ཉེ་བའི་ལོའི་ནང་། བོད་ཀྱི་ནུབ་རྒྱུད་ཁུལ་གྱི་གནའ་དུས་ཤེས་རིག་གི་ཞིབ་འཇུག་ཟམ་མི་ཆད་པར་སྤེལ་བ་དང་བསྟུན། མངའ་རིས་འདི་ཉིད་རྒྱལ་སྤྱིའི་བོད་རིག་པའི་ལས་རིགས་ཀྱིས་ས་མཐོའི་གནའ་རབས་ཀྱི་རིག་གཞུང་ལ་ཞིབ་འཇུག་བྱེད་པའི་གཙོ་གནད་ཁུལ་གཅིག་ཏུ་གྱུར་ཡོད།
སྤྱི་ལོ་༢༠༡༤ལོ་ནས་བཟུང་། གནའ་རྫས་རྟོག་ཞིབ་པས་བོད་ལྗོངས་མངའ་རིས་ས་ཁུལ་ནས་གནའ་མིའི་ཤུལ་གནས་ཁག་ཅིག་གསར་དུ་རྙེད་པ་དང་། ཤུལ་གནས་ལས་ཐོན་པའི་རིག་དངོས་ཆ་འཕྲིན་ལྟར་ན། མཚོ་བོད་ས་མཐོར་ནང་བསྟན་ཆོས་ལུགས་མ་དར་གོང་ནས་གནས་འདིར་ཤེས་རིག་དར་རྒྱས་བྱུང་ཡོད་པ་མཚོན་ཡོད།
སྔར་ལས་ལྷག་པའི་སྒོ་ནས་མཚོ་བོད་མཐོ་སྒང་གི་གནའ་རབས་ལོ་རྒྱུས་རྒྱུས་ལེན་ཡོང་ཆེད། རྒྱལ་ཁབ་རིག་དངོས་ཅུད་དང་བོད་རང་སྐྱོང་ལྗོངས་རིག་དངོས་ཅུད་ཀྱིས་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་པ་སྒྲིག་འཛུགས་བྱས་ཏེ། བོད་དུ་གཞི་ཁྱོན་ཆེ་ཤོས་ཀྱི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་བྱས་པ་དང་། རྟོག་ཞིབ་བྱེད་ཡུལ་གཙོ་བོ་དེ་བོད་ལྗོངས་མངའ་རིས་ས་ཁུལ་གྱི་གླང་ཆེན་ཁ་འབབ་དང་། རྩ་མདའི་དྲུ་རིའི་གནའ་ཤུལ་ཁག་ཅིག་སྟེ། ཕྱི་དབང་དུང་དཀར་གནའ་ཤུལ་དང་། ཁྱུང་ལུང་གནའ་ཤུལ། གནའ་མིའི་ཤུལ་གནས་ཁག་ཅིག་བཅས་ཡིན།
ཕྱི་དབང་དུང་དཀར་གནའ་ཤུལ་ནི་བོད་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་ཁོངས་སུ་ཡོད་ཅིང་། དེ་ནི་བོད་ནས་ཐོན་པའི་གཞི་ཁྱོན་ཆེ་ཤོས་ཀྱི་ནང་བསྟན་ཆོས་ལུགས་ཀྱི་བྲག་ཕུག་ཤུལ་གནས་ཤིག་ཡིན། སྤྱི་ལོ་༡༩༩༤ལོར། སི་ཁྲོན་སློབ་ཆེན་གནའ་རྫས་རྟོག་ཞིབ་རུ་ཁག་གིས་ཐེངས་བརྒྱད་ལ་བསྟུད་མར་གནས་དེར་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱས་པ་བརྒྱུད། ནང་དོན་ཕུན་སུམ་ཚོགས་པའི་ནང་བསྟན་ཆོས་ལུགས་ཀྱི་བྲག་ཕུག་གནའ་ཤུལ་རྙེད་ཡོད་པར་མ་ཟད། ཡི་གེ་མ་བྱུང་གོང་གི་དུས་སྐབས་ཀྱི་གནའ་རྫས་རྟོག་ཞིབ་རྗེས་ཤུལ་ཡང་རྙེད་ཡོད་པས། བོད་ཀྱི་ནུབ་རྒྱུད་ཁུལ་གྱི་གནའ་དུས་རིག་གཞུང་ལ་ཞིབ་འཇུག་བྱེད་པར་དངོས་རྫས་ཀྱི་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད།
ཁྱུང་ལུང་གནའ་ཤུལ་ནི་གླང་ཆེན་ཁ་འབབ་ལུང་གཤོང་དུ་གནས་ཤིང་། མིག་སྔའི་གནའ་རྫས་རྟོག་ཞིབ་གསར་ཤོས་ལྟར་ན། གནས་དེར་ད་ཡོད་བྲག་ཕུག་རིགས་ཀྱི་གནའ་ཤུལ་ཁག་༧༠༠ལྷག་ཡོད་པའི་ཁྲོད་མང་ཆེ་བ་བེད་མེད་དུ་བསྐྱུར་ཡོད་པ་དང་། ད་དུང་ཁག་ཅིག་རྡིབ་པ་དང་། ཁག་ཅིག་ས་འོག་དུ་སྦས་ཡོད་པ་རེད།
དུས་ཡུན་ཟླ་གཅིག་ལྷག་གི་རྟོག་ཞིབ་བྱས་པ་བརྒྱུད། མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་ལོ་ངོ་༢༠༠༠ངམ་༣༠༠༠གོང་གི་བོད་ནུབ་རྒྱུད་ཀྱི་གནའ་དུས་ཤེས་རིག་གི་རྣམ་པ་གསལ་སྟོན་བྱས་པ་དེ། བོད་ཀྱི་གནའ་དུས་ལོ་རྒྱུས་ལ་ཞིབ་འཇུག་རྟོག་ཞིབ་བྱེད་པར་རིན་ཐང་ཆེན་པོ་ལྡན།
ཡོང་ཁུངས། སེམས་ཀྱི་ཞིང་ཁམས།
Post Views: 1,405