངག་དབང་རྣམ་རྒྱལ་གྱི་ཕྱོགས་བཟུང་བ་དང་། ལྷ་རྩེ་པ་ངག་དབང་བཟང་པོ་སོགས་ཀྱིས་དཔག་བསམ་དབང་པོར་མོས་ཤིང་དེའི་རྒྱབ་ཏུ་གཙང་པ་ལངས་ཏེ་ཕུན་ཚོགས་རྣམ་རྒྱལ་དང་ངག་དབང་རྣམ་རྒྱལ་གཉིས་བཀའ་མོལ་གནང་ཡང་མ་འགྲིགས་པས་དམག་འཁྲུག་བྱུང་སྟེ་ངག་དབང་རྣམ་རྒྱལ་མེ་འབྲུག ༡༦༡༦ ལོར་འབྲུག་ཕྱོགས་སུ་བྲོས་ཕེབས་གནང་དགོས་བྱུང་བ་སོགས་ཕན་ཚུན་འཁོན་འཁྲུག་བྱུང་བའོ།།

རི་བོ་དགེ་ལུགས་པའི་སྦྱིན་བདག་སྟག་རྩེ་སྡེ་པ་ཡབ་སྲས་ཀྱིས་རོགས་མགོན་གང་ཞིག་ལ་བརྟེན་ནས་གཙང་པའི་སྲིད་དབང་ཉམས་དམས་སུ་བཏང་མིན་དང་དེ་ལྟར་གཙང་པའི་སྲིད་དབང་ཉམས་དམས་སུ་གཏོང་དོན་གང་ཡིན་ཕྲིས།

ལན་དུ། སྟག་རྩེ་སྡེ་པ་ཡབ་སྲས་ཀྱིས་སོག་པོ་གུ་ཤྲིར་ཁང་གི་དམག་དཔུང་རོགས་མགོན་དུ་བསྟེན་ཏེ་གཙང་པའི་སྲིད་དབང་ཉམས་དམས་སུ་བཏང་ཡོད། དེ་ལྟར་གཙང་པའི་སྲིད་དབང་ཉམས་དམས་སུ་གཏོང་དོན་ནི་སྡེ་པ་ཕུན་ཚོགས་རྣམ་རྒྱལ་གྲོངས་རྗེས་ཁོང་གི་སྲས་ཀརྨ་བསྟན་སྐྱོང་དབང་པོ་ཆོས་སྲིད་གང་ལའང་མཁྱེན་རྒྱ་ཆེ་ཡང་ཆོས་ལུགས་འཐེན་འཁྱེར་དབང་གིས་བཀྲིས་ལྷུན་པོ་དང་གདན་ས་གསུམ་ལ་སུན་བཙེར་བྱས་པ་མ་ཟད། ༸རྒྱལ་མཆོག་ལྔ་པའི་ཡབ་བདུད་འདུལ་རབ་བརྟན་བཙོན་དུ་བཟུང་བ་སོགས་བྱས་རྐྱེན་ལས་སྟག་རྩེ་སྡེ་པ་ཡབ་སྲས་ཀྱིས་གུ་ཤྲིར་ཁཱང་གི་དཔུང་དམག་རོགས་མགོན་དུ་བསྟེན་ཏེ་ ༡༦༤༢ ལོར་གཙང་པའི་སྲིད་དབང་ཉམས་དམས་སུ་བཏང་སྟེ་དགའ་ལྡན་ཕོ་བྲང་གི་སྲིད་དབང་བསྐྱངས་པའོ།། །།

ཡོང་ཁུངས། བཙན་པོའི་རིག་གནས།

བརྒྱུད་སྐུལ།

མཆན་སྤེལ།